ལྡོང་ཡོན་ཏན་རྒྱ་མཚོས་གནང་བའི་གཏམ་བཤད།

ལྡོང་ཡོན་ཏན་རྒྱ་མཚོས་གནང་བའི་གཏམ་བཤད། སྤྱི་ལོ་༢༠༡༠ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་ཆོས་གྲོགས་དྲྭ་ཚིགས་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཁག་དང༌།དེ་བཞིན་བོད་ཡིག་དང་བོད་སྐད་ལ་དགའ་ཞེན་ཡོད་པའི་གཞོན་ནུ་འགར་གནང་བའི་གཏམ་བཤད། ཐོག་མར་ངས་རང་ཉིད་ངོ་སྤྲོད་ཞིག་མ་བྱས་ན་ཁྱེད་རྣམ་པའི་ནང་ལ་ལས་ང་ངོས་ཤེས་ཀྱི་མ་རེད།རྒྱུ་མཚན་ནི་ཨ་མདོ་ནས་གློ་བུར་དུ་གྲྭ་པ་ཆ་མེད་གཅིག་ཡོང་ནས་གཏམ་བཤད་བྱས་ན།ཁྱེད་ཚོས་ག་རེ་ཡིན་ནམ་སྙམ་གྱི་རེད།དེས་ན་ང་སྐྱེ་ས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སྒོ་མང་དགོན་པའི་ཉེ་འཁོར་གྱི་སྡེ་པ་ཞིག་ནས་ཡིན།དགོན་པ་དེ་ནི་རི་བོ་ད་གེ་ལུགས་པའི་དགོན་པ་ཞིག་ཡིན།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་ཕྱག་བཏབ་ནས་ལོ་ངོ་ཉི་བརྒྱ་ཉི་ཤུ་ཡས་མས་ཞིག་འགྲོ་གི་ཡོད།ང་ལོ་བདུན་ཙམ་ནས་དགོན་པ་དེར་གྲྭ་པ་བྱས།ང་ཚོའི་དགོན་པ་དེར་སྔ་མ་ཡིན་ན་རྒྱུད་པ་གྲྭ་ཚང་དང༌།དུས་འཁོར་གྲྭ་ཚང༌།མཚན་ཉིད་གྲྭ་ཚང་བཅས་གྲྭ་ཚང་གསུམ་ལས་མཚན་ཉིད་གྲྭ་ཚང་ལ་ཐོས་བསམ་གླིང་ཞེས་འབོད།

གྲྭ་པ་ཆེས་མང་ཤོས་ནི་ཐོས་བསམ་གླིང་ཡིན།འོན་ཀྱང་ང་རྒྱུད་པ་གྲྭ་ཚང་ལ་བཞུགས་ཡོད།རྒྱུད་པ་གྲྭ་ཚང་ནས་དགོན་པའི་ཆོ་ག་དང་ཆོས་སྤྱོད་ཚང་མ་སྦྱངས་ཚར་རྗེས།ངས་ཐ་སྙད་རིག་གནས་ལ་ཅུང་སྦྱངས།རྗེ་བཙུན་དམུ་དགེ་བསམ་གཏན་རིན་པོ་ཆེ་ངའི་ཐ་སྙད་རིག་གནས་ཀྱི་དགེ་རྒན་གཙོ་བོ་ཡིན།དེ་རྗེས་ང་དཔེ་ཆ་རྩོད་པ་བྱེད་རྒྱུར་དགའ་པོ་ཡོད།ཡིན་ནའང་ང་རྒྱུད་པ་གྲྭ་ཚང་གི་ཡིན་སྟབས།མཚན་ཉིད་སློབ་གཉེར་བྱེད་པའི་གོ་སྐབས་ཡག་པོ་མ་བྱུང༌།འོན་ཀྱང་ངས་རྗེ་རིན་པོ་ཆེའི་བྱང་ཆུབ་ཆེན་མོ་ཆ་ཚང་བློར་བཟུང་བ་ཡིན།ཕལ་ཆེར་ལོ་གསུམ་ཙམ་འགོར་སོང༌།བློར་བཟུང་རྗེས་བྱང་ཆུབ་ལམ་རིམ་ཆེན་མོ་དགོན་པའི་གྲྭ་ཚང་གི་ཚོགས་དབུས་སུ་རྒྱུགས་ཕུལ་བ་ཡིན།སྐབས་དེར་དཔེ་རིང་ཤོག་བུ་བརྒྱ་ཡན་ཆད་བློ་ལ་བཟུང་བའི་གྲྭ་པ་ཚང་མ་རྒྱུགས་ལ་ཞུགས་ཆོག་གི་འདུགདེ་དུས་ང་ལ་རྒྱུགས་འབྲས་ཨང་དང་པོ་ཐོབ་བྱུང༌།དེ་རྗེས་ང་ལོ་ཉི་ཤུ་ཡི་མཚམས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་དང༌།རྗེ་བློ་བཟང་རྒྱ་མཚོ།སྐར་རྩིས་དང་སྒྲ་རིག་པར་མཁས་པའི་རྗེ་བསམ་གྲུབ་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་ཕྲན་བུ་བྱེད་པའི་གོ་སྐབས་ཐོབ།ལོ་ཉེར་གསུམ་ཡིན་པའི་སྐབས་དེར་ཨ་མདོ་རྭ་རྒྱ་དགོན་པ་ནས་འཇིགས་མེད་རྒྱལ་མཚན་གྱིས་སློབ་གྲྭ་ཞིག་བཙུགས་ཡོད་པའི་སྐོར་གོ་ཐོས་བྱུང༌།འོན་ཀྱང་དེ་སྔོན་ངས་ཁོང་ཆ་རྒྱུས་མེད།དེའི་སྐབས་ཁོང་གིས་དགེ་རྒན་གདན་འདྲེན་གྱི་ཆེད་དུ་བོད་ཀྱི་ས་གནས་གང་སར་ཕེབས་བཞིན་ཡོད།ཐོག་མར་ཁོངགིས་ལྷ་སའི་ཇོ་བོའི་སྐུ་མདུན་དུ་ཕེབས་ནས་བོད་ཀྱི་རིག་གནས་ཆ་ཚང་སྦྱོང་སའི་སློབ་གྲྭ་ཞིག་འཛུག་རྒྱུའི་དམ་བཅའ་དང་སྐྱབས་འཇུག་ཀྱང་ཞུས།དེ་ནས་