བོད་ཀྱི་སྨན་རྩིས་ཁང་དཔྱད་བཅོས་བསྟི་གནས་ཁང་།

༄༅།  །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རྒྱལ་བསྟན་ཡོངས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་གངས་ཅན་པའི་མེ་ཏོག་གང་ལ་ཕོག་པའི་༸ལྷ་སྐལ། འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ། ༸གོང་ས་རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་སྔོན་ཏུ་བཏང་སྟེ། དེ་རིང་འདི་གར་ཆེད་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་གྱི་མི་རྗེ་བཀའ་བློན་སྨན་པ་ཚེ་རིང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག    ལྷན་ཁང་ཁག་གི་སྐུ་ངོ་དྲུང་ཆེ་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ཚོགས་པ་ཁག་གི་འགན་འཛིན་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་ ༸སྐུ་བཅར་སྨན་པ་རྣམ་པ།  དེ་བཞིན་སྨན་རྩིས་ཁང་གི་དྲུང་ཆེ་མཆོག་དང་། སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཙོས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྨན་སློབ་བཅས་དེ་རིང་མཛད་སྒོ་འདིར་ཕེབས་ཞུགས་གནང་བ་དེ་ལ། གུས་པས་སྨན་རྩིས་ཁང་གི་དཔྱད་བཅོས་བསྟི་གནས་ཁང་གི་དགེ་རྒན་དང་འཇམ་དཔྱད་སློབ་མ་རྣམས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ངས་དེ་རིང་དུས་ཚོད་མང་པོ་སྤྱད་མི་དགོས་པའི་ཐོག་ནས། བོད་ཀྱི་གསོ་བ་རིག་པ་ལས་འཇམ་དཔྱད་ཀྱི་ལག་ལེན་ངོ་སྤྲོད་མདོར་བསྡུས་དང་འབྲེལ། འཇམ་དཔྱད་ཀྱི་དཔྱད་བཅོས་བསྟི་གནས་ཁང་འདི་འཛུགས་དགོས་པའི་དམིགས་ཡུལ་དང་དེའི་རྒྱུད་རིམ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

སྤྱིར་བོད་ཀྱི་གསོ་བ་རིག་པར་རང་རེའི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ལོ་ངོ་སྟོང་ཕྲག་གསུམ་ཙམ་ཀྱི་སྔོན་ནས་དར་སྤེལ་བྱུང་བའི་ལོ་རྒྱུས་ཡོད། དེ་ཡང་རང་ཅག་ཁ་བའི་ལྗོངས་འདིའི་མི་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་རྟོག་ཞིབ་དང་། འབད་བརྩོན་བྱས་པའི་མྱོང་བྱང་སོགས་ཕྱོགས་བསྡོམས་བྱས་པའི་རིག་པའི་གཞུང་ལུགས་ཤིག་ཡིན། སྨན་དཔྱད་རིག་པ་འདིའི་ནང་། ནད་ཀྱི་ཐོག་མ་མ་ཞུ་བ་དང་། དེའི་བཅོས་ཐབས་ཐོག་མ་ཆུ་བསྐོལ་དང་།  དེ་འཐུང་བས་མ་ཞུ་པའི་ནད་བདེ་བར་གྱུར་པ་སོགས། རིག་པའི་རྒྱུད་རིམ་ཐོག་འབྱུང་བ་ལྔ་ལས་གྲུབ་པའི་རང་བྱུང་སྐྱེ་དངོས་སྨན་རྫས་ཀྱིས་འགྲོ་བའི་ལུས་ལ་ན་བའི་སྡུག་བསྔལ་བྱུང་བ་བཅོས་པའི་ཐབས་ལམ་དུ་སྨན་རྫས་དང་། ཚ་བའི་ནད་ལ་སྐར་ཆུ་བསྟེན་པ། ཚད་པས་སྐྲངས་པར་ཆུ་རྡོ་བདུག་པ། མཁལ་གྲང་ནད་ལ་སྦང་མས་བདུག་པ། རྒས་ནད་ཀྱིས་དབང་པོ་ཉམས་པ་རྣམས་ལ་རྣ་བ་སོགས་དབང་པོར་མར་ཁུས་བཅོས་པ་སོགས་ཀྱི་ཐབས་བཅོས་ཐོག་མར་རྙེད་ཡོད། དེ་འདྲའི་མན་ངག་རིམ་པར་གསོག་ཉར་བྱས་ནས། ལུས་སེམས་ཀྱི་ན་བའི་སྡུག་བསྔལ་སེལ་ཐབས་སུ། རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་གི་ངོ་བོར་སྲུང་སྐྱོབ་བྱས་ཏེ། འགྲོ་བའི་ལུས་ཁམས་མི་ན་བར་བདེ་བར་གནས་པ་དང་། ན་བའི་གཉེན་པོར་གསོ་ཐབས་ཀྱི་རིམ་པ་བསྟེན་སྲོལ་བྱུང་བ་ཞིག་ཡིན།

