རྒྱ་ནག་དམར་གཞུང་དང་དམ་སྲི་འབྱུང་པོ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། དང་པོ། རྒྱ་ནག་དམར་གཞུང་དང་དམ་སྲི་འབྱུང་པོ། ཚད་ལྡན་གྱི་དཔྱད་གཏམ་པ་ཞིག་ཡིན་ཚེ། ལོག་བཤད་ཀྱིས་དྲི་མས་མ་སླད་པའི་སྔོན་བྱུང་གི་བྱུང་རབས་ལོ་རྒྱུས་དང༌། བསུབ་ཏུ་མེད་པའི་དོན་དངོས་བདེན་དོན་དཔང་དུ་བཙུགས་ཤིང༌། ཕྱོགས་རིས་ན་བུན་གྱིས་མ་བསྒྲིབས་པར་དོན་གནད་གང་ཞིག་ཡིན་ཡང་གཟུ་བོའི་བློ་ཡིས་བརྟག་ཅིང་དཔྱད་ནས་བདེན་པའི་ཁུངས་ལུང་གཞི་རྩར་བཞག་སྟེ་དཔྱད་གཏམ་སྤེལ་ན་མཁས་པ་མགུ་བའི་གཏམ་དུ་གྱུར་བ་ལས། དེ་ལས་ལྡོག་སྟེ་ལོ་རྒྱུས་ལ་འཁྱོག་བཤད་དང༌། དོནདངོས་ཁས་མི་ལེན་ཞིང་མིག་ལྡན་གཡང་མཆོང་གིས་བདེན་རྫུན་ལ་བརྡར་ཤ་མི་གཅོད་པར་དཀར་ནག་གོ་ལྡོག་གིས་རང་ཕྱོགས་སུ་ཞེན་ཅིང་གཞན་ཕྱོགས་སྡང་དགྲར་འཛིན་ནས་དགག་བཞག་གི་དཔྱད་གཏམ་སྤེལ་བ་ནི་དཔྱད་གཏམ་པ་ཞིག་གིས་ངེས་པར་སྤོང་དགོས་པའི་སྐྱོན་ནད་ཅིག་ཡིན་པ་ཤེས་དགོས་སོ།།

                འཆལ་གཏམ་སྨྲ་བར་མི་འཇིགས་པའི་སྤོབས་པ་རྙེད་པའི་དཔྱད་གཏམ་པས། ‘‘’སྲུང་མ་རྒྱལ་ཆེན་ཤུགས་ལྡན་’’ཞེས་ལན་གྲངས་མང་དུ་བརྗོད་འདུག་ཀྱང༌། འདི་ལ་སྔོན་བྱུང་གི་ལོ་རྒྱུས་དང༌། ཚད་ཐུབ་སྐྱེས་ཆེན་དམ་པས་མཛད་པའི་གསུང་འབུམ་སོགས་ལ་གཞི་བཅོལ་ནས་བདེན་པའི་ཁུངས་ལུང་དང་རྒྱུ་མཚན་ཇི་ཙམ་ཡོད་མེད་དཔྱད་པ་ན། དེ་ཡང་དོལ་རྒྱལ་ཞེས་པ་ནི་རྒྱལ་འགོང་གདུག་པ་ཅན་ཞིག་གི་མིང་ཡིན་ལ། ཐོག་མར་ལྷོ་ཁ་དོལ་སྒོ་ཆེ་ལུང་པའི་ཕུར་ཆུ་མིག་དཀར་མོ་ཞེས་པ་ཞིག་ཡོད་པ་དེར་གནས་སྡོད་བྱས་པས་ན་དོལ་རྒྱལ་ཞེས་མིང་ཐོགས་པ་དང༌། ཡང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་ཨ་སྲས་འཁྱམས་པོ་ཞེས་འབོད་བཞིན་ཡོད། དེའི་རྒྱུ་མཚན་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཨ་མ་ལགས་ཨ་རྒྱལ་གྱི་སྲས་སུ་སྐྱེས་པས་ཨ་སྲས་ཞེས་དང༌། འཇིག་རྟེན་དྲེགས་པར་སྐྱེས་རྗེས་གཙང་ལྗོངས་བཀྲས་ལྷུན་དུ་བསྐྱོད་སྐབས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ཏེ་དགོན་ནང་མ་བཏང་བས་བདག་པོ་རྒྱག་མཁན་མ་བྱུང་བར་གང་སར་འཁྱམས་པས་ན་འཁྱམས་པོ་ཞེས་མིང་ཐོགས་པ་ཡིན། རྒྱལ་མཆོག་ལྔ་པ་ཆེན་པོས་དམ་སྲི་འབྱུང་པོར་འབོད་ཅིང༌། དཔལ་ས་སྐྱ་ངོར་ཆེན་ཀུན་དགའ་ལྷུན་འགྲུབ་ཀྱི་སློབ་རྒྱུད་རྣམས་ནས་དཀོར་བདག་དང༌། རྒྱལ་འགོང༌། འབྱུང་པོ། དམ་སྲི། གསོན་འདྲེ། ཤི་འདྲེ་སོགས་ཅི་རིགས་སུ་འབོད་པ་དང༌། སྨིན་གླིང་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་དམ་སྲི་གདུག་པ་ཅན་ཞེས་འབོད། ཡང་པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གིས་གདུག་འདྲེ་དང༌། མཁའ་ལ་རྒྱུ་བའི་ཡི་དྭགས། འདྲེ་ངན་བཅས་སུ་གསུངས་ལ། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྒྱལ་འགོང་གདུག་པ་ཅན་ཞེས་འབོད། དེ་བཞིན་ྋརྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང༌། ཕུར་ལྕོག་ངག་དབང་བྱམས་པ། ལྷ་ཆེན་ཚངས་པ། བཀྲ་ཤིས་ཚེ་རིང་མ་སོགས་ནས་འདྲེ་ཞེས་འབོད་པ་སོགས་བཀྲ་མི་ཤིས་ཤིང་ལྟས་ངན་པའི་མིང་འདོགས་སྣ་ཚོགས་བྱས་པ་ཤ་སྟག་ཡིན་པ་ལས་སྲུང་མའི་ནམ་ཡང་མ་མཛད་དོ།།

                འོན་ཀྱང་དཔྱད་གཏམ་པས་དམ་སྲི་འབྱུང་པོ་དོལ་རྒྱལ་ལ་བྱབྱསྲུང་མ་བྱབྱཞེས་བརྗོད་པར་གཞིགས་ན། སྲུང་མ་དང་ལྷ་ཡི་གོ་དོན་ཇི་ཡིན་ཤེས་རྟོགས་མེད་པ་ཤིན་ཏུ་གསལ། དེ་ཡང་སྲུང་མ་ཞེས་པ་ནི་ཆོས་སྐྱོང་གི་མིང་གི་རྣམ་གྲངས་ཤིག་དང་སྲུང་ཞིང་སྐྱོང་བའི་དོན་ཡིན་པས་ལྷ་དང་སྲུང་མའི་མིང་ཅི་ལ་ཐོགས། དོལ་རྒྱལ་ནི་ལྷ་དང་སྲུང་མ་གང་ཡང་མིན་པར་མི་ཤི་བཙན་སྐྱེས་ཀྱི་དམ་སྲི་འབྱུང་པོ་ཞིག་ཡིན་པ་དོལ་རྒྱལ་རང་ཉིད་ནས་ཁས་བླངས་ཡོད་པས་ལྷ་སྲུང་ཞིག་ག་ལ་ཡིན། དེ་ཡང་ཐོག་མར་དོལ་རྒྱལ་རང་ཉིད་དཔལ་ལྡན་འབྲས་སྤུངས་ནས་སྨོན་ལམ་ལོག་སྟེ་འདྲེ་ལ་སྐྱེས་རྗེས་ཐོག་མར་གཙང་ལྗོངས་བཀྲ་ཤིས་ལྷུན་པོར་བསྐྱོད་སྐབས། བཀྲས་ལྷུན་དགོན་པ་རྣམ་སྲས་རྟ་རྟགས་བརྒྱད་ཀྱིས་ཡོངས་སུ་བསྐོར་ནས་བདག་སྤྲོད་བྱེད་མི་མ་བྱུང་བས། ང་རྒྱལ་དང་ཁོང་ཁྲོའི་མེ་ལྕེ་འབར་བའི་ཚུལ་དུ་ས་སྐྱའི་བདག་ཆེན་མཇལ་བར་བསྐྱོད་ཅིང༌། སྐབས་དེར་ས་སྐྱའི་བདག་ཆེན་མཆོག་ནས་ཁྱོད་སུ་ཡིན་ཞེས་དྲིས་སྐབས། བྱབྱང་དགེ་ལུགས་པའི་དམ་སྲི་དེ་ཡིན་བྱབྱཞེས་དོལ་རྒྱལ་རང་ཉིད་ཀྱི་ཁ་ནས་སྨྲས་ཏེ་དམ་སྲི་ཡིན་པར་ཁས་བླངས་པས། དམ་སྲིས་སྲུང་མ་ཡོང་ཐབས་མེད་པས་སེམས་པ་རྣལ་དུ་ཕབ་ནས་ལེགས་པར་སོམས་ཤིག

