བོད་ཀྱི་ཆབ་སྲིད།

བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་ཁྱབ་བསྒྲགས།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༢༣) ༢༣༢༠༠༩༡༢༠༣

ཤམ་བྷ་ལའི་ཕོ་ཉའི་དྲ་བས་༢༠༠༩ཟླ་༡༡ཚེས་༢༠ཉིན་སྤེལ། ཟླ་འདིའི་ཚེས་༡༨ནས་༡༩དབར་ཨི་ཊ་ལའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་བོད་མི་རྣམས་དང་༧གོང་ས་མཆོག་གིས་དགོངས་ཚུལ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང༌། མ་འོངས་པར་བྱེད་སྟངས་འདྲ་མིན་གྱི་ལམ་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུའི་གྲོས་ཆོད་ཁྱབ་བསྒྲགས་ཡིག་ཆ་ཞིག་གསར་དུ་འགྲེམས་སྤེལ་བྱས་ཡོད་འདུག་པས་མ་ཚད། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་ཡང་བྱས་ཡོད་འདུག

 

དེ་ལས་མང༌།: བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་ཁྱབ་བསྒྲགས།

བསམ་ཚུལ། (2)
   

དུས་རབས་ཉེར་གཅིག་པའི་ནང་གི་ཞི་བདེའི་སྟོབས་ཤུགས།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༢༣) ༠༩༢༠༠༩༡༦༢༥

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༧ཉིན་སྤེལ། ཉི་ཧོང་དུ་གོང་ས་མཆོག་གིས་ང་ཚོས་ཨ་རི་དང་དབྱི་རག་སོགས་ཀྱི་བཙན་འཛུལ་གྱི་གནད་དོན་དང་དེ་སྔོན་རྗར་མིན་གྱི་(Berlin wall)ཞེས་པ་དེ་ཚོའི་སྐོར་བལྟས་པ་ཡིན་ན་དུས་རབ་ཉེ་གཅིག་པའི་ནང་ཞི་བདེའི་སྟོབས་ཤུགས་དེ་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་ ཁ ཉིན་གཟའ་ཕུར་བུའི་ཉིན་གསུང་བཤད་དང་བཀའ་སློབ་གནང་ཡོད་འདུག་ལ། དེ་རྗེས་༸གོང་ས་མཆོག་གིས་དེ་སྔོན་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་མི་༡༥༠༠༠༠ཙམ་ཚེ་སྲོག་ཤོར་ཡོད་པའི་ས་ཆར་ཨོ་ཁི་ཎ་ཝའི་ཞི་བདེ་དྲན་རྟེན་གླིང་ཞེས་པའི་ནང་ཚེ་ཤོར་ཡོད་པའི་མི་དེ་དག་གི་རྡོ་བརྐོས་མིང་བྱང་བསྟར་འཕྲེང་དུ་སྒྲིག་ཡོད་པ་དེའི་མདུན་དུ་གསུངས་བཤད་གནང་དོན།

དེ་ལས་མང༌།: དུས་རབས་ཉེར་གཅིག་པའི་ནང་གི་ཞི་བདེའི་སྟོབས་ཤུགས།

   

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༢༦) ༣༡༢༠༠༩༡༥༤༧

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༠ཚེས་༣༡ཉིན་སྤེལ། ད་ལོའི་སྤྱི་ཟླ་༡༠ཚེས་༢༠ཉིན་རྒྱ་ནག་གཞུང་གིས་ལྷ་ས་རུ་བོད་མི་བློ་བཟང་རྒྱལ་མཚན་དང་སྤེན་སྐྱིད་སོགས་ཀྱིས་ན་ནིང་ལྷ་ས་རུ་ངོ་རྒོལ་བྱས་ཡོད་པའི་ཉེས་འཛུགས་འོག་སྲོག་ཁྲིམས་བཅད་ཡོད་པ་དེར་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཟླ་འདིའི་ཚེས་༢༩ཉིན་སྐྱོན་བརྗོད་བྱས་ཡོད་འདུག

དེ་ལས་མང༌།: ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

   

བོད་དང་བོད་མིར་གཅེས་པའི་གཏམ་གླེང་བསམ་ཚུལ་ཟིན་བྲིས།

མཐའ་མའི་བསྐྱར་བཅོས། (༡༠༢༠༠༩༡༡༥༦) ༡༡༢༠༠༩༠༢༤༢

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༣་ཚེས་༡༠ཉིན་སྤེལ། དུས་རབས་འདིར་རང་ཉིད་བོད་མི་རིགས་ཤིག་ཏུ་སྐྱེས་པ་དང་བཙན་བྱོལ་སྤྱི་ཚོགས་ནང་ཚར་ལོང་བྱས་པའི་མྱོང་ཚོར་གྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཞབས་འདེགས་སུ་དམིགས་ཤིང་དུས་རབས་ཀྱི་ལས་འགན་དུ་རྩིས་ཏེ་བོད་ཀྱི་སྔར་གྱི་ལོ་རྒྱུས་དང་རང་ཉིད་གང་དུ་ཚར་ལོང་བྱས་བའི་སྤྱི་ཚོགས་ནང་གི་གནས་ཚུལ། བོད་དོན་དེ་མ་འོངས་པ་ཇི་འདྲ་ཞིག་ལ་དམིགས་དགོས་པ་བཅས་ཀྱི་སྐོར་བཅས་ལ་དཔྱད་པའི་གཏམ་གླེང་འདི་ནི་བོད་མི་རིགས་ཀྱི་འདས་པའི་ལེགས་བྱས་དང་ཉེས་བྱས། ད་ལྟའི་ཡོན་ཏན་དང་སྐྱོན། མ་འོངས་འབྱུང་འགྱུར་གྱི་ཉན་ཁ་དང་ལེགས་ཁ་བཅས་སྙིང་བཏུས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ཆབ་སྲིད་རིག་པ་རྐྱང་པའི་ཐོག་ནས་བལྟས་པའི་དཔྱད་དོན་བསམ་ཚུལ་ཞིག་ཡིན།

དེ་ལས་མང༌།: བོད་དང་བོད་མིར་གཅེས་པའི་གཏམ་གླེང་བསམ་ཚུལ་ཟིན་བྲིས།

བསམ་ཚུལ། (1)
   

ཞི་བདེའི་གཟེངས་རྟཌ་ཐོབ་པའི་མཛད་སྒོར་སྤྱི་འཐུས་ཀྱི་གསུང་བཤད།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༠༣) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༡༠༢༠༠༨༡༨༣༣

10december20084ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༠ཚེས་༠༩ཉིན་སྤེལ། དེ་རིང་ཕྱི་ལོ་༢༠༠༨ཟླ་༡༢ཚེས་༡༠ཉིན་མོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་རླབས་ཆེན་གྱི་དབུ་འཁྲིད།ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདགའཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་མི་ལོ་བཅུ་དགུ་ཧྲིལ་པོ་འཁོར་བའི་དུས་དྲན་དང་བོད་ཀྱི་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་ཉིན་མོ་ཁྱད་པར་ཅན་འདིར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོར་བཀྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་ནས་་་་་

དེ་ལས་མང༌།: ཞི་བདེའི་གཟེངས་རྟཌ་ཐོབ་པའི་མཛད་སྒོར་སྤྱི་འཐུས་ཀྱི་གསུང་བཤད།

བསམ་ཚུལ། (2)
   

ཞི་བདེའི་གཟེངས་རྟཌ་ཐོབ་པའི་མཛད་སྒོར་བཀའ་ཤག་གི་གཏམ་བཤད།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༠༢) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༡༠༢༠༠༨༡༨༡༣

10december20082

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༠ཚེས་༠༩ཉིན་སྤེལ། ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་གྱི་དུས་ཆེན་དང༌།རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།ཧི་མཱ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཚིགས་གསུམ་འཛོམས་ཀྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང༌།ཞི་བདེ་ལ་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩི་དང་བཅས་ཏེ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ལས་མང༌།: ཞི་བདེའི་གཟེངས་རྟཌ་ཐོབ་པའི་མཛད་སྒོར་བཀའ་ཤག་གི་གཏམ་བཤད།

བསམ་ཚུལ། (3)
   

མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།

མཐའ་མའི་བསྐྱར་བཅོས། (༢༩༢༠༠༨༡༣༠༠) འབྲི་མཁན། བོད་གཞུང་དྲ་གནས་སུ་བཏུས། ༢༩༢༠༠༨༡༢༤༩

16november20083ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༡ཚེས་༢༩ཉིན་སྤེལ། ཕྱི་ལོ་༢༠༠༢ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚབ་དང་དབུས་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་ལྷུག་བྱུང་བ་དང༌།ང་ཚོའི་ངོས་ནས་བོད་མིའི་མངོན་འདོད་གང་ཡིན་འགྲེལ་བརྗོད་གསལ་པོ་བྱས་པ་ཡིན།་་་་་

དེ་ལས་མང༌།: མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།

བསམ་ཚུལ། (1)
   

རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བོད་གཞུང་གི་ལན་འདེབས།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༠༦) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༡༩༢༠༠༨༡༥༢༡

རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ལན་འདེབས། ཕྱི་ལོ་༢༠༠༨ཟླ་༥ཚེས་༡༥ཉིན་སྤེལ།

༈འདི་ལོ་ཕྱི་ཟླ་༣ཚེས་༡༠ནས་འགོ་བཙུགས་ཀྱིས་བོད་ནང་ཞི་བའི་གྱེན་ལངས་ལས་འགུལ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་ཚོའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་ནུས་ཤུགས་ཡོངས་རྫོགས་བེད་སྤྱོད་དང་འབྲེལ་འདི་ཕྱོགས་བཙན་བྱོལ་བོད་གཞུང་མང་ཡོངས་ལ་"ཏཱ་ལའི་རུ་ཚོགས་"ཞེས་འབོད་ནས་སྐྱོན་འཛུགས་རྣམ་གྲངས་མང་པོ་ཞིག་བྱས་དང་བྱེད་མུས་སུ་ཡོད་པའི་ནང༌།ཉེ་དུས་བོད་ནང་ཟིང་འཁྲུག་བྱུང་བ་དེ་ཏཱ་ལའི་བླ་མས་བྱུས་འགོད་བྱས་པ་རེད་ཟེར་བ་དང༌།ཁོང་གིས་བོད་ནང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག་ཟེར་བ་སོགས་ཚུད་ཡོད།

བཙན་བྱོལ་བོད་གཞུང་ནས་གོང་གསལ་རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་གཞི་ཁག་ལ་ལན་འདེབས་རིམ་པ་བཞིན་དུ་གནང་འཆར་ཡོད་པའི་ཁོངས་ནས་འདི་གཤམ་ལེ་ཚན་དང་པོ་དེ་འགོད་པར་བྱ་བ་ལ།