དེ་ལྟ་བུའི་སྨན་ཀྱི་ལུགས་སྲོལ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལོ་རབས་མང་པོར་བོད་ཀྱི་མེས་པོས་ཞིབ་འཇུག་དང་ཉམས་མྱོང་རིམ་བསགས་གནང་ནས། བོད་ཀྱི་གསོ་རིག་མཐའ་དག་གི་ཉིང་ཁུར་གྱུར་བའི་དཔལ་ལྡན་རྒྱུད་བཞི་གཏན་འབེབས་མཛད་ཡོད། སྨན་གཞུང་འདི་དེང་སྐབས་ཚན་རིག་གི་ཤེས་བྱའི་དཀའ་གནད་ལྡན་པའི་རིག་པའི་གཞུང་ལུགས་ཀྱི་ངོ་བོ་གྲུབ་ཡོད་ལ། རྩ་ཆེ་སྨན་གཞུང་གི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད།

དུས་རབས་བཅུ་གཉིས་ནང་གསོ་བ་རིག་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་མཆོག་གིས། ཀོང་པོའི་སྨན་ལུང་དུ་སྨན་གྱི་སློབ་མ་སྐོང་ཚོགས་བྱས་ཏེ། གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་སྨན་གྱི་སློབ་གྲྭ་ཐོག་མར་ཕྱག་བཏབ་ནས། ལྷ་རྗེ་གྲངས་ལས་འདས་པ་སྐྱེད་སྲིང་བྱས་ཏེ། སྨན་པའི་མཚན་གནས་ལ་ཡང་སྨན་པ་བསྡུས་རྭ་བ་དང་། སྨན་པ་དཀའ་བཅུ་པ། སྨན་པ་རབ་འབྱམས་པ། སྨན་པ་འབུམ་རམས་པ་སོགས་སྨན་པའི་མཚན་གནས་སྲོལ་གཏོད་གནང་སྟེ་གསོ་བ་རིག་པའི་བསྟན་པའི་རྨང་གཞི་སྲ་བརྟན་དུ་བཙུགས་ཡོད།

དུས་རབས་བཅུ་དྲུག་པའི་ནང་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ལྕགས་པོ་རི་འགྲོ་ཕན་གླིང་ངམ་སྨན་པ་གྲྭ་ཚང་གསར་འཛུགས་གནང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཕྱི་སོག་དང་ནང་སོག་སོགས་ལ་གསོ་བ་རིག་པའི་འགྲོ་དོན་སྤེལ་བ་དང་། དུས་རབས་ཉི་ཤུ་པའི་ནང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བཀའ་ཁྱབ་འོག་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་བོད་ཀྱི་གསོ་བ་རིག་པའི་འགྲོ་དོན་རྒྱ་ཆེར་སྤེལ་འདུག་པ་དང་། དུས་རབས་ཉི་ཤུའི་དུས་དཀྱིལ་དུ་བོད་མི་སྤྱིའི་ལས་དབང་དང་བསོད་ནམས་སོགས་ཀྱི་མཐུ་ཉམས་པའི་རྐྱེན་བྱས་ཏེ། བསྟན་དགྲ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་ནས་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་གསོ་བ་རིག་པའི་བསྟན་པ་ཉམས་ཉེས་ཆེན་པོ་དང་། དོ་ཕོག་དང་གྱོང་གུད་ཆེན་པོ་བཟོས་ཡོད། འོན་ཀྱང་འཛམ་གླིང་ཞི་བདེ་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས་རྗེས། སྤྱི་ལོ་༡༩༦༡ ལོར་རྒྱ་གར་རྡ་རམ་སར་བོད་ཀྱི་སྨན་རྩིས་རིག་པའི་བསྟན་པའི་མེ་རོ་གསོས་ཏེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་སླད། བོད་གཞུང་སྨན་རྩིས་ཁང་འདི་ཉིད་གསར་འཛུགས་བཀའ་དྲིན་བསྐྱངས་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པའི་གསང་གསུམ་གྱི་བྱིན་མཐུ་ལ་བརྟེན་ནས་འཛམ་གླིང་གང་སར་བོད་ཀྱི་གསོ་རིག་ཁྱབ་སྤེལ་དང་དར་ཁྱབ་ཆེན་པོ་བྱུང་བ་དང་འབྱུང་མུས་ཡིན།

དུས་རབས་ཉེར་གཅིག་པའི་ནང་དུ་འགྲོ་བ་མིའི་ལུས་སེམས་གཉིས་ཀ་ལས་ལ་བྲེལ་བ་ཆེ་བ་དང་། དེ་ལ་བརྟེན་ནས་ལུས་ངལ་ཞིང་སེམས་ལས་ཆེ་བ། དངངས་སྐྲག་དང་མྱ་ངན། སེམས་སྡུག་ཆེ་བ་སོགས་ཀྱིས་ལུས་སེམས་གཉིས་ངལ་གསོ་བྱ་རྒྱུའི་དུས་ཚོད་དཀོན་པའི་དུས་སྐབས་འདིར། བོད་ཀྱི་གསོ་བ་རིག་པའི་ལག་ལེན་ནང་ནད་ཀྱི་གདུང་བ་སེལ་བ་ཙམ་དུ་མ་ཟད། བདེ་ཐང་གནས་ཐབས་སུ་ནད་གཞིའི་སྔོན་འགོག་དང་། སེམས་ནད་གསོ་བའི་བཅོས་ཐབས་ཁྱད་པར་བ་གསུངས་པ་དེ་ཡང་མདོར་བསྡུས་ན་དཔལ་ལྡན་རྒྱུད་བཞིའི་ནང་དུ། ནད་གསོ་ཐབས་སུ་ཟས་སྤྱོད་སྨན་དཔྱད་བཞི་རུ་བསྡུས་ཏེ་གསུངས་ཡོད། དེ་ལས་དཔྱད་ཀྱི་ནང་ཚན་འཇམ་དཔྱད་ལའང་། འགྲོ་བའི་ལུས་སེམས་ཀྱི་ངལ་བ་གསོ་ཞིང་ནད་རིགས་ཇི་སྙེད་ཀྱི་གཉེན་པོར་ཕན་རླབས་ཆེ་བའི་གསོ་ཐབས་ཀྱི་ལག་ལེན་དང་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན། ཡིན་ནའང་དེང་སྐབས་ལག་ལེན་འདི་ཉིད་དཔེ་དེབ་ཀྱི་ནང་དུ་འཁོད་པ་ལས་དངོས་སུ་ཕྱག་རྒྱུན་མ་ཉམས་པར་གནང་མཁན་ཉུང་ཤས་ལས་མེད་པ་ནི་བློ་ཕམ་གྱི་གཞི་ཡིན། དེང་སྐབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཇམ་དཔྱད་ཀྱི་ཕན་ནུས་ལ་གཞིགས་ནས་དུགས་ལུམས་བྱུག་པའི་ལག་ལེན་གྱི་དམིགས་བསལ་ཁྱད་ནུས་དང་། ངོ་མཚར་ཆེ་བའི་ཕྱག་རྒྱུན་རྣམས་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ལ་སྙིང་སྟོབས་དང་བློ་གྲོས་ཀྱི་ནུས་པ་བཏོན་ཏེ་འཛམ་གླིང་ནང་ལག་ལེན་ཁྱབ་སྤེལ་གྱི་གོམ་པ་མདུན་སྤོ་བྱ་རྒྱུ་གལ་འགངས་ཆེ། ཇི་སྐད་དུ། སྤྱི་ལོ་༢༠༠༦་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྨན་སློབ་སྐབས་༡༣ སློབ་ཐོན་མཇལ་བཅར་སྐབས་སྩལ་པའི་བཀའ་སློབ་ནང་།  “ང་ཚོ་བོད་རང་གི་ད་ལྟ་ཕན་ཆད་ལོ་བརྒྱ་ཕྲག་གམ་སྟོང་ཕྲག་མང་པོ་ཞིག་གི་རིང་ལ། ང་ཚོར་ལག་ལེན་ཡོད་བསྡད་པ་དེ་རྒྱུས་ཡོད་པའི་ཐོག་ལ་ཨ་ཡུར་ཝེ་དྷའི་སྨན་དང་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་ཏེ། ཁོང་ཚོ་ལའང་ཕར་ཉམས་མྱོང་བསླབ་རྒྱུའི་རིག་པ་དེ་འདྲ་ཡོང་མདོག་ཁ་པོ་རེད། ཁོང་ཚོའི་ས་ནས་ཚུར་རིག་པ་ལེན་རྒྱུ་གཅིག་བྱས། ཡང་ཡུ་ན་ནི་ཟེར་བའི་ཁ་ཆེའི་སྨན་ཞིག་ཡོད་པ་རེད། དེ་ཚུར་བསླབ་རྒྱུ་དང་ཕར་བསླབ་རྒྱུ། ཞེས་སྤྱི་སྨན་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་རིམ་པར་བསྩལ་ཡོད། རང་ཉིད་སྨན་རྫས་ཉམས་ཞིབ་ཀྱི་ཆེ་ལས་སྨན་པ་ཞིག་ཡིན་ཀྱང་། སྤྱི་ལོ་༢༠༠༨ ལོར་རང་ཉིད་ཀྱིས་ལུགས་གཞན་གྱི་དཔྱད་ཀྱི་ལག་ལེན་དེ་དག་དངོས་སུ་མཐོང་ཆོས་མྱོང་གྲུབ་བྱ་རྒྱུའི་གོ་སྐབས་བྱུང་བ་དང་། བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་འཇམ་དཔྱད་ཀྱི་ལག་ལེན་དེ་དག་དངོས་སུ་སླར་གསོ་ཐུབ་ན་སྙམ་སྟེ། སྨན་རྩིས་འཛིན་སྐྱོང་དང་སྨན་རྩིས་རིག་གཞུང་ལྷན་ཚོགས་ལ་བཀའ་འཁྲོལ་ཞུས་བསྩལ་བྱུང་བ་ལྟར། ད་ཡོད་ནད་གསོ་ཁང་དུ་འཇམ་དཔྱད་ཁང་ཞིག་ཕྱི་ལོ་༢༠༠༩ ལོར་ཟུར་འཛུགས་བྱས་ཡོད། དེ་ནས་རིམ་གྱིས་འཇམ་དཔྱད་ཁང་དུ་བསྐུ་མཉེ་དང་། ལུམས། དུགས་བཅས་ཀྱི་ལག་ལེན་དངོས་སུ་འགོ་བཙུགས་བྱས་པ་དང་། ནད་པ་ཇི་སྙེད་ཅིག་ལ་ཕན་ཐོགས་ཆེན་པོ་བྱུང་བ་ནད་པའི་དགེངས་ཤོག་ནས་ར་སྤྲོད་བྱུང་ཡོད།

