མཚུར་ཕུའི་རྡོ་རིང༌།

ཤམ་བྷ་ལའི་ཕོཉ་དྲ་བས་༢༠༠༨ཟླ་༠༡ཚེས་༠༧ཉིན་སྤེལ། མཚུར་ཕུའི་རྡོ་རིང་ནི། བོད་ལྗོངས་ལྷ་ས་ས་ཁུལ་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་ཀརྨ་པའི་གདན་ས་མཚུར་ཕུ་དགོན་དུ་མཆིས་ཤིང༌། དེ་ཡང༌། མཚུར་ཕུའི་རྡོ་རིང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་འགོ་སྟེ་སྤྱི་ལོ་ ༨༡༥ ལོ་ནས་ ༨༨༨ བར་མངའ་བདག་ཁྲི་རལ་གྱིས་སྲིད་དབང་བཟུང་བའི་ལོ་ག་གེ་མོ་ཞིག་ལ་བཙུགས་ཡོད་པ་འདྲ་ཞིང༌། ཆོས་རྒྱལ་ཁྲི་གཙུག་ལྡེ་བཙན་ཏེ་མངའ་བདག་ཁྲི་རལ་པ་ཅན་གྱིས་བཀའ་གནང་སྟེ་འུ་ཤང་རྡོའི་ལྷ་ཁང་བཞེངས་པའི་ལྷག་མ་རྣམས་ཞང་བློན་ཚེས་སྤོང་སྟག་བཟང་ཉ་སྟོ་ཟེར་བས་སྟོད་ལུང་ལྕང་ཕུར་༼མཚུར་ཕུ་༽༼ལྷ་ཁང་འདི་ལ་སྟོད་ལུང་ལྷག་མའི་ལྷ་ཁང་ཟེར།༽ བཙུགས་པར་སྣང༌། མངའ་བདག་ཁྲི་རལ་པ་ཅན་གྱིས་སྟོད་ལུང་མཚུར་ཕུར་ཡང་བསྟན་པའི་མེ་རྩ་ལྕང་བུའི་གཙུག་ལག་ཁང་ཞེས་བྱ་བ་བཞེངས་ནས་དགེ་འདུན་གྱི་སྡེ་བཙུགས། དཀོན་མཆོག་གསུམ་གྱི་མཆོད་པའི་རྒྱུན་ཇི་སྲིད་བར་མི་ཉམས་པའི་ཆེད། དགེ་འདུན་རེར་ཞིང་འབྲོག་གི་སྡེ་འབངས་མི་ཁྱིམ་བདུན་ཏེ་སླ་ནས་སྦྱར་བའི་བཙན་པོའི་བཀའ་གཙིགས་རྡོ་རིང་ལ་བྲིས་ནས་མཚུར་ཕུའི་བླ་གཡེལ་མཐིལ་དུ་བཙུགས་གནང་མཛད་ཅིང༌། རྡོ་རིང་གི་རྩེ་མོར་ཆར་ཁེབས་པདྨ་དང་སྤྲིན་རིས་ཅན་དང༌། ནོར་བུ་མེ་འབར་རིས་ཅན་གྱི་ཏོག སྔར་ཡོད་རྡོ་རིང་སྟེགས་བུ་རིག་གསར་སྐབས་གཏོར་སྐྱོན་བྱུང་བས་ཕྱིས་ཉམས་གསོའི་སྐབས་སྟེགས་བུ་བང་རིམ་ལྔ་དང༌། རྡོ་རིང་ངོ་མའི་མཐོ་ཚད་ལ་སྤྱི་ཁྲེ་ ༢།༦༢ སྟེ་མཐོ་བཅུ་དང༌།  གཞེང་ཚད་ལ་མཐོ་གཉིས་དང་ཕྱེད། འཐུག་ཚད་ལ་མཐོ་གང་བཅས་ཡོད་ལ། རྡོ་རིང་གི་ལྷོ་ངོས་སུ་བོད་ཡིག་ཡིག་འཕྲེང་ ༤༦ དང༌། ནུབ་ངོས་སུ་ཡིག་ཕྲེང་ ༢༢ བྱང་དང་ཤར་གཉིས་ལ་ཡི་གེ་མེད།

