བདེན་རྫུན་གསལ་བའི་ཉི་གཞོན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། ཐོག་མའི་གླེང་བརྗོད། ༄༅། །ལྷ་དང་བཅས་པའི་འགྲོ་བའི་འདྲེན་མཆོག འཛམ་གླིང་ཞི་བདེའི་དེད་དཔོན། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་སྒོས་བསྟན་འགྲོའི་སྲོག་ཤིང་དམ་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱིས་དབུས་མཐའ་ཀླས་བསྟན་འགྲོའི་མཛད་བཟང་མཐའ་དག་མཁའ་མཐར་ཁྱབ་སྟེ་ཁམས་གསུམ་སྐྱེ་དགུའི་གསོས་སུ་སྨིན་པ་དང༌། ངོ་མཚར་དང་གཟི་བརྗིད་ཤིན་ཏུ་ཆེ་བའི་གངས་ཅན་བོད་ཀྱི་ཆབ་སྲིད་ལམ་ལུགས་ཡང་དག་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་ཞིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་མཐའ་གཅིག་ཏུ་འཚེ་མེད་ཞི་ལམ་ཉག་གཅིག་ཏུ་སྣེ་འཁྲིད་མཛད་པས་བོད་དོན་བདེན་པའི་འཐབ་རྩོད་རྒྱལ་སྤྱི་ཅན་དུ་ཁ་ཕྱོགས་པ་དང༌། བོད་རྒྱའི་དཀའ་རྙོག་ཀྱང་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་སེལ་ཐབས་སུ་གུ་བཤངས་བསྟུན་མཁས་ཀྱི་བཞེངས་ཕྱོགས་མཐའ་འཁྱོངས་མཛད་པའི་རླབས་ཆེན་གྱི་མཛད་འཕྲིན་དག་དང༌། དེ་བཞིན་ནང་ཆོས་དང་དེང་རབས་ཚན་རིག་བར་གྱི་འབྲེལ་ལམ་གསར་གཏོད་དང༌། ཁྱད་དུ་འཕགས་པའི་ཀུན་ཁྱབ་སེམས་འཁུར་གྱི་ལམ་སྟོན་གདམས་ངག གཞན་ཡང་སྔོན་བྱོན་སྟོན་མཆོག་པཎ་གྲུབ་རྣམས་ཀྱིས་མ་གསུངས་པའི་ཆོས་དང་མ་འབྲེལ་བའི་མི་གཤིས་ཀྱི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཀྱི་མཛད་བཟང་སོགས་དང༌། ལྷག་པར་འཛམ་གླིང་སྐྱེ་འགྲོའི་བདེ་ཐབས་སླད་རླབས་དང་གཟི་བརྗིད་ཆེ་ཞིང་རྨད་དུ་བྱུང་བའི་མཛད་འཕྲིན་རྒྱ་ཆེ་ལ་གཏིང་ཟབ་པ་དང༌། མཐའ་ཡས་ལ་མུ་མེད་པ། རྣམ་གྲངས་ཤིན་ཏུ་མང་བ་མ་ཟད། ཡང་སྒོས་འཛམ་གླིང་ས་ཡི་དཀྱིལ་འཁོར་ཕལ་མོ་ཆེར་དངོས་སུ་ཞབས་ཀྱིས་བཅགས་ཤིང༌། བགྲང་ཡས་འགྲོ་བའི་ཁམས་མོས་དང་འཚམས་པའི་ཟབ་གསལ་གསུང་གི་བདུད་རྩི་འཛད་མེད་བསྩལ་ཏེ་འགྲོ་ཀུན་མཉེས་བཞིན་རྗེས་སུ་འཛིན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང༌། མིའི་རིགས་ཀྱི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་དོན་ཆེན་སླད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་འཛམ་གླིང་གི་བྱུང་རབས་དེབ་ཐེར་ཐོག་གསེར་གྱི་ཡིག་འབྲུར་འབུར་དོད་དུ་འཁོད་ངེས་ཡིན་པ་ཚང་མས་ཡིད་ཆེས་ཆ་འཛིན་བྱེད་བཞིན་པ་དང་གཅིག

