སྤྱི་ལོ་༧༩༧ལོར་བོད་བཙན་པོ་རྒྱལ་རབས་ཀྱིས་པའེ་ཐེན་ཤོར་བའི་རྒྱུ་རྐྱེན་སྐོར་གླེང་བ།

ཐང་རྒྱལ་རབས་དང་བོད་བཙན་པོ་རྒྱལ་རབས་གཉིས་ཕལ་ཆེར་དུས་མཉམ་བསྒོས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་བུད། ཐང་རྒྱལ་རབས་ཀྱིས་རྒྱལ་རབས་སྔ་མའི་སྲིད་འཛིན་ལམ་ལུགས་མུ་མཐུད་དུ་རྒྱུན་སྐྱོང་བྱས་ཏེ། ལི་ཡུལ་ས་ཁུལ་དུ་ཨན་ཞི་སྡེ་བཞི་བཙུགས་ཤིང༌། རང་ཕྱོགས་ལ་བློ་གཏད་པའི་རུས་རྒྱུད་ཚོ་བའི་འགོ་བ་ས་གནས་ཀྱི་དཔོན་པོ་བསྐོས་ནས་དབང་སྒྱུར་བྱེད། བོད་ཡུལ་དང་བྱང་ཕྱོགས་ལི་ཡུལ་ས་ཁུལ་གཉིས་ཡ་ཐོག་ཞང་བོན་གྱི་དུས་ནས་བཟུང་འགྲོ་འོང་ཡོད་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན་ཞེས་བཀོད་ཡོད། དེ་བས། དུས་རབས་བརྒྱད་པའི་དུས་དཀྱིལ་ཀྱི་ཡར་སྔོན་དུ། དྲུ་གུ་དང་བོད། ཐང་རྒྱལ་རབས་སོགས་ཀྱིས་རང་རང་སོ་སོའི་ཁེ་ཕན་དེར་དམིགས་ནས། སྐབས་རེ་དམག་འཁྲུག་དང་ལན་རེ་མནའ་འབྲེལ་བརྒྱུད་དེ་བྱང་ལི་ཡུལ་དང་ཤར་འ་ཞ་ཡུལ་ནས་ལྟག་སྤྲོད་ཀྱི་ཚུལ་དུ་ལངས། ཡིན་ནའང༌། རི་བོ་ཐེ་ཧྲན་(天山)བརྒྱུད་ཀྱི་ཡུ་གུར་རིགས་ཀྱི་སྟོབས་ཤུགས་རྒྱས་པ་དང༌། སྤྱི་ལོ་༧༥༡ལོའི་ཐང་རྒྱལ་རབས་དང་ཏ་ཟུག་བར་གྱི་(怛罗斯战役)དང༌། དེ་མིན་༧༥༥ལོའི་ནང་ཁུལ་སྲིད་འགྱུར་བྱུང་བ་སོགས་ཀྱིས་གོང་གི་ལི་ཡུལ་ས་ཁུལ་གྱི་དབང་སྒྱུར་གྱི་རྣམ་པ་དེ་ཡུན་གྱིས་འགྱུར་ལྡོག་བྱུང༌།  ཐང་གི་ཨན་ཞི་བདེ་བཞིའི་སོ་དམག་རྒྱལ་ནང་དུ་ཟིང་འཁྲུག་བདེ་འགོད་དུ་སོང་ཤུལ། བོད་དམག་གིས་ཏུན་ཧོང་ལ་དཔུང་འཇུག་བྱས་ཤིང༌། ཐང་རྒྱལ་རབས་དང་ལི་ཡུལ་བར་གྱི་འགྲོ་འོང་བཀག་པས། དུས་ཡིན་ཐུང་ངུ་ཞིག་གི་ནང་དུ། ལི་ཡུལ་དེ་བོད་དང་ཡུ་གུར་རིགས་ཀྱི་གར་སྟེགས་ཤིག་ཏུ་གྱུར།


དང་པོ། བོད་དམག་གི་འཐབ་ཕྱོགས་(战线)རིང་བ་དང་དམག་ཤུགས་གཅིག་ཏུ་བསྡུས་མ་ཐུབ་པ།