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཨ་ལགས་གུང་ཐང་ཚང་ལ་ཡང་སློབ་གྲྭ་དེ་ཡག་པོ་ཡོང་ཆེད་སྐྱབས་འཇུག་དང་སྙན་ཞུ་ཕུལ།སྐབས་དེར་ང་རང་ཡང་བླ་བྲང་བཀྲ་ཤིས་འཁྱིལ་ལ་སློབ་གཉེར་བྱེད་བཞིན་ཡོད།ངའི་དགེ་རྒན་དང་ཁོང་ཚོ་ངོ་ཤེས་ཡིན་སྟབས།ངའི་དགེ་རྒན་གྱིས་ང་ཚོ་ཕན་ཚུན་མཚམས་སྦྱོར་གནང་རྗེས་ང་སློབ་གྲྭ་དེར་ཡིན་གཅིག་མིན་གཉིས་དགེ་རྒན་ལ་འགྲོ་དགོས་ཀྱི་འདུག་གསུངས།ང་ཕྱོགས་གཅིག་ནས་ཡོན་ཏན་པ་ཆེན་པོ་མ་རེད།ཕྱོགས་གཉིས་ནས་ལོ་ཡང་ཆུང་ཆུང་རེད།ང་དགེ་རྒན་ལ་འགྲོ་འདོད་མི་འདུག་ཞུས་པ་ཡིན།འོན་ཀྱང་ང་ཚོའི་དགོན་པའི་དགོན་བདག་ཨ་ལགས་འཇམ་པོའམ་ཧར་པ་འཇམ་དབྱངས་བློ་གྲོས་ཞུ་བ་དེ་པེ་ཅིང་ནང་བསྟན་སློབ་གྲྭའི་འགོ་གཙོ་གནང་བཞིན་ཡོད་པ་དེ་ཡང་སྐབས་དེར་བླ་བྲང་དུ་ཕེབས་ཡོད་པས།ཁོང་གིས་ཀྱང་ང་ངེས་པར་དུ་འགྲོ་དགོས་པའི་བཀའ་ཕབ་སྟབས།ང་རྭ་རྒྱ་ལ་སོང་བ་ཡིན།དུས་དེར་རྭ་རྒྱ་སློབ་གྲྭ་བཙུགས་ནས་ཟླ་བ་བཞི་ལྷག་ལས་འགོར་མེད།སློབ་མ་བདུན་ཅུ་ཙམ་ལས་མི་འདུགསློབ་གྲྭའི་ཆ་རྐྱེན་ཧ་ཅང་ཞན་པོ་རེད།དགེ་རྒན་དང་སློབ་མ་མཉམ་དུ་སྡོད་དགོས་ཀྱི་ཡོད།ཟ་མ་ཡང་ཐབས་ཆག་ལས་བཟའ་རྒྱུ་མེད།ས་གནས་ཧ་ཅང་གི་སྐྱོ་བོ་ཞིག་རེད།ངས་དང་པོ་ཟླ་བ་གཉིས་མ་གཏོགས་བསྡོད་རྩིས་མེད།འཇིགས་མེད་རྒྱལ་མཚན་གྱིས་ཁོང་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བོད་མི་རིགས་ཀྱི་རིག་གནས་ཆེད་དུ་འབུལ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་ཤེས་རྗེས།ང་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་རུང་ཁོང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུས་ནས།ངས་རང་ཉིད་ཀྱི་སེམས་ནང་དུ་ཡང་ས་གནས་འདི་ནས་དཀའ་ཁག་ཅི་འདྲ་ཞིག་འཕྲད་ཀྱང་ངས་བོད་མི་རིགས་ཀྱི་སློབ་གསོའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་དམ་བཅའ་བཞགས།
སྤྱི་ལོ་༡༩༩༤ལོའི་ཟླ་བ་༨པའི་ནང་དུ་སློབ་གྲྭ་དེ་བཙུགས་ཟིན་པ་དང༌།ང་ལོ་དེའི་ཟླ་བ་༡༢པའི་ནང་དུ་སློབ་གྲྭ་དེར་སླེབས་ནས་ད་བར་དུ་མི་ལོ་བཅོ་ལྔ་འགོར།སློབ་གྲྭ་དེའི་ནང་དགེ་རྒན་བྱས་ནས་ང་ཚོས་སློབ་མ་བརྒྱ་ཕྲག་ལྔ་དྲུག་ཞིག་སྐྱེད་སྲིང་བྱས་ཟིན།ད་སྐབས་རྭ་རྒྱ་སློབ་གྲྭའི་ནང་དངོས་སུ་སློབ་མ་སྟོང་ཕྲག་ཡས་མས་ཤིག་ཡོད།མི་ལོ་བཅོ་ལྔའི་རིང་དགེ་རྒན་བྱས་ཀྱང་ང་ཚོས་ཟླ་ཕོགས་སྐར་མ་གང་ཡང་ལེན་མྱོང་མེད།ང་ཚོའི་བོད་ཀྱི་ལོ་རྒྱུས་ཐོག་དགོན་སྡེའི་ནང་དགེ་བའི་བཤེས་གཉེན་ཚོས་ཉི་མ་རེ་རེ་བཞིན་སློབ་ཁྲིད་བདུན་བརྒྱད་ཅི་གནང་ཡང་ཕོགས་ལེན་པའི་ལུགས་སྲོལ་མེད།འོན་ཀྱང་དེང་སྐབས་སྤྱི་ཚོགས་ཀྱི་ཁྲོད་དུ་སློབ་ཁྲིད་ཉིན་གཅིག་གམ་ཡང་ན་ཆུ་ཚོད་གཅིག་ཙམ་གང་བྱས་ནའང་སྒོར་མོ་དགོས་ཀྱི་ཡོད།སྒོར་མོ་མེད་ན་སློབ་ཁྲིད་བྱེད་ཀྱི་མེད།དགོན་སྡེའི་ནང་དུ་སྲོལ་རྒྱུན་ཡག་པོ་ཞིག་ཡོད་པ་དེ་ནི་དགེ་རྒན་ཚང་མར་ཟླ་ཕོགས་དགོས་ཀྱི་མེད།ང་ཚོས་ཀྱང་བསམ་པ་དེ་འདྲ་བཟུང་ནས་རང་ཉིད་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་ཟླ་ཕོགས་མི་ལེན་པར་བོད་མི་རིགས་ལ་ཞབས་འདེགས་ཤིག་བསྒྲུབ་དགོས་ཀྱི་ཡོད།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་ཚང་གི་གཙོས་ད་སྐབས་ང་ཚོ་དགེ་རྒན་སུམ་ཅུ་ལྷག་ཞིག་ཡོད།སྔོན་མ་དགེ་རྒན་ལྔ་མ་གཏོགས་མི་འདུགསྐབས་དེར་ང་ཚོས་མཚམས་རེ་ཇ་མ་བྱེད་པ་དང༌།སྐབས་རེ་སློབ་ཁང་ནང་གི་དགེ་རྒན།ལན་རེ་གད་དར་བྱེད་མཁན་བྱས་ནས་ཡོང་བ་ཡིན།ད་ལྟ་བོད་མདོ་དབུས་ཁམས་གསུམ་ལ་རྭ་རྒྱ་སློབ་གྲྭས་ནུས་པ་ཅུང་ཐེབས་ཚུལ་དེ་འདྲ་ཞིག་རེད།
དེ་ནས་སྤྱི་ལོ་༡༩༩༥ལོར་ང་དང་ཨ་རྨི་དགའ་བའམ་དགའ་བ་རྒྱ་མཚོ་ཟེར་བའི་དགེ་བཤེས་ཤིག་ཡོད།ཁོང་སྙན་ངག་ཧ་ཅང་ཡག་པོ་ཡོད་པར་མ་ཟད་རྒྱ་ཡིག་ཀྱང་ཤེས།དཔེ་ཆའང་ཡག་པོ་ཡིན་པས།ངེད་གཉིས་བོད་ཀྱི་ལོ་རྒྱུས་སྟེང་སྒེར་གཉེར་གྱི་དུས་དེབ་ཐོག་མ་གུར་ཀུམ་ཆུན་པོ་དེ་གསར་གཏོད་བྱས་པ་ཡིན།སྐབས་དེར་ཆ་རྐྱེན་ཧ་ཅང་སྐྱོ་བོ་རེད།ང་ཡང་གྲྭ་རྐྱང་རེད།ངེད་གཉིས་ཀྱི་སྒོར་མོ་སུམ་བརྒྱ་རེ་མཉམ་དུ་བསྡུས་ནས་སྒོར་མོ་དྲུག་བརྒྱ་དེས་ཐོག་མར་སྣུམ་དཔར་གྱི་དུས་དེབ་ཅིག་བསྐྲུན།དེ་རྗེས་རིམ་བཞིན་སྤྱི་ཚོགས་སྟེང་གི་བླ་མ་ལྷག་བསམ་ཅན་དང༌།ཚོང་པ་དཔལ་འབྱོར་ཅན་ཚོའི་རྒྱབ་བསྐྱོར་ལ་བརྟེན་ནས་ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་དེ་མི་ལོ་བཅོ་ལྔའི་རིང་ལ་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མ་གུར་ཀུམ་ཆུན་པོས་བོད་ཡོངས་ཀྱི་སྤྱི་ཚོགས་ལ་ནུས་པ་གང་ལ་གང་འཚམས་ཐེབས་ཡོད།དེ་རྣམས་ང་རང་གི་ངོ་སྤྲོད་མདོར་བསྡུས་ཤིག་ཡིན།
ད་དེ་རིང་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་དཔལ་འབྱོར་ཐམས་ཅད་ཀྱི་ལྟེ་གནས་དང༌།བོད་ཀྱི་ལོ་རྒྱུས་སྟེང་གི་རྒྱལ་རབས་རིམ་བྱོན་གྱི་ཞུགས་གནས་པོ་ཏ་ལའི་ཉེ་འདབས་འདི་ནས་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་མཉམ་འཛོམས་བྱུང་ཡོད།ང་ཚོ་སྐྱེ་ས་མི་གཅིག་པ་ཤ་སྟག་རེད།ང་མདོ་སྨད་དུ་སྐྱེས་ཤིང༌།ཁྱེད་རྣམས་དབུས་གཙང་ནས་སྐྱེས་ཀྱང་ང་ཚོ་ཚང་མ་ལས་དབང་གཅིག་པ་རེད།སྐད་དང་ཡི་གེ་གཅིག་པ་རེད།ལྷག་པར་དུ་ང་ཚོའི་དམིགས་འདུན་གཅིག་པ་རེད།ང་ཚོ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ཀྱི་གདུང་རྒྱུད་ལས་མཆེད་པའི་བོད་མི་ཤ་སྟག་རེད།ང་ཚོའི་རྩ་ལམ་དུ་རྒྱུ་བཞིན་པའི་ཁྲག་འདི་ཡང་བོད་མིའི་ཟུངས་ཁྲག་རེད།དེའི་རྒྱུ་མཚན་གྱིས་ཁྱོད་གྲྭ་པ་ཡིན་ནའང་འདྲ།འབྲོག་པ་ཡིན་ནའང་ཆོགཞིང་པ་ཡིན་ནའང་ཆོགཚོང་པ་ཡིན་ནའང་ཆོགདཔོན་པོ་ཡིན་ནའང་ཆོགང་ཚོ་ལ་ཐུན་མོང་གི་འགན་ཁྲི་ཞིག་ཡོད་པ་དེ་ནི།བོད་མི་རིགས་ཀྱི་མདུན་ལམ་དེ་ཡག་པོ་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་འགན་ཁུར་རེད།དེ་ཡིན་རུང་ལོ་རྒྱུས་ཀྱི་འཁོར་བསྐྱོད་དང་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ནས།ང་ཚོས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ཧ་ཅང་སྐད་གྲགས་ཆེ་བའི་མི་རིགས་ཤིག་རེད།ང་བོད་མི་ཞིག་ཡིན་པའི་ཆ་ནས་སྤོབས་པ་སྐྱེ་ཆོག་གི་རེད།རྒྱུ་