                ཡི་གེའི་ནང་དོན་གཙོ་ནི་ཞང་བློན་ཚེ་སྤོང་ཉ་སྟོས་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་བཀའ་དྲིན་གསབ་ཕྱིར། བཙན་པོའི་སྐུ་ཡོན་སུ་བསྔོས་ཏེ། སྨོན་ལམ་རྒྱ་ཆེར་བཏབ་ནས་སྟོད་ལུང་གི་ལྕང་ཕུར་གཙུག་ལག་ཁང་བརྩིགས་པ་མ་ཟད་དགེ་སློང་བཞི་རྒྱུན་བཞུགས་ཀྱིས་བཙན་པོའི་ཞབས་འདེགས་རྒྱུན་མི་ཆད་པར་སྒྲུབ་པའི་མཆོད་རྒྱུན་སེམས་ཅན་དང༌། འབྲོག་ཐང༌། བྲན་གཡོག་བཅས་ཕུལ་ཚུལ་འཁོད་ཡོད་པ་དང༌། ཏུན་ཧོང་ཡི་གེར། བྱ་གི་ལོ་ལ་བབས་ཏེ། དགུན་བཙན་པོའི་ཕོ་བྲང་སྟོད་ཀྱི་ལྕང་བུ་ན་བཞུགས་ཞེས་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་ ༧༥༧ ལོར་སྟོད་ལུང་ལྕང་བུར་བཞུགས་མྱོང་བའི་གནས་ཚུལ་འཁོད་པ་དང༌། འུ་ཤང་རྡོའི་ལྷ་ཁང་བཞེངས་ནས་རབ་གནས་མ་གྲུབ་གོང་བཙན་པོ་བཀྲོངས་པའི་ལོ་རྒྱུས་ཡོད་པ་གཉིས་བསྡུར་ན་སྟོད་ལུང་ལྕང་བུ་ནི་སྐབས་དེའི་གནས་ས་གལ་ཆེའི་གྲས་ཤིག་ཡིན་ཚོད་འདུག་ཀྱང༌། ད་ལྟ་ནི་ལྕང་བུའི་གཙུག་ལག་ཁང་རྩ་སྟོང་དུ་སོང་ཞིང་དུས་ཕྱིས་གནས་དེར་ཀརྨ་པ་སྐུ་ཕྲེང་དང་པོ་ཀརྨ་པ་དུས་གསུམ་མཁྱེན་པས་སྤྱི་ལོ་ ༡༡༨༩ ལོར་ཀརྨ་པའི་གདན་ས་མཚུར་ཕུ་ཕྱག་འདེབས་མཛད་པ་འདི་ཉིད་ཡིན།

                རྡོ་རིང་དེའི་ཐོག ཞང་ཉ་སྟོས་བཞེངས་པའི་གཙུག་ལག་ཁང་དེར་གོང་ནས་བདག་སྐྱོང་གིས་དེའི་ཆོས་གཞིས་མི་སེར་བཅས་པར་དཔྱ་ཁྲལ་མི་འགེལ་བ་དང༌། ས་ཞིང་དང་རྒྱུ་ནོར་གཞུང་བཞེས་མི་མཛད་པར་ཞང་ཉ་སྟོས་ཇི་ལྟར་ཕུལ་བ་བཞིན་བཀའ་བཙན་པར་གནང་བ་མ་ཟད་ནམ་ཞིག་ཞང་ཉ་སྟོའི་བུ་རྒྱུད་ཆད་པ་ཡིན་ན་ཁོང་གི་ཁ་དབང་ཡོངས་རྫོགས་གོང་ནས་མི་བཞེས་པར་གཙུག་ལག་ཁང་འདིའི་མཐུན་རྐྱེན་དུ་བསྣན་དགོས་པ་བཅས་ཀྱི་ཞལ་བཞེས་བཀའ་ལུང་སྩལ་དོན་རྣམས་རྡོ་རིང་ཐོག་བཀོད་ཡོད། ཚེས་སྤོང་རུས་རྒྱུད་ནི་བཙན་པོའི་སྐབས་ཀྱི་ཞང་བློན་གལ་ཆེའི་གྲས་ཀྱི་རྒྱུད་པ་ཡིན་ཞིང༌། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེས་སྤོང་བཟའ་མེ་ཏོག་སྒྲོན་ཞེས་གྲགས་ཆེ་བ་དེ་ཡང་རིགས་རྒྱུད་འདི་ལས་བྱུང་བ་ཞིག་ཡིན།།