སྤྱི་ཚོགས་འཕེལ་བའི་གོ་རིམ་ཁྲོད། ང་ཚོས་སྣང་ཚུལ་འདི་འདྲ་ཞིག་མཐོང་ཐུབ་སྟེ། དམག་འཁྲུག་དང་དཔལ་འབྱོར་གཉིས་ཕན་ཚུན་འབྲེལ་བ་དམ་པོ་ཡོད། ལྷག་པར་དུ་གནའ་རབས་ཀྱི་སྤྱི་ཚོགས་ལ་མཚོན་ན། རུས་རྒྱུད་ཚོ་བ་ཁག་གིས་དམག་འཁྲུག་བརྒྱུད་ནས་ཕྱུགས་ཟོག་དང་བྲན་གཡོག་མང་པོ་ཐོབ་ཅིང༌། དེ་དག་གིས་ཐོན་སྐྱེད་ལག་ཆའི་ཆུ་ཚད་མཐོ་འདེགས་གཏོང་པས། འཐབ་འཁྲུག་གིས་རུས་རྒྱུད་ཚོ་བའམ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་ཐད་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཀྱི་ཡོད། བོད་བཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་ཁྲོད། བོད་དང་ཡུ་གུར་པའེ་ཐེན་(北庭)རྩོད་པའི་དུས་ཚོད་ཐད་མཁས་པ་སོ་སོར་བཞེད་ཚུལ་མི་གཅིག་པ་འགའ་ཡོད། འདིར་སྐུ་ཞབས་(伊伟先) ལགས་ཀྱི་འདོད་ཚུལ་དེ་རང་ལུགས་འཛིན་པ་ཡིན། བོད་དམག་གིས་སྤྱི་ལོ་༧༩༠ནས་༧༩༧བར་པའེ་ཐེན་(北庭)ཐོག་མར་བཟུང་བ་ཡིན། དེའི་རྗེས་ནས་བོད་རྒྱལ་ཁྲི་རལ་བ་ཅན་གྱི་སྐབས་སྟེ། སྤྱི་ལོ་༨༢༡ལོར་ཡང་བསྐྱར་པའེ་ཐེན་(北庭)རྒོལ་མོད། འོན་ཀྱང་འདིར་སྐབས་སུ་བབས་པའི་བརྗོད་བྱ་མ་ཡིན་པས་རེ་ཞིག་སྐྱུར་བ་ཡིན། ཐང་རྒྱལ་རབས་ལ་མཚོན་ན། ཏུན་ཧོང་ནི་ཐང་དམག་ལི་ཡུལ་དུ་བསྐྱོད་བའི་རྒྱུ་ལམ་ཉག་ཅིག་ཡིན་པས། དེ་ལི་ཡུལ་ས་ཁུལ་དབང་སྒྱུར་བྱེད་པའི་མིད་པ་ལྟ་བུ་གྱུར་ཡོད། དེ་བས་ཡུལ་འདི་བོད་དམག་གིས་བཟུང་བ་དེ་ཁོ་ཚོར་མཚོན་ན་གྱོང་ཆེན་པོ་ཞིག་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་ཏུན་ཧོང་ས་ཁུལ་དག་ཕྱིར་འཕྲོད་ཐབས་བྱས། ང་ཚོས་《通鉴》ལས་དུས་སྐབས་དེར་ཐང་བོད་བར་སྔ་ཕྱི་དམག་འཐབ་ཐེངས་གང་མང་ཞིག་བྱུང་བ་ཤེས་ཐུབ་སྟེ། ཀྲིན་ཡོན་ཁྲི་ལོ་བརྒྱད་པའི་ཟླ་བཞི་བའི་ནང༌། ཐུ་བྷོད་ཀྱིས་ལེན་ཀྲིག་ལ་རྒོལ། ཟླ་དྲུག་པའི་ནང༌། ཐུ་བྷོད་ཀྱིས་དམག་སྟོང་ལྷག་གིས་ཅེན་ཀྲིག་ལ་རྒོལ་ཞིང༌། འབྲུ་ཟོག་དང་མི་སེར་སྟོང་ཕྲག་ལྷག་འཕྲོག་བཅོམ་བྱས། ཀྲིན་ཡོན་ཁྲི་ལོ་དགུ་པར། ཡན་ཀྲིག་སྐོར་ཞིང༌། ཕྱི་རོལ་གྱི་རོགས་དམག་གནས་ཚུལ་ཅི་ཡང་མེད། ཐུ་བྷོད་ཀྱིས་དུས་ཡིན་རིང་བ་ཞིག་ལ་ལེན་བཱོ་སྒེར་བཟུང་བྱས་ཤིང༌།  ལོ་ཧྥང་ལ་བཙན་རྒོལ་བྱས།