མཚན་བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་མདོ་དབུས་ཁམས་གསུམ་གཅིག་གྱུར་བྱས་པའི་སྟེང༌།སུམ་པ་དང༌།འ་ཞྭ།ཞང་ཞུང་ལ་སོགས་པའི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་མཁན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་རེད།ད་དུང་རྒྱ་གར་གྱི་ཡུལ་ཕྲན་མང་པོ་དང༌།དེ་གཞན་འབྲུག་ཡུལ།འབྲས་ལྗོངས།བལ་ཡུལ།རྒྱ་ནག་གི་ཡུལ་ཕྲན་སོགས་དབང་དུ་བསྡུས་ཡོད།རྒྱུ་མཚན་དེས་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་ལས།སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།རྟ་མཆོག་ཁྲོས་པའི་བཀའ་ཡི་རྗེས་བཏབ་པས།སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།གསུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།ཟེར་བ་དེ་དངོས་གནས་རང་བསྟོད་མ་ཡིན་པར་དོན་ལ་ཡང་དེ་འདྲ་རེད།རྒྱུ་མཚན་དེས་ང་བོད་པ་ཡིན་པའི་ཆ་ནས་སྤོབས་པ་སྐྱེ་འོས་པ་ཞིག་རེད།འོན་ཀྱང་དུས་རབས་ཀྱི་འཁོར་བསྐྱོད་དང་ལོ་རྒྱུས་འགྱུར་ལྡོག་གི་ཁྲོད་ནས་དུས་རབས་ཉེར་གཅིག་པའི་སྐབས་འདི་དང༌།མི་རབས་ང་ཚོའི་རིང་ལ་ཧ་ཅང་གི་ཡིད་སྐྱོ་བ་ཞིག་ལ་བོད་མི་ཚོས་བོད་སྐད་བཤད་མི་ཤེས་པ་དང༌།བོད་མི་ཚོས་བོད་རང་གི་ཡི་གེ་མི་ཤེས་པ།བོད་མདོ་དབུས་ཁམས་གསུམ་གྱི་བསམ་བློ་གཅིག་གྱུར་བྱེད་མི་ཐུབ་པ།ཚང་མ་རང་སོ་སོའི་ཟས་གོས་ཙམ་གྱི་ཆེད་དུ་བོད་མདོ་དབུས་ཁམས་གསུམ་གཅིག་འགྱུར་བྱེད་མི་ཐུབ་པ་འདི་ནི་ངའི་སེམས་ནང་གི་སྡུག་བསྔལ་ཞིག་ཡིན་ཞེས་བཤད་ནའང་ཆོགངའི་སེམས་ཀྱི་སྐྱོ་བ་ཞིག་རེད་ཅེས་ལབ་ནའང་ཆོགདེ་ཡང་ཁྱེད་རྣམ་པ་དང་ང་མཉམ་དུ་འཛོམས་ནས་ཁྱེད་རྣམ་པར་རེ་བ་ཞུ་རྒྱུ་དེའང་དུས་རབས་ཉེར་ཅིག་པའི་ཁྲོད་ཀྱི་མི་རབས་ང་ཚོའི་རིང་ལ་བོད་ཀྱི་རིག་གནས་ཚང་མ་འཕེལ་རྒྱས་བླ་ན་མེད་པ་ཞིག་གཏོང་རྒྱུ་དེ་ངའི་སེམས་ཁོངས་ཀྱི་རེ་བ་ཡིན།དེས་ན་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ང་ཚོ་ཚང་མ་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར་ཡོད།ཀྲུང་གོ་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་ཚང་མས་རང་རང་སོ་སོའི་མི་རིགས་ཀྱི་ཁེ་དབང་གླེང་ཆོག་གི་འདུགང་རྩ་ཁྲིམས་ལ་རྒྱབ་འགལ་བྱེད་ཕོད་མཁན་དེ་འདྲ་མིན།འོན་ཀྱང་ང་ཚོ་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ཆ་ནས་དེ་ལ་རང་སྐྱོང་གི་སྲིད་ཇུས་ཤིག་ཡོད།རང་སྐྱོང་གི་རྩ་བའི་རྩ་དོན་གང་རང་སྐྱོང་བྱེད་དགོས་ཞེ་ན།ང་ཚོའི་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས།ཆོས་ལུགས་དད་མོས།སྐད་དང་ཡི་གེ་རང་སྐྱོང་དང་བདག་འཛིན་བྱེད་པ་དེ་ང་ཚོའི་འགན་ཁུར་རེད་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་ཡང་དེ་ཡིན།དེའི་རྒྱུ་མཚན་གྱིས་ངས་ཁྱེད་རྣམ་པར་རེ་བ་ཞུ་རྒྱུ་ཞིག་ལ་བོད་རང་གི་སྐད་དེ་ཡག་པོ་ཞིག་ལབ་དགོས་ཀྱི་འདུགདཔེར་ན་ང་ཚོ་བོད་མི་རིགས་འདི་ཕྲེང་བ་ཞིག་ཡིན་པར་ཆ་བཞག་ན།ང་ཚོ་བོད་མདོ་དབུས་ཁམས