             དམ་སྲི་ཞེས་པ་ནི་སྐྱེ་བ་སྔོན་མར་རང་གི་བླ་མ་ལ་དམ་ཚིག་ཉམས་ནས་ཚེ་ཕྱི་མར་མིའམ་འདྲེ་སོགས་སུ་སྐྱེས་ཏེ་གཞན་ལ་གནོད་འཚེ་བྱེད་མཁན་ཞིག་ལ་ཟེར་བ་དང༌། འབྱུང་པོ་ནི་གནོད་བྱེད་གཟུགས་མེད་གདོན་བགེགས་ཤིག་ཡིན། དེ་ཡང་རྒྱ་གར་སྐད་དུ་བྷཱུཏ་ཞེས་གདུག་འདྲེ་སྟེ། གཞུང་ལུགས་ཁག་ཏུ་ཡི་དྭགས་ལ་སོགས་པ་མི་སྣང་བའི་སྲོག་ཆགས་སམ་གཟུགས་སུ་སྣང་ནས་གཞན་གྱི་མདངས་འཕྲོག་པར་བྱེད་པའི་ཡི་དྭགས་ཀྱི་རིགས་ཤིག་སྟེ། འབྱུང་པོ་ནི་གཟུགས་སུ་སྣང་ནས་མདངས་འཕྲོག་པར་བྱེད་པའོ། །ཞེས་འབྱུང་བས་སྲུང་མ་མིན་པར་རྩོད་གཞི་ཅན་གྱི་དམ་སྲི་དྲེགས་པ་ཞིག་དང༌། དམ་ཉམས་ཀྱི་འབྱུང་པོ་ཞིག་ཡིན་པ་ལས་སྲུང་ཞིང་སྐྱོང་བའི་ལྷ་སྲུང་ཞིག་ག་ལ་ཡིན། དམ་སྲི་འབྱུང་པོའམ་འདྲེ་དང་གདོན་བགེགས་ལྷ་སྲུང་དུ་བསྟེན་མཁན་ཡོད་ན། དེ་ནི་རྒྱ་ནག་དམར་གཞུང་དང་དཔྱད་གཏམ་པ་རང་ཉིད་ཀྱིས་གཙོས་རྒྱའི་རྒྱུག་ཁྱི་རེ་ཟུང་ཡིན་ན་ལས། ནང་པ་ཚད་ལྡན་གྱི་ནང་དུ་དེ་ལྟར་ཡོང་ཐབས་ཡེ་ནས་མེད། འོ་ན་འབྱུང་པོ་མིན་ཞེས་བརྗོད་ཀྱང་ཐར་ཐབས་མེད་དེ། ྋརྒྱལ་དབང་ལྔ་པ་ཆེན་པོས། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་གསུངས་པ་ལྟར་དོལ་རྒྱལ་འབྱུང་པོར་གསུངས་པས་དེ་ཡང་མིན་ཞེས་བརྗོད་དམ། མདོར་ན་ཚིག་བཅད་འདིར་དོལ་རྒྱལ་ལ་མགོན་སྐྱབས་མི་བྱེད་པར་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག་དགོས་པར་གསུངས་ཀྱང༌། དེ་ལས་ལྡོག་སྟེ་དོལ་རྒྱལ་དེ་ཉིད་རང་གི་བསྟེན་པའི་ལྷ་དང༌། སྐྱོང་བའི་སྲུང་མར་བསྟེན་གསོལ་བྱེད་པ་ནི་དཀར་ནག་ཕྱིན་ཅི་སློག་པ་ཞིག་ཡིན་ལ། དེ་ཡང་དགེ་ཆོས་ཀྱིས། བཅོས་སུ་མེད་ཅིང་བསྒྱུར་དུ་མེད། །ལོག་པའི་དཔུང་ནི་རྡོ་རྗེ་ཉིད། །གླེན་པ་ལྕགས་ཀྱི་གདོང་ཅན་ལ། །སུ་ཞིག་གིས་ནི་རྒོལ་བར་ནུས། །ཞེས་གསུངས་པ་དང་ཅིས་མཚུངས།

                གོང་གསལ་ཤོ་ལོ་ཀ་གཅིག་གིས་དོལ་རྒྱལ་ཆགས་པའི་རྒྱུ་དང༌། དོལ་རྒྱལ་གྱི་ངོ་བོ། དོལ་རྒྱལ་གྱི་བྱེད་ལས་དང་བཅས་པ་གསལ་བར་བསྟན་ཡོད། དེ་ཡང༌། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི། ཞེས་པ་དེས་རྒྱུ་བཤད་ལ། དམ་སྲི་འབྱུང་པོ་འདི། །ཞེས་པས་དོལ་གྱི་ངོ་བོ་བསྟན། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་པས་དོལ་རྒྱལ་གྱི་བྱ་བའི་ཁྱད་པར་དང་བཅས་པ་གསལ་བར་བསྟན་ཡོད། མདོར་ན་རྒྱུ་སྨོན་ལམ་ལོག་པའི་དབང་ལས་སྐྱེས་ཤིང༌། ངོ་བོ་དམ་སྲི་འབྱུང་པོ་མི་མ་ཡིན་དང༌། བྱ་བའི་ཁྱད་པར་ནི་བསྟན་དང་འགྲོ་བ་ཀུན་ལ་འཚེ་བར་བྱེད་མཁན་ཞིག་ཡིན་པས། དེ་ནི་ལྷ་སྲུང་བསྟེན་ཕྱོགས་ཀྱི་གནད་དོན་ཞིག་མིན་པར། དེ་ནི་དམ་སྲི་འབྱུང་པོ་ཞིག་བསྟེན་མིན་གྱི་གནས་ཚུལ་ཞིག་ཡིན། རྒྱ་ནག་དམར་གཞུང་ནས་དོལ་རྒྱལ་སྲུང་མར་གླེང་བ་དང༌། ཆོས་དད་རང་དབང་སོགས་གླེང་བ་ནི་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང༌། དཔལ་འབྱོར་འདུ་འགོད་ཁོ་ནའི་སླད་ཆོས་མིན་ལ་ཆོས་ཀྱི་འདྲ་སྦག་གཡོགས་ཏེ་རྒྱལ་བའི་བསྟན་པར་རྨ་འབྱིན་པ་དང༌། བསྟན་དང་དེ་འཛིན་དང་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་ལས་མ་འདས་སོ།།

                རྒྱ་ནག་དམར་གཞུང་དང༌། དེའི་ཕྱོགས་གཏོགས་དོལ་རྒྱལ་བསྟེན་གསོལ་བྱེད་མི་ཉུང་ཤས་ཤིག་ཁྱི་སྤྱང་ལག་འབྲེལ་གྱིས་ཆབ་སྲིད་ཀྱི་དགོས་མཁོའི་སླད་ཁྱི་ལག་པ་ཆག་པའི་སྐད་ངན་ལྟ་བུ་འདོན་པ་དང༌། དོན་དངོས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང༌། གོ་བ་ལོག་སྒྲུབ་ཀྱིས་ལོག་འགྲེལ་ཁོ་ནས་རེ་ངན་སྒྲུབ་ཐབས་བྱེད་པ་ལས། དངོས་དོན་སྦས་སྐུང་གིས་མཐོང་ཡང་མ་མཐོང་ཁུལ་དང༌། ཐོས་ཀྱང་མ་ཐོས་པའི་ངང་ཚུལ་འཛིན་བཞིན་ཡོད་པས། མ་བཅོས་སྔོན་བྱུང་གི་ལོ་རྒྱུས་དྲང་པོར་བརྗོད་པས་ཆོག་ན། མ་མཐོང་ན་ལྟོས་ལ། མ་ཐོས་ན་ཉོན་ཅིག

                ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་སྟེ་ཚད་ལྡན་གྱི་བླ་མ་གོང་མ་དུ་མས་དོལ་རྒྱལ་གྱི་ཐོག་ཏུ་ཇི་ལྟར་གསུང་མིན་དང༌། ཇི་འདྲ་ཞིག་ལ་ངོས་འཛིན། རྣམ་འགྱུར་ཇི་ལྟར་སྟོན་མིན། དམ་བསྒྲགས་ཇི་ལྟར་གནང་མིན་བཅས་ཡིག་ཆ་རྣམས་ཁུངས་སུ་བྱས་ནས་བརྗོད་པ་ལ། དེ་ཡང་ྋརྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། བྱབྱདོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་ནས་ཇེ་ཆེར་སོང་བྱབྱཞེས་དང༌། པོད་གཉིས་པར་ཡང༌། ‘‘གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ། འགྲོ་བ་མང་པོར་གནོད་ཚབས་ཆེས་པར་’’ཞེས་དམ་སྲི་འབྱུང་པོར་ངོས་འཛིན་དང་བཅས་བྱུང་རབས་གསལ་བར་གསུངས་ལ། ཡང་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་གྲྭ་ས་ཆེན་པོ་བཞི་དང་རྒྱུད་གྲྭ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ་ལས། ‘‘དེ་ལྟར་ན་རྗེ་རང་ཞལ་བཞུགས་སྐབས་རྒྱུད་ནས་བཤད་པའི་ཆོས་སྐྱོང་དམ་ཚིག་ཅན་རྣམས་མ་གཏོགས། འཇིག་རྟེན་པའི་འདྲེ་གདུག་པ་ཅན་ཅུང་ཟད་རེ་ལའང་ཀོ་ལོང་བྱེད་པའི་རྟེན་དགོན་གནས་འདིར་བཙུགས་པ་ཅུང་ཟད་ཀྱང་མེད་ལ། དེའི་མཐུས་སློབ་དཔོན་ཐམས་ཅད་ཐུགས་མཐུན་ཞིང་བཤད་སྒྲུབ་འཕེལ་བར་བྱུང༌། འཁྲུངས་ལྷ་རྨ་ཆེན་ཀྱང་དགོན་པའི་ཕྱི་རོལ་ཏུ་འཇོག་པ་གནང་བ་ཡིན་ནའང༌། དེང་སང་རྗེས་འཇུག་ཏུ་རློམ་ནས། ཆོས་གོས་རྣམ་གསུམ་གྱོན་ཏེ་སྐྱབས་གནས་འདྲེ་ལ་འཆོལ་བ་རྣམས་ལ་མི་འདོད་པ་ཐོག་ཏུ་འབབ་པ་མང་དུ་འབྱུང་བ་ཡིན་ནོ།།

དེ་ལྟར་ན་རང་ཅག་རབ་ཏུ་བྱུང་བ་རྣམས་རང་གི་སྲུང་སྡོམ་དག་པར་བསྲུངས་ན་སྔོན་སངས་རྒྱས་མཐོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་གདོན་མི་ཟའོ། །’’ཞེས་དོལ་རྒྱལ་དེ་ཉིད་འདྲེ་ལ་ངོས་འཛིན་གནང་བ་ལགས་ན། དཔྱད་གཏམ་པས་ནང་པའི་སྡིག་སྤོང་དགེ་སྒྲུབ་ཀྱིས་གཞིར་བྱེད་པའི་འདུལ་ཁྲིམས་ལ་མ་བལྟོས་པར་སྲུང་མ་རྡོ་རྗེ་ཤུགས་ལྡན་ལ་ཁ་གཡར་ནས་ཞེས་པ་བཀོད་པ་ནི་གོ་བ་ལོག་སྒྲུབ་དང་ལོག་བཤད་འབའ་ཞིག་བྱས་པ་ཞིག་ཅིས་མ་ཡིན།

                ཡང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྣམ་ཐར་མཁའ་སྤྱོད་འགྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེ་ལས། ‘‘དེ་སྔོན་ནས་རྒྱལ་འགོང་གདུག་པ་ཅན་ཞིག་བྲག་སོབ་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང༌། བྱེད་མང་བའི་བླ་ཟུར་དང་ཁམས་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང་བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབས་འདུག་པ་རྣམས་མི་འཚམ་པ་ཆེན་པོར་གཟིགས་ནས། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དུས་ནས་བཟུང་དགོན་གནས་འདིའི་ནང་དུ་འཇིག་རྟེན་པའི་ལྷ་སྲུང་སྣ་ཚོགས་བསྟེན་པའི་ཕྱག་སྲོལ་མེད་པས་ཕྱིན་ཆད་དེ་རིགས་གཏན་ནས་བྱེད་མི་ཆོག་ཅེས་ཚོགས་སུ་བསྒྲགས། ལྷ་ཐོ་དེ་ཡང་བཤིགས་ནས་རྡོ་རྡོ་མལ་དང་ས་ས་མལ་དུ་བསྐྱལ། སྐུ་རྟེན་དེ་ལ་ཡར་ཁོག་ཞུགས་བྱེད་བཅུག་ཐོག་ཕྱིན་ཆད་བབས་ས་མེད་པའི་བཀའ་བསྒྱུར་བས་ཁྲི་རིན་པོ་ཆེས་དེ་ལྟར་གསུང་ཕྱིན་ད་འགྲོ་བ་ལས་འོས་མེད་ཟེར་ནས་བབས་ཕུལ་ཞིང་རྒྱལ་འགོང་དེ་སྟག་རྩེའི་ཞོལ་དུ་བྲོས།’’ ཞེས་གསུངས་ཏེ་དོལ་རྒྱལ་དེ་ཉིད་རྒྱལ་འགོང་དུ་ངོས་འཛིན་མཛད་ལ། གོང་དུ་ཕུར་ལྕོག་དང་ཁྲི་ཆེན་རྣམ་གཉིས་ནས་འདྲེ་དང་རྒྱལ་འགོང་གདུག་པ་ཅན་དུ་ངོས་འཛིན་མཛད་པ་དེ་གཉིས་སྐབས་འདིར་དོལ་རྒྱལ་མིན་ཞེས་སྨྲ་ན། ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་ལས། ‘‘སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོའི་ལྷ་རྟེན་སོགས་བཤིགས་ནས་དགོན་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས།’’ཞེས་པས་དེ་ནི་དོལ་རྒྱལ་ཡིན་པ་འདིར་གསལ་བར་ཐོན་པས་ཁུངས་མེད་ཀྱི་འཁྱོག་བཤད་མིན་པར་རྒྱུ་མཚན་ཡང་དག་ཤ་སྟག་ལ་སོང༌། ཁ་ཡོད་ན་གདངས་ནས་ལན་སྨྲོས་ལ། མིག་ཡོད་ན་ཕྱེ་ནས་ལེགས་པར་ལྟོས་ཤིག