དེ་བས་གོང་གི་གནས་ཚུལ་འདི་ལས་ང་ཚོས་བོད་བཙན་པོ་རྒྱལ་རབས་ཀྱིས་སྤྱི་ལོ་༧༩༠ནས་༧༩༧བར་བྱང་གི་པའེ་ཐེན་(北庭)དབང་སྒྱུར་བྱས་པའི་སྐབས་སུ་ཏུན་ཧུང་དུ་ཐང་རྒྱལ་རབས་དང་དམག་འཁྲུག་རྒྱུན་མི་ཆད། སྤྱིར་བོད་ཡུལ་གྱི་་གཤིས་གནས་བབ་ཀྱི་དབང་གིས། བོད་དམག་བྱང་གི་ལི་ཡུལ་ས་ཆར་བགྲོད་པར་ལམ་ཕྱོགས་གཉིས་མ་གཏོགས་མེད་ལ། ཤར་གྱི་འ་ཞ་དང་ཏུན་ཧོང་བརྒྱུད་ནས་བགྲོད་པའི་ལམ་མམ་ནུབ་ཕྱོགས་ཀྱི་བྲུ་ཤ་དང་སོན་ལེན(葱岭)་བརྒལ་པའི་ལམ་གང་ཞིག་ཡིན་རུང་པའེ་ཐེན་(北庭)དང་ཁད་ཐག་ཤིན་ཏུ་རིང༌། དེ་བས་བོད་དམག་གིས་པའེ་ཐེན་(北庭)ལ་རྒོལ་བའི་འཐབ་ཕྱོགས་རིང་ཞིང༌། གཞན་ཡང་ཐང་རྒྱལ་རབས་ཀྱིས་ཏུན་ཧོང་ཡུལ་དེར་སྤྱང་ཀིས་ལུག་འཚོས་བ་ནང་བཞིན་སྲུང་ཡོད་པས། བོད་ཀྱི་དམག་ཤུགས་ངེས་ཅན་ཞིག་གི་ཕྱོགས་དེར་མཉམ་འཇོག་དགོས། སྤྱི་ལོ་༧༩༠ཡས་མས་དེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་སྐྱོང་བའི་སྐབས་ཡིན་པས། བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་ཆེས་ཆེ་བའི་དུས་ཡིན་མོད།འོན་ཀྱང༌། ཕྱོགས་ཡར་མར་གཉིས་སུ་འཐབ་འཁྲུག་གི་དུད་ལྷོག་འཕྱུར་བཞིན་ཡོད་པས། བོད་གཅིག་པུའི་དམག་ཤུགས་ཙམ་གྱིས་དཀའ་ལས་ཁག་པོ་ཡོད། དེ་བས་ནམ་རྒྱུན་མི་རིགས་གཞན་པ་དང་མཉམ་འབྲེལ་བྱས་ཏེ་དཔུང་འཇུག་བྱེད་ཀྱིན་ཡོད། དཔེར་ན། པའེ་ཐེན་(北庭)ལ་རྒོལ་བའི་དུས་སུ་གར་ལོག་དང་དྲུ་གུ་རོགས་སུ་ཁྲིད་པའི་སྐོར་ཡོད། ཡིན་ནའང༌། མནའ་འབྲེལ་གྱི་རྣམ་པ་དེ་བརྟན་པོ་མིན་ལ། རང་རང་ཚོ་བའི་ཁེ་ཕན་དང་བསྟུན་ནས་འགྱུར་འགྲོ་བས། དེས་འཐབ་འཁྲུག་གི་རྒྱལ་ཕམ་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱིན་ཡོད།
