ལྷ་སའི་རྡོ་རིང་ངམ་དབོན་ཞང་རྡོ་རིང༌།

ཤམ་བྷ་ལའི་ཕོཉ་དྲ་བས་༢༠༠༨ཟླ་༠༡ཚེས་༠༧ཉིན་སྤེལ། དབོན་ཞང་རྡོ་རིང་ནི། ལྷ་ལྡན་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་༼དེ་སྔོན་ལྷ་སའི་དབུས་དང་ཕྱོགས་བཞིར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་ཀོང་ཇོ་རྣམ་གཉིས་ཀྱིས་བཙུགས་གནང་མཛད་པའི་གྲགས་ཅན་ཤིང་རྐང་ལྔ་ཞེས་ཤོད་སྲོལ་ཡོད་པ་ལས་དབུས་སུ་ཇོ་བོ་དབུ་སྐྲར་རྒྱ་ལྕང་རྐང་གཅིག་ཡོད་པའི་ཉེ་འཁྲིས། རྒྱ་ལྕང་དེ་རིག་གསར་སྐབས་གཅོད་བྲེག་གིས་སྡོང་སྐམ་སོང་བའི་ཉེ་འགྲམ་དུ་ལོ་བཅུ་ཕྲག་འགའ་སོང་བའི་ཤིང་སྡོང་ཞིག་ཡོད།༽  ཐད་ཉེ་འཁྲིས་སུ་བཙུགས་ཡོད། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་ ༤་༧༨ དང༌། ཞེང་ཚད་ལ་སྤྱི་ཁྲེ་ ༠་༩༥ མཐུག་ཚད་ལ་སྤྱི་ཁྲེ་ ༠་༥༠ བཅས་ཡོད་ཅིང༌། རྡོ་རིང་གི་རྩེ་མོར་ཆར་ཁེབས་ཏོག་དང་ལྡན་ཞིང༌། ཞབས་འོག་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞིར་ཡི་གེ་བཀོད་པ་སྟེ། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་ ༧༡ བཀོད་ཡོད། ནང་དོན་ནི་རྒྱ་བོད་དབར་གྱི་འབྲེལ་བ་ཇི་ལྟར་ཡིན་དང༌། ས་མཚམས་སུ་དམག་འཁྲུག་ཐེངས་མང་བྱུང་བ་སོགས་མནའ་གཙིགས་འདིའི་ནང་དོན་དངོས་གཞི་རྣམས་བྲིས་ཡོད། ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་ ༧༧ དང༌། གཡས་སུ་རྒྱ་ཡིག་ཡིག་ཕྲེང་ ༦ ཡོད། ནང་དོན་ནི་བཀའ་གཙིགས་འདིའི་མགོ་བརྗོད་ཀྱི་གླེང་གཞི་ཡིན། བྱང་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་ ༡༧ གྱི་མིང་རྒྱ་བོད་ཤན་སྦྱར། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱ་ཕྱོགས་ཀྱི་དཔོན་རིགས་ ༡༨ ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད། རྡོ་རིང་འདིའི་མཇུག་ཏུ་རྡོ་རིང་འདི་འདྲ་ཞིག་རྒྱལ་ས་ཀེང་ཤིར་ཡང་བཙུགས་ཡོད་པ་དང༌། མ་ཡིག་གི་ཟིན་བྲིས་ཀྱང་བོད་རྒྱ་གཉིས་ཀའི་ཡིག་ཚང་ནང་ཉར་ཚགས་བྱས་ཡོད་ཚུལ་གསལ་པོར་བཀོད་འདུག རྡོ་རིང་འདི་ནི་ད་ཕན་རྙེད་སོན་བྱུང་བའི་རྡོ་རིང་ནང་ནས་སྙན་གྲགས་ཆེ་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཡིན་པས། ཞིབ་འཇུག་གི་རིན་ཐང་ཡང་ཧ་ཅང་ཆེན་པོ་ལྡན་ཡོད།

ལོ་རྒྱུས་སུ་འཁོད་པ་ལྟར་ན་བོད་རྒྱ་གཉིས་དབར་ཆིངས་འགྲིག་ཐེངས་མང་བྱས་ཀྱང་ཆིངས་ཡིག་ནང་དོན་ཡིག་ཐོག་ཏུ་འཁོད་པ་ཐེངས་གཉིས་ལས་བྱུང་མེད་ཅིང་འདི་ནི་ཐེངས་གཉིས་པ་དེ་ཡིན་ལ། རྡོ་རིང་འདི་ནི་ཐང་རྒྱལ་རབས་ཀྱི་ལོ་རྟགས་ཁྲང་ཆིང་ཁྲི་ལོ་དང་པོ་སྟེ་བོད་ལྕགས་གླང་སྤྱི་ལོ་ ༨༢༡ དགུན་ཟླ་ར་བའི་༼བོད་ཟླ་བཅུ་གཅིག་པ།༽ཚེས་བཅུ་ཉིན་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་༼བོད་ཀྱི་ཕོ་ཉ་ཞང་ཁྲི་ཐོགས་བྱ་བ་སྐྱེས་འབུལ་དུ་མངགས།༽ དང་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་ཆབ་སྲིད་གཅིག་ཏུ་མོལ་ནས་རྒྱལ་ས་ཁྲང་ཨན་དུ་མནའ་ཆིངས་མཛད་ཅིང་ས་མཚམས་བཅད་དེ། གཙིགས་ཀྱི་ནང་དོན་རྣམས་རྡོ་རིང་ལ་བརྐོས་ཤིང་བཙུགས་པ་དང༌། སླར་བོད་ཆུ་སྟག་སྤྱི་ལོ་ ༨༢༢ ལོའི་དབྱར་ཟླ་འབྲིང་པོའི་༼བོད་ཟླ་དྲུག་པ།༽ཚེས་དྲུག་གི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་བོད་ཐང་གཉིས་ཀྱི་ཞི་དྲག་བློན་ཆེན་རྣམས་འཚོགས་ནས་མཇལ་དུམ་གྲོས་མོལ་མཛད་དེ། མནའ་ཆིངས་གྲུབ་སྟེ་མངའ་བདག་ཁྲི་རལ་པ་ཅན་གྱི་ཁྲི་ལོ་དགུ་པ་བོད་ཆུ་ཡོས་སྤྱི་ལོ་ ༨༢༣ དཔྱིད་ཟླ་འབྲིང་བའི་༼བོད་ཟླ་གསུམ་པ།༽ ཚེས་བཅུ་བཞིའི་ཉིན་རྒྱ་བོད་མནའ་ཆིངས་ཀྱི་ནང་དོན་རྡོ་རིང་ལ་བརྐོས་ཤིང་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བཙུགས་ཤིང༌། དེ་མཚུངས་ཐང་གི་རྒྱལ་ས་ཁྲང་ཨན་དང༌། བོད་རྒྱའི་ས་མཚམས་རྒྱའི་མཆོད་རྟེན་དཀར་པོའམ་གུང་གུ་རྨེ་རུ་ ༼མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་དང༌། ལ་ལས་ཀན་སུའུ་ཞིང་ཆེན་གྱི་ཐའོ་མེན་དུ་བཞེད་ཅིང༌། འགའ་རེས་ཀན་སུའུ་ཞིང་ཆེན་གྱི་ཆེང་ཧྲུའེ་ཞན་སོགས་སུ་འདོད།༽ ཞེས་པའི་ས་གནས་སུ་རྡོ་རིང་གཅིག་བཅས་བཙུགས་པར་འཁོད་ཀྱང་ལོ་རྒྱུས་ཀྱི་འཕོ་རྒྱུར་ཁྲོད་རྒྱ་བོད་ཐ་དད་ཀྱི་དཔང་རྟགས་ཕལ་མོ་ཆེ་རྩ་མེད་དུ་སོང་བའི་ཁྲོད་རྡོ་རིང་ཕྱི་མ་གཉིས་ཀྱང་ཤུལ་མེད་དུ་སོང་སྟེ་ད་ལྟ་ཙམ་ལས་ལྷག་མེད།

                སྔར་བཙན་པོ་སྲོང་བཙན་སྒམ་པོས་སྤྱི་ལོ་ ༦༤༡ ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་པ་དང༌། ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་ ༧༡༠ ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ནས་བོད་རྒྱ་གཉེན་དུ་འབྲེལ་ཏེ་དབོན་ཞང་དུ་གྱུར་པས་མིང་དེ་ལྟར་ཐོགས། དབོན་ཞང་རྡོ་རིང་འདིར་མིང་གི་རྣམ་གྲངས་བཞི་ཙམ་ཡོད་དེ། དབོན་ཞང་རྡོ་རིང་དང༌། ཁྲང་ཆིང་རྡོ་རིང༌། རྒྱ་བོད་མཐུན་འབྲེལ་རྡོ་རིང༌། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཙུགས་པར་བརྟེན་ལྷ་སའི་རྡོ་རིང་ཞེས་ཀྱང་འབོད།