ལེ་ཚན་དང་པོ།རྒྱ་ནག་གི་ཁག་དཀྲི་སྙོན་འཛུགས་ཀྱི་རྒྱན་རྩེད།

༈རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་༣ཚེས་༡༠ནས་བཟུང་བོད་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པ་བྱུང་བ་དེ་དག་"ཏཱ་ལའི་རུ་ཚོགས་ཀྱིས་བྱུས་འགོད་བྱས་པ་རེད་"ཅེས་དང༌།དེ་བཞིན་ངོ་རྒོལ་འདི་དག་"དྲག་པོའི་རྣམ་པ་ཅན་"ཡིན་པ་གང་ཞིག་ཎཎའཇིགས་སྐུལ་རིང་ལུགས་པ་ཚོས་"གོ་སྒྲིག་བྱས་ཤིང༌།"བོད་འདི་ཉིད་མེས་རྒྱལ་ནས་ཁ་བྲལ་གཏོང་རྒྱུར་དམིགས་པ་ཞིག་རེད་"ཅེས་སོགས་ཀྱི་སྐྱོན་འཛུགས་མང་པོ་བྱས་ཡོད།ལྷག་པར་དུ་སྲིད་བློན་ཝུན་ཅཱ་པའོས་ཕྱི་ལོ་༢༠༠༨ཟླ་༣ཚེས་༡༨ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་གསལ།ཁོང་ཚོའི་གཞུང་ལ་"ཉེ་དུས་ལྷ་སར་བྱུང་བའི་ཟིང་འཁྲུག་དེ་ཏཱ་ལའི་རུ་ཚོགས་ཀྱིས་ཐོག་མ་ཉིད་ནས་མ་རུང་ཁོག་བཅུག་གིས་གོ་སྒྲིག་དང༌།བྱུས་འགོད།ངན་སྐུལ་བཅས་བྱས་པའི་དངོས་དོན་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་དཔང་རྟགས་མང་པོ་སྟོན་རྒྱུ་ཡོད་"ཅེས་བརྗོད་འདུག

རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་གང་ཞིག་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅེ་ན།ངོ་རྒོལ་འདི་དག་གིས་"ཏཱ་ལའི་བླ་མས་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་གཏོང་གི་ཡོད་བརྗོད་པ་དེ་དག་ཁ་པོ་སྒྲོག་པ་ཙམ་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱི་ཡོད།"ད་ཆ་རྡ་རམ་ས་ལ་ནི་"རྫུན་གྱི་བསྟི་གནས་"སུ་གྱུར་ཡོད་པར་མ་ཟད།"ལྷ་སར་ཟིང་འཁྲུག་བྱུང་བ་ནས་བཟུང་ཡུལ་གྱར་སྲིད་གཞུང་གིས་གཞི་རྩ་བྲལ་བའི་འཁྱོག་བཤད་མང་པོ་བྱས་འདུག་"ཅེས་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ད་དུང་ཏཱ་ལའི་བླ་མས་རང་རེའི་རྒྱ་རིགས་ཕོ་མོ་ཚོར་འབོད་སྐུལ་བྱས་པ་དེ་ནི་"བོད་ནང་དེ་བས་ཞི་འཇགས་མེད་པའི་གནས་སྟངས་སྐྲུན་ཐབས་ཤིག་རེད་"ཅེས་བརྗོད་ཀྱི་ཡོད་པ་མ་ཟད།འདི་ལོ་༢༠༠༨ཟླ་༤ཚེས་༩ཉིན་རྒྱའི་དབང་འཛིན་པ་ཚོས་བརྗོད་གསལ་ལྟར་ན།"ཏཱ་ལའི་རུ་ཚོགས་ཀྱི་བསྒྲགས་གཏམ་ཁག་གིས་བོད་ནང་མི་རིགས་ཕན་ཚུན་དབར་དགྲར་འཛིན་གྱི་བསམ་བློ་བསྐྲུན་རྒྱུ་དང༌།བོད་ཀྱི་གནད་དོན་ཟེར་བ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་ཐབས་ཤེས་ཀྱང་བྱས་ཡོད་"ཅེས་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་འདུག

རྡོ་དོན་རྒྱ་ནག་གཞུང་ནས་འདི་ཕྱོགས་ཁ་དམག་རྒྱག་རྒྱུ་གཏིང་ཇེ་ཟབ་ཏུ་བཏང་ཡོད་པ་ནི་ཁོང་ཚོས་"རྫུན་དང་བདེན་པ་"ཞེས་པའི་དཔེ་དེབ་ཅིག་དཔར་འགྲེམས་བྱས་ཟིན་ཡོད་པ་ནས་ཤེས་ཐུབ་ཅིང༌།དེའི་ནང་རྫུན་ཡོངས་རྫོགས་བོད་མིའི་ཕྱོགས་སུ་ཡོད་པ་དང༌།བདེན་པ་ཡོངས་རྫོགས་རྒྱ་མིའི་ཕྱོགས་སུ་ཡོད་པ་བཤད་འདུག

གོང་གསལ་དཔེ་དེབ་ནི་འདི་ཟླ་༤ཚེས་༤ཉིན་པེ་ཅིང་དུ་རྒྱ་ནག་དཔེ་སྐྲུན་ཚོགས་པ་ཞེས་པའི་ཁྱབ་ཁོངས་ཚན་པ་སན་ལེན་ཞེས་པ་ནས་འགོ་འབྱེད་ཡོངས་བསྒྲགས་བྱས་པར་མ་ཟད།དེབ་འདི་ནི་དཔེ་དེབ་དཔར་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ནང་ནས་མགྱོགས་ཤོས་དེ་ཡིན་ཞེས་འབྲེལ་ཡོད་དཔེ་སྐྲུན་པ་ཚོའི་ངོས་ནས་ངོ་སོ་མཐོན་པོས་འགྲེལ་བརྗོད་ཀྱང་བྱས་ཡོད་འདུགརྒྱ་ནག་གཞུང་ནས་དཔེ་དེབ་འདིར་ཕྱི་ཟླ་༣ཚེས་༢༧ཉིན་བཀའ་འཁྲོལ་གནང་བ་ལྟར་འདི་ཟླ་༤ཚེས་༣ཉིན་དཔར་སྐྲུན་བྱས་འདུག་ཅིང༌།དཔེ་སྐྲུན་གྱི་འགོ་བྱེད་གྲས་ཀྲང་ཝེ་རྨིན་གྱིས་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་སི་སི་ཀྲི་སྦི་ཞེས་པར་གནས་ཚུལ་ངོ་སྤྲོད་བྱས་དོན།ཎཎང་ཚོས་རང་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་ཆེད་ལན་འདེབས་ཤིག་བཟོ་སྒྲིག་བྱ་དགོས་བྱུང་ལ།ང་ཚོས་བདེན་པ་མི་ཤེས་མཁན་ཚོར་བདེན་པའི་གནས་ལུགས་མིག་སྟོན་བྱ་རྒྱུ་དང༌།དེ་བཞིན་ནུབ་ཕྱོགས་པའི་གསར་ལམ་ཁག་གི་ནང་ལོག་ལམ་དུ་འཁྲིད་རྒྱུའི་གནས་ཚུལ་རིམ་ཐོན་ཁག་ལ་དགག་རྒྱག་བྱ་རྒྱུའི་ཆེད་དུ་ལས་དོན་བྱས་པ་ཡིན་"ཞེས་བརྗོད་འདུག

དཔེ་དེབ་འདིའི་ནང་དེ་སྔ་བཏོན་ཟིན་པའི་རྩོམ་ཡིག་ཁག་གཅིག་སླར་ཡང་ཕྱོགས་བསྡེབས་བྱས་པའི་ཐོགད་ལྟ་བོད་ནང་ཞི་འཇགས་མེད་པའི་གནས་ཚུལ་འབྱུང་བཞིན་པ་དེའི་རྒྱབ་ཏུ་"ཏཱ་ལའི་རུ་ཚོགས་"ཡོད་ཅེས་བརྗོད་པའི་རྒྱ་ནག་གི་གཞུང་འབྲེལ་སྐྱོན་འཛུགས་བྱེད་གཞི་ཁག་ཚང་མ་བཟླས་སྐྱོར་བྱས་འདུག"རྫུན་དང་བདེན་པ་"ཞེས་པའི་དེབ་འདི་ནི་ནུབ་ཕྱོགས་པའི་གསར་ལམ་ཁག་ནས་མིག་སྔའི་བོད་ནང་གི་དཀའ་རྙོག་དང་འབྲེལ་ཆགས་གནས་ཚུལ་འགོད་སྤེལ་བྱེད་ཕྱོགས་ཐད་"འཁྱོག་བཤད་"རིམ་པ་བྱས་འདུག་ཅེས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་པ་དེ་དག་ལ་ངོས་ལེན་མེད་པའི་རྣམ་འགྱུར་འདོན་ཐབས་ཤིག་ཡིན་ཞིང༌།དེའི་ནང་རྒྱ་ནག་གི་དབང་སྒྱུར་འོག་བོད་དུ་"དཔལ་འབྱོར་དང༌།རིག་གནས།སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་"པའི་སྐོར་རྒྱས་གླེང་བྱས་པའི་སྡེ་ཚན་ཆེན་པོ་ཞིག་ཟུར་དུ་འདུག

མཐར་གཏུགས་ནས་བཤད་ན།"རྫུན་དང་བདེན་པ་"ཞེས་པའི་དེབ་འདི་ནི་རྒྱ་རིགས་མི་མང་ལ་དམིགས་པ་ཞིག་ཡིན།གང་ཡིན་ཞེ་ན།ནུབ་ཕྱོགས་པའི་གསར་ལམ་གྱི་ཁྱབ་ཚད་དང༌།དེའི་ནང་རྒྱ་ནག་གི་དཀའ་རྙོག་ཡིན་པའི་བོད་ཀྱི་གནས་ཚུལ་འགོད་སྤེལ་བྱེད་ཚད་གཞི་རྒྱ་ཆེ་བར་བརྟེན་ནས་རྒྱ་རིགས་མི་མང་ཚོས་རང་གི་སྲིད་གཞུང་དང༌།དེས་བོད་དོན་དང་འབྲེལ་བའི་ལས་དོན་སྒྲུབ་ཕྱོགས་ཐད་ཡིད་ཆེས་བློ་གཏད་ཇི་ཙམ་བྱེད་ཀྱི་ཡོད་པ་དེར་གཡོ་འགུལ་ཆེན་པོ་ཞིག་ཐེབས་ཡོད་ཅིང༌།དེ་ལྟ་བུའི་གནས་སྟངས་འོག་རྒྱ་ནག་གཞུང་ནས་རང་གི་བྱ་སྤྱོད་དང༌།སྲིད་བྱུས་སྐོར་མངའ་ཁོངས་མི་མང་ལ་འགྲེལ་བཤད་རྒྱག་རྒྱུའི་ཐབས་ཤེས་ཤིག་མི་བྱ་ཀ་མེད་ལ་ཐུག་ཡོད་པས་ཡིན།