གཉིས་པ།  ལྷོ་ཡི་འཇང་ཡུལ་གྱིས་བཙན་པོ་རྒྱལ་རབས་ལ་བློ་ལོག་པ།


ལོ་རྒྱུས་སྟེང་འཇང་ཡུལ་སྟེ(南诏)བོད་རྒྱལ་འདུས་སྲོང་མང་པོ་རྗེའི་དུས་སུ་ཐོག་མར་བོད་ཀྱི་མངའ་འབངས་སུ་བཀུག་པ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་ལས། “ཡོས་བུའི་ལོ་ལ། ༧༠༤དགུན་བཙན་པོ་(ཁྲི་འདུས་སྲོང)འཇང་ཡུལ་དུ་གཤེགསྟེ། འཇང་ཕབ་པར་ལོ་གཅིག”ཅེས་དང༌། ཡང་“འུང་གི་འོག་ཏུ་འཆང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པ་སྩོགསྟེ།” ཡུལ་འདིའང་བྱང་གི་ལི་ཡུལ་དང་འདྲ་བར་རུས་རྒྱུད་ཚོ་བའམ་མི་རིགས་མང་བའི་གནས་ཤིག་ཡིན། བོད་ཀྱི་སྲིད་དབང་ལ་གཏོགས་པའི་རྗེས་ནས། ཡུལ་གྲུའི་འདིའི་དབང་སྒྱུར་མཁན་གྱིས་བཙན་པོའི་རྒྱལ་རབས་ཀྱི་གནས་ཚུལ་ལ་དམིགས་ནས། སྐབས་རེ་གཉེན་དང་ལན་རེ་དགྲ་བོའི་རྣམ་འགྱུར་བཟུང་ནས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་ཀྱིན་ཡོད། བོད་བཙན་པོ་རྒྱལ་རབས་ཀྱིས་སྐབས་སུ། མངའ་འོག་ཏུ་བཅུག་པའི་མཐའ་བཞིའི་རྒྱལ་ཕྲན་དག་གིས་ལོ་རེར་བོད་ལ་དཔྱ་ཁྲལ་དང་དམག་ཁྲལ་འཇལ་དགོས་བས།  དེ་དག་གིས་བོད་ཀྱི་དཔལ་འབྱོར་དང་ལྷག་པར་དུ་དམག་ཤུགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།


བོད་དམག་གིས་ཏུན་ཧོང་ས་ཁུལ་སྒེར་བཟུང་བྱས་པས། ཐང་རྒྱལ་རབས་དང་ལི་ཡུལ་བར་གྱི་བགྲོད་འོང་བཅད་ཅིང༌། ཐང་དམག་གིས་མངའ་ཐང་རྒྱ་བསྐྱེད་པར་བཀག་རྒྱ་ཆེན་པོ་བཟོས། དེ་རྐྱེན་གྱིས་ཐང་ལ་མཚོན་ན། དཔུང་རོགས་ཤིག་བཛལ་ཏེ་བོད་དམག་གི་མགོ་གནོན་རྒྱུ་ནི་ཁ་ཚ་དགོས་ཐུག་གི་བྱ་བ་ཞིག་ཡིན་པས། ལྷོ་ཡི་འཇང་རིགས་དེ་དམིགས་འབེན་དུ་གྱུར། སྤྱིར་མི་དང་རྒྱལ་ཁབ་གང་ཞིག་ཡིན་རུང༌། རང་དབང་གི་འཚོ་བ་ལ་མོས་ཤིང་ཕ་རོལ་བའི་དབང་སྒྱུར་ལ་སྡང་བ་ནི་ཚང་མའི་ཐུན་མོང་གི་འདོད་མོས་ཤིག་ཡིན། ཐང་རྒྱལ་རབས་ཀྱིས་འཇང་ཡུལ་ཁྲོད་བོད་ཀྱི་དབང་སྒྱུར་ལ་ཡིད་མུག་པའི་གནས་ཚུལ་ཡོད་པ་རྟོགས་རྗེས།  