                ཡང་རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་མཛེས་པའི་པདྨོར། ‘‘དེའི་ནང་ནས་ཀྱང་བཀྲ་ཤིས་ལྷུན་པོ་བ་ལ་ཆོས་སྐྱོང་གསར་པ་འདིས་ཕུང་ལ་འདེབས་ཀྱིན་ཡོད་པས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གང་བསྟེན་པའི་ཆོས་སྐྱོང་དེས་ཆོག དེ་མིན་གྱི་འདྲེ་ངན་གསར་དུ་བསྟེན་ན་མི་ལེགས་པའི་གཞི་ཆེན་པོ་བྱས་འགྲོ་བས་ཁྱེད་ཅག་ཐམས་ཅད་ཀྱིས་དེ་ལ་ནན་ཏན་བྱེད་དགོས་སོ་ཞེས་ཐུགས་ཉེ་བའི་བཀའ་སློབ་ཀྱང་མང་དུ་གནང༌།’’ཞེས་འཁོད་པའི་ཕུང་སྣ་འདྲེན་མཁན་གྱི་འདྲེ་ངན་དེ་དོལ་རྒྱལ་ཡིན་ལ། དེ་བཞིན་སྙན་རྒྱུད་བསྟན་པའི་བདག་པོ་དངུལ་ཆུ་དྷརྨ་བྷ་དྲའི་རྣམ་ཐར་ཞྭ་སེར་བསྟན་པའི་མཛེས་རྒྱན་དུའང༌། ‘‘དེ་སྐབས་དགོན་པའི་གླིང་སྟོད་དུ་གཟུགས་མེད་པའི་རྡོ་རྡེག་མཁན་ཉིན་མཚན་ཅི་རིགས་སུ་བྱུང་བར། ཚོགས་སྤྱི་ནས་ལོ་ཆེན་རིན་པོ་ཆེར་བརྟག་ཞུ་མཛད་པར་དོལ་རྒྱལ་གྱི་གནོད་པ་ཡིན་པས་ཚོགས་འདོན་དུ་དགའ་ལྡན་ལྷ་བརྒྱ་མ་བཙུགས་ན་ལེགས་ཚུལ་ཕེབས་’’ཞེས་དང༌། པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་རྣམ་ཐར་དད་ལྡན་པད་ཚལ་བཞད་པའི་ཉིན་བྱེད་སྣང་བ་ལས། ‘‘ཚེས་དྲུག་ཉིན་གཟིམ་ཆུང་མགོན་ཁང་དུ་གཅུང་སྐུ་ཞབས་དང་སྐུ་བཅར་གསོལ་དཔོན་བཅས་པར་བཀའ་ཕེབས་སུ། བདེ་ཆེན་ཕོ་བྲང་གི་རྩེའི་ཡང་ཐོག་གི་གཟིམ་ཆུང་དུ་དེང་སང་དོལ་རྒྱལ་གྱིས་ཆོ་འཕྲུལ་སྣ་ཚོགས་ཤིག་སྟོན་གྱིན་འདུག་པས། ཚེས་དགུ་ཉིན་གཟིམ་ཆུང་དེ་བཞིན་བཤིག་རལ་དང་བཅས་བསྡུ་དགོས་ཕེབས།’’ཞེས་གསལ་བ་ལྟར་པཎ་ཆེན་བསྟན་པའི་ཉི་མ་སྐུ་གཞོན་ནུའི་སྐབས་སུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་ནས་བཀྲས་ལྷུན་དུ་ཆོས་སྐྱོང་གསར་པ་བསྟེན་པ་དེས་བཀྲས་ལྷུན་ཕུང་ཉེན་འདུག་ཅེས་གསུངས་པའི་ཆོས་སྐྱོང་གསར་པའམ་འདྲེ་གསར་པ་དེ་བཀྲས་ལྷུན་དགོན་གྱིས་བསྟེན་པས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡང་སྤྲུལ་པཎ་ཆེན་བསྟན་པའི་དབང་ཕྱུག་གི་སྐུ་དུས་སུ་གཟིམ་ཆུང་བདེ་ཆེན་ཕོ་བྲང་དུ་ཆོ་འཕྲུལ་མང་དུ་བསྟན་ནས་རྙོག་དྲ་བཟོས་པ་འདིས་གསལ་བར་བསྟན་ཡོད་པས། བྱ་མང་བྱུར་གྱི་སྣ་འདྲེན་དམ་སྲི་འབྱུང་པོ་དོལ་རྒྱལ་འདི་ཉིད་བསྟན་པ་སྲུང་ཞིང་སྐྱོང་བའི་སྲུང་མ་ཞིག་ཡིན་དང༌། ཡང་ན་བསྟན་དང་འགྲོ་ལ་འཚེ་བར་བྱེད་མཁན་གྱི་དམ་སྲི་འབྱུང་པོ་གང་ཞིག་ཡིན་ནམ་ལངས་སྦར་མོས་ཁེབས་ཐབས་མེད་ཀྱང༌། ད་དུང་འདི་ལ་དོལ་རྒྱལ་བསྟེན་མི་དང་རྒྱ་ནག་དམར་གཞུང་ནས་ཤི་འཐམ་རོ་འཐམ་བྱེད་པ་ནི་རང་གི་ཞེ་འདོད་ཁོ་ན་སྒྲུབ་ཕྱིར་ཡིན་པ་ལས། ནང་ཆོས་ལ་ཤ་ཚ་ནས་བྱས་པ་མ་ཡིན་པ་ཤིག་སེན་ར་འཕྲོད་ཐུབ་པ་ཞིག་ཡིན།

              ཡང་པཎ་ཆེན་བསྟན་པའི་དབང་ཕྱུག་གིས་མཛད་པའི་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ཁྲིམས་གཉིས་སྲོག་གི་ཆད་མཐུད་རབ་བརྗིད་གསེར་གྱི་རྡོ་རྗེའི་གཉའ་ཤིང་དུ། ‘‘བར་སྐབས་ཤིག་དགོན་པའི་ཐོ་ཁོངས་སུ་གདུག་འདྲེ་རྩ་སྦུགས་སུ་འདྲེན་པ་ཁ་ཡར་བྱུང་ཡོད་ཚོད་འདུག་པས། ཕྱིན་ཆད་ལ་མོ་ཆོས་སྐྱོང་སོགས་དམིགས་བསལ་མ་གཏོགས་གང་བྱུང་ཁོག་ཞུགས་བྱས་མི་ཆོག ཆོས་སྲུང་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་རྡོ་རྗེའི་སྲུང་མ་ལས། དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་གྱི་རིགས་ལ་གསོལ་ཁ་བྱེད་པའི་མཚོན་བསྟེན་ཅིང་སྐྱབས་སུ་འགྲོ་བ་ནང་པ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་འགལ་ཟླར་འདུག་པས་མི་བྱེད།’’ཅེས་དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་དུ་ངོས་འཛིན་མཛད་ཅིང༌། སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚེ་ནང་པ་ཡིན་མིན་གྱི་ས་མཚམས་སུ་སླེབས་པས་གལ་གནད་འདི་ལ་གཟིགས་ནས་དམ་བསྒྲགས་པ་ཡིན།

                ཡང་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་སྲས་ཀྱི་ཐུ་བོ་རྗེ་འཇིགས་མེད་རིག་པའི་བློ་གྲོས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་རྣམ་ཐར་དེབ་གཟུགས་ལས། ‘‘སྐུ་ཞབས་ཕ་བོང་ཁ་པ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་རྙིང་གི་གྲུབ་མཐའ་ཆེན་པོ་རྩོད། པདྨ་འབྱུང་གནས་ཀྱི་སྐུ་དང༌། ཞི་ཁྲོའི་ལྷ་བཤིགས་པ། བཛྲ་གུ་རུ་བཏོན་པ་ཕན་ཡོན་མེད་ཚུལ། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་ལ་སོགས་པའི་ལོག་ཆོས་མང་པོ་དང༌། གཞན་ཡང་མཎི་སོགས་ཀྱི་འཁོར་ལོ་བསྐོར་བ་དང༌། གཤིན་པོར་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་པའི་གནས་ལ་འགོད་པ་དང༌། མཆོག་གསུམ་ཀུན་བསྡུས་རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་པ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིགས་བཅོམ་སོགས་རང་མཚང་མང་ཞིང༌། རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། སྤྱི་ལ་ཕན་པའི་སྤྲིང་ཡིག་རེ་མཛད་ནས་དཔར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་དུ་བསྐྱེད་པར་མཛད་ན། བསྟན་པའི་འཁྲུལ་སེལ་ལ་བཀའ་དྲིན་ཆེ་ཞུ།’’ཞེས་ཁམས་ཕྱོགས་སུ་ཕ་བོང་ཁའི་སློབ་རྒྱུད་དུ་གཏོགས་པ་འགའ་ཞིག་ནས་བསྟན་འགྲོར་གནོད་པའི་བྱ་ངན་མང་དུ་བྱས་པ་ཞིབ་གསལ་འཁོར་པ་ལྟར་ཡིན་ལ། སྔར་གྱི་ལོ་རྒྱུས་ཐོག་དམ་སྲི་དོལ་རྒྱལ་དང༌། སྐྱབས་གནས་འདྲེ་ལ་བཅོལ་བའི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན། ངན་པའི་རྒྱབ་ལངས་བྱེད་མཁན་རྒྱ་ནག་དམར་གཞུང་བཅས་ནས་ཉེས་མེད་མི་གསོད་ཁྲག་སྦྱོར་དང༌། བརྡུང་བཅོག མེར་སྲེག་བྱས་པ་དང༌། ཉེ་བའི་འཆར་ཡང་དོལ་རྒྱལ་ཁ་རུ་འཁྱེར་ནས་སྐུ་བརྙན་གཏོར་བཤིག་སོགས་བསམ་ངན་སྦྱོར་རྩུབ་ཀྱི་ལས་ངན་མང་དུ་སྤེལ་བ་རྣམས་གཞན་ལ་ལེ་ཁག་དཀྲི་ཐབས་གཏན་ནས་མེད་ལ། མ་བཅོས་དྲང་པོར་སྟོན་པའི་བོད་ཀྱི་དྲན་དབང་རྣམས་ཀྱིས་མཛད་པའི་སྔོན་བྱུང་གི་ལོ་རྒྱུས་རྣམས་ཞིབ་ཏུ་མཇལ་ན་སྔོན་བྱོན་ཚད་ལྡན་གྱི་མཁས་གྲུབ་སྐྱེས་ཆེན་དམ་པ་བཅུ་ཕྲག་གཉིས་ལྷག་གིས་གདོན་འདྲེ་གདུག་རྩུབ་ཅན་ཞིག་ལ་ངོས་འཛིན་གནང་ཞིང༌། བསྟན་དང་འགྲོ་ལ་འཚེ་བ་བྱེད་མཁན་ཞིག་ཡིན་པ་མཁྱེན་རྟོགས་ར་འཕྲོད་ཀྱིས་བཟང་ངན་ལེགས་ཉེས་དགོངས་པར་ཆུབ་པའི་ཐོག་ནས་དམ་བསྒྲགས་མཛད་པའི་དོན་དངོས་ལས་དོལ་རྒྱལ་དེ་ཉིད་ལྷ་འདྲེ་གང་ཞིག་ཡིན་མིན་དང༌། དོལ་རྒྱལ་གྱིས་ད་བར་བསྟན་འགྲོར་ཕན་གནོད་གང་དག་བྱས་ཡོད་མེད་སོགས་ལ་དཔྱད་གཏམ་པ་ཁྱོད་རང་དང་ཁྱེད་ཀྱི་ངན་པའི་རྒྱབ་ལངས་བྱེད་མི་རྣམས་ནས་ཇི་བཞིན་ཤེས་པར་འདོད་ན། སླར་ཡང་ཞིབ་ཏུ་བརྟག་ནས་ལེགས་པར་བལྟས་ན་རྨོངས་གཉིད་ལས་བསད་པར་གྱུར་ངེས་ཡིན་ལ༑ སྔོན་བྱོན་མཁས་པ་དག་གི་རིགས་པ་དྲི་མ་མེད་པས་སྨྲ་བ་ངན་པ་ཐམས་ཅད་ཕྱེ་མར་བཏགས་ཟིན་པས་བཏགས་ཟིན་འཐག་པའི་སྦྱོར་བ་བརྩོན་དགོས་པ་མ་མཐོང་ངོ༌།།