དེ་དང་ཕྱོགས་མཚུངས་རབ་དང་ཕུལ་དང་རྨད་དུ་བྱུང་བའི་མཛད་འཕྲིན་དེ་དག་གི་དབང་ལས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་འདིའི་སྟེང་གི་མིའི་རིགས་ཀྱི་མཆོག་གྱུར་བསམ་པའི་གཙོ་འཛིན་འཁྲུལ་མེད་ཅིག་དང༌། ངེས་པ་དོན་གྱི་བྱམས་བརྩེའི་གོ་ཆ་ལྡན་པའི་འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོར་གྱུར་ཞིང༌། མགོན་པོ་གང་ཉིད་ཀྱི་འགྲན་ཟླ་དང་བྲལ་བའི་མཁྱེན་དཔྱོད་དང༌། ཀུན་གྱིས་མིག་དཔེར་འོས་པའི་བཟང་པོའི་མི་གཤིས་ཀྱི་ཀུན་སྤྱོད་སོགས་ལས་འཛམ་གླིང་གི་ཤར་ནུབ་སྟོབས་ཆེན་རྒྱལ་ཁབ་ཕལ་མོ་ཆེའི་ཆེ་དགུའི་གཙུག་ནོར་དང༌། བླ་ན་མེད་པའི་དབུ་ཁྲིད་ཀྱི་སྲོག་ཤིང་དུ་གྱུར་བས་གོ་ལ་འདིའི་ཕུལ་བྱུང་དབུ་ཁྲིད་ཀྱི་མི་སྣ་གཅིག་པུར་འདེམས་ཐོན་བྱུང་སྟེ་སྙན་གྲགས་ཅན་གྱི་འཛམ་གླིང་རང་བཞིན་གྱི་སྤྱི་ནོར་གཅིག་པུར་གྱུར་ཏེ་ཀུན་གྱིས་འགྱུར་མེད་ཀྱི་ཡིད་ཆེས་དང༌། ཚད་མཐོའི་གདེང་འཇོག མི་ཕྱེད་པའི་དད་མོས། བླ་ན་མེད་པའི་གུས་བརྩི་ཐོབ་ནས་གཟི་བརྗིད་ཀྱི་མཚན་སྙན་ཕྱོགས་ཀྱི་བུ་མོའི་མཐའ་གྲུར་ཁྱབ་པ་དང་གཉིས།

                ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང༌། ལྷད་མེད་པའི་བཟང་པོའི་མི་གཤིས། དྭངས་གཙང་གི་ཀུན་སྤྱོད། ཕུལ་བྱུང་རྩེར་སོན་གྱི་མཁྱེན་དཔྱོད། བདེན་དོན་ཞུམ་མེད་ཀྱི་སྙིང་སྟོབས། ཀུན་ཁྱབ་སེམས་འཁུར་གྱི་མཛད་བཟང་བཅས་ལ་ལོ་རྒྱུས་རང་བཞིན་གྱི་ཡིད་ཆེས་དང་གདེང་འཇོག་ཐོབ་སྟེ་འཛམ་གླིང་འདིའི་ཐོག་སྔར་མེད་ཀྱི་ཟིན་ཐོ་གསར་པ་ཞིག་བཏོད་པས་དྲང་བདེན་ལ་དགའ་ཞིང༌། རང་དབང་དང་མང་གཙོར་མོས་པའི་མི་དམངས་སོགས་བདེན་པའི་རྒྱབ་ལངས་བྱེད་མཁན་ཡང་ཆར་རྗེས་ཀྱི་མྱུ་གུ་ལྟར་འཕེལ་བཞིན་པ་དང་གསུམ། དེ་ལྟ་བུའི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཅོས་མའི་སྲིད་བྱུས་ཀྱི་རྫུན་རྐུབ་ཡོངས་སུ་བརྡོལ་ཏེ་ཕམ་ཉེས་གཅིག་མཇུག་གཉིས་མཐུད་དུ་བྱུང་བས། གཡོ་སྒྱུ་ཁྲམ་གསུམ་དང་སྐྱག་རྫུན་གཅིག་ཐོག་གཉིས་བརྩེགས་མི་ཤོད་ཐབས་མེད་ཀྱིས་འུ་ཐུག་ཐབས་ཟད་ཀྱི་ཡ་ངའི་གནས་སུ་ལྷུང་ཡོད།