གང་མགྱོགས་བསྒོས་འཇང་ཡུལ་ལ་ཕོ་ཉ་བཏང་ཞིང་ཆོ་ལོ་བསྩལ་ཏེ་བོད་ལ་འཁོན་ལན་སློག་པའི་མནའ་འབྲེལ་ལྐོག་ནས་བཙུགས། གཞན་ད་དུང་བྱང་གི་ཡུ་གུར་གྱིས་ཀྱང་འཇང་ཡུལ་ལ་ལྐོག་ནས་གདན་ཞུ་གནང་བས། འཇང་ཡུལ་གྱིས་དུས་སྐབས་དེའི་རྒྱལ་ཁབ་སོ་སོའི་དམག་དོན་གྱི་གནས་བབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། འདིའི་སྐོར་གྱི་གནས་ཚུལ་《通鉴》 ཅུང་ཙམ་ཞིབ་མོའི་ངང་བཀོད་ཡོད་པས་འདིར་བཤད་ན།


ཀྲིན་ཡོན་ཁྲི་ལོ་ལྔ་པར།  དཔྱིད་ཟླ་གཉིས་པ། བེ་ཀོ་ཡིས་དབྱི་མོ་ཤོན་ལ་འཕྲིན་བཏང་ནས་བརྗོད་དོན། བྱང་གི་ཡུ་གུར་གྱིས་ཐེངས་གང་མང་ཞིག་ལ་ཕོ་ཉ་བཏང་ནས། རྣམ་སྲས་ཁྱོད་དང་མཉམ་འབྲེལ་བྱས་ཏེ། ཐུ་བྷོད་མེད་པར་གཏོང་ཟེར། ང་ཚོས་སྔོན་ནས་གྲོས་གཞི་ཐག་གིས་མ་བཅད་པར། ཡུ་གུར་གྱིས་ཐོག་མར་འཕྲོག་ཚེ། རྒྱལ་པོ་མཆོག་གི་མཚན་སྙན་དང་ཆབ་སྲིད་རྒྱ་ཆེན་པོ་མཛད་པའང་མིང་སྟོང་ཙམ་དུ་སྲིད་ངེས། དེ་མིན་འཇང་ཡུལ་གྱིས་ཡུན་རིང་ཞིག་ལ་མྱང་བའི་ངོ་ཚ་དང་ལ་རྒྱ། ད་ཐེངས་རྒྱལ་ཁབ་ཆེན་པོའི་དཔུང་ལ་བརྟེན་ནས་འཁོན་ལན་སློག་པའི་གོ་སྐབས་འདིར་ཤོར་ཚེ། རྗེས་ནས་འགྱོད་ཀྱང་ཕན་ཅི་ཡང་མི་ཐོགཀྲིན་ཡོན་ཁྲི་ལོ་བརྒྱད་པའི་ལོར། ཟླ་བ་བཅུ་གཅིག་པར། ཐུ་བྷོད་དང་འཇང་གཉིས་ཕན་ཚུན་དོགས་པ་ཆེ༌།  བེ་ཀོ་ཡིས་འཇང་གི་རྒྱལ་པོར་འཕྲིན་བཏང་ནས། ཕན་ཚུན་མཉམ་འབྲེལ་བྱས་ཏེ་ཐུ་བྷོད་འཇང་ཡུལ་ནས་ཕར་སྐྲོད་རྒྱུའི་གྲོས་བཏོན།ཀྲིན་ཡོན་ཁྲི་ལོ་བཅུ་པར། དཔྱིད་ཀ། ཅན་ནན། ནུབ་ཀྱི་ཆཱང་དང་མན་དུད་ཁྱིམ་ཁྲི་གཉིས་ལྷག་གྱིས་མགོ་བཏགས་པས། གོང་མ་མཆོག་གིས་བེ་ཀོ་སྐུ་སྲུང་དམག་ཏུ་བསྐོས་ནས། མན་དང་བཅས་པའི་ལྷོ་ནུབ་ཀྱི་རྒྱལ་ཕྲན་བརྒྱད་པའི་ཕོ་ཉ་བདེ་འཇགས་ངང་ཕར་བསྐྱལ། དེ་ལས་ཚབས་ཆེན་ཞིག་ནི། ཐང་རྒྱལ་རབས་ཀྱི་ཕོ་ཉ་ཚེ་རོ་ཧྲི་འཇང་ཡུལ་གྱི་མཁར་ཡཱང་ཅིས་མར་དུ་སླེབས་དུས། ཐུ་བྷོད་ཀྱི་བློན་དམག་བརྒྱ་ཕྲག་ལྷག་སྔོན་ནས་ཐོན་འདུག་ལ། ཐང་གི་ཕོ་ཉས་ཞི་དྲག་གཉིས་ཀྱིས་ཐབས་ལ་བརྟེན་ནས་འཇང་གི་རྒྱལ་བོའི་བློ་ཁ་སྒྱུར། དེ་མིན་བོད་བཙན་པོ་རྒྱལ་རབས་ཀྱི་གནང་བའི་ཆོ་ལོ་དང་རྟགས་མཚན་དོར་ནས་ཐང་གིས་གནང་བའི་གསེར་གྱི་ཐམ་ཀ་བླངས། རྗེས་ནས་འཇང་ཡུལ་དུ་ཡོད་པའི་བོད་ཀྱི་གཞུང་ཚབ་དེར་མཚན་མོ་གློ་བུར་དུ་འཇབ་རྒོལ་བྱས་ཏེ་བོད་ཀྱི་བློན་དམག་བརྒྱ་ཕྲག་ལྷག་བསད།


ཀྲིན་ཡོན་ཁྲི་ལོ་བཅུ་གཅིག་གི་ལོར། འཇང་གིས་ཐུ་བྷོད་ཀྱི་ཁོན་མེ་མཁར་(昆明城)རྒོལ་ཞིང་བཟུང༌། དུས་སྐབས་དེར། འཇང་ཡུལ་ཐང་རྒྱལ་རབས་ལ་བློ་ཕྱོགས་པ་ཐུ་བྷོད་ལ་མཚོན་ན་ལག་གཡས་ཤིག་བཅད་པ་དང་འདྲ་ཞེས་ཐང་གི་རྒྱལ་བློན་བར་གྱི་ཞུ་འཕྲིན་དང་ཁ་བརྡ་ནང་བཤད་ཡོད། འདི་ལྟར་འཇང་ཡུལ་གྱི་བློ་ལོག་པ་དེས། བོད་དང་ཡུ་གུར་བར་གྱི་རྒྱལ་ཕམ་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས། དེའི་རྒྱུ་མཚན་ནི་བོད་དང་ཡུ་གུར་པའེ་ཐེན་(北庭)རྩོད་དུས། འཇང་ཡུལ་ལ་རོགས་དམག་གཏོང་དགོས་པོའི་བཀའ་ཕབ། འཇང་གིས་དམག་མི་སྟོང་གསུམ་ཙམ་མངགས་པར་ཐུ་བྷོད་ཀྱི་ཉུང་ཟེར། འཇང་གིས་རིག་པ་རྩེད་ནས་སྔོན་ལ་དམག་མི་སྟོང་ལྔ་རོགས་དམག་དུ་བཏང་རྗེས། རྒྱབ་ཕྱོགས་ནས་ཐང་བོད་འཇང་གི་ས་མཚམས་ཕར་རྒོལ་བྱས་ཏེ་མཁར་གྲོང་བཅུ་དྲུག་ལྷག་འཕྲོག དེ་བས། སྐབས་དེར་འཇང་ཡུལ་གྱི་བློ་ལོག་པ་ནི་བོད་དམག་ལ་མཚོན་ན་སྲོག་རྩའི་རྨ་ཁ་ཆེན་པོ་ཞིག་ཡིན།


གསུམ་པ།  ཡུ་གུར་གྱི་གནས་བབ་འཕོ་འགྱུར།
བོད་དམག་གིས་པའེ་ཐེན་(北庭)རྒོལ་ཐུབ་པ་དེ་ཟུར་ཕྱོགས་གཞན་ཞིག་ནས་དུས་སྐབས་དེའི་ཡུ་གུར་ཀྱི་གནས་བབ་འགྱུར་ལྡོག་དང་རག་ལས་ཆེན་པོ་ཡོད། སྤྱིར་རྒྱལ་ཁབ་དང་མི་རིགས་སམ་ཚོ་བ་གང་ཞིག་ཡིན་རུང༌། ནང་ཁུལ་གྱི་མཐུན་སྒྲིལ་ཤོར་བའི་དུས་ཕྱི་དགྲས་འཇབ་རྒོལ་བྱས་ཉེན་ཆེ་བས། བོད་ཀྱིས་ཀྱང་སྤྱི་ལོ་༧༩༠ལོར་ཡུ་གུར་རིགས་ཕན་ཚུན་ནང་དམེ་བྱུང་བའི་གོ་སྐབས་དང་བསྟུན་ནས། ཡུལ་འདིར་དཔུང་འཇུག་བྱས་པ་ཡིན། དེ་བས་པའེ་ཐེན་(北庭)ཤོར་བ་དེའང་ཡུ་གུར་རིགས་ཀྱི་སྟོབས་ཤུགས་རྒྱས་པ་དང་འབྲེལ་པ་དམ་པོ་ཡོད། ཀྲིན་ཡོན་ཁྲི་ལོ་དྲུག་པར། ཡུ་གུར་ཕམ་རྗེས། ལོ་ངོ་ལྔ་དྲུག་ཞིག་རིང་ལ་མངའ་འབངས་སླར་གསོ་བྱས། སྤྱི་ལོ་༧༩༥ནས་༨༠༨བར་ནི་ཧན་ཞེན་ཁ་གན་怀信可汗གྱིས་ཡུ་གུར་དབང་སྒྱུར་བྱེད་པའི་སྐབས་ཡིན། རྒྱལ་པོ་འདི་ཡུ་གུར་རྒྱལ་རབས་ཀྱི་རྨང་འདིང་མཁན་ཞིག་ཡིན་པའི་ཆ་ནས། ཡུ་གུར་གྱི་ལོ་རྒྱུས་སྟེང་གོ་ས་ངེས་ཅན་ཞིག་ཡོད། ཁོང་གི་མིག་རྒྱང་ཡངས་ཤིང་རྒྱལ་ཁབ་ཐབས་ཀྱིས་སྐྱོང་བས། སྲིད་འབྱོར་རིག་གསུམ་གྱི་སྟོབས་འབྱོར་དེས། རིམ་བཞིན་པའེ་ཐེན་(北庭)གཙོ་བྱས་མོ་པེ་རྩྭ་ཐང་(漠北草原)དབང་སྒྱུར། ལི་ཧྲི་མེན་李世民གྱི་རྗེས་ནས་བྱང་གི་ལི་ཡུལ་ས་ཆར་དབང་སྒྱུར་བའི་གནམ་བསྐོས་ཁ་གན་གྱི་མིང་ཐོགས། ཡུ་གུར་སྟོབས་ཤུགས་རྒྱས་པའི་སྐབས་དེར། བོད་བཙན་པོ་ཐང་རྒྱལ་རབས་དང་འཇང་གཉིས་ལ་རྒོལ་བར་བྲེལ་བས།


མདོར་ན། བོད་དམག་གིས་སྤྱི་ལོ་༧༩༧ལོར་བྱང་གི་པའེ་ཐེན་(北庭)ཤོར་བ་དེ་ནི་གཙོ་བོ་དུས་སྐབས་དེར་བོད་བཙན་པོའི་རྒྱལ་རབས་ལ་གཡུལ་ས་མང་ཞིང་དམག་ཤུགས་ཕྱོགས་གཅིག་ཏུ་ཡོང་མ་ཐུབ་པ། པའེ་ཐེན་(北庭) བོད་ཡུལ་དང་ཁད་ཐག་རིང་བས། ཡུལ་འདི་བདག་དུ་བཟུང་ཡང་དར་གོས་ཚོང་ལམ་སྟེང་གི་དཔལ་འབྱོར་གྱི་ཁེ་ཕན་འཕྲོག་པ་མ་གཏོགས། ཡུལ་སྲོལ་གོམ་གཤིས་དང་ཆོས་ལུགས་དད་མོས་མི་གཅིག་པས། ཡུལ་དེའི་ས་སྐྱེས་ལྡུམ་བུ་ཡི་མི་སེར་དང་འབྲེལ་འདྲིས་ཉུང༌། ཡང་གཅིག་བཤད་ན། ཡུལ་དེར་བོད་ཀྱི་རིག་གནས་ཀྱི་རྨང་གཞི་བརྟན་པོའི་མངའ་འབངས་ཤིག་མེད་པས། བོད་ཀྱི་དབང་སྒྱུར་དེ་ཞོགས་པའི་རྩྭ་ཐོག་གི་ཟིལ་བ་བཞིན་ཡུ་གུར་རྒྱལ་རབས་ཀྱི་གསོན་ཤུགས་རྒྱས་པ་དང་བསྟུན་ནས་མཇུག་སྒྲིལ།


མཚོ་སྔོན་པོའི་ཟིན་བྲིས་ལས་བཤུས་པ་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།