                རྡོ་རིང་ཡི་གེའི་ནང་འཁོད་པར། བོད་རྒྱ་གཉིས། ད་ལྟར་དུ་མངའ་བའྀ་ཡུལ་དུ་མཚམས་སྲུང་ཞིང༌། དེའི་ཤར་ཕྱོགས་ཐམས་ཅད་ནྀ་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ། དམག་མྱྀ་དྲང༌། ཡུལ་མྱྀ་མརྣམ་ཞེས་དང༌། སྐྱིད་པའི་བཀའ་དྲྀན་ནི་རབས་ཁྲིའི་བར་དུ་ཐོབ། །སྙན་པའྀ་སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ། །བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ། །ནམ་ཞར་མྱྀ་འགྱུར་བ། དཀོན་མཆོག་གསུམ་དང༌། འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟའ་སྐར་ལ་ཡང་དཔང་དུ་གསོལ་ཏེ། ཐ་ཚྀག་གྀ་རྣམས་པས་ཀྱང་བཤད། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། གཙིགས་བཅས་སོ། །ཞེས་སོགས་འཁོད་ཡོད། ང་ཚོས་རྡོ་རིང་འདི་ལས་མཐོང་ཐུབ་པ་ནི། དུས་རབས་བདུན་པ་ནས་བཟུང་བོད་རྒྱའི་བར་ལ་ཡུལ་རྩོད་དམག་འཁྲུག་ཐེངས་མང་བྱུང་ཡང༌། ཕར་འགྲོ་ཚུར་འོང་གི་འབྲེལ་བ་རྒྱུན་མ་ཆད་པ་དང༌། ཕན་ཚུན་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱས་པ་མ་ཟད། བྱུང་བའི་དམག་འཐབ་རྣམས་ཀྱང་ཐེངས་འགར་འདུམ་འགྲིག་མཛད་ཅིང༌། སོ་སོར་དབང་བའི་ས་མཚམས་དང་ཆུ་མཚམས་བཅད་དེ། བོད་ནི་བོད་ཀྱི་ས་ཆ་ན་སྐྱིད་པ་དང༌། རྒྱ་ནི་རྒྱའི་ས་ཆ་ན་སྐྱིད་པའི་འཚེ་མེད་ཞི་བདེའི་དགའ་སྟོན་གྱི་དཔལ་ལ་རོལ་མྱོང་བ་སོགས་བོད་རྒྱ་སྒོ་ཀུན་ནས་ཐ་དད་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གནད་ཆེན་ཞིག་ཡིན།

                རྡོ་རིང་ཡི་གེའི་ནང་གི་གཉིས་པ་དང༌། སྐད་གྲགས་ཆེ་བའི་དབང་གིས་དང་པོར་བཞག་པའི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ངམ་དབོན་ཞང་རྡོ་རིང་འདིས་གསལ་བཤད་བྱས་པའི་དོན་གནད་དགུ་སྟེ། ༡༽ ཐང་བོད་གཉིས་བར་དམག་འཁྲུག་ཐེངས་མང་བྱུང་བ་དང༌། ༢༽ སྐབས་དེའི་བོད་ཀྱི་རྒྱལ་བློན་ཚོའི་མནའ་བཞག་བྱེད་སྟངས། ༣༽ རྒྱ་བཟའ་འུན་ཁྲིན་ཀོང་ཇོ་དང་ཅིན་ཁྲིན་༼གྱིམ་ཤིང་༽ཀོང་ཇོ་བོད་དུ་རྒྱལ་པོའི་བཙུན་མོར་བརྫངས་པའི་ལོ་གསལ་པོར་འཁོད་པ། ༤༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་༼སད་ན་ལེགས་མཇིང་ཡོན།༽གྱི་སྲས་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་༼རལ་པ་ཅན་༽ཡིན་པ། ༥༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་རིང་ཐང་རྒྱལ་རབས་ཀྱི་གོང་མ་མི་རབས་གསུམ་བྱུང་བ་དང༌། ཕན་ཚུན་མཐུན་འབྲེལ་ལེགས་པོ་བྱུང་བའི་དབང་གིས་བཀའ་གཙིགས་བཞག་མ་ཐུབ་པར་ལུས་པ། ༦༽ ཐང་རྒྱལ་རབས་ཀྱི་ཁྲི་ལོ་དང༌། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་གྱི་སྲིད་ལོ་ཤན་སྦྱར་ཁག་གསུམ་བཀོད་ཡོད་པ། ༧༽ སྐབས་དེའི་ཐང་བོད་རྒྱལ་པོའི་དབར་གྱི་འབྲེལ་བ་ངོ་མ་དེ་གང་ཡིན་གསལ་བཤད་བྱས་ཡོད་པ། ༨༽ མཐུན་འབྲེལ་ཆིངས་ཡིག་འཇོག་སྐབས་སུ་ཞུགས་པའི་ཐང་བོད་རྒྱལ་རབས་གཉིས་ཀའི་ཞི་དྲག་བློན་ཆེན་སོ་སོའི་གོ་གནས་ཀྱི་རིམ་པ་དང་མིང་བཅས་རྒྱ་བོད་ཤན་སྦྱར་དུ་བཀོད་པ། ༩༽ བོད་ཡིག་ཐོག་བཀོད་པའི་བཀའ་གཙིགས་ཀྱི་ནང་དོན་རྣམས་རྒྱ་ཡིག་ཐོག་ཏུ་ཡང་ཆ་ཚང་བར་བཀོད་ཡོད་པ་བཅས་སོ།།

                དབོན་ཞང་རྡོ་རིང་གི་ལྷོ་ངོས་སུ་རྡོ་རིང་གཞན་གཉིས་ཡོད་པ་ལས་གཅིག་ནི་ཆན་ལུང་ཁྲི་ལོ་ ༥༩ སྤྱི་ལོ་ ༡༧༩༤ ལོར་བཞེངས་པ་ཞིག་དང༌། གཞན་ཡི་གེ་མེད་པ་དེ་ཧ་ལམ་མིང་རྒྱལ་རབས་སྐབས་སུ་བཞེངས་པ་ཙམ་ལས་ཞིབ་གསལ་གྱི་དཔྱད་གཞི་མ་རྙེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།