་གསུམ་གཅིག་འགྱུར་བྱེད་མཁན་ནམ་ཡང་ན་ཕྱོགས་གཅིག་ཏུ་བསྡུ་མཁན་གྱི་ཕྲེང་ཐག་ལྟ་བུ་དེ་བོད་ཀྱི་སྐད་དང་ཡི་གེ་དེ་རེད།བོད་མི་ཞིག་གིས་བོད་སྐད་ལབ་མ་ཐུབ་ན།ད་ང་ཚོ་བོད་མི་རིགས་བསམ་བློ་ཁ་ཁར་འགྲོ་གི་རེད།མཐུན་སྒྲིལ་ཡོང་ཐུབ་ཀྱི་མ་རེད།བོད་མདོ་དབུས་ཁམས་གསུམ་སོ་སོར་གྱེས་འགྲོ་གི་རེད།ངས་དུས་ནམ་ཡིན་ཡང་དེ་ལྟར་བསམ་གྱི་ཡོད།འཛམ་གླིང་གི་ལོ་རྒྱུས་ཀྱི་སྟེང་དུ་ང་ཚོས་མིག་རྒྱང་རིང་པོས་བལྟ་གི་ཡིན་ན།འཛམ་གླིང་གི་ལོ་རྒྱུས་ཁྲོད་ན་མི་རིགས་ཤིག་མི་རིགས་གཞན་པ་ཞིག་དང་རྒྱལ་ཁབ་གཞན་ཞིག་གིས་མེ་མདའ་བརྒྱབ་སྟེ་བསད་ནས་ཚར་སོང་བ་དེ་འདྲ་མི་རིགས་གཅིག་ཀྱང་མེད།འོན་ཀྱང་མི་རིགས་ཉམས་སོང་བ་དེ་འདྲ་མང་པོ་ཡོད།མི་རིགས་ཉམས་པའི་རྩ་བའི་རྒྱུ་རྐྱེན་དེ་གང་རེད་ཟེར་ན།མི་རིགས་རང་གི་སྐད་དང་ཡི་གེ་ཉམས་སོང་ན།མི་རིགས་དེ་ཉམས་འགྲོ་གི་རེད།ཁྱེད་རྣམ་པས་མཁྱེན་གསལ་ལྟར།ལོ་རྒྱུས་སྟེང་གི་མན་འཇུ་རིགས་ལྟ་བུར་མཚོན་ན།རྒྱ་ནག་ལ་དབང་བསྒྱུར་མཁན་གྱི་རྒྱལ་པོ་ཧྲུན་ཀྲེ་དང་ཆན་ལུང་ཟེར་བ་རྒྱལ་པོ་གྲགས་ཅན་ཡང་མང་པོ་བྱུང་མྱོང་མོད།ཁོ་ཚོས་གནས་སྐབས་དགོས་མཁོ་ཙམ་ལ་དམིགས་ནས་མན་འཇུ་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་དོར་ནས་རྒྱ་ཡིག་དང་རྒྱ་སྐད་སྤྱད་པར་བརྟེན།མི་ལོ་ཉིས་བརྒྱ་ཙམ་གྱི་རྗེས་མི་རིགས་དེ་མིང་ཙམ་དུ་གྱུར་ཡོད།དེ་བཞིན་མི་རིགས་མང་པོ་ཞིག་རྒྱ་མཚོའི་ནང་དུ་ཁ་བ་འཐིམ་པ་ལྟར་འཇིག་དང་འཇིག་བཞིན་ཡོད།
སྤྱིར་ང་ཚོ་བོད་མི་རིགས་འདི་གྲངས་ཧ་ཅང་ཉུང་ཉུང་ཡིན།དེ་ཡང་རྒྱ་ཆེན་པོས་བརྩིས་ན་མི་ཁྲི་ཚོ་དྲུག་བརྒྱ་ལབ་ཀྱི་ཡོད།བོད་མི་ཁྲི་ཚོ་དྲུག་བརྒྱ་ཟེར་བ་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཀྱི་སྡོམ་རྩིས་ཤིག་རེད།དངོས་གནས་བརྩིས་ན་ད་སྐབས་བོད་མི་ཁྲི་ཚོ་དྲུག་བརྒྱ་ཕལ་ཆེར་ལོན་གྱི་ཡོད་ས་མ་རེད།རྒྱལ་ཡོངས་ནས་བཤད་ན་བརྒྱ་ཆ་དགུ་བཅུ་གོ་བཞི་རྒྱ་མི་རིགས་རེད།དེའི་ནང་གི་བརྒྱ་ཆ་དྲུག་གྲངས་ཉུང་མི་རིགས་ལྔ་ཅུ་ང་ལྔ་ལ་བགོས་དགོས་ཀྱི་འདུགདེ་ཡིན་ན་ང་ཚོ་གྲངས་ཀ་ཤིན་ཏུ་ཉུང་ཉུང་ཡིན།འོན་ཀྱང་དམངས་གཙོ་བཅོས་སྒྱུར་གྱི་རྗེས་སུ་མི་ལོ་ལྔ་ཅུའི་རིང་ང་ཚོ་ཨ་མདོ་གཅིག་པུ་ལ་ཆ་མཚོན་ན།རིག་གནས་ཅུང་དར་ས།ལ་རྒྱ་ཅུང་ཡོད་ས་དེ་མཚོ་སྔོན་རེད།འོན་ཀྱང་མཚོ་སྔོན་ཞིང་ཆེན་གྱི་ནང་དུ་རྫོང་ཁག་ལྔ་ཙམ་ལ་བོད་སྐད་བཤད་མི་ཤེས་པ་དང་བོད་ཡིག་མི་ཤེས་པའི་གནས་སུ་གྱུར་ཡོད།དཔེར་ན།
ལོ་ངོ་ལྔ་ཅུའི་གོང་དུ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་འཁྲུངས་ས་སྟག་ཚེར་དང༌།རྗེ་ཐམས་ཅད་མཁྱེན་པ་འཁྲུངས་ས་རྫོང་ཁག་ལྔ་ལ་བོད་སྐད་དང་བོད་ཡིག་ཤེས་མཁན་མི་གཅིག་ཀྱང་མེད།ད་དུང་གནས་དེ་ཚོ་ནས་བོད་ཀྱི་མཁས་པ་དང་དཔོན་པོ་གྲགས་ཅན་ཡང་མང་པོ་བྱུང་མྱོང་ཡོད།ད་ཆ་ཁོ་ཚོས་བོད་ཡིག་དང་བོད་སྐད་ཤེས་རྒྱུ་ལྟ་ཅི།ཐ་ན་ཡུལ་སྲོལ་གོམས་གཤིས་ཀྱང་ཚང་མ་གྱུར་ནས་བོད་རིགས་ཡིནཔའི་རྟགས་སམ་མཚན་མ་ནི་མིང་བོད་མིང་ཡིན་པ་ཙམ་ལས་གཞན་བོད་རིགས་ཡིན་པའི་ཁྱད་ཆོས་འདི་ཞེས་འཛུབ་མོ་འཛུགས་ས་མེད་པའི་ཐབས་སྡུག་གི་གནས་སུ་གྱུར་ཡོད།དེ་ཡིན་ན་རྩ་ཁྲིམས་དང་མཐུན་པའི་སྟེང་ནས་ང་ཚོ་བོད་མི་རིགས་ཀྱི་ཚེ་སྲོག་དེ་ཡུན་རིང་གཏན་གནས་བྱེད་པའི་རྩ་བའི་ཆ་རྐྱེན་དེ་གང་ལ་ཐུགས་ཡོད་ཞེ་ན།བོད་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེར་ཐུག་ཡོད་སྙམ།