                བློ་གྲོས་ཀྱི་མིག་གཉིས་མ་རིག་ལིང་ཏོག་གིས་བསྒྲིབས་ཤིང༌། མིག་ཟུང་རྐང་རྩེ་ལ་གཏད་པའི་ཀླད་མེད་རྒྱའི་དབང་འཛིན་པ་རྣམས་དང༌། གཞུང་བཟང་གི་ར་བ་ལས་ཆེས་ཆེར་བརྒལ་ཏེ་ཆོ་མེད་ལོང་གཏམ་དུ་མས་རང་མཚང་གཞན་ལ་སྟོན་པའི་ཀླད་སྟོང་གི་སྨྱོན་པ་ཡེ་རྡོར་དང༌། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་རྩོམ་སྒྲིག་པ་སོགས་རྒྱའི་སྲིད་དབང་སྒེར་འཛིན་པའི་བྲན་གཡོག་ཏུ་གྱུར་ནས་རྩོམ་པ་པོ་ཞིག་དང་དཔྱད་གཏམ་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང༌། འཁུར་དགོས་པའི་འོས་འགན། འཛིན་དགོས་པའི་རང་ཚུགས་ཐམས་ཅད་ཡོངས་སུ་དོར་ཏེ། ཐ་ན་མི་ཞིག་ལ་ལྡན་དགོས་པའི་ངོ་ཚ་ཁྲེལ་གཞུང་དང༌། གཞི་རིམ་གྱི་ཡ་རབས་བཟང་སྤྱོད་ཙམ་ཡང་མི་ལྡན་ཁར། ཁུངས་མེད་གཏམ་འཆལ་གང་འདོད་དུ་སྨྲ་བའི་མཁས་རློམ་གྱི་ང་རྒྱལ་དང༌། དབྱེན་དང་ཕྲ་མའི་ཚིག་རྩུབ་འཕེན་པའི་ཞེ་སྡང༌། གྲགས་དཀར་བ་དན་གཡོ་བའི་མཁས་པ་རྣམས་ལ་མི་མཐུན་ཀླན་ཀ་འཚོལ་བའི་ཕྲག་དོག དྲང་བདེན་རྒྱབ་ཏུ་བསྐྱུར་ནས་གོ་མིང་དང་དངུལ་དངོས་ལ་རྔམ་པའི་ཆགས་ཞེན། རང་ཕྱོགས་སྐྱོན་དུ་རྟོགས་ཀྱང་སྦས་སྐུང་དང༌། གཞན་ཕྱོགས་ཡོན་ཏན་དུ་མཐོང་ཡང་འཕྱ་དམོད་བྱེད་པའི་ཕྱོགས་རིས་སོགས་ཉོན་མོངས་དུག་ལྔས་རྒྱུད་ཡོངས་སུ་དཀྲུགས་ནས་སྣང་བ་གང་དྲན་དང༌། ཁ་ནས་གང་ཐོན་སྨྱོན་པའི་འཆོལ་ལབ་ལྟ་བུ་མང་དུ་བརྗོད་པ་དག་ལ་བདེན་དོན་གྱི་གནས་ལུགས་དང༌། ལུང་གི་རྒྱབ་བརྟེན། རིགས་པའི་སྒྲུབ་བྱེད། ཁུངས་བཙན་གྱི་དཔང་རྟགས། མ་བཅོས་པའི་དྲང་གཏམ་ཚིག་གཅིག་ཀྱང་མེད་པར་མི་བདེན་རྫུན་སྒྲིག་གི་འཁྱོག་བརྗོད་རིམ་པར་སྤེལ་བའི་རྩོམ་འཆལ་སེའུ་བཅུ་པའི་ངག་དང་འདྲ་བའི་ནང༌། ཐོག་མཐའ་བར་གསུམ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་ལ་མཐོང་ཆུང་ཁྱད་གསོད་དང༌། གཞི་མེད་སྒྲོ་སྐུར། དོན་མེད་བསྙད་བསྐོ། ནག་མེད་ཉེས་འགེལ། ཁུངས་མེད་ཀྱི་འཁྱོག་བཤད། དཀར་ནག་གོ་ལྡོག་གིས་ངན་བཤད་སྙོན་འཛུགས་དང༌། དམའ་འབེབས་དང་ཚིག་མཚོན་འདེབས་པ་སོགས་རྫུན་གྱི་ཕུང་པོ་དེར་གནས་ལུགས་རྒྱུ་མཚན་དང་བྲལ་ཞིང༌། ཟེར་རྒྱུས་ཕོངས་པའི་ཅ་ཅོའི་འཆལ་གཏམ་འབའ་ཞིག་ཡིན་པས། དེ་རིགས་ལ་རྡོ་དང་དབྱུག་པའི་དགག་བཞག་བྱེད་དགོས་དོན་མེད་མོད། འོན་ཀྱང་མི་སྨྱོན་པར་ཁ་བརྡ་བྱེད་པ་ནི་སྨྱོན་པ་ཡིན་ཟེར་བའི་གནའ་གཏམ་གྱི་གཏན་ཚིགས་ལས་བརྒལ་ཏེ་མི་སྨྱོན་པ་འདིའི་རིགས་ལ་ཁ་བརྡ་ཐུང་ཙམ་མི་བྱེད་ཐབས་མེད་དུ་གྱུར་པ་སྟེ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་མི་དེ་ཚོ་ནི་མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་རྔམ་ནག་བཞིན་གྱི་གཉེར་མ་མི་སངས་པ་ཤ་སྟག་ཏུ་སོང༌། ཁོ་ཚོར་གནས་ལུགས་འགྲེལ་བརྗོད་བྱེད་དཀའ་ལ། བྱེད་རིན་མེད་པ་ཞིག་ཡིན་ནའང་རང་འདོད་དུ་འདི་ལྟ་བུའི་ལོག་བཤད་ཀྱི་འཆལ་གཏམ་སྣ་ཚོགས་སྤེལ་དུ་བཅུག་ན་ངན་པ་རྒྱ་ཡན་འགྲོ་ཉེན་དུ་མཐོང་ནས། ཉེས་པ་ཅན་ལ་ཆད་པ་དང༌། བུག་པ་ཅན་ལ་ལྷན་པའི་དཔེ་ལྟར་དྲང་བདེན་གྱི་པིར་རྩལ་འཕྱར་ནས་ཁ་བརྡ་དང༌། ལུང་རིགས་སེངྒེའི་སྒྲ་ཡིས་ལོག་པར་སྨྲ་བའི་ཝ་སྐྱེས་ཀྱི་སྨྲ་བ་ངན་པ་ཐམས་ཅད་ཚར་གཅོད་པ་ལ་སྤྲོ་བ་བརྟས་སོ།།

                དེ་ཡང་རྒྱ་ནག་དམར་གཞུང་ནས་བོད་ལྗོངས་ཉིན་རེའི་ཚགས་པར་དང༌། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་གཙོ་བོར་གྱུར་པའི་བརྒྱུད་ལམ་འདྲ་མིན་སྟེང་མི་བདེན་རྫུན་སྒྲིག་གི་དྲིལ་བསྒྲགས་ཤུགས་ཆེར་བྱས་ཏེ་ཧམ་པ་རི་ཙམ་མ་བཤད་ན། བདེན་པ་གཡག་ཙམ་མི་ཐོབ་པའི་དཔེ་ལྟར་རྫུན་གཅིག་ཐེངས་བརྒྱ་བཤད་ན་བདེན་དོན་དུ་འགྱུར་རེ་བྱེད་པའི་རྒྱའི་ཐབས་ཇུས་ཀྱི་རེ་ངན་ཁོག་ཏུ་བཅངས་ནས་སྔོན་བྱུང་གི་ལོ་རྒྱུས་དང༌། དོན་དངོས་ཀྱི་བདེན་དོན་ཐམས་ཅད་ཤུལ་མེད་ནག་བསུབ་ཏུ་གཏོང་ཐབས་ལ་བརྩོན་བཞིན་པ་རྣམས་སྣང་མེད་རང་དགར་འཇོག་རྒྱུ་འོས་སུ་མ་མཆིས་ཁར། རྨོངས་གཉིད་ལས་མ་བསད་ཅིང༌། མགོ་འཁོར་གཡམ་རྒྱུག་གི་འོག་ནས་དྲིལ་བསྒྲགས་དང་དཔུང་ཤུགས་ཀྱི་བཙན་གྱི་ཡོལ་བ་ནག་པོས་དོན་དངོས་ཀྱི་བཞིན་རས་སྒྲིབ་ཉེན་དུ་མཐོང་ནས་ཁུངས་མེད་ལོག་བཤད་དག་ལ་དགག་པ་ཚ་ནན་བྱ་དགོས་བྱུང༌།