བོད་ནང་ཞི་འཇགས་མེད་པའི་གནས་སྟངས་ཀྱི་རྒྱབ་ཏུ་སུ་ཡོད་དམ།

ཉེ་དུས་བོད་ནང་ཞི་འཇགས་མེད་པའི་གནས་ཚུལ་བྱུང་བ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཟོས་པ་རེད་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་པ་འདི་དག་གནས་ཚུལ་གསར་པ་གང་ཡང་མིན།ཕྱི་ལོ་༡༩༤༩ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་རྒྱའི་དབང་འཛིན་པ་ཚོས་རང་གི་ནོར་འཁྲུལ་གྱི་སྲིད་བྱུས་ཁག་ལས་བྱུང་བའི་ཚབས་ཆེའི་མཇུག་འབྲས་ཀྱི་ངན་ཁག་རྣམས་མི་གཞན་གྱི་མགོ་ལ་དཀྲི་རྒྱུའི་ཡོངས་གྲགས་ཀྱི་ལམ་སྲོལ་ཞིག་གཏོད་ཡོད་པ་རེད།མང་གཙོའི་སྤྱི་ཚོགས་ཤིག་ཡིན་ན།ནོར་འཁྲུལ་གྱི་སྲིད་བྱུས་རྣམས་འོས་བསྡུའི་ཐབས་ལམ་ལ་བརྟེན་ནས་བཅོས་སྒྲིག་ཡོ་བསྲང་བྱེད་ཆོག་ནའང༌།རྒྱ་ནག་ནང་དམར་ཤོག་ཚོགས་པར་ཆབ་སྲིད་ཀྱི་དབང་ཆ་ཁེར་རྐྱང་དུ་སྤྱོད་དབང་ཡོད་པའི་ཆ་ནས་དེ་ལྟར་བྱེད་ཐབས་མེད་པའི་གནས་སྟངས་འོགརྒྱ་ནག་གི་འགོ་ཁྲིད་ཚོས་གནད་དོན་གང་ཞིག་གི་ཐོག་མིང་ཙམ་གྱི་ཁྲིམས་མཐུན་གནས་བབ་བསྐྲུན་ཆེད་ཁག་དཀྲི་བྱེད་ས་ཞིག་རྒྱུན་ཏུ་འཚོལ་རྙེད་ཐུབ་ཀྱི་ཡོད་ལ།གལ་སྲིད་དེ་ལྟར་བྱེད་མ་ཐུབ་པ་ཡིན་ན།རང་གི་སྲིད་བྱུས་འགལ་འཛོལ་རྣམས་ངོས་ལེན་བྱེད་པའི་ངོ་བོར་འགྱུར་གྱི་ཡོད་པ་རེད།ལོརཌ་ཨེཀཤན་གྱིས་སྐབས་ཤིག་ཏུ་"ནོར་འཛོལ་ཅན་ལ་བསུབ་ཏུ་མེད་པའི་ཉེས་ཆད་གཅོད་རྒྱུའི་དབང་ཆ་དེ་བྱུང་རབས་ལོ་རྒྱུས་ལ་ཡོད་ཎཎསྐོར་གླེང་བཤད་བྱས་ཡོད།དེས་ན་རྒྱ་ནག་དམར་ཤོག་ཚོགས་པས་འདས་པར་སྟངས་འཛིན་ཐུབ་རྒྱུ་དེ་འབྱུང་འགྱུར་ལ་སྟངས་འཛིན་ཐུབ་པའི་གནད་འགག་ཡིན་པ་དང༌།རང་གི་བྱས་ཉེས་ཇི་ཙམ་འགེབས་སྲུང་ཐུབ་པ་དེ་རང་ཉིད་འཚོ་བའི་གཞི་རྟེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ཇེསྤར་བཱེཀར་གྱིས་བརྗོད་པ་དེར་ཡ་མཚན་དགོས་དོན་ཅི་ཡང་མེད།

རྒྱ་ནག་ནང་ཕྱི་ལོ་༡༩༥༨ནས་༡༩༦༡བར་མུ་གེ་ཚབས་ཆེ་ཤོས་ཤིག་བྱུང་བ་དེར་མཚོན་ན།དུས་ཡུན་དེའི་རིང་རྒྱ་རིགས་མི་མང་ས་ཡ་༣༠ཙམ་བཀྲེས་ལྟོགས་ཀྱིས་འདས་གྲོངས་གྱུར་ཡོད་ནའང༌།སྐབས་དེར་འཛམ་གླིང་ཡོངས་ཀྱི་ནང་མིས་ཆེད་དུ་བཟོས་པའི་ཆག་སྒོ་དེའི་སྐོར་ཚིག་གཅིག་ཀྱང་གོ་ཐོས་བྱུང་མེད།ཆག་སྒོ་དེ་ནི་མའོའི་དར་དམར་གསུམ་གྱི་ལས་འགུལ་ཏེ།རྒྱ་ནག་འདི་ཞིང་ལས་སྤྱི་ཚོགས་ཤིག་ནས་ཐད་ཀར་རྒྱུགས་ཤར་གློད་དེ་བཟོ་ལས་ཅན་གྱི་དམར་པོའི་རིང་ལུགས་མཐར་ཕྱིན་པ་ཞིག་ཏུ་བསྐྱོད་ཐུབ་སླད་བཟོ་ལས་དང་ཞིང་ལས་ལ་ཚད་ལས་བརྒལ་བའི་དམིགས་ཚད་བཟུང་ནས་རྒྱལ་ཡོངས་ཀྱི་སྒྲིག་འཛུགས་ཡོངས་རྫོགས་དམག་དོན་ཅན་དང༌།བྱེད་སྒོ་གཡུལ་འཐབ་ཅན་དུ་སྒྱུར་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་པར་བརྟེན་ནས་བྱུང་ཡོད།སྐབས་དེར་མའོའི་སྲིད་བྱུས་འཛིན་ཕྱོགས་ལ་སྲིད་གཞུང་གི་འགོ་ཁྲིད་མི་སྣ་གཞན་ཚོས་དེ་སྔོན་བྱུང་མྱོང་མེད་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་ནའང༌།ཁོ་པས་ཉེས་ཁག་ཡོངས་རྫོགས་གནམ་གཤིས་ལ་དཀྲིས་པ་རེད།དོན་དངོས་ཐོག་རྒྱ་ནག་གི་གནམ་གཤིས་ཡག་ཐག་ཆོད་ཡོད་ཅིང༌།སྐྱོན་གནད་ཡོངས་རྫོགས་མའོའི་སྲིད་བྱུས་ལ་ཡོད་པ་རེད།འོན་ཀྱང་གནས་ལུགས་དེ་ཉེ་དུས་མ་གཏོགས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་མེད།

ཕྱི་ལོ་༡༩༦༢ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་མའོ་ཚུད་པའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་ཡོད།ཡིག་ཆ་དེའི་ནང་པཎ་ཆེན་སྐུ་གོང་མ་མཆོག་ནས་བོད་ཀྱི་ས་ཁུལ་སོ་སོའི་དངོས་ཡོད་ཀྱི་དཀའ་ངལ་ཁག་རེ་རེ་བཞིན་བགྲངས་གནང་ཡོད་པར་མ་ཟད།གལ་ཏེ་སྲིད་བྱུས་དེ་དག་ཡོ་བསྲང་མ་བྱས་ཚེ་བོད་བརྒྱུད་ནང་བསྟན་དང༌།རིག་གནས།དེ་བཞིན་བོད་མི་རིགས་ཀྱི་ཐུན་མིན་ཟུར་དོད་ཀྱི་རྣམ་པ་ཡོངས་སུ་མེད་པར་འགྲོ་རྒྱུ་རེད་ཅེས་གསུངས་འདུགཀུན་གཟིགས་རིན་པོ་ཆེའི་བློ་སྟོབས་ལྡན་པའི་མཛད་ཕྱོགས་ལ་བརྩི་བཀུར་དང༌།གང་ཉིད་ནས་ཀུན་སློང་ཡང་དག་པའི་སྒོ་ནས་སྐྱོན་བརྗོད་གནང་བར་ཉན་འཇོག་བྱ་རྒྱུའི་ཚབ་ཏུ་ཁོང་ལ་"མངའ་བདག་གྲལ་རིམ་ལོག་སྤྱོད་པ་"དང༌།ཁོང་གི་སྙན་ཞུར་"དུག་ལྡན་གྱི་མདའ་མོ་ཏང་གི་འབེན་ལ་གཞུས་པ་རེད་"ཅེས་རྒོལ་གཏམ་དྲག་པོ་བཏང་བའི་རྗེས་འབྲེལ་པཎ་ཆེན་སྐུ་གོང་མ་མཆོག་ལོ་ངོ་༡༤རིང་ཁེར་རྐྱང་བཙོན་འཇུག་དང༌།བཟང་བཙོན་དུ་བཞུགས་དགོས་བྱུང་བ་རེད།

མའོས་ཕྱི་ལོ་༡༩༦༦ལོར་དེ་སྔ་མཆོངས་བསྐྱོད་ཆེན་མོ་དང༌།མེ་ཏོག་མཉམ་བཞད་མཁས་བརྒྱ་འགྲན་གླེང་ཞེས་པའི་ལས་འགུལ་སྤེལ་སྐབས་རང་གི་འགོ་ཁྲིད་ལས་འགན་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་དེ་དག་སླར་གསོ་ཐུབ་སླད་རྒྱ་རིགས་མི་མང་ཐོག་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་འགུལ་ཞིག་བཙན་འགེལ་བྱས་ཡོད།ལས་འགུལ་དེས་ཕྱི་ལོ་༡༩༧༦ཙམ་བར་རྒྱ་ནག་གི་འབྲིང་རིམ་དང༌།ཆེས་མཐོའི་འགོ་ཁྲིད་མི་སྣ་འབོར་ཆེན་རྩ་མེད་བཏང་བར་མ་ཟད།རྒྱལ་ཁབ་ཧྲིལ་པོ་རྙོག་དྲ་ཆེན་པོའི་ནང་ལྷུངས་སུ་བཅུག་ཡོད།ཆག་སྒོ་དེའི་ཉེས་འགན་སུ་ལ་དཀྲིས་ཡོད་དམ་ཞེ་ན།མའོར་དཀྲིས་མེད་ཅིང་མི་བཞི་ཤོག་ཁག་ལ་དཀྲིས་ཡོད་པ་རེད།མི་བཞི་ཤོག་ཁག་ཟེར་བའི་ནང་མའོའི་བཟའ་ཟླ་ཅང་ཆིང་ཡང་ཚུད་ཡོད་པ་ཁོ་མོར་རྗེས་སུ་ཁྲིམས་གཅོད་བྱེད་སྐབས།ཎཎང་ནི་གཙོ་འཛིན་མའོའི་རྒྱུགས་ཁྱི་ཡིན་ཞིང༌།ཁོང་གིས་སུ་ལ་སོ་རྒྱོབས་གསུངས་པ་དེ་ལྟར་ངས་ལག་ལེན་བསྟར་བ་ཡིན་"ཞེས་ བཤད་ཡོད་ནའང༌།མའོ་ནི་ནམ་རྒྱུན་བཞིན་སྐྱོན་མེད་དཀར་འདོན་བྱུང་བ་རེད།

