བོད་ཀྱི་རྒྱལ་པཱུའི་གདུང་རབས་རིམ་བྱོན།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༡་ཚེས་༣༡ཉིན་སྤེལ། གངས་ཅན་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པཱུ་ནི་རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་མུ་མེའི་གདུང་རྒྱུད་ལས་བྱུང་བ་སོགས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་མཆིས་ཀྱང༌། འདིར་བོད་རང་གི་མི་རྒྱུད་ཡིན་པའི་དབང་དུ་བྱས་ནས་བརྗོད་ན་དོན་ངོ་མར་འཇུག་ཐུབ་པ་སྣང༌། སྤོ་པོ་ཡུལ་དུ་བུད་མེད་བྱ་མོ་བཙུན་བྱ་བ་ཞིག་ལ་བུ་དགུ་སྐྱེས་པའི་ཆུང་ཤོས་ཨུ་བེར་ཟེར་བ་དེ་མཚན་བཟང་དང་མཐུ་རྩལ་ཁྱད་དུ་འཕགས་པས་གཞན་དང་མི་འདྲ་བར་བརྟེན་ཡུལ་དེའི་མི་རྣམས་ཀྱིས་གདོན་འདྲེར་བརྩིས་ནས་ཡུལ་དེ་ནས་ཕུད་དེ་རིམ་གྱིས་ཡར་ལུང་དུ་སླེབས། དེར་མི་ཀུན་གྱིས་མཚན་བཟང་མཐོང་སྟེ་གཉའ་བར་ཁྲི་ལ་བཏེགས་ཏེ་རྒྱལ་པོར་བཀུར་བས་གཉའ་ཁྲི་བཙན་པོ་ཞེས་གྲགས། གཉའ་ཁྲི་བཙན་པཱུའི་རིང་ལ་བསྒྲུབས་པའི་འཕྲིན་ལས་གསུམ་ནི། སྐུ་མཁར་ཐོག་མ་ཡུམ་བུ་ལྷ་སྒང་མཛད། སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུ་པ་འདི་རྣམས་དུང་དཀར་ཆིག་མཛོད་དུ་གསུངས་སོ། བོད་ཀྱི་རྒྱལ་པཱུའི་གདུང་རབས་གཉིས་པ་མུ་ཁྲི་བཙན་པཱུ་ནི་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདིས་བོན་གྱི་བསྟན་པ་དར་རྒྱས་ཕུན་སུམ་ཚོགས་པར་མཛད། གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། བོད་ཀྱི་རྒྱལ་པཱུའི་གདུང་རབས་གསུམ་པ་དེང་ཁྲི་བཙན་པོ་ནི་མུ་ཁྲི་བཙན་པོ་དང་ས་དིང་དིང་གཉིས་ཀྱི་སྲས་ཡིན། རྒྱལ་པཱུ་འདིས་གསས་མཁར་ཁོ་མ་ཡོངས་རྩེ་བཞེངས།

                བོད་ཀྱི་རྒྱལ་པཱུའི་གདུང་རབས་བཞི་པ་སཱུ་ཁྲི་བཙན་པཱུ་ནི་དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་གཉིས་ཀྱི་སྲས་ཡིན། དེས་གསས་མཁར་གུ་ར་དགུ་འཁྱུད་བཞེངས། གདུང་རབས་ལྔ་པ་མེར་ཁྲི་བཙན་པོ་ནི་སཱུ་ཁྲི་དང་དོག་མེར་མེར་གཉིས་ཀྱི་སྲས་ཡིན། དེས་གསས་མཁར་ཟོ་བོ་ཁྱུང་ལག་བཞེངས།

གདུང་རབས་དྲུག་པ་གདགས་ཁྲི་བཙན་པོ་ནི་ཡབ་མེར་ཁྲི་དང་ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་ཡིན། དེས་གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས།

                གདུང་རབས་བདུན་པ་སྲིབ་ཁྲི་བཙན་པོ་ནི་གདགས་ཁྲི་དང་སྲིབ་ལྷ་སྔོན་མོ་གཉིས་ཀྱི་སྲས་ཡིན། གསས་མཁར་ཁོམ་རུ་རིང་བཞེངས། འདི་ཡན་ཆད་ལ་གནམ་གྱི་ཁྲི་བདུན་ཟེར། བོད་རྗེ་འདི་རྣམས་འདས་སྐབས་རྨུ་ཐག་ལ་འཇུས་ནས་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་པར་གྲགས་སོ།།

འདི་ཡན་གྱི་རྒྱལ་པོ་རྣམས་ཀྱི་མཚན་ནི་གཉའ་ཁྲི་བཙན་པོ་མ་གཏོགས་རང་རང་གི་སྐྱེད་མའི་མིང་ཟུར་བླངས་ནས་བཏགས་པ་རྟོགས་སླའོ།།

                སྲིབ་ཁྲི་དང་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་གྲི་གུམ་བཙན་པོ་འདི་བོད་ཀྱི་རྒྱལ་པཱུའི་གདུང་རབས་བརྒྱད་པ་ཡིན། རྒྱལ་པོ་འདིའི་དུས་སུ་གོ་ཁྲབ་དང་རལ་གྲི་བོད་དུ་ཐོག་མར་དར་ཞེས་གྲགས། བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་ནི་ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་ཡིན། འདིའི་དུས་སུ་མཛངས་བློན་བདུན་གྱི་དང་པོ་རུ་ལས་སྐྱེས་་ཀྱིས་གསེར་དངུལ་ཟངས་ལྕགས་བཏོན་པ་དང་ས་ཞིང་རྨོ་བ། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད། རྒྱལ་པོ་འདི་གཉིས་ལ་སྟོད་ཀྱྀ་སྟེང་གཉིས་ཟེར།

                བཅུ་པ་ཨེ་ཤོ་ལེགས་ནི་སྤུ་དེ་གུང་རྒྱལ་དང་འོམ་ཐང་རྨང་གཉའ་གཉིས་ཀྱི་སྲས་སུ་འཁྲུངས། ཨེ་ཤོ་ལེགས་ཀྱི་སྲས་དེ་ཤོ་ལེགས། དེའི་སྲས་ཐི་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་ཞེར་ལེགས། དེའི་སྲས་ཨི་ཤོ་ལེགས་འདི་རྣམས་ལ་སའི་ལེགས་དྲུག་ཟེར། འདི་རྣམས་རིམ་བཞིན་རྒྱལ་རབས་བཅུ་པ། བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅོ་ལྔ་བཅས་ཡིན། འདི་རྣམས་ཀྱི་མཚན་ཡབ་རྒྱལ་པཱུའི་མཚན་ཟུར་བླངས་ནས་གསོལ་བ་གསལ།

                ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་གཉིས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེའི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེའི་སྲས་སེ་སྣོལ་ནམ་ལྡེ། སེ་སྣོལ་པོ་ལྡེ། དེའི་སྲས་ལྡེ་སྣོལ་ནམ། དེའི་སྲས་ལྡེ་སྣོམ་པོ། དེའི་སྲས་ལྡེ་རྒྱལ་པོ། དེའི་སྲས་ལྡེ་སྤྲིན་བཙན་འདི་རྣམས་ལ་ཆུ་ལ་ལྡེ་བརྒྱད་ཅེས་ཟེར། འདི་རྣམས་རིམ་པ་བཞིན་དུ་བོད་ཀྱི་རྒྱལ་པཱུའི་གདུང་རབས་བཅུ་དྲུག་པ་དང༌། བཅུ་བདུན། བཅོ་བརྒྱད། བཅུ་དགུ ཉི་ཤུ། རྩ་གཅིག རྩ་གཉིས། རྩ་གསུམ་བཅས་ཡིན། འདི་རྣམས་ཀྱི་མཚན་ཡང་ཡབ་རྒྱལ་པཱུའི་མཚན་ཟུར་གྱི་ལྡེ་བླངས་ནས་བཏགས་པར་གོ་སླའོ།།