                དེ་ཡང་དཔྱད་གཏམ་པས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་འཐེར་འདོན་བྱེད་པའི་རིམ་སྤེལ་དཔྱད་གཏམ་ཅེས་རྩོམ་འཆལ་ལེའུ་བཅུ་ལས། ལེའུ་དང་པོ། ཆོས་གོས་གྱོན་ནས་གདུག་རྩུབ་ཆེན་པོས་མི་དམངས་ལ་བཤུ་གཞོག་གཏོང་མཁན་གྱི་ཞིང་བྲན་བདག་པོ་དང༌། གཉིས་པ། ཆོས་གོས་གྱོན་ནས་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་མཁན་ཆབ་སྲིད་ཀྱི་ཡུལ་གྱར་བ། གསུམ་པ། རྫུན་གཏམ་བཤད་ནས་ཚུལ་ཁྲིམས་འཆལ་བ་རབ་བྱུང་བ་ཞིག་ག་ལ་ཡིན། བཞི་པ། ཉོན་མོངས་དུག་གསུམ་ཚང་བ་ནི་ཚད་ལྡན་གྱི་དགེ་སློང་ཞིག་ག་ལ་ཡིན། ལྔ་པ། འདུལ་ཁྲིམས་མི་སྲུང་བ་ནི་ནང་པའི་ཆོས་པ་ངོ་མ་ཞིག་ག་ལ་ཡིན། དྲུག་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་རང་སྣང་གང་ཤར་གྱིས་གཏོར་བཤིག་གཏོང་བ། བདུན་པ། ལུང་ལོག་ལྟ་ཅན་དང་ངན་འབྲེལ་བྱས་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་གཤོམ་པ། བརྒྱད་པ། ངན་སེམས་ཁོག་བཅངས་ཀྱིས་ནང་བསྟན་གྱི་འགྲོ་བ་བཏང་སྙོམས་ཀྱི་བསྟན་དོན་ལས་འགལ་བ། དགུ་པ༑ ནུབ་ཕྱོགས་ཀྱི་གྲོང་མི་གཟི་བརྗིད་ཅན་ཟེར་བ་དེའི་རྒྱབ་ཀྱི་སྲིད་འཚོང་པའི་གདོང་རིས། བཅུ་པ། དབང་པོའི་སྒོ་དྲུག་མི་གཙང་བ་མ་ཟད་འཇིག་རྟེན་པར་ཞེན་ཆགས་པས་སངས་རྒྱས་མི་ཐུབ། ཅེས་འཁོད་པའི་ཁ་བྱང་འོག་ལེའུ་བཅུར་བསྡུས་ནས་རྩོམ་འཆལ་སྤེལ་བ་ནི་ཕོ་བ་བཏུམས་ཀྱང་འཕོངས་མི་ཁེབས་པའི་ལྭ་བ་ཞིག་དང་ཀུན་ནས་མཚུངས་པའི་དགག་ལན་དུ་ལེའུ་དང་པོ༑ རྒྱ་ནག་དམར་གཞུང་དང་དམ་སྲི་དོལ་རྒྱལ། གཉིས་པ། ཆོས་དུག་ཏུ་བརྩི་མཁན་གྱིས་ནང་ཆོས་གླེང་བ། གསུམ་པ། ཆོས་མེད་སྨྲ་བས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས། བཞི་པ། ལོ་རྒྱུས་ཐོག་བོད་རྒྱ་མ་འདྲེས་ཐ་དད་ཀྱི་དཔང་རྟགས། ལྔ་པ། གནམ་སྐེ་ལ་གྱོན་ཞིང་སྤྲིན་པས་ཨོག་སྒྲོག་བརྒྱབས་པའི་དམར་པོའི་སྲིད་གཞུང༌། དྲུག་པ། འཕགས་བོད་བུ་སློབ་དང༌། རྒྱ་བོད་དགེ་ཕྲུག་རྒན་གཞོན། བདུན་པ། འཛམ་གླིང་གི་སྤྱི་ནོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ། བརྒྱད་པ། བདེན་དོན་ལ་འོས་པའི་གཟེངས་རྟགས་དང༌། ཟབ་གསལ་གསུང་གི་བྱིན་རླབས། དགུ་པ། གཡོ་སྒྱུ་ཁྲམ་གསུམ་གྱི་བདག་པོ་རྒྱ་ནག་དམར་གཞུང༌། བཅུ་པ། ༣།༡༠ དཔའ་བོའི་འོས་ལངས་ཆེན་མོའི་བྱུང་བ་བཅས། ལྕགས་ལ་ལྕགས་ཀྱི་ལྷན་པ་དང༌། ཟངས་ལ་ཟངས་ཀྱི་ལྷན་པའི་ཚུལ་དུ་དགག་ལན་ལེའུ་བཅུའི་བདག་ཉིད་འདི་ཉིད་སྤེལ་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བྲིས་པའི་ཏཱ་ལའི་བླ་མའི་བཞིན་སྣོད་ཅེས་པ་དེ་ཡང་ད་ལན་ཁ་སྐོང་གི་ཚུལ་དུ་འགོད་འཇུག་ཞུས་ཤིང༌། འཛམ་གླིང་ཐོག་གཟུར་གནས་ཀུན་གྱིས་ཀྱང་དམོད་པའི་མཆིལ་མའི་ཚོགས་ཀྱང་རྒྱ་མི་གུང་ཁྲན་གྱི་མགོ་ཐོག་ཏུ་མི་འདོད་བཞིན་དུ་འབབ་བཞིན་པ་འདི་ལྟར་ཡིན།

                རྩོམ་འཆལ་དེ་དག་གི་ནང་དོན་ནི་དེ་སྔོན་ཡེ་རྡོར་མིང་ཅན་གྱིས་སྤེལ་བའི་རྩོམ་འཆལ་རྣམས་དང་ཕྱོགས་ཡོངས་ནས་གཅིག་མཚུངས་སུ་སྣང་བས། རྒྱ་ནག་ནང་ཁྲིམས་ཀྱི་སྒང་ན་མེ་མདའ་ཡོད། མེ་མདའི་སྒང་ན་ཏང་ཡོད་ཅེས་པ་ལྟར་དཔྱད་གཏམ་པའི་སྨྱུག་ཁ་མེ་མདས་བཙན་ཁ་བསྒྱུར་བའི་འོག་ནས་བོད་ལུས་རྒྱ་ཁོག་ཅན་རེ་ཟུང་ནས་ཝ་སྐྱེས་རྒྱལ་པོར་བསྐོས་པའི་ངང་ཚུལ་གྱིས་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ཡིན་པ་ལས། སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། རྩོམ་འབྲིའི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གང་ཡང་མེད་པའི་ཡ་ང་བའི་གནས་སྟངས་ཀྱི་འོག་ནས་བྲིས་པའི་རྩོམ་འཆལ་དེ་དག་ལ་དྲང་བདེན་དང་རང་ཚུགས་ཅི་ཙམ་ཡོད་མེད་ཀུན་གྱིས་ཤེས་གསལ་ཡིན་ལ། སྤྱིར་གཞུང་སྒེར་སུ་ཞིག་ལ་སྐྱོན་བརྗོད་གང་ཞིག་བྱས་ཀྱང་དེར་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས་ལ། སྐྱོན་བརྗོད་བྱེད་སྐབས་སུའང་ཁུངས་ལུང་འཕེར་ཞིང༌། གོ་རིམ་ལྡན་པའི་ལུང་གི་རྒྱབ་བརྟེན་དང༌། རིགས་པའི་སྒྲུབ་བྱེད་རྣལ་མ་ཞིག་ངེས་པར་དུ་འཛིན་དགོས་པ་ནི་མཁས་པའི་བཞེད་སྲོལ་ཡིན་ནའང༌། དཔྱད་གཏམ་པས་དམིགས་ཡུལ་དང་འཚམས་པའི་ལོ་རྒྱུས་དང༌། ལོ་ཚིགས། བྱུང་རིམ་སོགས་དོན་དངོས་ལས་ལྡོག་པའི་འཁྱོག་བཤད་བྱེད་བཞིན་ཡོད་པས། སྐྱེ་བོ་སུ་ཞིག་གིས་ཀྱང་ཚད་འཛིན་ཡིད་ཆེས་མི་བྱེད་པའི་ཁར། ཁུངས་འཕེར་གྱི་དཔྱད་གཞིའི་རྒྱུ་ཆ་སྣ་གཅིག་སྟོན་རྒྱུ་མེད་པར་འཆལ་གཏམ་སྣ་ཚོགས་ལྷུ་བསྒྲིགས་བྱས་ཏེ་སྙན་པའི་གྲགས་པ་ཉི་འོག་ཀུན་ཏུ་ཁྱབ་བཞིན་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཚན་སྨད་སྣ་མང་ཞུ་བཞིན་པ་ནི་ཉི་ཤར་སྦར་མོས་བཀབ་མ་ཐུབ་པའི་དཔེ་དོན་མངོན་དུ་གྱུར་ཡོད།