 

སྟོད་ལུང་ལྕང་བུ་སྟེ་མཚུར་ཕུའི་རྡོ་རིང་གི་ཡི་གེ་དངོས།

མཚུར་ཕུའི་རྡོ་རིང༌།

       ལྷོ་ངོས་ཡི་གེ

༡ ༄། །ཞང་ཚེས་པོང་སྟག་བཟང་ཉ་སྟོས།

༢ སྟོད་ཀྱི་ལྕང་བུར། གཙུག་ལག་ཁང་བརྩྀགས་

༣ པའི་ལོ་རྒྱུས། །རྡོ་རིངས་ལ་བྲྀ་བར། ༔བཙན༔

༤ པོའི་བཀའས་གནང་སྟེ་བྲིས་པའ།༔།

༥ ུ། །བཙན་པོ་ལྷ་སྲས་ཡབ་མྱེས་ཀྱི་སྐུ་རིང་ལ་

༦ དམ་པའྀ་ཆོས་བརྙེས་ནས། །གདུང་རབས༔

༧ སུ་དམ་པའི་ཆོས་མྱྀ་གཏང་ཞིང་མཛད་པར༔

༨ ཆོས་གཙིགས་དང༌། བཀའ་ལུང་སྩལད་པ་

༩ ལས་འབྱུང་བ་བཞིན། ཞང་ཚེས་པོང་ཉ་སྟོས།

༡༠ དམ་པའི་ཆོས་ཉམས་སུ་བླངས། བཙན༔

༡༡ པོ་ལྷ་སྲས། ཁྲི་གཙུག་ལྡེ་བརྩན་འཕྲུལ་གྱི་

༡༢ བཀའ་དྲྀན། ཞང་ཉ་སྟོ་ལ་ཆེད་སྩལད་པས་

༡༣ བཀའ་དྲྀན་ཆེན་པོ་བསབ་པའྀ་ཕྱིར། །

༡༤ བཙན་པོ་སྐུ་ཡོན་དུ་བསྔོས་ཏེ། སྨོན་ལམ༔

༡༥ རྒྱ་ཆེར་བཏབ་ནས། སྟོད་ལུངས་ཀྱྀ་ལྕང་བུར༔

༡༦ གཙུག་ལག་ཁང་བརྩྀགས་སྟེ། དཀོན་

༡༧ མཆོག་གསུམ་གྱྀ་རྟེན་བཙུགས། དགེ་

༡༨ སློང་བཞི་གནས་པར་སྦྱར་ནས། རྐྱེན་ཀྱྀ་

༡༩ བྲན་དང་ཞྀང་འབྲོག་དང༌། ལྷ་ཆ་དང༌། ནོར་རྫས་

༢༠ དང༌། རྐང་འགྲོས་ལས་སྩོགས་པ། ཚང་བར༔

༢༡ བཅད་དེ། །བཙན་པོ་ཁྲི་གཙུག་ལྡེ་བརྩན་

༢༢ གྱི་སྐུ་ཡོན་རྒྱུན་མྀ་འཆད་པར་བྱེད་དོ། །

༢༣ གཙུག་ལག་ཁང་འདྀའི་མཚན་ཡང༌། །

༢༤ བཙན་པོའི་བཀའ་ཞལ་གྱྀས་བཏགས་སྟེ།

༢༥ འོན་ཅང་དོའི་ཐུགས་དམ་གྱི་གཙུག་ལག

༢༦ ཁང་ཆེན་པོའི་མཇུག་ལ་གདགས་ཤིང༌།

༢༧ ཚིས་ཀྱང༌། བླ་ནས་མཛད་པར། །བཀའས་

༢༨ གནང༌། །ལྷ་རྀས་ཀྱི་འབངས་དང༌། དཀོར་