ང་ལྷ་སར་ཐེངས་བཞི་ཙམ་ཡོང་བ་ཡིན།ཐེངས་གསུམ་པའི་སྐབས་དེར་ང་དབང་མེད་དུ་མིག་ཆུ་ཤོར་བྱུང༌།མིག་ཆུ་འཆོར་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན།བོད་ཀྱི་ཆོས་དང༌།རིག་གཞུང༌།དཔལ་འབྱོར་ཚང་མའི་ལྟེ་གནས་དེ་ལྷ་ས་རེད།ང་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་དང༌།ཚོང་ཁང༌།ཟ་ཁང༌།མགྲོན་ཁང་རེ་རེ་བརྒྱུད་དེ་འགྲོ་སྐབས།བོད་རིགས་ཚང་མས་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་བྱེད་པ་ལས་བོད་ཡིག་བོད་སྐད་བེད་སྤྱོད་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་འདུགསྐབས་དེར་ང་ལ་ཁོ་ཚོས་མི་རིགས་ཀྱི་སྲོག་དབང་དེ་དོར་ཚར་བའི་ཚོར་སྣང་བྱུང༌།དེར་བརྟེན་ངས་ཁ་བྱང་ལ་ཉི་མའི་གྲོང་ཁྱེར་ལ་དུ་སྤྲིན་འཁྲིགས་བཞིན་འདུག་ཞེས་པའི་ལྷུག་རྩོམ་ཞིག་བྲིས་ཡོད།ཉི་མའི་གྲོང་ཁྱེར་ལ་དུ་བ་དང་སྤྲིན་པ་འཁྲིགས་ཞེས་པ་དེ་ཁོ་ཚོས་རྩ་བའི་ཆ་རྐྱེན་བོད་ཡིག་བོད་སྐད་ཤེས་ཀྱི་མེད་པ་མ་ཟད།ཡུལ་སྲོལ་གོམས་གཤིས་ཀྱང་དོར་ཚར་བ་དང༌།ཐ་ན་ཚོང་ཁང་སོ་སོའི་སྒོ་བྱང་སྟེང་གི་རྒྱ་ཡིག་མ་གཏོགས་བོད་ཡིག་ཚང་མ་ཡིག་ནོར་ཤ་སྟག་རེད་འདུགད་དུང་ཁོ་ཚོས་རྒྱ་ཡིག་དེ་གཙོ་ཆེར་སེམས་ནས་གོང་དུ་བཞགས་པ་དང༌།རྒྱ་ཡིག་ནོར་ན་ངོ་ཚར་རྩི་ལ།བོད་ཡིག་ནོར་ན་སྣང་མེད་དུ་གཏོང་གིན་འདུགང་ས་ཆ་གང་དུ་སོང་ཡང༌།དུས་ནམ་ཡིན་རུང་བཤད་རྒྱུ་ནི་མི་རིགས་ཤིག་ལ་ཆ་རྐྱེན་བཞི་ཡོད།ཆ་རྐྱེན་བཞི་དེ་གང་རེད་ཟེར་ན།སྐད་དང་ཡི་གེཆོས་ལུགས་དད་མོས།ཡུལ་སྲོལ་གོམས་གཤིས།ཐུན་མོང་མ་ཡིན་པའི་ས་ཁོངས།ཁྱེད་རྣམ་པས་མཁྱེན་གསལ་ལྟར།དེ་བཞི་པོ་མི་རིགས་ཤིག་གི་ཆ་རྐྱེན་རེད་ཅེས་སེ་ཏ་ལིན་གྱིས་ཀྱང་དེ་ལྟར་གསུངས་ཡོད།ང་ཚོའི་མི་རིགས་འདིའི་ཕ་མེས་ཡང་མེས་བོད་པ་ཡིན་པ་ཙམ་གྱིས་ང་བོད་རིགས་ཡིན་ཞེས་རིགས་རྒྱུད་ལ་ཕལ་ཆེར་འཇོག་དཀའ་མོ་རེད།དཔེར་ན།རྟ་ནོར་ལུགས་གསུམ་ལ་ཡང་རིགས་རྒྱུད་དེད་རྒྱུ་ཡོད།ང་ཚོ་སྲོག་ཆགས་དུད་འགྲོ་དང་མི་འདྲ་བའི་ཁྱད་པར་གཙོ་བོ་གང་ཡིན་ཟེར་ན།ང་ཚོར་བླང་དོར་དང་ཤེས་རིགས་ལ་མི་རྨོངས་པའི་རྣམ་དཔྱོད་ཁྱད་པར་ཅན་ཞིག་ཡོད་པ་ལྟར།ང་ཚོ་བོད་མི་རིགས་ཞེས་ལོགས་སུ་བཀར་བ་དེ་ཡང༌།གངས་རིའི་འདབས་སུ་གནས་པ་དང༌།རྟ་ནོར་ལུག་གསུམ་འཚོ་མཁན་ཙམ་གྱིས་ལོགས་སུ་བཀར་བ་མ་རེད།ང་ཚོ་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་དང༌།གཞན་དང་མི་འདྲ་བའི་ཆོས་ལུགས།ཐུན་མིན་གྱི་ས་ཁོངས།ད་དུང་ཡུལ་སྲོལ་གོམས་གཤིས་བཅས་ཡོད་པའི་རྒྱུ་མཚན་གྱིས་བོད་མི་རིགས་ཞེས་ལོགས་སུ་བཀར་རྒྱུ་ཡོད།དེར་བརྟེན།ང་ཚོས་སྐད་དང་ཡི་གེ་དམ་འཛིན་ཡག་པོ་ཞིག་བྱེད་དགོས་ཀྱི་འདུགདེ་མིན་ང་ཚོས་དེ་རིང་ཕལ་ཆེར་ཆུ་ཚོད་གཅིག་ཙམ་ཁ་བརྡ་བྱེད་དགོས་དུས།རྒྱ་སྐད་ཀྱི་ཐ་སྙད་མེད་ན་བགྲོ་གླེང་བྱེད་མི་ཐུབ་པའི་ཚད་ལ་སླེབས་པ་འདི་ནི་ཉེན་ཁ་ཆེན་པོ་ཞིག་རེད།རྒྱུ་མཚན་དེས་ན།ངའི་བསམ་པར་ཁྱེད་རྣམ་པའི་དྲྭ་ཚིགས་འདིའི་ནང་དུ་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་དམ་འཛིན་བྱེད་ཆེད་ལེ་ཚན་ཞིག་ཟུར་དུ་ཡོད་དགོས་ཀྱི་འདུག