བསམ་ཚུལ། (1)
   

རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བོད་གཞུང་གི་ལན་འདེབས།

མཐའ་མའི་བསྐྱར་བཅོས། (༠༨༢༠༡༠༡༠༠༥) འབྲི་མཁན། ཡེ་ཤེས་ཆོས་བཟང་། ༡༩༢༠༠༨༡༥༠༠

རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ལན་འདེབས། ལེ་ཚན་གསུམ་པ།དེ་སྔའི་བོད་ཀྱི་སྤྱི་ཚོགས་དང༌། བཙན་བྱོལ་ཁྲོད་ཀྱི་མང་གཙོའི་ལམ་སྲོལ། ཕྱི་ལོ་༢༠༠༨ཟླ་༦ཚེས་༡༧ཉིན་སྤེལ།

༈རྒྱའི་དབང་འཛིན་པ་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ལམ་སྲོལ་རྙིང་པ་ཁོང་ཚོས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སུ་འབོད་པ་དེ་བསྐྱར་གསོ་ཡོང་བའི་ཐབས་ཤེས་གནང་གི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང༌། ད་དུང་ཁོང་ཚོས་ག་རེ་ཤོད་ཀྱི་ཡོད་ཅེ་ན།བོད་མིའི་འཐབ་རྩོད་ཀྱི་མཐར་ཐུག་དམིགས་ཡུལ་ནི་དེ་དག་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཚན་པ་ཤིན་ཧྭ་ནས་ཕྱི་ལོ་༢༠༠༨ཟླ་༤ཚེས་༨ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་ཡུས་ཀྱིས་གནས་ཚུལ་བརྗོད་པ་ཞིག་ལུང་འདྲེན་བྱས་གསལ། "ཏཱ་ལའི་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་ཞིང་བྲན་ལམ་ལུགས་ཀྱི་ངོ་ཚབ་མཚོན་བྱེད་གཙོ་བོ་དེ་ཡིན།དེ་ལྟ་བུའི་ཞིང་བྲན་ལམ་ལུགས་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་ཆེས་མུན་ནག་གི་བྲན་གཡོག་ལམ་ལུགས་ཤིག་ཡིན་པ་དེར་ཞིང་བྲན་བདག་པོའི་དམིགས་བསལ་ཁྱད་དབང་ཁོ་ན་ལས་དམངས་གཙོ་དང༌།རང་དབང༌། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རྣམ་པ་ཅི་ཡང་མངོན་རྒྱུ་མེད་"ཅེས་བརྗོད་གནས་བཀོད་འདུག

གོང་གསལ་སྐད་ཆ་རྣམས་ནི་བདེན་པ་དང་ཡོངས་སུ་རྒྱབ་འགལ་གྱི་རྒྱགས་གཏམ་ཤ་སྟག་ཡིན།ྋོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་ལ།འབྱུང་འགྱུར་བོད་ཀྱི་གཞུང་སྲིད་འཛིན་སྐྱོང་གི་ལམ་སྲོལ་གང་འདྲ་ཞིག་བྱེད་མིན་ནི་བོད་རྒྱ་ཆེའི་མི་མང་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད། ནམ་ཞིག་བོད་མི་མང་མོས་ཀྱི་འདོད་བློ་ཡོངས་སུ་ཚིམས་པའི་གནས་སྟངས་འོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་མི་རྣམས་རང་ཡུལ་བོད་དུ་ལོག་རྒྱུའི་དུས་སྐབས་ཤར་བའི་ཉིན་མོ་དེར་བཙན་བྱོལ་བོད་གཞུང་འདི་ཉིད་ཕྱིར་བསྡུ་གནང་རྒྱུ་རེད་ལ །སྐབས་དེའི་བོད་ཀྱི་ས་གནས་སྲིད་གཞུང་གི་འཛིན་སྐྱོང་འགན་ཁུར་ནི་ད་ལྟ་རྒྱའི་འགོ་ཁྲིད་ཚན་ཁག་ནང་ལས་དོན་བྱེད་བཞིན་པའི་བོད་རིགས་ལས་བྱེད་ཚོས་མུ་མཐུད་འཁྱེར་དགོས་པ་ཡིན།ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཚོན་ན། ཉིན་མོ་དེ་ཤར་བའི་དུས་སྐབས་སུ་ངོས་ནས་ཆབ་སྲིད་ཀྱི་ལས་གནས་གང་ཡང་འཛིན་རྒྱུ་མིན་ཞེས་བཀའ་གསལ་ཕེབས་ཟིན་ཡོད་པ་རེད།

དེ་སྔའི་བོད་ཀྱི་སྤྱི་ཚོགས་ལ་"བཀས་བཀོད་རྒྱུད་འཛིན་"ནམ། "ཞིང་བྲན་ལམ་ལུགས་"ཞེས་བརྗོད་པ་དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ཇི་བཞིན་སྟོན་པའི་འགྲེལ་བརྗོད་བྱེད་སྟངས་ཤིག་མིན།བོད་ཀྱི་གནའ་བོའི་སྤྱི་ཚོགས་ནི་སྐབས་དེའི་རྒྱ་ནག་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བ་ལྟར་རྗེས་ལུས་ཐེབས་ཡོད་པ་དང༌།སྒྱུར་བཅོས་གཏོང་དགོས་པ་ཞིག་ཡིན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད།འོན་ཀྱང་དེ་དག་དུས་རབས་བར་མའི་ཡོ་རོབ་ཀྱི་ཎཞིང་བྲན་ལམ་ལུགས་"དང་གཅིག་མཚུངས་ཡིན་པའི་འགྲེལ་བརྗོད་བྱེད་པ་ནི་ནོར་འཁྲུལ་རེད།རྒྱ་ནག་གི་བཙན་འཛུལ་མ་བྱུང་གོང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ནི་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བའི་སྤྱི་ཚོགས་ལས་འདྲ་མཉམ་གྱི་དབང་ཆ་ཆེ་བ་ཡོད་པ་ཡིན།འདི་སྐོར་ཧུའི་རིཅཀྲིསན་ཏེ།དབྱིན་ཇིས་རྒྱ་གར་བཙན་བཟུང་བྱེད་སྐབས་ཀྱི་བོད་བཞུགས་སྐུ་ཚབ་ཐ་མ་དང༌། རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་བོད་བཞུགས་སྐུ་ཚབ་དང་པོ་གནང་སྟེ་བོད་ཀྱི་རྒྱལ་ས་ལྷ་སར་སྔ་ཕྱི་བསྡོམས་ལོ་དགུ་བཞུགས་མྱོང་ཡོད་པ་ཁོང་གིས་བྲིས་པའི་དེབ་ནང་འཁོད་དོན། "དམར་པོའི་རྩོམ་བྲིས་པ་ཚོས་ཀྱང་ཕྱི་ལོ་༡༩༥༩ལཱུའི་གོང་དུ་བོད་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་པ་ཁས་ལེན་བྱ་དགོས་གྱུར་ཡོད་"ཅེས་གསལ་འདུག

དེ་མཚུངས་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཁྲིམས་དོན་རྟོག་ཞིབ་ཚོགས་ཆུང་གི་སྙན་ཐོའི་ནང་འཁོད་དོན། "རྒྱ་མི་བོད་དུ་མ་འབྱོར་གོང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཡོད་པ་མ་རེད་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་པ་དེ་ནི།བོད་ཀྱི་སྤྱི་ཚོགས་འཚོ་བའི་གནས་སྟངས་ལ་འཁྱོག་བཤད་འུད་སྒྲོག་བྱས་པའི་གཞི་རྩར་གྱུར་ཡོད་"ཅེས་གསལ་འདུག

སྐབས་དེའི་བོད་གཞུང་ལ་མཚོན་ན།རང་མཉམ་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དག་ལས་མི་མང་གི་ངོ་ཚབ་མཚོན་པའི་རྣམ་པ་ཆེས་མང་བ་ཡོད་ཅིང༌།འདི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་"ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་"ཞེས་པའི་ནང་འཁོད་དོན།"བོད་ཀྱི་ཚོགས་ཆེན་ལ་ཚོགས་སྟངས་རིགས་གསུམ་ཡོད་ཅིང༌།ཆུང་ཤོས་ནི་མུ་མཐུད་རྒྱུན་ཚོགས་ཡང་ཡང་བྱེད།དེའི་ནང་ཡིག་ཚང་རྩིས་ཁང་གི་དཔོན་རིགས་བརྒྱད་དང༌།དེ་མིན་མཐོ་རིམ་སྐྱ་བོའི་མི་སྣ།ལྷ་སའི་ཉེ་སྐོར་དགོན་ཆེན་གསུམ་གྱི་སྐུ་ཚབ་བཅས་ཁྱོན་མི་གྲངས་ཉི་ཤུ་ཙམ་ཡོད། ཚོགས་འདུ་འདིས་དཀའ་ངལ་རིགས་གོ་བསྡུར་བྱ་རྒྱུ་ཡོད་ཚེ་འཐུས་མི་སུམ་ཅུ་ལྷག་ཙམ་ཡོད་པའི་ཚོགས་འདུ་ཞིག་བསྡུ་སྐོང་བྱེད་ཐུབ།དཔེར་ན།ཏཱ་ལའི་བླ་མའི་ཡང་སྲིད་གཏན་འཁེལ་སོགས་དོན་གལ་ཆེན་པོའི་རིགས་ལ་འཐུས་མི་བཞི་བརྒྱ་ཙམ་ཡོད་པའི་ཚོགས་ཆེན་འཚོགས་དགོས་ཤིང༌།ཚོགས་ཆེན་དེར་གཞུང་གི་དཔོན་རིགས་ལས་བྱེད་ཡོངས་རྫོགས་དང༌།སྔར་སྲོལ་དཔོན་རིགས་མིན་པ་ཚོ་ཡང་ཡོང་གི་རེད་"ཅེས་གསལ་འདུག