                གཞན་ཡང་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེའི་རྣམ་ཐར་དོན་ལྡན་ཚངས་པའི་དབྱངས་སྙན་ནང་དོལ་རྒྱལ་སྐོར་ཞིབ་ཕྲ་འཁོད་ལ། ཀུན་མཁྱེན་ཡོངས་འཛིན་བླ་མའི་ཞབས་ཀྱི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་བྱིན་རླབས་མཆོག་གི་གཏེར་བུམ་སོགས་གསུང་རབ་དག་ཏུ་ཞིབ་གསལ་འཁོད་ཀྱང་འདིར་མང་བར་དོགས་ནས་དཔེ་མཚོན་ཙམ་ལས་ཞུ་ཐབས་བྲལ་བས་སྔོན་གྱི་ལོ་རྒྱུས་ཐོག་བླ་ཆེན་སྐྱེས་བུ་དམ་པ་ཚད་ལྡན་རྣམས་ཀྱི་གསུང་འབུམ་དུ་མ་ཞིག་གི་ཁྲོད་དུ་དམ་སྲི་འབྱུང་པོ་ཞེས་དང༌། འཇིག་རྟེན་པའི་འདྲེ་གདུག་པ་ཅན། རྒྱལ་འགོང་གདུག་པ་ཅན། འདྲེ་ངན། གདུག་འདྲེ། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན། ཤིན་ཏུ་མི་བསྲུན་པའི་དྲེགས་པ་དང༌། གདུག་རྩུབ་ཆེ་བའི་འབྱུང་པོ་སོགས་སུ་ངོས་འཛིན་མཛད་པ་ལས་ལྷ་སྲུང་ཞིག་ཏུ་ངོས་འཛིན་གཏན་ནས་མཛད་མེད་པ་སོགས་ཀྱི་སྔོན་བྱུང་ལོ་རྒྱུས་རྣམས་མགོ་འཚོས་ནས་ཀླད་པ་ལྡག་དགོས་པ་དང༌། བྱུང་རབས་ཤེས་པའི་ཐོག་ནས་གནད་དོན་གླེང་བ་ལས། དེ་མིན་བསམ་ཚད་ཁ་རུ་འདོན་པ་ན། གཏད་སོ་མེད་ཅེས་ཀུན་གྱིས་བསྙད། །ཅེས་པའི་དཔེ་ཟླར་གྱུར་རྒྱུ་ལས་མ་འདས་སོ།།

                ཡང་དཔྱད་གཏམ་པས། བྱབྱསྲུང་མ་རྒྱལ་ཆེན་ཤུགས་ལྡན་བསྟེན་མི་ཆོག་པའི་བཀའ་རྒྱ་ཡང་ཐེངས་མང་བཏང༌།བྱབྱ ཞེས་པ་ནི་ཤེས་བཞིན་དུ་ཁྱད་གསོད་དང༌། ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ལས། ཁུངས་ལུང་རྒྱུ་མཚན་ཤོད་རྒྱུ་མེད་ཁར། བདེན་པའི་དཔང་རྟགས་གང་ཡང་མེད་པར་ཧམ་པ་རི་ཙམ་མ་བཤད་ན། བདེན་པ་གཡག་ཙམ་མི་ཐོབ་པའི་དམར་དཔོན་མའོ་ཙེ་ཏུང་གི་བཤད་ཡམས་སུ་འབྲངས་པ་ལས་བདེན་པའི་ཁུངས་སྣེ་གཅིག་ཀྱང་མེད། དེ་ཡང༌། རིས་མེད་བསྟན་པའི་བདག་པོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྐོར་བཀའ་སློབ་ཕེབས་པར། ‘‘བླ་མ་གོང་མའི་གསུང་གཞིར་བཞག་སྟེ་ངོས་ཀྱི་ཉམས་མྱོང་གི་སྟེང་ནས་དགེ་སྐྱོན་གྱི་གནས་ལུགས་བརྗོད་རྒྱུ་ནི་ངོས་ཀྱི་ལས་འགན་ཞིག་ཡིན། ཉན་དང་མ་ཉན་སོ་སོའི་རང་དབང་ཡིན་པ་ལས། ངས་བསྟེན་མི་ཆོག་ཅེས་བཤད་མེད་ལ། ཐོག་མ་ཉིད་ནས་ངོས་ཀྱིས། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མ་ཉན་སོ་སོའི་འདོད་པ་རེད། ཅེས་ཁ་ཆེ་ཕ་ལུའི་ལུང་དྲངས་ནས་རྟག་ཏུ་ཤོད་ཀྱི་ཡོད། ངོས་ནས་བཤད་པ་དེར་ཉན་དགོས་ཞེས་སྔར་ཡང་བཤད་མེད་ལ། ད་ལྟ་ཡང་ཤོད་ཀྱི་མེད་ཅེས་’’ཡང་ཡང་བཀའ་བསྩལ་བ་དང༌། ཡང་དོལ་རྒྱལ་བསྟེན་གསོལ་བྱས་ན། དགེ་སྐྱོན་ཕན་གནོད་གང་ཡོད་པ་ངས་གསལ་པོ་ཤེས་བཞིན་དུ་མང་ཚོགས་ལ་འགྲེལ་བརྗོད་གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་རེད། བཤད་ནས་བདག་སྤྲོད་བྱས་དང་མི་བྱེད་དང༌། ཉན་དང་མི་ཉན་སོ་སོའི་ལག་པར་ཡོད། དགེ་སྐྱོན་ཡོ་བསྲང་ཡོང་ཐབས་བྱེད་རྒྱུ་ནི་ངའི་ལས་འགན་ཡིན། འོན་ཀྱང་གནོན་ཤུགས་སྤྲད་དེ་བཙན་གནོན་གཏོང་མཁན་སུ་ཡང་མེད་པ་ཚང་མས་ཤེས་གསལ་ཡིན་ཞེས་ཁ་གསལ་གོ་བདེ་བཀའ་སྩལ་བའི་དངོས་དོན་འདིས་དཔྱད་གཏམ་པ་དྲན་ཤེས་དང་ལྡན་པ་ཞིག་ཡིན་ན་ལོག་རྟོག་སེལ་བར་གྱུར་ངེས་དང༌། བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་ནས་ཀྱང་ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༢ ཉིན་གསལ་བསྒྲགས་གནང་བའི་ནང༌། ‘‘དོལ་རྒྱལ་མུ་མཐུད་བསྟེན་མཁན་དང༌། མི་བསྟེན་མཁན་ཁག་གཉིས་ཆོས་དང་ཟང་ཟིང་མཉམ་སྤྱོད་བྱ་ཐབས་མེད་པར་སོང༌། དོལ་རྒྱལ་བསྟེན་མཁན་རྣམས་ལོགས་སུ་མཚམས་གཞན་དུ་གནས་གཞི་གསར་གཏོད་བྱ་རྒྱུར། གྲྭ་ཚང་སོ་སོས་མི་གྲངས་ལ་གཞིགས་པའི་ཐོབ་སྐལ་གནང་འོས་གནང་འཐུས་དང༌། དགོས་གལ་བྱུང་ཚེ་བཙན་བྱོལ་བོད་གཞུང་ནས་ཀྱང་ཁོང་ཚོར་འོས་འཚམས་མཐུན་འགྱུར་གནང་བཞེད་ཡོད་’’ཅེས་གསུངས་ཡོད་པས་རྒྱ་གཞུང་གི་བྱེད་ལུགས་ལྟར་མང་གཙོའི་རྒྱལ་ཁབ་དང༌། རང་དབང་གི་སྤྱི་ཚོགས་ནང་བཙན་བཀའ་གཏོང་མཁན་སུ་ཡང་མེད་པས་དེ་ནི་ཁུངས་མེད་ཀྱི་གཏམ་འཆལ་དང་གཞི་མེད་ཀྱི་བསྙོན་འཛུགས་ཤིག་ཡིན་པ་ཤེས་རྟོགས་ཐུབ།