                ཡབ་ལྡེ་སྤྲིན་བཙན་དང་ཡུམ་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་སྲས་ཏོ་རེ་ལོང་བཙན་དང༌། དེའི་སྲས་ཁྲི་བཙན་ནམ། དེའི་སྲས་ཁྲི་སྒྲ་དཔུང་བཙན། དེའི་སྲས་ཁྲི་རྗེ་ཐོག་བཙན། དེའི་སྲས་ལྷ་ཐོ་ཐོ་རི་གཉན་བཙརྒྱ་གཏོརེ་འདི་ལྔ་ལ་བར་གྱི་བཙན་ལྔ་ཟེར། དེ་རྣམས་རིམ་པ་བཞིན་དུ་བོད་རྒྱལ་ཉེར་བཞི་པ་དང༌། ཉེར་ལྔ།། ཉེར་དྲུག ཉེར་བདུན། ཉེར་བརྒྱད་བཅས་ཡིན། བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་མདོ་སྡེ་ཟ་མ་ཏོག་དང༌། མདོ་ལ་སྔ་བ་དཔང་སྐོང་ཕྱག་བརྒྱ་པ། གཟུངས་ལ་སྔ་བ་སྙིང་པཱུ་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་ཁྲུ་གང་བ་སོགས་འབྱོར་ཡང་རྒྱལ་པོ་འཁོར་བཅས་་ཀྱིས་དེའི་དོན་མ་རྟོགས། འོན་ཀྱང་འདི་རྣམས་ལ་གཉན་པོ་གསང་བ་ཞེས་མིང་བཏགས་ནས། སྤོས་དང་མེ་ཏོག་སོགས་ཀྱི་མཆོད་པ་འབུལ་བ་སོགས་བྱས་པས་བཀྲ་ཤིས་པར་གྱུར། རྒྱལ་པོ་འདི་རྣམས་ཀྱི་མཚན་ཡང་ཡབ་རྗེའི་མཚན་ཟུར་གྱི་བཙན་བླངས་ནས་བཏགས་པའོ། །ནང་པའི་ཆོས་ཀྱི་དབུ་ཡང་རྒྱལ་པོ་འདི་ཡི་དུས་སུ་བརྙེས་པར་གསུངས།

                གདུང་རབས་ཉེར་དགུ་པ་ཁྲི་གཉན་གཟུངས་བཙན་ནི་ལྷ་ཐོ་ཐཱུ་རི་དང་གནོ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་ཡིན། རྒྱལ་པོ་དེའི་སྐབས་བོད་ཀྱི་ཞིང་ས་དང་འབྲོག་ས་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ཡུར་བུར་འབྲེལ་སྦྱར་བྱས་ནས་དེའི་ཆུ་ཞིང་ཁ་ལ་འདྲེན་པའི་སྲོལ་བཙུགས་པ་དང་གཉན་པོ་གསང་བ་ལ་མཆོད་པར་བྱས་པས་ཆབ་སྲིད་རྒྱས་པར་བྱུང་བ་གསུངས།

                གདུང་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན་ནི་ཡབ་ཁྲི་གཉན་གཟུགས་བཙན་དང་ཡུམ་འབྲོང་བཟའ་མོ་དུར་ཡངས་གཞེར་གཉིས་ཀྱི་སྲས་ཡིན། རྒྱལ་པོ་དེས་སྦལ་པའི་རོ་མར་ཁུར་བཙོས་པའི་ཟས་རིགས་མཐོང་བས་རྣམ་རྟོག་གི་དབང་གིས་མཛེ་ནད་བྱུང་ཞིང༌། སྲས་ཀྱང་དམུས་ལོང་ཞིག་བལྟམས་པས། གདུང་རྒྱུད་ལ་སྐྱོན་མི་འབྱུང་བའི་ཆེད་དུ་རྒྱལ་པོ་ཡབ་ཡུམ་གསོན་བཞིན་བང་སོར་བཞུགས་སྐད་དོ།།

