བསམ་ཡས་གཙུག་ལག་ཁང་གི་རྡོ་རིང༌།

ཤམ་བྷ་ལའི་ཕོཉ་དྲ་བས་༢༠༠༨ཟླ་༠༡ཚེས་༠༧ཉིན་སྤེལ། བསམ་ཡས་དགོན་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་བསམ་ཡས་ཤང་ཧས་པོ་རིའི་འདབས་སུ་གནས་ཤིང༌། བོད་ཤིང་ཡོས་སྤྱི་ལོ་ ༧༧༥ ལོར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྨང་གཞི་བཏིང་ནས་མེ་ཡོས་སྤྱི་ལོ་ ༧༨༧ ལོར་ཡོངས་སུ་ལེགས་བསྒྲུབས་ཟིན་ཅིང༌། གཙུག་ལག་ཁང་གི་དབུས་སུ་རིའི་རྒྱལ་པོ་རི་རབ་ལ་དཔེ་བླངས་ཏེ་དབུ་རྩེ་ལྷ་ཁང་ཆེན་མོ་བཞེངས། སྟེང་གི་གཡས་གཡོན་དུ་ཉི་མ་ལྷ་ཁང་དང༌། ཟླ་བ་ལྷ་ཁང་བཞེངས། གླིང་བཞི་གླིང་ཕྲན་བརྒྱད་མཚོན་པའི་ཆེད་དུ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་ཁང་བཅུ་གཉིས་བཞེངས། ཕྱོགས་བཞིར་མཆོད་རྟེན་བཞི་དང་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་ངུ་བརྒྱ་དང་བཅུ་མེད་བརྒྱད་བཞེངས། སྒོ་བཞིར་རྡོ་རིང་བཞི་བཙུགས་ཚུལ་ལོ་རྒྱུས་སུ་འཁོད་ཀྱང་དེང་སྒོ་བཞིའི་རྡོ་རིང་མིང་གི་ལྷག་མར་གྱུར་ཟིན་ལ། རྡོ་རིང་འདི་ནི་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེའི་མདུན་ངོས་སུ་བཙུགས་པའི་གནའ་བོའི་རྡོ་རིང་དེ་ཉིད་ཡིན།

                བསམ་ཡས་ཀྱི་རྡོ་རིང་འདི་བཙན་པོ་གང་གི་རིང་ལ་བཙུགས་པ་ཡིན་ཞེ་ན། སྐར་ཆུང་རྡོ་རིང་གི་ཡི་གེར་ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བྲག་དམར་གྱི་བསམ་ཡས་ལས་སྩོགས་པར་དབུས་མཐར་གཙུག་ལག་ཁང་བརྩིགས་སྟེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ཞེས་གསལ་བ་ལས་བསམ་ཡས་ཀྱི་རྡོ་རིང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་འཛུགས་གནང་མཛད་པ་དངོས་སུ་ར་འཕྲོད་ནུས་པ་ཡིན།

                བསམ་ཡས་ཀྱི་རྡོ་རིང་འདི་དུས་ནམ་ཞིག་བཙུགས་སམ་ཞེ་ན། སྦ་བཞེད་ལས་ཁྲི་སྲོང་ལྡེ་བཙན་ས་མོ་ཡོས་སུ་སྟེ་སྤྱི་ལོ་ ༧༣༩ ལ་འཁྲུངས་ཤིང༌། དེ་ནས་བཙན་པོས་དགུང་ལོ་བཅུ་གསུམ་བཞེས་པའི་ལྕགས་མོ་ཡོས་བུ་སྟེ་སྤྱི་ལོ་ ༧༥༡ ལ་བསམ་ཡས་གཙུག་ལག་གི་རྨང་བཏིངས་པ་དང༌། ལོ་སྐོར་གཅིག་རྫོགས་པའི་ཆུ་མོ་ཡོས་སུ་སྟེ་སྤྱི་ལོ་ ༧༦༣ ལ་ཡོངས་སུ་གྲུབ་པ། དེ་ནས་ལོ་བཅུ་གཉིས་ཀྱི་རིང་ལ་རྗེ་འབངས་རྣམས་རྩེད་བྲོ་དང་བཟའ་བཏུང་གི་ལོངས་སྤྱོད་ལ་རྣམ་པར་གཡེང་པས་ལྷ་ཁང་གི་རྨང་ཐམས་ཅད་བྱི་བས་ཁུང་བུ་བརྟོལ་ཅིང་རྟེན་རྣམས་ཀྱི་མཆོད་པ་དང་ཞབས་ཏོག་ཆད་པས་བཙན་པོས་མ་བཟོད་པར་ཤིང་མོ་ཡོས་བུ་སྟེ་སྤྱི་ལོ་ ༧༧༥ ལ་རྒྱ་གར་ནས་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། བློན་པོའི་བུ་ཚ་རྣམས་ལ་རྒྱ་གར་གྱི་སྐད་བསླབས་ཤིང་སད་མི་མི་བདུན་རབ་ཏུ་བྱུང་བ། ས་མོ་ལུག་སྟེ་སྤྱི་ལོ་ ༧༧༩ ལ་མི་སུམ་བརྒྱ་རབ་ཏུ་བྱུང་ལ་བཀའ་གཙིགས་ཀྱི་རྡོ་རིང་ཡང་དེ་དུས་བསླངས་སོགས་བྱུང་བས་གཙུག་ལག་ཁང་གྲུབ་སྟོན་བསམ་གྱིས་མི་ཁྱབ་པ་བྱས་པ་དང་ཆབས་ཅིག་ཞང་བློན་ལ་སོགས་པའི་བུ་དང་བུ་མོ་མང་པོ་རབ་ཏུ་བྱུང་ནས། ར་ས་དང་བྲག་དམར། ཁྲ་འབྲུག ཁབ་སོ་སོའི་འཁོར། བྲུ་ཤ། ཞང་ཞུང༌། མདོ་སྨད། སྡེ་བློན་གྱི་རིས་ལ་སོགས་པར་མངགས་ནས། བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པའི་དགེ་འདུན་པར་བསྐོས། ཆོས་མི་ནུབ་པའི་ཕྱིར་རྗེ་བློན་ཀུན་གྱིས་དབུ་སྙུང་བྲོ་བོར། ཐམས་ཅད་མནས་བསྒགས། གཙིགས་ཀྱི་མདོ་རྡོ་རིང་ངོས་སུ་བརྐོས་པ་སོགས་རྒྱ་ཆེར་མཛད་པ་དང་འདི་ནི་སྤྱི་ལོ་ ༧༨༧ མས་ཡས་ཙམ་ལ་བཙུགས་པར་སྙམ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཙུགས་པའི་གནའ་བོའི་རྡོ་རིང་འདིའི་མཐོ་ཚད་ལ་རྨིད་ ༤་༩ ཡོད་ལ། རྡོ་རིང་གི་མདུན་ངོས་སུ་བོད་ཡིག་ཡིག་ཕྲེང་ ༢༡ ཡོད་པ་ལས་གཡས་གཡོན་དང་རྒྱབ་ངོས་བཅས་སུ་ཡི་གེ་མེད།

                རྡོ་རིང་གི་དབྱིབས་ནི། རྡོ་རིང་འདིའི་དབྱིབས་ནི་ལྷ་སའི་དབོན་ཞང་མནའ་བཞག་རྡོ་རིང་དང་འདྲ་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། རྒྱ་ཡུལ་རྣམས་སུ་ཡོད་པའི་གནའ་དུས་ཀྱི་རྡོ་རིང་ཕལ་ཆེར་ནི་དེང་ལྷ་སའི་པོ་ཏཱ་ལའི་རྒྱལ་སྒོའི་གཡས་གཡོན་དུ་ཡོད་པའི་ཁང་གསེར་རྡོ་རིང་དང་འདྲ་བར་རྡོའི་རུས་སྦལ་གྱི་སྒལ་སྟེང་དུ་བཙུགས་ཡོད་པ་དང་རྩེ་མོ་ཡང་ཕལ་ཆེར་ནི་ཟླུམ་པོའམ་ཟླ་གམ་གྱི་དབྱིབས་སུ་ཡོད་ལ། བསམ་ཡས་དང་ར་སའི་རྡོ་རིང་རྣམས་ནི་དེ་དང་མི་འདྲ་སྟེ་བསམ་ཡས་རྡོ་རིང་ནི་པད་འདབ་ཀྱི་དབྱིབས་འདྲ་བའི་རྡོའི་སྟེགས་བུའི་ཐོག་ཏུ་བཙུགས་ཡོད་པ་དང༌། རྩེ་མོར་རྡོའི་ཁེབས་ཏོག་གིས་བརྒྱན་པ་ཞིག་ཡིན་པས་གནའ་བོའི་ཉམས་དང་ལྡན་ལྡན་པ་ཞིག་ཡོད། རྡོ་རིང་གི་སྟེང་དུ་བརྐོས་པའི་ཡི་གེ་ཡང་ད་ལྟའི་བོད་ཡིག་དང་ཁྱད་ཆེ་སྟེ། གི་གུ་ཕལ་ཆེར་ནི་ཕྱིར་ལོག་དང༌། ད་དྲག་དང་འ་མཐའ་ཡང་མ་བསྡུས་པར་རང་སོར་བཞག་ཡོད་ལ་བརྡ་རྙིང་ཡིན་པས་སྐད་གསར་བཅད་མ་གནང་གོང་དུ་བསླངས་པ་ཞིག་ཡིན་པ་འདིས་ཀྱང་གྲུབ་བོ། ། 