བོད་ཀྱི་སྤྱི་ཚོགས་རྒྱུ་ནོར་འཁོས་སྙོམས་ཀྱི་གནས་སྟངས་དང༌།གྲལ་རིམ་གྱི་གནས་བབ་འཕོ་འགྱུར་འགྲོ་ཆོག་པ་བཅས་ནི་སྐབས་དེའི་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བ་དང་འགྲན་ཐུབ་པ་ཡོད།རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་ཀྱི་ཆབ་སྲིད་ལམ་ལུགས་ནི་ལྷ་དབང་གི་ཆབ་སྲིད་ལམ་ལུགས་རེད་ཟེར་བ་དེ་འདྲ་གཏན་ནས་མིན།བོད་ཀྱི་ཆབ་སྲིད་ལམ་ལུགས་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཏེ།ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བྱམས་བརྩེ་དང༌། འཚེ་བ་མེད་པ།ཀུན་ཕན།འདྲ་མཉམ་བཅས་གཞི་རྩར་བཞག་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་ཞིང༌།སྲིད་གཞུང་གིས་ལམ་ལུགས་དེ་ལ་བརྟེན་ནས་མི་མང་རྣམས་རང་གི་བུ་ཕྲུག་ལྟར་བྱམས་བརྩེས་སྐྱོང་གི་ཡོད་པར་མ་ཟད།འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཐུབ་པའི་གཞི་རྩ་གཅིག་མཚུངས་སུ་ཡོད་པར་ཡིད་ཆེས་ཀྱིས་གུས་བརྩི་ཞུ་གི་ཡོད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་ཡང་སྲིད་རྩད་གཅོད་ཀྱི་ལམ་ནས་ངོས་འཛིན་གཏན་འཁེལ་ཞུ་བའི་ལམ་སྲོལ་ཞིག་ཡོད་པ་དེས།གཞི་རྩའི་ཐོག་བོད་འདི་སྲིད་དབང་ཕ་ཤུལ་བུ་འཛིན་གྱིས་རྒྱུད་འཛིན་བྱེད་པའི་ལམ་ལུགས་ཤིག་ཏུ་མི་སྒྱུར་བའི་འགན་ལེན་བྱེད་ཐུབ་ཡོད། ྋགོང་ས་ྋཀསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང༌།བཅུ་བཞི་པས་དབུས་པའི་སྐུ་ཕྲེང་མང་ཆེ་བའི་འཁྲུངས་གཞིས་མི་སེར་དཀྱུས་མ་དང༌།སོ་ནམ་པ།ས་མཐའ་ལུང་ཁུག་གི་དུད་ཚང་བཅས་ཡིན།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འོག་ཏུ་ཆབ་སྲིད་འཛིན་སྐྱོང་གི་སྲི་ཞུ་བ་སེར་སྐྱ་གྲངས་ཚད་འདྲ་མཚུངས་ཤིག་ཡོད་ཅིང༌།སྐྱ་བོའི་སྲི་ཞུ་བ་མང་ཆེ་བ་ཕ་ཤུལ་བུ་འཛིན་ནམ།རིགས་རུས་རྒྱུད་འཛིན་གྱིས་ཡོང་གི་ཡོད་པ་དང༌།སེར་མོ་བའི་སྲི་ཞུ་བ་ནི་ཡོངས་ཁུངས་གཏན་འཁེལ་མེད་པར་རིགས་ཚང་མ་ནས་ཡོང་ཆོག་པ་དང༌། མང་ཆེ་བ་མི་མང་དཀྱུས་མའི་ཁོངས་ནས་ཡོང་གི་ཡོད་པ་ཡིན།

བོད་ཀྱི་དགོན་སྡེ་ཁག་གི་ལམ་སྲོལ་ནང་དགེ་འདུན་པ་ཚོའི་ཐོག་མའི་གནས་བབ་ལ་ཚོད་འཛིན་མེད་པར།རང་རང་ཆོས་ཀྱི་སློབ་གཉེར་གནས་ཚད་ལ་གཞིགས་ཏེ་གནས་བབ་ཇེ་མཐོར་འགྲོ་ཆོག་པའི་མདུན་ལམ་ཡོད་པ་དང༌།དགོན་སྡེ་ཁག་ལ་བོད་མི་རྣམས་དང༌། དེ་བཞིན་རྒྱ་རིགས་དང་སོག་པོ། རྒྱ་གར་ལ་དྭགས་ནས་ཨརུནྕལ་མངའ་སྡེ་བར་གྱི་མི་མང་བཅས་ཚུད་པའི་མི་རིགས་སུ་འདྲ་ཞིག་ཆོས་ཞུགས་བྱེད་པར་ཡོང་ཡང་སྒོ་མོ་ཕྱེ་སྟེ་བཞག་ཡོད་པ་ལས་དགག་བྱ་བྱེད་མཁན་མེད།དགོན་སྡེ་ཁག་ནང་གོ་གནས་མཐོ་ཤོས་འཛིན་མཁན་མང་ཆེ་བའི་གཞིས་ཁུངས་མི་མང་དཀྱུས་མ་ཡིན་པ་དང༌།དེ་ཚོའི་ནང་གི་མང་པོ་ཞིག་ནི་མདོ་སྟོད་སྨད་ཀྱི་ས་མཐའ་ཁག་ནས་ཡོང་བ་ཡིན་ཞིང༌།དེ་དག་གི་ཐོག་ནས་རང་རང་སོ་སོས་སློབ་གཉེར་ཡག་པོ་བྱས་ན།དགོན་པའི་མཐོ་རིམ་ལས་སྣེ་བྱ་རྒྱུའི་གོ་སྐབས་ཚང་མར་འདྲ་མཉམ་དུ་ཡོད་པ་གསལ་པོར་མཚོན་ཡོད།བོད་ཀྱི་ཤོད་རྒྱུན་ལའང༌།ཨ་མའི་བུ་ལ་ཡོན་ཏན་ཡོད་ན།དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་བརྗོད་ཀྱི་ཡོད་པ་ཡིན།

རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཡིག་ཆའི་ནང་ཞིང་བྲན་ཞེས་འབོད་པའི་སོ་ནམ་པ་རྣམས་ལ་སྐབས་དེར་ཁྲིམས་ཐོག་གི་ངོས་འཛིན་གསལ་པོ་ཡོད་པ་ནི།ཁོང་ཚོའི་ཐོབ་ཐང་ཞིབ་འཁོད་ཀྱི་ཁྲིམས་ཡིག་ཟུར་དུ་ཡོད་པ་དང༌།ཁྲིམས་ཁང་རིམ་པར་ཁྲིམས་གཏུགས་བྱེད་ཆོག་པའི་བརྒྱུད་ལམ་ལྡན་ཡོད་པ་བཅས་ནས་ཤེས་རྟོགས་ཐུབ་ཅིང༌། ཁོང་ཚོར་རང་གི་སྦྱིན་བདག་ལ་ཁྲིམས་གཏུགས་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་མ་ཟད།རིམ་པ་གོང་མར་ཞུ་གཏུགས་ཀྱང་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་ཡིན།

རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་བོད་མི་དོན་གྲུབ་ཆོས་སྒྲོན་ནི་བོད་རང་བཙན་ཡོད་པའི་སྐབས་སུ་ཁྱིམ་ཚང་སྐྱོ་ཤོས་ཀྱི་གྲས་ཡིན་ཞིང༌།རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་མ་བྱས་གོང་གི་ཁོང་རང་གི་མི་ཚེའི་ལོ་རྒྱུས་བྲིས་པའི་ནང༌།ཎང་ནི་དེང་སྐབས་རྒྱ་མིས་བཤད་པའི་ཞིང་བྲན་ཟེར་བའི་ཁྱིམ་ཚང་ནས་ཡིན།་་་་ང་ཚཱུའི་ཁྱིམ་ཚང་ལ་ནང་མི་དྲུག་ཡོད། ་་་་་་་་་ངའི་སྡོད་ཁྱིམ་ནི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་ལྕགས་རིས་བསྐོར་བ་ཞིག་ཡོད་ཅིང༌། དེའི་འོག་ཤོད་དུ་སྒོ་ཕྱུགས་སེམས་ཅན་རྣམས་འཇོག་གི་ཡོད། ང་ཚོ་ལ་སྒོ་ཕྱུགས་གཡག་བཞི་དང༌།ར་ལུག་ཉི་ཤུ་རྩ་བདུན།བོང་བུ་གཉིས།དེ་བཞིན་སོན་ཁལ་བཞི་དང་ཕྱེད་ཀ་ཧེགཀྲར་༠་༣༧འགྲོ་བའི་ས་ཞིང་ཡོད། ་་ང་ཚོ་ནང་མི་རྣམས་ལ་ལྟོ་གོས་ཀྱི་དཀའ་ངལ་འཕྲད་མྱོང་མེད་ལ།ང་ཚཱུའི་ས་ཁུལ་ལ་སྤྲང་པོ་གཅིག་ཀྱང་ཡོད་པ་མ་རེད་ཎཅེས་བྲིས་འདུག

བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང༌། ཞིང་པ་ཚོར་གཞིས་ཀའི་བདག་པོ་ཚོས་བརྙས་བཅོས་དང༌། དྲག་གནོན་བྱེད་མི་ཆོག་པ་ཁྲིམས་ཐོག་ནས་བཀག་ཡོད་པར་མ་ཟད། དེ་ལྟར་བྱས་ན་སྤྱི་ཚོགས་ཀྱི་གོམས་གཤིས་དང་ཡང་མཐུན་གྱི་མེད།དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བོད་ཀྱི་སྲིད་སྐྱོང་རྒྱལ་པོ་མང་པོས་ནང་ཆོས་ཀྱི་ལྟ་བ་དགེ་བཅུའི་ཁྲིམས་ལ་བརྟེན་ནས་རྒྱལ་ཁྲིམས་གཏན་འབེབས་གནང་ཡོད།ཁྲིམས་ལུགས་དེ་དག་གི་ནང་དོན་སྙིང་པོ་ནི་རྒྱལ་ཁབ་སྐྱོང་མཁན་རྒྱལ་པོ་ཚོས་རང་ཉིད་མི་སེར་རྣམས་ཀྱི་ཕ་མ་ལྟ་བུ་བྱས་ཏེ་ཁོང་ཚོར་བྱམས་སྐྱོང་ཆེན་པོས་ལྟ་རྟོག་གནང་དགོས་པ་དེ་ཡིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དང༌། དེ་རྗེས་དུས་རབས་བཅུ་བཞི་པའི་ནང་ཕག་མོ་གྲུབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ།དུས་རབས་བཅུ་བདུན་པའི་ནང་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་གོང་གསལ་ཁྲིམས་ཡིག་ཁག་ལ་བསྐྱར་ཞིབ་གནང་བའི་ཁྲིམས་ཡིག་བཅས་ཀྱི་ནང་གསལ་པོ་ཡོད་པ་ཡིན།