༢༩ ལ། ཁྲལ་མྱྀ་དབབ་པ་དང༌། ཁྭ་དང༌། ཆད་ཀ༔

༣༠ མྱྀ་བཞེས་པ་ལས་སྩོགས་པ་ཡང༌། །ལྷ་རིས༔

༣༡ ཆེན་པོའི་ཐང་དུ། །བཀའས་གནང་ངོ༌། །

༣༢ གཙུག་ལག་ཁང་འདྀའི་རྐྱེན་རྀས་བསྔོ་ཞིང་

༣༣ སྤྱད་པ་ཡང༌། །ཞང་ཉ་སྟོས། །ཇི་ལྟར་བྱས་ཤྀང༌།

༣༤ བསྔོས་པ་བཞྀན་བརྩན་པར། །བཀའས་གནངོ༌།

༣༥ ནམ་ཞྀག་ན། །ཞང་ཉ་སྟོ་ལ། བུ་ཚ་རྒྱུད་ཡོང༔

༣༦ མྱེད་པ་ཞྀག་དུ་གྱུར་ན། །ཁོལ་ཡུལ་ལས་སྩོགས་

༣༧ པ་དབང་ངོ་ཅོག། །བླར་ཡང་མྱི་བཞེས།

༣༨ ཀྱང་མྱྀ་སྦྱིན་བར། །གཙུག་ལག་ཁང་འདྀ་རྐྱེན།

༣༩ དུ་བསྣན་པར། །བཀའས་གནང་ངོ༌།

༤༠ གཙུག་ལག་ཁང་གྀ་རྐྱེན་བཅད་པའི་དཀར༔

༤༡ ཅག་དང༌། བསྔོས་ཡྀག་བླ་དཔེ་ནི། །བཅོམ་ལྡན་

༤༢ འདའས་རིང་ལུགས་ཀྱི་འདུན་སར་བཞག། །

༤༣ འོག་དཔེ་ནི། འོན་ཅང་དོ་གཙུག་ལག་ཁང་གྀ༔

༤༤ གནས་བརྟན་དང༌། མངན་ལ་སྩལད། དཔེ༔

༤༥ དེ་དང་འདྲ་བ་གཅྀག་ནི། །གཙུག་ལག་ཁང་༔

༤༦ འདིར་གཞག་པར། བཀའས་གནང་ངོ༌།

  ནུབ་ངོས་ཡི་གེ

༡ ཞང་ཚེས་པོང་

༢ གསས་སྟོའི་བུ་

༣ ཚ། གཙིགས༔

༤ གནང་བའྀ་བླ་

༥ དཔེ་ནི། ཕྱྀང་བ་

༦ འི་སྐུན་མཁར་

༧ ན། གཙིགས༔

༨ ཆེན་པོ་གཞན་གྱྀ་

༩ ཟླ་ལ་བཞག །དེ་

༡༠ དང་འདྲ་བ་རྣམ༔

༡༡ གཅྀག་ནི། གཙིགས་

༡༢ གཞན་གྱྀ་ཟླ་ལ་

༡༣ བཀའྀ་སར་བཞག

༡༤ ། གཙྀགས་ཀྱྀ་

༡༥ འོག་དཔེ་འཕྲ༔

༡༦ མེན་གྱྀ་སྒྲོམ་བུ༔

༡༧ ནི། གཙུག་ལག༔

༡༨ ཁང་འདྀའྀ་མཛོད་

༡༩ དུ་གཞག་པར།

༢༠ བཀའས་གནང་

༢༡ ངོ༌། །

༢༢ བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།