 བརྡ་རྙིང༌།

རྡོ་རིང་ལས་བཤུས་པའི་ཡི་གེ།

༡ ༄། །ར་ས་དང༌། བྲག་དམར་གྱྀ་

༢ གཙུག་ལག་ཁང་ལས་སྩོགས་

༣ པར། དཀོན་མཅོག་གསུམ་

༤ གྱི་རྟེན་བཙུགས་པ་དང༌། སངས་

༥ རྒྱས་ཀྱྀ་ཆོས། མཛད་པ་འདྀ།

༦ ནམ་དུ་ཡང་མྱྀ་གཏང་མའ་ཞིག་

༧ པར་བགྱྀའོ། ཡོ་བྱད་སྦྱརད།

༨ པའ་ཡང༌། དེ་ལས་མྱི་དབྲྀ་མྱི་

༩ བསྐྱུང་བར་བགྱྀ་འོ། དའ་ཕྱིན་

༡༠ ཅད། གདུང་རབས་རེ་རེ་ཞིང་ཡང་

༡༡ བཙན་པོ་ཡབ་སྲས་གྱིས་འདྀ།

༡༢ བཞིན་ཡྀ་དམ་བཅའོ། དེ་ལས་

༡༣ མནའ་ཁ་དབུད་པ་དག་ཀྱང༌།

༡༤ མྱི་བགྱྀ་མྱི་བསྒྱུར་བར། འཇྀག་

༡༥ རྟེན་ལས། འདའས་པའ་དང༌།

༡༦ འཇྀག་རྟེན་གྱི་ལྷ་དང༌། མྱྀ་མ་ཡིན་

༡༧ པའ། ཐམས་ཅད་གྱང་དཕང་དུ་

༡༨ གསོལ་ཏེ༌། བཙན་པོ་ཡབ་སྲས་དྡ།

༡༩ རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ།

༢༠ བོར་རོ། གཙིགས་ཀྱྀ་ཡི་གེ་ཞྀབ་

༢༡ མོ་གཅྀག་ནི་གུད་ན་མཆྀས་སོ།།

བརྡ་གསར།

 རྡོ་རིང་གི་ཡི་གེ་བརྡ་གསར་ལ་ཕབ་སྟེ་གོ་སླ་བར་བྲིས་པ། ར་ས་དང༌། བྲག་དམར་གྱི་གཙུག་ལག་ཁང་ལ་སོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་དང༌། སངས་རྒྱས་ཀྱི་ཆོས་མཛད་པ་འདི། ནམ་དུ་ཡང་མི་འདོར་ཞིང༌། ཉམས་པར་མི་བྱའོ། དེའི་ཆེད་དུ་མཐུན་རྐྱེན་ཡོ་བྱད་སྦྱར་བ་ཉམས་ཆག་ཏུ་གཏོང་བར་མི་བྱའོ། ད་ཕྱིན་ཆད་གདུང་རབས་རེ་རེ་བཞིན་རྒྱལ་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་མཛད་རྒྱུའི་དམ་བཅའ་མཛད་དགོས། དམ་བཅའ་བའི་གནའ་བོར་བ་དེ་ལས་མི་འགལ་བའམ། མི་འདའ་བའི་དཔང་པོར་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་ལྷ་དང༌། མི་མ་ཡིན་པ་ཐམས་ཅད་ཀྱང་དཔང་དུ་བཙུགས་ཏེ། བཙན་པོ་ཡབ་སྲས་དང་རྗེ་བློན་ཀུན་གྱིས་མནའ་བསྐྱལ་བ་དང༌། དམ་བཅའ་མཛད་དོ། །དམ་བཅའ་བའི་མནའ་ཚིག་གི་ཡི་གེ་ཞིབ་ཕྲ་ཞིག་ནི་ལོགས་སུ་ཡོད་དོ། ཞེས་གོ་དགོས་པར་སྣང་ངོ༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༣༢༠༡༦༡༢༢༧
ཨུ་རྒྱན་པདྨའི་མཚན་རྡོ་རིང་ལ་བཀོད་དགོས་སམ།
ཡིག་ཆ་འདི་ཚོ་དངོས་གནས་ཧ་ཅང་རྩ་ཆེན་པོ་རེད། ཤམ་བྷ་ལའི་དྲ་བས་ཞབས་འདེགས་ཆེན་པོ་བསྒྲུབས་བཞག



བརྗོད་གཞི་གཞན་ཁག་ལ་གཟིགས།