གནའ་སྔ་མོའི་ཁྲིམས་ཡིག་ནང་མིག་རིལ་འདོན་པ་དང༌།རྐང་ལག་འབྲེག་པའི་ཉེས་ཆད་གཅོད་རྒྱུ་འཁོད་ཡོད་ཀྱང༌།དེ་ནི་ནག་ཉེས་ཧ་ཅང་ཆེ་ཞིང་ནག་ཉེས་ཡང་ཡང་གསོག་མཁན་རིགས་ལ་མ་གཏོགས་དེ་མིན་ལག་བསྟར་བྱེད་ཀྱི་མེད།ཉེས་ཅན་ལ་རྟ་ལྕག་གཞུ་བ་ནི་སྤྱིར་བཏང་གི་ཉེས་ཆད་གཅོད་སྟངས་ཤིག་ཡིན།དུས་རབས་བཅུ་དགུ་པའི་ནང་དབང་པོ་ཡན་ལག་གཅོད་འབྲེག་གི་ཉེས་ཆད་གཅོད་སྲོལ་ཡོད་ཀྱང༌།དོན་དངོས་ཐོག་ཉེས་ཆད་དེ་རིགས་བཅད་པ་ཆེས་ཉུང་ཤས་ཡིན་པ་དང༌ །སྲོག་ཐོག་གི་ཉེས་པ་གཅོད་རྒྱུར་དགག་བྱ་ནན་པོ་ཡོད་པར་མ་ཟད།དབང་པོ་ཡན་ལག་གཅོད་འབྲེག་གི་ཉེས་ཆད་གཅོད་པའི་དབང་ཆ་ཡང་ལྷ་ལྡན་རྒྱལ་སར་ཡོད་པའི་ཆེས་མཐོའི་དབུ་ཁྲིད་ལ་མ་གཏོགས་དེ་མིན་ལ་མེད་པ་ཡིན། ཕྱི་ལོ་༡༨༩༨ལོར་གོང་གསལ་གྱི་ཉེས་ཆད་དེ་དག་རྒྱལ་འཚོང་པ་དང༌། རྒྱལ་ཁབ་ལ་རྒྱབ་གཏོད་གྱི་ངན་གཤོམ་བྱེད་མཁན་གྱི་ཉེས་ཅན་ཕུད།དེ་མིན་ཉེས་ཅན་སུ་ལའང་གཅོད་མི་ཆོག་པའི་བཀའ་རྩ་ཁྱབ་བསྒྲགས་གནང་ཡོད།ྋཀགོང་ས་ྋཀསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བཀའ་རྩ་ཁྱབ་བསྒྲགས་གནང་བའི་ནང༌།རྫོང་གཞིས་སྣེ་སྡོད་ཚོས་ཞིང་པ་མང་ཚོགས་སུ་ཞིག་ལ་བརྙས་བཅོས་བྱས་ཚེ་དོ་བདག་སོ་སོས་ྋགོང་ས་ཆེན་པོར་ྋསྙན་སེང་ཞུ་ཆོག་པའི་དབང་ཆ་གནང་ཡོད།

བོད་ཀྱི་ས་ཆའི་བདག་དབང་ཆ་ཚང་རྒྱལ་ཁབ་ལ་ཡོད་ཅིང༌། རྒྱལ་ཁབ་ནས་དགོན་སྡེ་ཁག་ལ་ཆོས་གཞིས་དང༌། གཞུང་ཞབས་སྐྱ་བོར་ཞབས་རྟེན་ཕ་གཞིས།དེ་མིན་ཆོས་སྲིད་ཀྱི་ཞབས་འདེགས་ཞུ་སྒོ་གཟེངས་སུ་ཐོན་པའི་མི་སྣར་གཟིགས་གཟོས་བདག་རྐྱེན་བཅས་གསོལ་རས་གནང་ཡོད་པ་དང༌། དེ་དག་ནས་ས་ཆའི་རྒྱ་ཁྱོན་ལ་གཞིགས་པའི་ཁྲལ་ཡང་བསྡུ་གི་ཡོད། སྒེར་པ་ཁག་གི་མི་ངོ་གཅིག་ལྷ་སར་གཞུང་གི་ཞབས་ཞུར་བཅར་དགོས་པ་ཕུད།ད་དུང་རྒྱ་ཁྱོན་ལ་གཞིགས་པའི་རྐང་འགྲོ་ལག་འདོན་གྱི་ཁྲལ་རྒྱུགས་དགོས་པ་དང༌། དགོན་སྡེ་ཁག་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་སྟེ། གཙོ་བོ་ནང་དོན་རིག་པ་དང༌།དེ་བཞིན་སྒྲ་དང་ཚད་མ།བཟོ་དང་གསོ་བ་སོགས་བོད་ཀྱི་རིག་གཞུང་སྒྱུ་རྩལ་སློབ་སྦྱོང་གི་ཆེས་མཐོའི་སློབ་གྲྭ་ཆེན་མོའི་འགན་འཁུར་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་སྐྱེད་སྲིང་བྱེད་ཀྱི་ཡོད།དེ་སྔ་བོད་ལ་དེང་དུས་ཀྱི་སློབ་སྦྱོང་ལམ་སྲོལ་དར་མེད་པར་བརྟེན་དགོན་སྡེ་ཁག་ནི་ཆོས་ཕྱོགས་གཅིག་པུ་མ་ཡིན་པར་བོད་ཀྱི་རིག་གཞུང་སློབ་སྦྱོང་བྱེད་ཡུལ་གལ་ཆེན་པོ་ཞིག་ཡིན་ཞིང༌། སློབ་གཉེར་གྱི་མཐུན་རྐྱེན་དགོས་མཁོའི་ཆེད་དགོན་པས་འགྲོ་སོང་མང་པོ་ཞིག་གཏོང་དགོས་པ་དེའི་འབྱུང་ཁུངས་གཅིག་གཞུང་གིས་གནང་བའི་ཆོས་གཞིས་ཡིན་པ་དང༌། གཞན་ཡང་གཞུང་སྒེར་སྦྱིན་བདག་ཁག་ནས་བཞག་པའི་ཆོས་ཐེབས་མ་རྩའི་སྐྱེད་འབབ།མང་ཚོགས་ཀྱིས་བསྙེན་བཀུར་དད་འབུལ་ཞུས་པ་བཅས་རེད། གྲྭ་གྲངས་ལོ་རེ་བཞིན་འཕར་ཏེ་གཏོང་ཡོང་ཁ་མ་འདུམ་པའི་སྐབས་སུ་དགོན་པའི་དཔལ་འབྱོར་གྱི་ལས་ཀ་བྱེད་མཁན་ཚོས་ཚོང་འཁོས་ཀྱི་ཐབས་ཤེས་ཀྱང་བྱེད་ཀྱི་ཡོད་པ་རེད།

སྤྱིར་བཏང་ས་ཞིང་མང་པོ་ཞིག་གཞུང་རྒྱུགས་མི་སེར་རྣམས་ཀྱི་ལག་ཏུ་ཡོད་ཅིང༌།ཁོང་ཚོས་གཞུང་ལ་ཐད་ཀར་ཁྲལ་སྒྲུབ་འཇལ་ཞུ་དགོས།དེ་དག་གཞུང་གིས་མཛོད་ཁང་དུ་བསྡུ་འཇུག་གིས་དགོན་པ་ཁག་གི་ཆོས་ཕོགས་དང༌།ཡུལ་ལུང་འཛུགས་སྐྲུན། དམག་ཕོགས།ཐབ་རྟེན་མེད་པའི་གཞུང་ཞབས་ཀྱི་ཕོགས་སོགས་སུ་གཏོང་གི་ཡོད།ཡང་ཁྲལ་རིགས་གཅིག་ནི་རྐང་འགྲོའི་ཁྲལ་ཡིན་ཞིང༌། དེ་ནི་གཞུང་གི་ལས་བྱེད་ཕྱོགས་སྐྱོད་བྱེད་སྐབས་མི་དང་རྟ་ཁལ་གཏོང་དགོས་པ་ཡིན། གོང་གསལ་ཞིང་པ་རྣམས་ཀྱི་ལག་ཏུ་ཡོད་པའི་ས་ཞིང་དེ་དག་ནི་ཁོང་ཚོའི་མི་རབས་རྒྱུན་འཇགས་ཀྱི་ཕ་གཞིས་ཡིན་ཞིང༌། གལ་ཏེ་ས་ཞིང་གཞན་ལ་བོགས་མར་གཏོང་རྒྱུའི་འདོད་པ་ཡོད་ན་དེ་ལྟར་གཏོང་ཆོག་པའི་དབང་ཆ་ཁོང་ཚོར་ཡོད་པ་རེད།གང་ལྟར་ཞིང་པ་ཚོས་གཞུང་ལ་རྐང་འགྲོ་ལག་འདོན་གྱི་ཁྲལ་འཇལ་བ་དེ་ས་ཁྱོན་ལ་གཞིགས་ན་ཧ་ཅང་ཡང་པོ་ཡིན། གལ་ཏེ་ཁྲལ་ཡང་པོ་དེ་ཡང་སྒྲུབ་འཇལ་མི་བྱེད་པའི་གནས་ཚུལ་བྱུང་ན། གཞུང་གིས་ས་ཞིང་ཕྱིར་ལེན་བྱེད་ཆོགདེ་མིན་ས་ཞིང་ཞིང་པ་རང་ལ་བདག་པ་དང༌། རྐང་འགྲོ་ལག་འདོན་དེ་ཡང་ས་ཞིང་གི་ཁྲལ་ཡིན་པ་ལས་སྤྱིར་བཏང་ས་གླ་དང་ཁང་གླ་ལྟ་བུ་མིན།