ཆ་རྐྱེན་གཉིས་པ་དེ་བོད་ཀྱི་ཡི་གེ་རེད།ཁ་སང་ང་ལྷ་སར་སླེབས་པའི་རྗེས་ངའི་སློབ་མ་མང་པོས་ང་ལ་འཚམས་འདྲི་བྱེད་དུ་སླེབས་བྱུང༌།སྐབས་དེར་ང་ཚོ་མཉམ་དུ་ཁ་བརྡ་བྱས་པ་ཡིན།ཁོ་ཚོ་ལ་ལ་ལྷ་སར་སླེབས་ནས་ཟླ་བ་གཉིས་གསུམ་དང༌།ལ་ལ་ཟླ་བ་བཞི་ལྔ་འགོར་ཡོད།ཁོ་ཚོས་ཧང་སང་དགོས་པའི་གནས་ཚུལ་ཞིག་མཐོང་བ་དེ་གང་རེད་ཟེར་ན།སློབ་གྲྭའི་ནང་དུ་ཡིག་རྒྱུགས་སྐབས་ཁོ་ཚོས་རྒྱུགས་ཤོག་སྟེང་དུ་རང་མིང་བོད་ཡིག་བྲིས་ན། དགེ་རྒན་དེ་ཚོས་ཁྱོད་ཀྱི་ཡི་གེ་ཤེས་ཀྱི་མེད་དམ་ཞེས་ཟེར།ངས་ཡི་གེ་ཤེས་ནས་རང་མིང་བྲིས་ཡོད་ཞེས་ལན་བཏབ་པ་ན། འོ་དེ་མིན།ཁྱོད་ཀྱིས་རྒྱ་ཡིག་མི་ཤེས་སམ་ཞེས་འདྲི་བ་དེ་ལ་བལྟས་ན།ཁོ་ཚོས་བོད་ཡིག་ཤེས་ན་ཡི་གེ་ཤེས་པའི་གྲལ་དུ་མི་འཇོག་པ་དེ་ནི་དངོས་གནས་ངོ་ཚ་ཞིག་རེད་བསམ་གྱི་འདུག ངོ་མ་ང་ཚོའི་བོད་ཡིག་འདི་ཧ་ཅང་གི་རྗེས་ལུས་དང༌།བོད་ཀྱི་ཆོས་དང་རིག་གཞུང་གིས་མིའི་རིགས་ལ་ཞབས་ཕྱི་ཞུ་མི་ཐུབ་པའི་ཕན་མེད་ཟོག་རོ་ཞིག་ཨེ་རེད་ཟེར་ན་གཏན་ནས་མ་རེད།
སྤྱི་ལོ་༡༩༩༣ལོར་ཕ་རན་སིའི་སྤྱི་ཚོགས་ཚན་རིག་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན།འཛམ་གླིང་སྟེང་དུ་སྐད་རིགས་མི་འདྲ་བ་ཉི་སྟོང་ལྷག་དང༌།ཡི་གེ་མི་འདྲ་བ་བདུན་བརྒྱ་ལྷག་ཡོད་པའི་ནང་ནས་དབྱིན་ཡིག་ཨང་དང་པོ་དང་བོད་ཡིག་འདི་ཨང་གཉིས་པར་བཞག་ཡོད།དེ་ང་ཚོས་རང་བསྟོད་བྱས་པ་ཞིག་མ་རེད།འཛམ་གླིང་ལ་ཁྱབ་པའི་གསར་འགྱུར་ཞིག་རེད་ལ་དྲྭ་བའི་ནང་དུ་ཡང་བོད་ཡིག་འདི་ཡག་པོ་ཡིན་པའི་སྐོར་བརྗོད་ཀྱིན་འདུགའོན་ཀྱང་ཁ་སང་ངའི་སློབ་མ་ཞིག་གིས་ང་ལ་ཀུ་རེ་འདི་ལྟར་རྩེད་བྱུང༌།སྔར་ཡིན་ན་དབུས་གཙང་ཆོས་ཀྱི་ཆོ་གའམ་ཆོས་ཀྱི་གྲོང་ཁྱེར་རེད།ད་ལྟ་དབུས་གཙང་ཡིག་ནོར་གྲོང་ཁྱེར་རེད་ཟེར་གྱི་འདུགསློབ་ཕྲུག་དེའི་སྐད་ཆས་ང་ལ་ཚོར་བ་མི་འདྲ་བ་ཞིག་སྦྱིན་བྱུང༌།དེར་བརྟེན་ཁྱེད་རྣམས་པས་ཀྱང་དྲྭ་ཚིགས་ནང་ཡི་གེ་དག་པོ་ཞིག་འབྲི་རྒྱུ་ངའི་རེ་བ་ཡིན། དྲྭ་ཚིགས་འདི་བལྟ་མཁན་ལྷ་ས་གཅིག་པུ་མ་རེད།མདོ་དབུས་ཁམས་གསུམ་མམ་ས་སྒང་རིལ་བོ་འདིའི་སྟེང་གི་བོད་ཀྱི་རིག་གནས་ལ་ཤ་ཞེན་ཡོད་པ་དང་བོད་ཡིག་ཤེས་མཁན་ཚང་མས་བལྟ་གི་རེད།སྔར་ཡིན་ན་མདོ་དབུས་ཁམས་གསུམ་གྱི་ནང་ནས་མི་སུ་ཞིག་གིས་རྩོམ་ཡིག་གཅིག་བྲིས་ན་ཚང་མས་ནང་དོན་ཤེས་ཀྱི་རེད།དབུས་གཙང་བས་བྲིས་ན་ཨ་མདོ་བ་དང་ཁམས་པས་ཧ་གོ་བ་དང༌།ཨ་མདོ་བ་དང་ཁམས་པས་བྲིས་ན་དབུས་གཙང་བས་ཧ་གོ་གི་ཡོད།ད་སྐབས་ལྷ་སའི་དུས་དེབ་ཁ་ཤས། དཔེར་ན། གངས་ལྗོངས་རིག་གནས་ཟེར་བ།བོད་ལྗོངས་ཞིབ་འཇུག་ཟེར་བའི་དུས་དེབ་ཀྱི་ནང་