                ཡང་དཔྱད་གཏམ་པས། ‘‘ནང་པའི་སྡིག་སྤང་དགེ་སྒྲུབ་ཀྱིས་གཞིར་བྱེད་པའི་འདུལ་ཁྲིམས་ལ་མ་བལྟོས་པར་སྲུང་མ་རྡོ་རྗེ་ཤུགས་ལྡན་ལ་ཁ་གཡར་ནས་རང་དང་མ་མཐུན་པའི་སྟོབས་ཤུགས་ཟུར་འབུད་བྱས་’’ཞེས་དང༌། ‘‘ཡུལ་གྱར་བོད་མིའི་སྡེ་ཁུལ་ནང་གི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཉུང་ཤས་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་དང་དམའ་འབེབས་བཏང་ནས་རྒྱུན་གཏན་ཆོས་ལུགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད།’’ ཅེས་པ་དེ་ཡང་ཚུར་བཤད་གཏམ་གྱི་དོན་གོ་བ་དང༌། ཕར་བཤད་གཏམ་གྱི་སྒྲ་དག་པ་ཞིག་དགོས་པའི་གནས་ལུགས་ལས་ལྡོག་པ་ཞིག་ཡིན་ཏེ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ‘‘བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་གཞུང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་པའི་དོན་ཚན་བདུན་གྱི་འགྲོ་ལུགས་དགོངས་དོན་ལྟར་ཚུལ་ཤིང་བཀྲམས་པ་དང༌། དེང་དུས་ཡང་དག་མང་གཙོའི་ལམ་སྲོལ་ལྟར་མང་མོས་ཀྱི་ཐོག་ནས་དོལ་རྒྱལ་བསྟེན་འདོད་ཡོད་མེད་དང༌། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་ཡོད་མེད་བཅས་ཀྱི་མང་མོས་འོས་བསྡུ་བྱས་པ་ལས་འཕགས་ཡུལ་རང་དབང་ལུང་པ་དང༌། མང་གཙོའི་རྒྱལ་ཁབ་ནང་སུ་གཅིག་གིས་ཀྱང་བཙན་དབང་ཤོད་མཁན་མེད་ལ། ྋགོང་ས་མཆོག་གིས། ངོས་ནས་བཙན་དབང་ཤོད་ཀྱི་མེད། དེ་ཡང་མང་མོས་ཀྱི་བརྒྱ་ཆ་ ༦༠ ཡན་གྱི་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་བརྗོད་ན། ཉིན་དེ་ནས་བཟུང་ངོས་ཀྱིས་དོལ་རྒྱལ་སྐོར་ལ་ཚིག་གཅིག་བཤད་མི་ཡོང༌། མང་མོས་ཀྱི་ཐོག་ནས་བརྒྱ་ཆ་ ༦༠ ཡན་གྱི་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡིན་ཞེས་དང༌། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་ཡོད་པའི་མང་མོས་བྱུང་ན། དེ་ཡང་སོ་སོའི་རང་དབང་ཡིན་པས་ལགས་སོ་བརྗོད་རྒྱུ་ལས་གང་ཡང་མེད། དེ་ཡང་ྋརྒྱལ་བ་རིན་པོ་ཆེར་ངོ་དགའ་སྤྲེལ་ལད་འཁྲབ་དགོས་དོན་གང་ཡང་མེད། རང་ཉིད་ཀྱི་གནས་ལུགས་ཆ་ཚང་རྟོགས་པར་བྱས་ནས་ཐག་གཅོད་བྱེད་དགོས་’’ཞེས་བཀའ་སློབ་ལམ་སྟོན་གནང་སྟེ། མཐར་སྐྱབས་གནས་འདྲེ་ལ་བཅོལ་བའི་རྒྱ་དམར་གྱི་རྒྱུག་ཁྱི་ཆེས་ཉུང་ཤས་ཤིག་ནས་རང་ཉིད་ཀྱི་འདོད་མོས་བཞིན་རང་དབང་གི་ཐོག་ནས་རང་ཐག་རང་གཅོད་ཀྱིས་ཟུར་དུ་ཐོན་པ་ལས། བཙན་བྱོལ་བོད་གཞུང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཟུར་དུ་ཕུད་རིགས་གཅིག་ཀྱང་མེད་ལ། ལྷག་པར་གཞུང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་གཏོད་བྱེད་མཁན་གྱི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་དང༌། བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོད་དོ་ཅོག་གསོལ་སྕལ་གནང་བ་ལས། རྒྱ་གཞུང་གི་ལམ་སྲོལ་ལྟར་ཆོས་སྲིད་གང་ཅིའི་རང་དབང་དང་ཐོབ་ཐང་སྣ་གཅིག་ཀྱང་བཙན་འཕྲོག་བྱས་མེད་པ་མིག་ལྡན་གཟུར་གནས་ཀུན་གྱིས་མཐོང་ཆོས་སུ་ཡོད་པས། སླད་མར་དྲང་པོས་གཞུང་བསྲངས། གསལ་པོས་མཐའ་སྟོན་རྒྱུ་ནི་གལ་གནད་ཆེ་བས་སླད་མར་དཔྱད་གཏམ་པས་ངེས་པར་སེམས་བཅངས་བྱ་གལ་ཆེ།

                ཡང་དཔྱད་གཏམ་པས། ‘‘སྲུང་མ་རྡོ་རྗེ་ཤུགས་ལྡན་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པས་བསྟེན་པའི་སྲུང་མ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང༌། དེ་སྔོན་ཏཱ་ལས་ཀྱང་རྡོ་རྗེ་ཤུགས་ལྡན་བསྟེན་གྱི་ཡོད་’’ ཅེས་མི་ཤེས་ཤེས་ཁུལ་གྱིས་རང་མཚང་བརྗེན་པར་བསྟན་ཡོད། དེ་ཡང་གོང་དུ་བཀོད་པའི་སྔོན་བྱུང་གི་ལོ་རྒྱུས་དང༌། སྐྱེས་ཆེན་དམ་པའི་གསུང་རབ་ལ་གཞི་བཅོལ་ནས་བརྗོད་ཟིན་པ་ལྟར་དོལ་རྒྱལ་ནི་དགེ་ལུགས་པས་བསྟེན་པའི་སྲུང་མ་གལ་ཆེ་ཤོས་གྲས་ལྟ་ཅི་སྲུང་མ་ཐ་ཆད་ཅིག་ཀྱང་མིན་པར། རི་བོ་དགེ་ལུགས་པའི་དམ་སྲི་ཞིག་ཡིན་པ་དོལ་རྒྱལ་རང་ཉིད་ནས་ཁས་བླངས་པས་སོ།། དོལ་རྒྱལ་རི་བོ་དགེ་ལུགས་པའི་བསྟན་སྲུང་ཞིག་ཡིན་ཚུལ་བཤད་པ་དེར་གཏན་ཚིགས་དང་མཐུན་པའི་ལོ་རྒྱུས་ཀྱི་ཁུངས་སྐྱེལ་ཅི་ཡང་མེད། དེ་ཡང་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་ནས། ཆོས་སྲུང་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་རྡོ་རྗེའི་སྲུང་མ་ལས། དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་གྱི་རིགས་ལ་གསོལ་ཁ་མི་བྱེད་ཅེས་གསུངས་པ་ལས་ཀྱང་རྟོགས་ཐུབ་པ་ཡིན། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་མཛད་པའི་རི་བོ་དགེ་ལུགས་པའི་གྲུབ་མཐའ་དང༌། དེའི་བསྟན་སྲུང་གལ་ཆེ་ཤོས་ནི། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་ལས། སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར་སྐྱེས་བུ་ཆེན་པོའི་སྲུང་མ་མྱུར་མཛད་ཡེ་ཤེས་མགོན་པོ་དང༌། སྐྱེས་བུ་འབྲིང་གི་སྲུང་མ་རྒྱལ་པོ་རྣམ་ཐོས་ཀྱི་སྲས། སྐྱེས་བུ་ཆུང་ངུའི་སྲུང་མ་ལས་ཀྱི་གཤིན་རྗེ་བཅས་སྐྱེས་བུ་གསུམ་གྱི་སྲུང་མ་རྣམ་གསུམ་ཡོད་བཞིན་དུ༑ མཚལ་རང་ལ་ཡོད་དུས་ཙག་གཞན་ལ་རེ་དགོས་དོན་མེད་པའི་དཔེ་ལྟར་ཡིན། དམ་སྲི་འབྱུང་པོ་དྲེགས་པ་ཅན་ཞིག་རི་བོ་དགེ་ལུགས་པའི་སྲུང་མ་གལ་ཆེ་ཤོས་ཤིག་ཏུ་སྒྲུབ་པ་ནི་འདྲེ་ངན་ལྷ་ལ་བརྩིས་པ་དང༌། དགྲ་བོ་གཉེན་ལ་བརྩིས་པ་དང་མི་མཚུངས་སམ། ཚད་ལྡན་གྱི་སྲུང་མ་ཞིག་ཡིན་ན༑ ལམ་རིམ་སྨོན་ལམ་ལས། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།།

ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །ཞེས་པ་ལྟ་བུའི་ཁྱད་ཆོས་ཚང་བ་ཞིག་དགོས་པ་ལས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་པའི་དམ་སྲི་འབྱུང་པོ་ཞིག་སྲུང་མར་འོས་ཐབས་ཅི་ལ་ཡོད།

                ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། དགོངས་དཔྱད་བརྟག་ཞིབ་ཟབ་ནན་སྔ་ཕྱིར་ལན་མང་ལེགས་པར་མཛད་པ་དང༌། སྐུའི་ཡོངས་འཛིན་རྣམ་གཉིས་དང་བཀའ་གྲོས་ཞིབ་ལྷུག་གནང་མཐར་དགག་དགོས་རྒྱུ་མཚན་དུ་མ་གསལ་གཟིགས་བྱུང་བ་དང་བསྟུན་བོད་འབངས་རྣམས་ལ་དོལ་རྒྱལ་བསྟེན་གསོལ་བྱེད་པར་དགེ་མཚན་མེད་པས་ཚང་མས་བླང་དོར་མ་འཕྱུག་པ་དགོས་པའི་བཀའ་སློབ་གསལ་རྗེན་གནང་བ་དང༌། སྔར་ངོས་ནས་དོལ་རྒྱལ་བསྟེན་པ་དེ་ནི་ནོར་འདུག དེ་ནི་བླ་མ་གོང་མ་ཚོར་དགོངས་དག་ཅེས་ཞུས་ནས་ངོས་རང་སྤང་བླང་ཕྱིན་ཅི་མ་ལོག་པར་བྱས་པ་འདི་ལྟར་ཡིན་ཞེས་བཀའ་སྩལ་ཡོད་པས། ལེགས་ཉེས་རྣམ་པར་འབྱེད་ནས་བླང་དོར་ཚུལ་བཞིན་མཛད་པ་ལས། ཀླད་རྙིང་མཁྲེགས་བཟུང་དང༌། ཤེས་བཞིན་མིག་ལྡན་གཡང་མཆོང་ནམ་ཡང་མ་མཛད་པ་མ་ཟད། གཞན་ལའང་ལམ་སྟོན་ཚུལ་བཞིན་གདོམས་པར་མཛད་པ་ནི་མཁས་བཙུན་བཟང་གསུམ་གྱི་ཁྱད་ཡོན་མངོན་པར་གསལ་བ་ཞིག་ཡིན་ལ། ལྷག་པར་རིས་མེད་མཁས་གྲུབ་སྐྱེས་ཆེན་དམ་པ་གོང་མ་དག་གི་རྣམ་ཐར་གྱི་འཕྲོ་མཇུག་བསྐྱངས་གནང་མཛད་དེ༑ ལོ་མང་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་བརྟག་ཞིབ་ཟབ་ནན་རིམ་པར་གནང་མཐར་རྒྱལ་བསྟན་སྤྱི་བྱེ་ལ་དག་ཐེར་དང༌། ཆོས་རྒྱུད་ཁག་དབར་གྱི་མཐུན་ལམ་དམ་ཚིག གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་དང༌། སྐྱེ་འགྲོའི་བདེ་སྐྱིད། བོད་དོན་བདེན་མཐའ་གསལ་ཐབས་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་དགག་བྱ་གནང་བར་ས་དགེ་བཀའ་རྙིང་གི་བླ་ཆེན་དབུ་ཁྲིད་རྣམས་དང༌། བོད་འབངས་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གིས་རྒྱབ་སྐྱོར་དང་སྤང་བླང་ཚུལ་བཞིན་ཞུས་ཡོད་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གཟིགས་རྒྱང་རིང་བའི་ཐོག་ནས་དམ་སྲི་འབྱུང་པོ་བསྟེན་ཕྱོགས་ཀྱི་བཀའ་སློབ་ལམ་སྟོན་མཛད་པ་འདི་དག་ནི་དཔྱད་གཏམ་པ་ཁྱོད་རང་དང་རྒྱ་ནག་དམར་པོའི་གཞུང་གིས་ཀྱང་ཅི་གསུངས་བཀའ་བཞིན་བསྒྲུབ་ན་གནས་སྐབས་ཕན་ཞིང༌། མཐར་ཐུག་བདེ་བ་དང༌། ཁེ་ཆེ་ལ་གྱོང་གུད་མེད་པར་རིན་ཆེན་ལས་ཀྱང་རྩ་འགངས་ཆེ་བ་མ་ཟད་ལོ་རྒྱུས་ཀྱི་དོན་ངོ་མའི་ཐོག་ནས་དགོས་ངེས་ཡིན་པའི་ར་འཕྲོད་བྱུང་ཡོད།

                དོལ་རྒྱལ་གྱིས་བསྟན་འགྲོར་གནོད་པ་བྱེད་ཚུལ་ཇི་ལྟར་ཡིན་སྙམ་ན༑ གནད་དོན་འདི་དག་ཞིབ་ཏུ་མ་རྟོགས་པའི་དཔྱད་གཏམ་པ་རང་ཉིད་དང༌། རྒྱ་ནག་གུང་ཁྲན་ཏང་ལྟ་ཅི་སྨོས། བོད་རིགས་ཆེས་ཉུང་ཤས་ཀྱིས་ད་དུང་བསྟེན་གསོལ་བྱེད་བཞིན་པ་རྣམས་ལེགས་པར་ཤེས་གལ་ཆེ་བ་སྟེ། ྋགོང་ས་ལྔ་པ་ཆེན་པོས་མཛད་པའི་གཟུ་དཔང་དེ་ཉིད་ལས། ‘‘བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །’’ཅེས་དང༌། ‘‘མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་ཅིང༌། །འབྱུང་པོ་སྡེར་བཅས་མཐུ་སྟོབས་ནུས་པ་དང༌། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག །’’ཅེས་བཀོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་དང་ཚད་མའི་བཀའ་ཡིན་པ་ལས། དཔྱད་གཏམ་པས་བརྗོད་པ་ལྟར་ཁུངས་ལུང་རྒྱུ་མཚན་གང་ཡང་མེད་པར་ཁ་ནས་གང་ཐོན་ལྟར་བརྗོད་པ་ཞིག་མིན། དེས་ན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞིག་བསྟེན་ནས་བསྟན་པ་དང་འགྲོ་བ་ལ་ཕན་རླབས་ཡོང་སྲིད་དམ། བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་པ་མང་དུ་མཆིས་པ་ལས། གོང་དུ་སྐྱེས་ཆེན་རྣམས་ཀྱིས་དོལ་རྒྱལ་དམ་བསྒྲགས་མཛད་པའི་ནང་དོལ་རྒྱལ་གྱིས་བསྟན་འགྲོར་གནོད་པའི་བྱ་ངན་རྣམས་ཞིབ་གསལ་བཀོད་པ་རྣམས་དང༌། ལྷག་པར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ཚོད་དམ་སྲི་དོལ་རྒྱལ་གྱི་ཤེས་ཏེ་དགུ་རྫོགས་གནམ་གང་ཡིན་ད་ཞེས་སྐད་གསང་མཐོན་པོས་བསྒྲགས་ཡོད། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་ལྷག་མཐོང་ཆེན་མོ་ལས། ཤེས་ལྡན་དག་རང་བཞིན་གྱིས་སྟོང་པས་སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་གྱི། དོན་བྱེད་པའི་ནུས་པས་སྟོང་པས་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་ཡང་དང་ཡང་དུ་སྒྲོགས་པར་མཛད་དོ།།

ཞེས་གསུངས་པ་ལྟར་ལེགས་པའི་གཏམ་བཟང་ཞིག་ཡིན་ན་སྐད་གསང་མཐོན་པོས་སྒྲོག་པར་བྱེད་པ་ལས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་པ་ནི་གངས་ལྗོངས་ལྷ་མི་ཀུན་གྱིས་མྱ་ངན་དང་མིག་ཆུ་གཏོང་བའི་ཡིད་སྐྱོའི་གནས་དུས་ཤིག་ཡིན་པས། སྐད་གསང་མཐོན་པོས་གཏམ་བཟང་སྒྲོག་རྒྱུ་ཞིག་ག་ལ་ཡིན། དེ་ནི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་དེས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བར་བྱེད་པའི་དཔང་རྟགས་གསལ་ཤོས་ཤིག་ཡིན།