སྤྱི་ལོ་༢༠༡༢ ལོར་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཚེ་རིང་བཀྲ་ཤིས་མཆོག་གིས་ཐུགས་དགོངས་ཆེར་བཞེས་ཀྱིས་འཇམ་དཔྱད་ལག་ལེན་འདི་ཡར་རྒྱས་གཏོང་ཆེད། གུས་པ་བཀའ་འགུགས་བྱས་ཏེ་འཇམ་དཔྱད་ཀྱི་རྩ་འཛིན་སློབ་ཚན་ཞིག་བཟོ་དགོས་པ་དང་། དེ་ལ་བརྟེན་ནས་རང་རིགས་གཞོན་སྐྱེས་རྣམས་ལ་འཇམ་དཔྱད་ཀྱི་རིགས་གཅིག་རྐང་འཛིན་སྐྱེད་སྲིང་གནང་རྒྱུའི་བཀའ་བཀོད་གནང་བ་ལྟར། རྡ་སྟེང་ཡན་ལག་སྨན་ཁང་གི་ཡང་ཐོག་ཏུ་དཔྱད་བཅོས་བསྟི་གནས་ཁང་འདི་བཞིན་འདི་ལོའི་སྤྱི་ཟླ་༢ པའི་ནང་ཁང་བ་གསར་རྒྱག་གི་ཨར་ལས་འགོ་འཛུགས་བྱས་ཏེ་སྤྱི་ཟླ་༤་པའི་ནང་ལེགས་གྲུབ་ཟིན་པ་དང་། ༸སྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་རབ་གནས་གནད་སྨིན་ཀྱང་མཛད་ཡོད། དེ་བཞིན་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལམ་སྟོན་འོག གུས་དང་སྨན་དགེ་རྣམ་གྲོལ་ལྷ་མོ་གཉིས་ཀྱིས་འཇམ་དཔྱད་ཀྱི་བསླབ་གཞིའི་སློབ་ཚན་རྣམས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁག་ནས་ཟུར་འདོན་བྱས་པ་དང་། བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལེའུ་རྒྱ་དང་ལྔ་བཅུ་ལྔ་དྲུག་༼༡༥༦་༽བདག་ཉིད་ཅན་ལས། ལེའུ་༢༥ འཇམ་དཔྱད་ལ་དགོས་མཁོ་ཡོད་པ་ཤ་སྟག་ཡིན་པས་དེ་དག་གཞིར་བཟུང་སྟེ་སློབ་ཚན་ཆད་བསྒྲིགས་བྱས་པ་དང་། ཕྱི་ལོ་༢༠༡༣ཟླ་༡པོའི་ནང་སློབ་ཕྲུག་གྲངས་བརྒྱད་གསར་བསྡུ་བྱས་ནས་འཇམ་དཔྱད་སློབ་ཚན་རྣམས་ཟླ་དྲུག་རིང་སློབ་ཁྲིད་བྱས་ཏེ་ད་ཆར་སློབ་ཐོན་ཟིན་ཡོད། བོད་ཀྱི་སྨན་རྩིས་ཁང་གི་ལོ་རྒྱུས་ནང་འཇམ་དཔྱད་སླད་སློབ་མ་སྐྱེད་སྲིང་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད།