དུ་ལྷ་ས་བས་བྲིས་པའི་རྩོམ་ཡིག་དེ་འཕྲལ་དུ་ནང་དོན་གོ་ཐུབ་ཀྱི་མི་འདུགརྒྱུ་མཚན་ནི་ཁོ་ཚོས་ཡུལ་སྐད་མང་པོ་ནང་དུ་བསྲེས་ཡོད་པས་ཡིན།ཁོ་ཚོས་དུས་ནམ་ཡིན་ནའང་སྤྱི་སྐད་ལ་བསམ་གཞིགས་བྱེད་ཀྱི་མི་འདུགངས་ནམ་ཡིན་ཡང་འདི་འདྲ་ལབ་ཀྱི་ཡོད། བོད་ལ་སྤྱི་སྐད་ཡོད།འོ་ན་བོད་ཀྱི་སྤྱི་སྐད་དེ་གང་འཇོག་ཞེ་ན། ལྷ་སའི་སྐད་དེ་འཇོག་རྒྱུ་མེད།དེ་བཞིན་ཨ་མདོ་དང་ཁམས་པའི་སྐད་ཀྱང་འཇོག་རྒྱུ་མེད།བོད་ཀྱི་སྤྱི་སྐད་ངོ་མ་དེ་ཐོན་མི་སམ་བྷོ་ཊས་གཏན་ལ་ཕབས་པའི་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པའི་ཡི་གེའི་ཐོབ་ཐང་དང་སྒྲའི་སྦྱོར་ཚུལ་ཚང་མ་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པ་ཞིག་ཡིན་ན་དེ་ནི་བོད་ཀྱི་སྤྱི་སྐད་རེད།རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་རྣམ་པའི་དྲྭ་ཚིགས་ཀྱི་སྟེང་དུ་རྩོམ་ཡིག་སྤེལ་ནའང་འདྲ།ལོ་རྒྱུས་ངོ་སྤྲོད་བྱས་ནའང་ཆོགགཙོ་བོ་བོད་མདོ་དབུས་ཁམས་གསུམ་སུས་བཀླག་ནའང་གོ་ཐུབ་པ།བོད་ཀྱི་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པ།ཡིག་ནོར་མེད་པ་ཞིག་བཟོ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།ཡིག་ནོར་ཤ་སྟག་ཡིན་ན་ཀློག་པ་པོ་སུ་ཡིན་རུང་བཀླག་འདོད་ཀྱི་མ་རེད།དེའི་རྐྱེན་གྱིས་དྲྭ་ཚིགས་འདིའི་ནང་དུའང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྐད་གཙང་མ་དང་ཡི་གེ་དག་པོ་ཡོང་ཆེད་འབད་བརྩོན་བླ་ན་མེད་པ་ཞིག་གནང་རྒྱུ་དེ་ཡང་ངའི་རེ་བ་གཅིག་ཡིན།གཞན་ད་དུང་འདིའི་ནང་དུ་ཆོས་ལུགས་ཀྱི་ལེ་ཚན་ཞིག་འདུག་པས་དེ་ཡག་པོ་རེད།ང་ཚོ་བོད་འདི་ཆོས་ལྡན་གྱི་ཞིང་ཁམས་རེད།ད་སྐབས་འཛམ་གླིང་དུ་ངོམ་རིན་གཅིག་ཡོད་པ་དེ་ང་ཚོའི་བོད་རྒྱུད་ནང་བསྟན་འདི་རེད་མ་གཏོགས་གཞན་ང་ཚོ་ལ་གང་ཡང་མེད།ང་ས་གནས་གང་དུ་སོང་ཡང་སློབ་གྲྭ་སོགས་ལ་དེ་འདྲ་བཤད་ཀྱི་ཡོད།ང་ཚོ་བོད་མི་རིགས་འདི་མི་གྲངས་ཉུང་ལ་ཚན་རིག་དང༌།དཔལ་འབྱོར་འཕེལ་རྒྱས་སོང་མེད་རུང༌།ད་ལྟ་འཛམ་གླིང་གི་མི་རིགས་འདྲ་མིན་དང༌།སྟོབས་ལྡན་རྒྱལ་ཁབ་ཚོས་བོད་ལ་འགྲམ་ཆུ་ལྡང་དོན་ཡང༌།ང་ཚོ་བོད་མི་རིགས་ལ་རིག་གནས་ངོ་མཚར་ཅན་བོད་རྒྱུད་ནང་བསྟན་ནོར་བུ་ལྟ་བུ་འདི་ཡོད་པས་ཡིན།བོད་རྒྱུད་ནང་བསྟན་འདིས་འཛམ་གླིང་ལ་ཞི་བདེ་བསྐྲུན་པ་དང༌།འཛམ་གླིང་འཆམ་མཐུན་གཏོང་བྱེད་ཀྱི་ལག་ཆ་ངོ་མ་ཡང་འདི་རེད།དེ་འདྲ་ཡིན་དུས་ཁྱེད་རྣམ་པའི་དྲྭ་ཚིགས་ཀྱི་ནང་དུ་ཆོས་ལུགས་ངོ་སྤྲོད་ཀྱི་ལེ་ཚན་གཅིག་ཡོད་པ་མཐོང་དུས་ང་དངོས་གནས་དགའ་སྤྲོ་དཔག་མེད་བྱུང༌།འོན་ཀྱང་ཆོས་ལུགས་ངོ་སྤྲོད་བྱེད་ཐབས་ཀྱི་ཐད་ལ།ད་ལྟ་རྒན་ལགས་ཀྱིས་གསུངས་པ་བཞིན།ང་ཚོ་བོད་མི་རིགས་ལ་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་པ།དུས་རབས་དང་འཚམས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཤེས་ཡོན་པ་དགོས།དེའི་ནང་ནས་ཀྱང་སྣ་གཅིག་ཤེས་ཡོན་ཅན་དགོས་གལ་ཆེ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།