                བོད་ཀྱི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ནི་ཡབ་འབྲོང་གཉན་ལྡེའུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདིའི་དུས་སུ་འཕྲུལ་གྱི་བློན་མཛངས་མི་བདུན་གྱི་གསུམ་པ་ངོར་སྣང་བཙན་མོང་གིས་བྲེ་སྲང་སོགས་བཅོས་ནས་ཚོང་ལས་དར་ཞིང་རྒྱས་པར་མཛད།

                བོད་ཀྱི་རྒྱལ་པཱུའི་གདུང་རབས་སོ་གཉིས་པ་གནམ་རི་སྲོང་བཙན་ནི་ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདིའི་དུས་སུ་སུམ་པ་དང༌། ཀོང་པོ། དྭགས་པོ། འཕན་ཡུལ། མྱང་པོ་སོགས་མངའ་འོག་ཏུ་བསྡུས། རྒྱ་གར་ནས་རྩིས་དང་སྨན་བླངས། བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་སར་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་དར་སྲོལ་བྱུང་སྐད་གསུངས། འདི་ཡན་ཆད་ཀྱི་རྒྱལ་པོ་རྣམས་་ཀྱིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་མེད་པ་སྲིད་དོན་རྒྱལ་རབས་དང་དེབ་ཐེར་དཀར་པོ་སོགས་སུ་གསུངས་སོ།།

བོད་རྒྱལ་པཱུའི་གདུང་རབས་སོ་གསུམ་པ་སྲོང་བཙན་སྒམ་པཱུ་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་ཕོ་བྲང་མི་འགྱུར་བྱམས་གླིང་དུ་སྐུ་འཁྲུངས། རྒྱལ་པོ་འདིས་བོད་རྒྱལ་སྔོན་མ་རྣམས་་ཀྱིས་དབང་འོག་ཏུ་མ་ཚུད་པའི་བོད་ས་ཡོངས་རྫོགས་དབང་འོག་ཏུ་བསྡུས་པ་མ་ཟད། རྒྱ་གར་དང༌། བལ་ཡུལ། རྒྱ་ནག་སོགས་ཀྱི་ས་ཁྱོན་ཆེན་པོ་མང་དག་ཅིག་བཙན་འོག་ཏུ་བསྡུས་པ་བོད་ཀྱི་རྒྱལ་རབས་གསར་རྙིང་ཀུན་ལས་གསལ། ད་དུང་རྒྱལ་པོ་འདིའི་རིང་ལ་པོ་ཏཱ་ལའི་རི་བོ་ལ་ཕོ་བྲང་བརྩིགས་པ་དང༌། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ར་མོ་ཆེའི་གཙུག་ལག་ཁང་བཞེངས། བོད་ཡིག་གི་སྲོལ་གསར་ཏུ་བཏོད་ནས་ནང་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་གཞུང་ལུགས་མང་པོ་བོད་ཡིག་ཏུ་བསྒྱུར། བཀའི་ཁྲིམས་ཡིག་རྣམ་དྲུག་སོགས་མཛད་དེ་བོད་འབངས་བདེ་ལ་བཀོད་པའི་ལོ་རྒྱུས་ཤིན་ཏུ་རིང།།

                བོད་ཀྱི་རྒྱལ་པོ་སོ་བཞི་པ་གུང་རི་གུང་བཙན་ནི་ཡབ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདི་ཡབ་ཀྱིས་དགུང་ལོ་བཅུ་གསུམ་ལ་རྒྱལ་སར་བསྐོས་ཀྱང་རྒྱལ་སྲིད་ལོ་ལྔར་བསྐྱངས་རྗེས་གཤེགས་ཤིང༌། འདིའི་རིང་ལ་ཇ་དང་རོལ་མོ་སོགས་རྒྱ་ནག་བོད་ནས་དར་བ་དང་ཡུམ་མོང་བཟའ་ཁྲི་ལྕམ་དང་ལྷན་དུ་དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས། རྒྱལ་པོ་འདི་གཤེགས་རྗེས་སླར་ཡང་སྲོང་བཙན་གྱིས་རྒྱལ་སྲིད་བསྐྱངས་སོ།

                བོད་ཀྱི་རྒྱལ་རབས་སོ་ལྔ་པ་མང་སྲོང་མང་བཙན་ནི་ཡབ་གུང་རི་གུང་བཙན་དང་ཡུམ་འ་ཞ་བཟའ་མང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདི་ཁྲི་ལ་བཀོད་དུས་དགུང་ལཱུ་ཤིན་ཏུ་ཕྲ་སྟབས་བློན་ཆེན་མགར་སྟོང་བཙན་གྱིས་ཆབ་སྲིད་ལོ་བཅོ་ལྔའི་བར་སྐྱོང་རོགས་བྱས། རྒྱལ་པོ་འདི་དགུང་ལཱུ་ཉི་ཤུ་རྩ་བདུན་ལ་འདས་པར་གསུངས།

                བོད་ཀྱི་རྒྱལ་རབས་སོ་དྲུག་པ་འདུ་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་ལོངས་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདི་ཡབ་རྒྱལ་པོ་འདས་ནས་ཞག་བདུན་ལོན་པ་རྒྱ་གཏོརེས་ཤིང༌། མགར་གྱི་སྲས་གཉའ་བཙན་ལྡེམ་བུ་དང་སྟག་ར་ཁོང་ལོད་གཉིས་ཀྱིས་བློན་པོ་བྱས་ནས་རྒྱལ་ཁམས་ལ་དབང་བསྒྱུར་བ་རྒྱལ་རབས་གསལ་བའི་མེ་ལོང་སོགས་སུ་གསུངས། འདི་རིང་ལ་བློན་རྩལ་པོ་ཆེ་བདུན་བྱུང་སྟེ་སྟོབས་དང་མཐུ་རྩལ་གྱིས་མཐའ་བཞི་དབང་དུ་བསྡུས། ཇ་དང་དཀར་ཡོལ་གྱི་བཟོ་རྩལ་བོད་དུ་དར་བར་གསུངས། མངའ་འོག་འཇང་གིས་ངོ་ལོག་བྱས་པར་རྒྱལ་པོ་རང་གིས་དམག་སྣེ་འཁྲིད་ནས་མངའ་འོག་ཏུ་བསྡུས་ཏེ། དགུང་ལཱུ་ཉི་ཤུ་རྩ་དགུ་ལ་འཇང་ཡུལ་དུ་དམག་སར་འདས།

                བོད་ཀྱི་རྒྱལ་རབས་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི་ཡབ་འདུ་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མེ་ཏོག་གཉིས་ཀྱི་སྲས་ཡིན། རྒྱལ་པོས་དགུང་ལོ་བཅུ་ལ་རྒྱལ་སྲིད་བཟུང་སྟེ་རྒྱ་བོད་ས་མཚམས་སུ་རྡཱུ་རིང་བཙུགས་ཤིང་ཕན་ཚུན་ཉོ་ཚོང་བྱས། ཆོས་གཞུང་དང༌། སྨན་གཞུང༌། རྩིས་གཞུང་སོགས་མང་པོ་བོད་སྐད་དུ་བསྒྱུར།

                བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་ཡིན། རྒྱལ་པོ་འདིའི་ཡུམ་གྱིམ་ཤིང་ཀོང་ཇཱུ་ཡིན་པ་གྲགས་ཆེ་ཡང་ཡུམ་ངོ་མ་སྣ་ནམ་བཟའ་ཡིན་པ་དུང་དཀར་ཚིག་མཛོད་དུ་གསུངས། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ཡན་ཆད་བོད་དམག་གིས་བཟུང་སྟེ་རྒྱ་ནག་གོང་མ་གཞན་དུ་བྲོས་དགོས་བྱུང་བ་དང༌། བསམ་ཡས་སུ་རབ་བྱུང་གི་སྡེ་ཐོག་མར་བཙུགས་ནས་ནང་པའི་བསྟན་པ་དར་རྒྱས་ཀྱི་རྨང་གཞི་འདིང་བར་མཛད། སྒྲ་སྒྱུར་གྱི་སློབ་གྲྭ་ཐོག་མར་བཙུགས་ཏེ་ལོ་ཙཱ་མང་པོ་གསོ་སྐྱོང་བྱས་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་གྲངས་མེད་བོད་སྐད་དུ་བསྒྱུར་བ་སོགས་སྲོང་བཙན་སྒམ་པོ་ལས་ཀྱང་མཛད་རྗེས་ཆེ་བར་གསུངས། རྒྱལ་པོ་འདི་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་དང་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་ཡང་ཡིན།