འདི་ལྟར་དམིགས་ཡུལ་དང་འཆར་གཞི་གཞིར་བཟུང་འཛུགས་བསྐྲུན་རྒྱ་བསྐྱེད་དང་། སློབ་ཕྲུག་སྐྱེད་སྲིང་གནང་བ་བཅས་ལ་བརྟེན་ནས་སྨན་རྩིས་ཁང་གི་དཔྱད་བཅོས་བསྟི་གནས་ཁང་འདིའི་ལས་དོན་ལམ་ལྷུང་ཡོང་བ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། སྐྱེད་སྲིང་བྱས་པའི་སློབ་ཐོན་པ་ཚང་མས་དཔྱད་བཅོས་ཀྱི་ལས་དོན་འགོ་འཛུགས་པ་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་རང་འཁྲིའི་འགན་འཁུར་དང་ལེན་ཞུ་དགོས་པ་དང་ལས་དོན་ལེགས་འགྲུབ་ཡོང་བར་འབད་བརྩོན་གནང་གལ་ཆེ་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་བཞིན་དཔྱད་བཅོས་བསྟི་གནས་ཁང་འདི་ལེགས་འགྲུབ་ཡོང་བར་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཚེ་རིང་བཀྲ་ཤིས་མཆོག་སྔ་ཕྱི་བར་དུ་བཀའ་སློབ་ལམ་སྟོན་དང་གཟིགས་སྐྱོང་བ་ལ་ཐུགས་རྗེ་ཞུ་རྒྱུ་དང།  ཆེས་མཐོ་སྨན་པའི་ལྷནཚོགས་ཀྱི་ཚོགས་གཙོ་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་གི་ལམ་སྟོན་གནང་བ་དང། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་ནས་རོགས་རམ་མཐུན་འགྱུར་དང་ལམ་སྟོན་སོགས་རྒྱ་གང་ཆེར་གནང་བར། ངས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐར་དོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་རྡོ་རྗེ་ཁམས་སུ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་དང་། སྨན་རྩིས་བསྟན་པ་རྒྱས་ཤིང་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

སྨན་རྩིས་ཁང་གི་སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་དཔྱད་བཅོས་བསྟི་གནས་ཁང་གི་འགན་འཁུར་བ།

སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།