བོད་ཀྱི་མི་འབོར་ནང་ནས་ཉུང་ངུ་ཞིག་བོགས་ཞིང་འདེབས་ལས་བྱེད་མཁན་ཡིན་པ་དེ་ཚོ་ཕལ་ཆེ་བ་དབུས་གཙང་ཁུལ་དུ་ཡོད།བོགས་ཞིང་གི་བདག་པོ་ནི་སྒེར་པ་དང་ཆོས་གཞིས་ཁག་ཡིན་ཞིང༌།བོགས་ལེན་པ་ཚོས་ཁོང་ཚོར་བོགས་འབབ་འབྲུ་རིགས་སྤྲོད་དགོས་པ་དང༌ །ཡང་ན་ཁོང་ཚོའི་ཞིང་ལས་སམ་དེ་མིན་གྱི་ལས་ཀ་གང་རུང་བྱེད་པར་མི་འགྲོ་དགོས་ཀྱི་ཡོད་པ་ཡིན།མི་དེ་ཚོའི་གྲས་ནས་ཁ་ཤས་གཞིས་ཀའི་སྡེ་པ་དང༌།གཉེར་པའི་ལས་གནས་སུ་སླེབས་ཐུབ་པ་བྱུང་ཡོད།ཁོང་ཚོར་རྒྱ་ནག་གཞུང་གིས་"མངའ་ཚབ་"ཅེས་ཟེར་གྱི་ཡོད་པ་རེད། བོགས་ལེན་པའི་ཁྱིམ་མི་རྣམས་ལ་ས་ཞིང་འདེབས་ལས།ཚོང་འཁོས།དེ་མིན་གྱི་ལས་རིགས་གཉེར་བ།ཆོས་ཞུགས་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད་པ་ཡིན། ས་ཆའི་བདག་པོ་ཚོས་བོགས་ལེན་པ་རྣམས་གང་བྱུང་ཁོང་ཚོའི་ས་ཁང་ནས་ཕྱིར་འབུད་བྱེད་ཆོག་གི་མེད་ཅིང༌།ཁོང་ཚོའི་གྲས་མང་པོ་ཞིག་རིམ་པས་དཔལ་འབྱོར་གང་འཚམས་ཕྱུག་པོར་གྱུར་ཡོད་པ་རེད།

མདོ་སྟོད་སྨད་ཀྱི་ས་ཁུལ་རྣམས་ནི་དེ་སྔ་ནས་ཚོ་ཤོག་གི་རྣམ་པར་གནས་ཡོད་པ་དེ་དག་གི་འཚོ་རྟེན་གཙོ་བོ་བོད་དབུས་དང་འདྲ་བར་ཞིང་འབྲོག་ལས་ཡིན་ཞིང༌། ཚོ་ཤོག་དེ་དག་གི་འཛིན་སྐྱོང་ཡུལ་ལུང་སོ་སོའི་བླ་མའམ།དཔོན་པོ།བླ་དཔོན་ཟུང་འབྲེལ་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བྱེད་ཀྱི་ཡོད་པ་རེད།འགོ་དཔོན་རྣམས་ཀྱི་ཡོང་ཁུངས་ཐད་ཕ་ཤུལ་བུ་འཛིན་ལམ་ལུགས་ཀྱི་ཤན་ཤུགས་ཆེ་ཞིང་ཁོང་ཚོའི་ཁྲོད་ནས་མང་པོ་ཞིག་ལ་དབུས་ཏེ།ལྷ་ས་ནས་ངོས་འཛིན་ཆོག་མཆན་སྤྲད་པའང་ཡོད་པ་རེད།ཆོས་སྡེ་སོ་སོའི་བླ་མ་ཆེ་ཁག་ལ་མཚོན་ན། ཡང་སྲིད་ངོས་འཛིན་བྱེད་སྒོ་ཁག་ཕལ་ཆེ་བ་དབུས་ནས་གནང་དགོས་པ་དང༌།ལྷག་པར་དུ་དགེ་ལུགས་པའི་བླ་ཆེན་ཡོངས་ཀྱི་སློབ་གཉེར་དང་འབྲེལ་བའི་མཐའ་མའི་ཤེས་ཚད་ལག་འཁྱེར་དེ་གདན་ས་ཆེན་པོ་གསུམ་ནས་འཐོབ་དགོས་པ་ལྟར། དབུས་ཀྱི་བླ་ཐོབ་ནི་བླ་སྤྲུལ་རྣམ་པའི་སྐུ་ཚེ་ཧྲིལ་པོའི་ནང་གི་ངོས་འཛིན་མཐོ་ཤོས་སུ་བརྩི་གི་ཡོད་པ་རེད།དགོན་སྡེ་སོ་སོའི་ལས་སྣེ་གཞན་དག་ཕལ་མོ་ཆེའི་ཡོངས་ཁུངས་ཀྱང་དེ་མཚུངས་ཡིན།མདོ་སྟོད་སྨད་ཀྱི་ས་ཁུལ་འདི་དག་ནང་དགོན་སྡེ་བཞི་སྟོང་ལ་ཉེ་བ་ཡོད་པ་དེ་ཚོར་གཏན་འཇགས་ཀྱི་མཆོད་གཞིས་རེ་ཡོད་ཅིང༌། གལ་སྲིད་ང་ཚོས་ས་ཁྲ་ཞིག་བྲིས་པ་ཡིན་ན།དགོན་སྡེ་དེ་དག་གི་མཆོད་གཞིས་སུ་མ་གཏོགས་པའི་ས་སྡེ་ཞིག་མེད་ཅེས་ཁ་ཚོན་བཅད་དེ་བརྗོད་ཆོག་པ་ཡིན།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་གཞུང་ཞབས་གཞུང་དོན་ཕྱོགས་སྐྱོད་བྱེད་སྐབས་ལམ་འཁེལ་མི་སེར་རྣམས་ལ་གླ་མེད་ཀྱི་རྟ་ཁལ་སྐུལ་འདེད་བྱེད་པ་དེ་དག་མི་ཆོག་པ་དང༌།སླད་ཕྱིན་རྟ་ཁལ་སྐུལ་འདེད་བྱེད་སྐབས་ཡུལ་ཐང་གླ་ཆ་སྤྲོད་དགོས་པའི་གཏན་འབེབས་གནང་ཡོད། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དེ་བས་དགོངས་པ་ཆེན་པོ་བཞེས་ཏེ་གཞུང་གི་ལམ་ཡིག་མེད་པར་རྟ་ཁལ་བསྐུལ་མི་ཆོག་པ་དང༌། རྟ་ཁལ་གྱི་གླ་ཆ་ཡང་ཡུལ་ཐང་བབས་བསྟུན་གྱིས་སྤར་ཆ་དགོས་པའི་བཀའ་ཁྱབ་གནང་ཡོད།

བོད་ནང་ལོ་མང་བསྡད་དེ་ལས་ཀ་བྱེད་མྱོང་བའི་ཕྱི་རྒྱལ་གྱི་མི་སྣ་ཅརླསི་བེལ་དང༌། ཧུའི་རིཅཀྲིསན། ཧནྲིག་ཧརར་སོགས་ཀྱིས་སྐབས་དེའི་བོད་མི་དཀྱུས་མའི་འཚོ་བའི་གནས་སྟངས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་མི་མང་གི་འཚོ་བའི་གནས་སྟངས་ལས་བཟང་བ་ཡོད་པའི་ཚོར་སྣང་བྱུང་བ་བརྗོད་ཡོད། བོད་ལ་རྒྱ་དམར་གཞུང་གི་བཙན་འཛུལ་མ་བྱུང་གོང་མི་མང་མུ་གེས་ལྟོགས་ཤི་ཐེབས་པའི་གནས་ཚུལ་ཐོས་རྒྱུ་མེད།སྐབས་རེ་ལོ་ཉེས་ཀྱི་གནས་ཚུལ་ཡོང་གི་ཡོད་ཀྱང༌། ཞིང་པ་རྣམས་ཀྱིས་གཞུང་གི་རྫོང་དང༌། དགོན་སྡེ། སྒེར་པའི་གཞིས་ཁགཞིང་པ་ཕྱུག་པོ་བཅས་ཀྱི་ས་ནས་བུ་ལོན་ལས་སླ་པོར་ལེན་ཐུབ་ཀྱི་ཡོད་པ་ཡིན།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཐུགས་འགན་བཞེས་མ་ཐག་བོད་ཀྱི་ས་ཞིང་ལམ་ལུགས་ཀྱིས་མཚོན་པའི་དེ་སྔའི་ལམ་སྲོལ་མང་པོ་ཞིག་ལ་བསྒྱུར་བཅོས་གནང་རྒྱུའི་དགོངས་པ་བཞེས་ཏེ་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཆེད་འཛུགས་གནང་ཡོད། འོན་ཀྱང་རྒྱ་དམར་གཞུང་ནས་དེས་ཁོང་ཚོའི་བཅོས་བསྒྱུར་གྱི་ལས་གཞིར་འགོག་རྐྱེན་བཟོས་དྭོགས་ཀྱིས་ྋགོང་ས་མཆོག་གི་དགོངས་གཞི་ལམ་དུ་བཏང་མེད་པ་རེད།འདི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་རྣམ་"ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང་"ནང་འཁོད་དོན། "ངས་བོད་ཀྱི་སྲིད་དབང་འཛིན་རྒྱུན་ལོ་ཉུང་ངུ་ཞིག་ ནང་རྒྱུ་ནོར་དབུལ་ཕྱུག་མ་སྙོམས་པ་ཆེན་པོ་ཡོད་པ་དེ་སྐོར་བསྒྱུར་བཅོས་འགའ་ཤས་བཏང་བ་ཡིན།སེར་སྐྱ་མི་གྲངས་ལྔ་བཅུ་སྐོར་ཡོད་པའི་བསྒྱུར་བཅོས་ཚོགས་པ་ཞིག་དང༌། རྒྱུན་ལས་ཚོགས་པ་ཆུང་བ་ཞིག་བཙུགས་ཏེ་ཚོགས་པ་ཆུང་བ་དེས་གང་དང་གང་ལ་བསྒྱུར་བཅོས་བྱེད་དགོས་པ་བརྟག་ཞིབ་དང༌། བསྒྱུར་བཅོས་བྱེད་ཕྱོགས་ཀྱི་འཆར་གཞི་བཀོད་ནས་ཚོགས་ཆེན་དེ་བརྒྱུད་ཕྲན་ལ་སྤྲོད་རྒྱུའི་ལས་དོན་བྱས་པ་རེད་"ཅེས་གསལ་འདུག