                བོད་ཀྱི་རྒྱལ་རབས་སོ་དགུ་པ་མུ་ནེ་བཙན་པོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོལ་གཉིས་ཀྱི་སྲས་ཡིན། རྒྱལ་འདིས་ཡབ་ཀྱི་ཐུགས་དགོངས་རྫོགས་ཕྱིར་བསམ་ཡས་དང༌། ལྷ་ས། ཁྲ་འབྲུག་བཅས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་ཆེན་པོ་བཞི་བཙུགས་པ་དང༌། འབངས་ཀྱི་ལྟོགས་ཕྱུག་སྙོམས་པ་ལན་གསུམ་མཛད་པ་སོགས་མཛད་རྗེས་ཆེ།

                བོད་ཀྱི་རྒྱལ་རབས་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ནི་ཁྲི་སྲོང་ལྡེ་བཙན་དང་ཚེ་སྤོང་བཟའ་གཉིས་ཀྱི་སྲས་ཐ་ཆུང་དེ་ཡིན། འདིས་ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཕུལ། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཞབས་ཏོག་བསྙེན་བཀུར་བྱས། རྒྱལ་བལ་ནས་པཎ་ཌི་ཏ་མང་པོ་གདན་དྲངས་ཏེ་བོད་ཀྱི་ལོ་ཙཱ་བ་རྣམས་དང་ཟུང་འབྲེལ་གྱིས་སྔར་མ་འགྱུར་བའི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མང་པོ་བོད་བསྒྱུར་མཛད། རྒྱལ་པོ་འདི་ཁྲི་སྲོང་ལྡེ་བཙན་གྱི་སྲས་གསུམ་པ་དང་བཞི་པ་ཡིན་པའི་གསུང་ཚུལ་མི་འདྲ་བ་འགའ་མཆིས་ཀྱང་འདིར་མ་བཀོད།

           བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་ཁྲི་རལ་པ་ཅན་ནམ་མཚན་དངོས་ཁྲི་གཙུག་ལྡེ་བཙན་འདི་ཁྲི་ལྡེ་སྲོང་བཙན་དང་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་གསུམ་པ་ཡིན། རྒྱལ་པོ་འདིའི་རིང་ལ་བོད་ཀྱི་ལོ་པཎ་དང་རྒྱ་ཡི་ཧ་ཤང་རྣམས་ཀྱིས་རྒྱ་བོད་གཉིས་མཐུན་པར་མཛད་དེ་བོད་ཀྱི་ལྷ་ས་དང༌། རྒྱ་ཡི་ཕོ་བྲང་མདུན། གུང་གུ་རྨེ་རུ་བཅས་ལ་རྡཱུ་རིང་བཙུགས་ཤིང༌། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་པར་གྲོས་བྱས་ཏེ་བཀས་བཅད་རྣམ་པ་གསུམ་མཛད། སྔར་བསྒྱུར་ཟིན་པའི་མདོར་ནུད་བསྟན་བཅོས་དང་བཅས་པ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་ཏུ་མང་པོ་བསྒྱུར་ཏེ་ཆད་ལྷག་སྤང་པའི་ཕྱིར་དཀར་ཆག་བྲིས་པ་སོགས་མཛད་རྗེས་བརྗོད་ལས་འདས།

བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་ནམ་ཡོངས་གྲགས་ལ་གླང་དར་མ་ནི་ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་དང་ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་གཉིས་པ་ཡིན་སྐད། གཞན་ཡང་ཁྲི་རལ་པ་ཅན་གཅེན་ཡིན་པ་དང་དར་མ་གཅུང་ཡིན་པ་བཞེད་སྲོལ་ཡང་འདུག་པས་དཔྱད་པར་འཚལ། རྒྱལ་པོ་འདིའི་རིང་སྦས་སྟག་རྣ་ཅན་སོགས་སྡིག་བློན་ངན་པ་རྣམས་ཀྱི་དབང་གིས་སངས་རྒྱས་ཀྱི་བསྟན་པ་ལ་གཏོར་བཤིག་ཚབས་ཆེན་བཏང་བས་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས། འདི་ནི་བོད་ཡོངས་ལ་དབང་བསྒྱུར་བའི་བཙན་པཱུའི་རྒྱལ་རབས་ཀྱི་རྒྱལ་པོ་ཐ་མ་དེ་ཡིན་པ་གསུངས་སོ།།

                ལྷ་སྲས་ཁྲི་དར་མ་འུ་དུམ་བཙན་ལྷ་ལུང་དཔལ་རྡོས་བཀྲོངས་རྗེས་འབངས་གྱེན་ལོག་བྱུང་སྟེ་བཙན་པཱུའི་བང་སོ་ཁག་བསློགས་པ་དང༌། དེ་ནས་མངའ་བདག་འོད་སྲུངས་དང་ཡུམ་བརྟན་གཉིས་སྲིད་ལ་མ་འཆམ་པར་ཕན་ཚུན་ནང་འཁྲུགས་ཀྱིས་སོ་སོར་བྱེས་ནས་བོད་བཙན་པཱུའི་གདུང་རྒྱུད་ཀྱིས་བོད་ཁམས་ལ་དབང་བསྒྱུར་བའི་མཇུག་བསྒྲིལ་ཏེ་ལོ་ངོ་སུམ་བརྒྱ་ལྷག་ཙམ་ལ་ལུང་ཆུང་རེ་ལ་དཔོན་ཆུང་རེ་ཡིས་དུམ་བུར་བཅད་བཟུང་བྱས་ནས་བོད་སིལ་བུར་ཐོར། དེ་ནས་སོག་པཱུའི་རྒྱལ་པོ་སེ་ཆེན་གྱིས་བོད་ལ་དམག་བཏང་ནས་བོད་ཡོངས་རྫོགས་དབང་དུ་བསྡུས་ཏེ། རིམ་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་ཕུལ་ཏེ་བོད་ཁམས་ཡོངས་ལ་ས་སྐྱས་དབང་བསྒྱུར། དེ་ནས་ཕག་གྲུ། རིན་སྤུངས། གཙང་པ། དགའ་ལྡན་ཕོ་བྲང་སོགས་ཀྱིས་རིམ་བཞིན་བོད་ས་རྒྱ་དམར་ལ་མ་ཤོར་གྱི་བར་དུ་སྲིད་དབང་བཟུང་སྟེ་དེ་རྣམས་བོད་ཀྱི་ཆོས་སྲིད་གཉིས་ཀ་ལ་མཛད་རྗེས་ཤིན་ཏུ་ཆེ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༠༢༠༡༡༡༢༥༤
ལོ་རྒྱུས་གཟིགས་མཁན་གྱི་དྲ་གྲོགས་ཚོ་ང་ཚོས་བོད་རང་གི་ལོ་རྒྱུས་ལ་ཞིབ་འཇུག་ད་དུང་དགོས་རྒྱུ་ནི་ཉུང་ཉུང་མ་རེད།
1 ༢༠༢༠༡༡༡༢༥༢
ལོ་རྒྱུས་གཟིགས་མཁན་གྱི་དྲ་གྲོགས་ཚོ་ང་ཚོས་བོད་རང་གི་ལོ་རྒྱུས་ལ་ཞིབ་འཇུག་ད་དུང་དགོས་རྒྱུ་ནི་ཉུང་ཉུང་མ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།