                ལྷག་པར་སྨྱུག་ཁ་མི་དམངས་ཤོག་སྒོར་གྱིས་བསླུས་ཟིན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་དང༌། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རྩོམ་སྒྲིག་པ། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་རྩོམ་སྒྲིག་པ། ཡེ་རྡོར་མིང་ཅན་སོགས་རྩོམ་སྒྲིག་པ་དང༌། དཔྱད་གཏམ་པ༑ རྩོམ་པ་པོའི་མིང་འཛིན་པ་སྐོར་ཅིག་ལ་གནའ་དེང་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་དམན་པའི་ཐོག་རྒྱལ་སྤྱིའི་གནས་བབ་སོགས་ཀྱི་མཐོང་ཐོས་ཀྱི་གཞི་རྒྱ་ཆུང་བས། ས་སྐྱ་ལེགས་བཤད་ལས། ཆུས་འཁྱེར་ཆུ་ཡིས་འཁྱེར་བ་ལ། །འཇུས་ན་གཉིས་ཀ་འབྱིང་བར་འགྱུར། །ཞེས་གསུངས་པ་ལྟར་རྒྱ་དམར་དབང་འཛིན་པས་ཆེད་བསྒྲིགས་བྱས་པའི་ཡིག་འཆལ་འགའ་ཞིག་ལ་ཁུངས་བཅོལ་གྱིས་རྙོག་གཏམ་སྣ་ཚོགས་སྤེལ་བཞིན་པ་མ་ཟད། དཔྱད་གཏམ་པས་ལུང་འདྲེན་བྱས་པའི་དཔྱད་གཞིའི་ཡིག་རིགས་ཁག་ཀྱང་ལག་བརྒྱུད་གཉིས་པ་དང༌། གསུམ་པ་བཅས་བརྒྱུད་ནས་བྱུང་བ་དང་གཅིག གཉིས་ནས་རྒྱ་གཞུང་གིས་མཁོ་འདོན་བྱས་པའི་ཡིག་ཆར་གཞི་བཅོལ་བྱས་པ་ཤ་སྟག་ཡིན་པས་རྒྱ་གཞུང་གི་སྲིད་བྱུས་ལྟར་ཇེ་སླ་ནས་ཇེ་སླར་གྱུར་བ་དང༌། མ་ཡིག་ལ་བསྲེ་ལྷད་རིམ་བཅུག་དང༌། བཟོ་བཅོས་རིམ་པར་བྱས་ཏེ་ཐོག་མའི་མ་ཡིག་གི་འབྲུ་དོན་དང་གནམ་སའི་ཁྱད་པར་ཤོར་ཡོད་པས་རང་མགོ་ཆུ་འདྲེན་གྱིས་སྐབས་འགར་རང་སྐེ་རང་གིས་བསྡམས་པ་མ་ཟད། རང་གིས་རང་ལའང་དགག་པ་ཚ་ནན་བརྒྱབ་ཡོད།

                ཡང་སྒོས་ལྟག་ཁུང་ལ་ཉི་མ་ཤར་ཡང༌། དཔྲལ་བར་ནམ་མ་ལངས་པའི་དཔྱད་གཏམ་པར་རློམ་པ་གང་དེར་གཟུར་གནས་བློ་གྲོས་དམན་ཞིང༌། གཞུང་ལུགས་ལ་སྦྱང་པ་ཆུང་བ། ཆབ་སྲིད་ཀྱི་གོ་རྟོགས་དམན་པ་དང༌། གོ་སྟོབས་ཀྱི་ནུས་པ་སྐྱོ་བ། དྲང་བདེན་གྱི་མི་གཤིས་དང་བྲལ་བས་དོན་དངོས་ལ་འཁྱོག་བརྗོད་དང༌། བྱུང་རབས་ལོ་རྒྱུས་ལ་རྫུན་བཟོ། ཆོས་སྲིད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཟང་ཟིང་བཟོས་ཏེ་སྔོན་གྱི་གཏམ་དཔེར། ཁ་ལ་པདྨའི་ལྷ་ཁང་བཞེངས། གཏིང་ལ་དགོ་རུའི་གཅུ་ཕུར་ཉར། །ཞེས་