ཕྱི་ལོ་༡༩༥༩ལོར་ྋགོང་ས་ྋཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་རང་དབང་ལུང་པར་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཐག་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་འཛིན་བྱེས་འཁོད་བཙན་བྱོལ་བོད་གཞུང་འདི་སྒྲིག་འཛུགས་དང་འབྲེལ་མང་གཙོའི་བཅོས་བསྒྱུར་གྱི་ལས་གཞི་མང་པོ་ཞིག་འགོ་འཛུགས་གནང་ཡོད།དེ་ཡང་ཐོག་མར་ཕྱི་ལོ་༡༩༦༠ལོར་མི་མང་གིས་སྤྱི་འཐུས་འོས་འདེམས་བྱེད་པའི་ལམ་སྲོལ་གཏོད་པ་དང༌།བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་ཡོད།ཕྱི་ལོ་༡༩༦༣ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་ཡོངས་བསྒྲགས་གནང་བ་དེའི་ནང༌།ཎརྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་རྒྱལ་ཡོངས་ཚོགས་ཆེན་ནས་འཐུས་མི་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་ཐོག་ཁྲིམས་ཁང་མཐོ་ཤོས་ལ་གོ་བསྡུར་དང་འབྲེལ་ྋཀགོང་ས་ྋཀསྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ནས་ཕྱག་ལེན་བསྟར་རྒྱུ་"ཞེས་འཁོད་ཡོད་པའི་དོན་ཚན་འདི་སྐབས་དེར་མི་མང་ནས་ཁས་ལེན་ཞུས་མེད་ནའང༌།ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཨུ་ནན་ཆེན་པོས་འགོད་འཇུག་གནང་ཡོད་པ་རེད།

ཕྱི་ལོ་༡༩༩༠ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མིའི་གྲངས་འབོར་དང༌།དབང་ཆ་བཅས་ལ་བསྒྱུར་བཅོས་གནང་སྟེ་དེ་སྔའི་སྤྱི་འཐུས་མི་གྲངས་༡༢ནས་མི་གྲངས་༤༦བར་མང་དུ་གཏོང་གནང་བ་དང༌།བཀའ་བློན་རྣམས་ཀྱང་སྔར་བཞིན་ྋགོང་ས་མཆོག་གིས་ཐད་བསྐོས་མ་ཡིན་པར།སྤྱི་འཐུས་རྣམས་ལ་འོས་འདེམས་བྱ་རྒྱུའི་དབང་ཆ་གནང་ཡོད།དེ་བཞིན་ཕྱི་ལོ་༡༩༩༢ལོར་གཞུང་གི་ལས་ཀ་བྱེད་སྟངས་མ་འགྲིགས་པ་ཡོད་ན་དེ་ལ་མི་མང་ནས་ཁྲིམས་གཏུགས་བྱེད་ཆོག་པ་དང༌།ཁྲིམས་གཏུགས་བྱེད་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་ཡོད།དེས་མ་ཚད་སྤྱི་འཐུས་གྲོས་ཚོགས་ལ་དགོངས་འཆར་བཀའ་སློབ་སྩལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་ཀྱིས་ཕྱི་ལོ་༢༠༠༡ལོར་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མི་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་གཏོད་པ་ནས་བཟུང་ད་བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་བསྡུའི་ལམ་ནས་ཐེངས་གཉིས་བསྐོ་གཞག་བྱས་ཟིན་ཡོད་པ་རེད།

འདས་པའི་ལོ་དུས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་གསོན་ཤུགས་ལྡན་ལ་འཁྲུག་ཆ་ཤིན་ཏུ་དོད་པོའི་ཞི་བའི་སྤྱི་ཚོགས་ཤིག་འཚར་སྐྱེད་བྱུང་ཡོད་པ་དེར་འབོད་སྒྲ་དང༌།ཕུགས་དམིགས་བཅས་ཁྱད་པར་བའི་རང་བཞིན་ལྡན་ཡོད་ཅིང༌།བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སྟེ།བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌།བུད་མེད་ལྷན་ཚོགས།རྒྱལ་ཡོངས་མང་གཙོ་ཚོགས་པ།དགུ་བཅུ་གསུམ་ལས་འགུལ་ཚོགས་པ།འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་དང༌།གཞན་ཡང་ཤེས་ཡོན་དང༌།འཕྲོད་བསྟེན།རིག་གཞུང༌།ཁོར་ཡུག་སོགས་ཀྱི་ཚོགས་པ་མང་པོ་ཞིག་སྒྲིག་འཛུགས་བྱེད་ཐུབ་པ་འདིས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་རྩ་བ་དེ་བས་བརྟན་པོ་ཚུགས་ཡོད་པར་མ་ཟད།ཚོགས་པ་དེ་དག་ནི་འབྱུང་འགྱུར་བོད་མིའི་འགོ་ཁྲིད་མི་སྣ་གསོ་སྐྱོང་སྐྱེད་སྲིང་བྱེད་ཡུལ་གྱི་བབས་སྟེགས་གལ་ཆེ་ཞིག་ཏུའང་གྱུར་ཡོད་པ་རེད།བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཇི་ཙམ་གུ་ཡངས་ལྡན་པ་ཞིག་ཡིན་མིན་ནི་དེ་སྔ་ལོ་རབས་༧༠སྨད་མཇུག་ཏུ་བཙན་བྱོལ་བོད་མིའི་དམར་ཤོག་ཚོགས་པ་ཞིག་བཙུགས་ཡོད་པའི་དངོས་དོན་ནས་ཤེས་རྟོགས་ཐུབ་ངེས་ཡིན།

ཕྱི་ལོ་༡༩༩༢ལཱུའི་ཟླ་༢པར་ྋཀགོང་ས་ྋཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌།རྩ་ཁྲིམས་སྙིང་དོན་གསལ་བསྒྲགས་གནང་ཡོད།དེའི་ནང་ཎམ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང༌།ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་"ཞེས་གསལ་པོ་འགོད་པ་གནང་ཡོད་པར་མ་ཟད།མ་འོངས་པའི་བོད་ཀྱི་གཞུང་དེ་བོད་མིས་འདེམས་བསྐོ་བྱས་པ་ཞིག་ཡིན་དགོས་ཞེས་བཀའ་གནང་ཡོད་པ་རེད།

རྡོ་དོན་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ཇི་ཡིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསལ་པོ་བཟོས་གནང་ཡོད་པ་སྟེ།གང་ཉིད་ནས་ཕྱི་ལོ་༢༠༠༣ཟླ་༣ཚེས་༡༠ཉིན་ཡོངས་ཁྱབ་ཏུ་སྩལ་བའི་གསུམ་བཅུའི་གསུང་འཕྲིན་ནང༌། "བོད་མིའི་རང་དབང་འཐབ་རྩོད་འདི་ངོས་རང་སྒེར་གྱི་གོ་གནས་སམ།བདེ་སྡུག་གི་སྐོར་མིན་པ་ངོས་འཛིན་ཐུབ་པ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན།ལོ་བརྒྱ་ཕྲག་ཁ་ཤས་སོང་བའི་ྋཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་ལམ་སྲོལ་འདི་ཡང་མུ་མཐུད་དེ་གནས་དང་མི་གནས་བོད་མི་མང་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་ངོས་ཀྱིས་དེ་སྔོན་ཕྱི་ལོ་༡༩༦༩ལོར་གསལ་པོ་བཟོས་ཡོད།ཕྱི་ལོ་༡༩༩༢ལོར་ངོས་ནས་གཞུང་འབྲེལ་གསལ་བསྒྲགས་ཤིག་གི་ནང༌།ནམ་ཞིག་ང་ཚོར་རང་དབང་གང་འཚམས་སོན་ནས་བོད་ལ་ལོག་རྒྱུ་བྱུང་བ་ཡིན་ན།ངོས་ཀྱིས་བོད་གཞུང་གི་ནང་གོ་གནས་གང་ཡང་ལེན་རྒྱུ་མིན་ལ།དེ་བཞིན་ཆབ་སྲིད་ཀྱི་གོ་གནས་གཞན་གང་ཡང་ལེན་རྒྱུ་མིན་ཞེས་གསལ་པོར་བརྗོད་ཡོད།འོན་ཀྱང་ངོས་ནས་ཡང་ཡང་བརྗོད་བཞིན་པ་ལྟར།ངོས་རང་ཇི་སྲིད་འཚོ་བའི་བར་དུ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་དང༌།ཆོས་ལུགས་ནང་ཁུལ་གྱི་མཐུན་འབྲེལ་བཅས་གོང་ནས་གོང་དུ་སྤེལ་རྒྱུར་ཞབས་འདེགས་ཞུ་རྒྱུའི་འདུན་པ་རྩེ་གཅིག་ཡོད།ཕྱོགས་མཚུངས་དེ་དུས་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ་དང༌།བོད་ཀྱི་གཞུང་གསར་པའི་འཛིན་སྐྱོང་གི་འགན་ཁུར་གཙོ་བོ་གཞིས་ལུས་བོད་མི་ཚོས་ངེས་པར་དུ་འཁྱེར་དགོས་ཞེས་ཁྱབ་བསྒྲགས་ཀྱང་བྱས་ཡོད།མ་འོངས་པའི་བོད་འདི་ཆོས་ལུགས་རིས་མེད་དང༌།མང་གཙོའི་ལམ་ལུགས་ཅན་ཞིག་དགོས་པར་ངོས་ནས་རྒྱུན་ཏུ་ཡིད་ཆེས་བྱེད་ཀྱི་ཡོད།དེར་བརྟེན་ང་ཚོའི་འཐབ་རྩོད་འདི་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལམ་སྲོལ་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་སྐྱོན་འཛུགས་བྱེད་པ་ནི་མངོན་སུམ་ལ་བསྙོན་པ་རེད།བོད་ནང་དང༌།དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྲོད་དུ་བོད་ཀྱི་ལམ་ལུགས་རྙིང་པ་དུས་ཚོད་ལས་ཡོལ་ཟིན་པས།དེ་དག་བསྐྱར་གསོ་བྱ་འདུན་སུ་ལའང་མེད་ཅིང༌།དེ་ལས་ལྡོག་སྟེ་ང་ཚོ་ཐོག་མར་བཙན་བྱོལ་དུ་སླེབས་མ་ཐག་པ་ནས་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཅན་དུ་འགྱུར་འགོ་བཙུགས་པ་ནས་བཟུང༌།ཕྱི་ལོ་༢༠༠༡ལོར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བར་མང་གཙོའི་འཕེལ་རིམ་མཐར་སོན་པ་བྱུང་ཡོད།སླད་མར་ཡང་ང་ཚོས་བོད་མི་མང་ཚོགས་ཀྱི་ཁྲོད་དུ་མང་གཙོའི་ལམ་སྲོལ་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུར་མུ་མཐུད་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་ཡིན་ཎཞེས་བཀའ་གནང་ཡོད་པ་རེད།།

   

ཤོག་ངོས། 3 ནས། 3