པ་ལྟར་བསམ་པ་ངན་ལ་སྦྱོར་བ་རྩུབ་པའི་བྱ་ངན་རིམ་པར་སྤེལ་བས་སྤུ་མེད་པ་ཡི་ཕག་པ་དང༌། ཡ་སོ་ཅན་གྱི་བ་གླང་དང་མཚུངས་པའི་གང་ཟག་དེ་དག་ལ་རྩོམ་པ་པོ་དང༌། རྩོམ་སྒྲིག་པ། དཔྱད་གཏམ་པ་བཅས་ཀྱི་ཀུན་སྤྱོད་གང་ཡང་མི་ལྡན་པས། ཁོང་ཚོའི་རྩོམ་འཆལ་རྣམས་ཡིག་རྙོག་ཏུ་བརྩིས་ནས་ཁ་ཡ་བྱེད་རིན་མེད་པ་ཀུན་གྱིས་མཁྱེན་གསལ་དང༌། འདི་ལྟ་བུའི་བླུན་གཏམ་ལ་ལན་སྨྲ་བ་སྨད་པའི་གནས་དང་ཅོལ་ཆུང་གི་ངང་ཚུལ་དུ་བརྩི་བ་ལགས་མོད། འོན་ཀྱང་ཁོང་ཚོའི་ཁྱི་ཁ་དེ་ཟུམ་དུ་བཅུག་ཕྱིར་ཕྲན་ཙམ་ཞིག་མི་བརྗོད་ཐབས་མེད་དུ་གྱུར་སོང་བས་སྨྱུག་འཛིན་པ་ཡོངས་ལ་བཟོད་གསོལ་དང་བཅས།

གུས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ་ཟུང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ ཉིན་བོད་ལྗོངས་མང་གཙོ་དུས་ཆེན་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཁྱད་པར་ཅན་ཉིན་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡ ཉིན་བཙན་རྒྱལ་རིང་ལུགས་དང་ཁྲམ་པའི་རྒྱལ་ཁབ་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ ༦༠ འཁོར་བའི་ལེགས་སྐྱེས་སུ་ཕུལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༢༠༢༠༡༡༢༣༢༡
ཧ་ཅང་བཟང་གི འདི་མོ་གྲྭ་བ་ཡག་མོ་ཞིག་ང་ཚོ་ལ་ཡོད་དགའ་བ་ལ།
རྩོམ་ཡིག་བཤུ་དགོས་ན་དྲ་རྒྱའི་ལས་ཁུངས་སུ་ངོ་བཅར་གྱི་ཆོག་འཆན་ཐོབ་དགོས་པར་མི་ནམ་སེམས།
3 ༢༨༢༠༡༠༡༤༣༦
ཙོམ་ཡིག་འདི་ ས་ཆ་གཞན་ལ་བཤུ་ཐུབ་ཀྱི་མི་འདུག་
2 ༡༧༢༠༡༠༠༩༥༩
གྲོགས་དགའ་དགའ་ལགས། གལ་སྲིད་ཁྱེད་ལ་༼བདེན་རྫུན་གསལ་བའི་ཉི་གཞོན་༽ཞེས་པའི་རྒྱ་ནག་དམར་གཞུང་གི་འཁྱོག་བཤད་ལ་རྒོལ་བའི་དགག་ལན་ལེའུ་བཅུའི་བདག་ཉིད་ཀྱི་དེབ་དེ་ཉིད་དགོས་ཚེ། རྒན་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ལ་འབྲེལ་བ་ཞུ་དགོས། མ་ཚད་དེབ་དེ་ཆ་ཚང་ཤམ་བྷ་ལའི་དྲ་རྒྱ་འདིའི་མདུན་ཤོག་ངོས་སུ་དྲ་བའི་བརྗོད་གཞི་གསར་པ་ཞེས་པའི་སྡེ་ཚན་དེའི་ནང་ལེའུ་རེ་རེ་བཞིན་བྱས་ནས་བཞག་ཡོད་པས་དེར་ཀློག་རྒྱུར་དགོངས་འཇགས་འཚལ།།
1 ༡༧༢༠༡༠༠༧༤༧
དགའ་བསུ་ཞུ། དེབ་དེ་གང་ནས་རག་གི་ཡོད་ན།



བརྗོད་གཞི་གཞན་ཁག་ལ་གཟིགས།