                དེས་ན་དེ་ནི་ལྷ་སྲུང་བསྟེན་ཕྱོགས་ཀྱི་གནས་ཚུལ་ཞིག་མིན་པར་བསྟན་འགྲོར་འཚེ་བ་བྱེད་མཁན་གྱི་དམ་སྲི་འབྱུང་པོ་ཞིག་བསྟེན་མིན་གྱི་གནས་ཚུལ་ཞིག་ཡིན། སྤྱིར་ནང་པ་སངས་རྒྱས་པ་རྣམས་ཀྱིས་འཇིག་རྟེན་པའི་ལྷ་འདྲེ་མི་བསྟེན་ཞིང༌། གལ་ཏེ་བསྟེན་ན་ནང་པ་ཡིན་མིན་གྱི་ས་མཚམས་སྐྱབས་འགྲོའི་དགག་སྒྲུབ་ཀྱི་བསླབ་བྱ་དང་འགལ་བ་དང༌། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་གིས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་གྱི་དམ་སྲི་འབྱུང་པོ་ཞིག་སྐྱོབ་པའི་སྲུང་མ་དང༌། བསྟེན་པའི་ལྷ་ཡིན། འཇམ་མགོན་རྒྱལ་བའི་བསྟན་སྲུང༌། རི་བོ་དགེ་ལུགས་པའི་སྲུང་མ་གལ་ཆེའི་གྲས་ཤིག་ཡིན་ཞེས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ལས། བདེན་པའི་གནས་ཚུལ་ཞིག་མིན་ནོ།།

                རྒྱ་ནག་དམར་གཞུང་དང༌། དོལ་རྒྱལ་བསྟེན་གསོལ་བྱེད་མི་རྣམས་ནས་ྋགོང་ས་ཏཱ་ལའི་བླ་མས་ཤུགས་ལྡན་དམ་བསྒྲགས་གནང་བ་དེས་ཆོས་དད་རང་མོས་ལ་གཏོར་བཤིག་གཏོང་ཚུལ་གྱི་གཞི་མེད་སྐྱོན་འཛུགས་དང༌། ཆོས་དུག་ཏུ་བརྩི་ཞིང་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་དེ་ཉིད་ད་ཆ་ྋགོང་ས་ཏཱ་ལའི་བླ་མའི་མཛད་ཕྱོགས་ཤིག་གིས་དབང་ལས་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང༌། དོལ་རྒྱལ་བསྟེན་གསོལ་སོགས་ཆོས་ལུགས་ཀྱི་བྱ་གཞག་ཁག་ལ་ཇུས་མེད་ཇུས་འཁྲི་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་ནི་དོན་དམ་ཆོས་བསམ་ནས་མིན་པར་རྒྱ་གཞུང་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་རྒྱུའི་སླད་དུ་ཡིན་པ་ཤིན་ཏུ་གསལ་པོ་ཡིན་པས་ཀུན་གྱིས་ཡིད་གཟབ་གནང་གལ་ཆེ།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་བསྟེན་གསོལ་སྐོར་དགེ་འདོན་སྐྱོན་སེལ་གནང་བར་ཆོས་དད་རང་མོས་ཀྱི་ཐོབ་ཐང་དང་འགལ་ཚུལ་གྱི་གཞི་མེད་སྐྱོན་འཛུགས་བྱེད་བཞིན་ཡོད། དེ་ལྟར་ན་ལུང་རིགས་ཀྱི་ལམ་ནས་དམ་སྲི་འབྱུང་པོ་དྲེགས་པ་ཅན་ཞིག་བསྟེན་གསོལ་འོས་མིན་རྣམ་དབྱེ་འབྱེད་པ་དེ་དག་ཆོས་དད་རང་དབང་གི་ཐོབ་ཐང་དང་འགལ་ཟླར་གྱུར་ཚེ། ཆོས་བརྒྱུད་སོ་སོའི་རང་ལུགས་དང་བསྟུན་ཏེ་དཔེར་ན༑ ཁ་ཆེའི་ཆོས་ཁང་ནང་སངས་རྒྱས་ཀྱི་སྐུ་བརྙན་འཇོག་མི་ཆོག་པ་དང༌། ནང་པས་དབང་ཕྱུག་སོགས་ལྷ་གཞན་སྐྱབས་སུ་འཛིན་པ་སྐྱབས་འགྲོ་གཏོང་བའི་རྒྱུར་བཤད་པའང་ཆོས་དད་རང་དབང་དང་འགལ་བར་ཐལ་བ་དང༌། སྨྱོ་ཆུ་མ་འཐུང༌། དུག་ཟ་མི་ཉན་ཚུལ་བརྗོད་པ་དེ་ཡང་ཟ་འཐུང་གི་རང་དབང་འཕྲོག་པར་ཐལ་ཞིང༌། དེ་བཞིན་རབ་ཏུ་བྱུང་བའི་ཐོག་མར་ཁྱོད་རབ་ཏུ་བྱུང་འདོད་དམ་ཞེས་དང༌། བསླབ་པའི་གནས་འདི་ལྟ་བུ་ལ་དམ་བཅའ་ནུས་སམ་ཞེས་འདོད་མོས་ཡོད་མེད་དྲི་བ་དང༌། དེ་བཞིན་དུ་བྱང་སེམས་དང་སྔགས་ཀྱི་བསླབ་པ་སོགས་ལ་མོས་པ་ཡོད་པ་སྣོད་རུང་དུ་བསྟན་པ་དང༌། མི་མོས་པ་ལ་ཆོས་མི་བཤད་པ་སོགས་གསུངས་པས་དེ་ཡང་ཆོས་དད་རང་དབང་དང་འགལ་ལ། མདོར་ན་སྟོན་པ་ཐུགས་རྗེ་ཅན་གྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གསུངས་པའང་འདོད་དབང་དང༌། སྨྲ་བརྗོད། བསམ་བློའི་རང་དབང་བཅས་དང་འགལ་ཚུལ་གྱི་འཁྱོག་བཤད་བྱེད་པ་དང་ཀུན་ནས་མཚུངས། དེས་ན་དོལ་རྒྱལ་ནི་སྐྱོབ་པའི་སྲུང་མ་མིན་ལ། བསྟེན་པའི་ལྷ་ཡང་མིན་པར་དམ་སྲི་འབྱུང་པོ་མི་མ་ཡིན་བསྟེན་མིན་གྱི་གནས་ཚུལ་ཞིག་ཡིན་པས། དེ་ནི་ཆོས་དད་རང་མོས་ཀྱི་གནས་ཚུལ་དང་འབྲེལ་བ་ཅི་ཡང་མེད།

                ཡང་དཔྱད་གཏམ་པས། ‘‘ཏཱ་ལ་ཕྱི་རྒྱལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་རིམ་བཞིན་སྲུང་མ་རྒྱལ་ཆེན་ཤུགས་ལྡན་བསྟེན་མཁན་ཚོས། གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ནས་རྒོལ་གཏམ་དྲག་པོ་གཏོང་བ་དང་ཁོང་ཚོས་ཁྱེད་ཀྱི་འཛུམ་མདངས་མི་རྣམས་ཡིད་དབང་འཕྲོག་དགོས་པ་ཞིག་ཡོད་རུང་ཁྱེད་ཀྱི་བྱེད་སྤྱོད་ཀྱིས་མི་རྣམས་ལ་གནོད་འཚེ་གཏོང་གི་ཡོད་ཅེས་པའི་སྦྱར་ཡིག་འཕྱར་ནས་ཏཱ་ལས་གདུག་རྩུབ་ཆེན་པོས་གནོད་འཚེ་བཏང་བ་ཐེར་འདོན་བྱེད་ཀྱི་ཡོད་’’ཅེས་དང༌། ཡང༌། ‘‘ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཐ་ན་ཁོ་པའི་སྔོན་བྱོན་པ་དང་སྲུང་མར་སྡུག་རླུང་བསྟན་གྱི་ཡོད་ཅེས་’’བཀོད་འདུག་མོད། དེ་དག་ནི་ཆོས་ཀྱི་ཟབ་གནད་མི་ཤེས་པའམ་ཤེས་བཞིན་ཁྱད་གསོད་བྱེད་མཁན་དང༌། གཞན་གྱི་གཡོ་འོག་ཏུ་ཚུད་པ། དངུལ་དངོས་ཀྱི་བསླུ་བྲིད་སོགས་ཀྱི་གཞན་དབང་དུ་སོང་བའི་སྐྱེ་བོ་ཆེས་ཉུང་ཤས་དང༌། ནང་ཆོས་སྤྱི་དང་ཁྱད་པར་ལྷ་སྲུང་གི་གལ་གནད་ལ་མྱོང་རྒྱུས་ཞན་པའི་མི་སྣ་བེད་སྤྱོད་ཀྱིས། ཕྱི་གླིང་བའི་མི་རིགས་བློ་ཆུང་རེ་ཟུང་ལ་ངན་བསྐུལ་བྱས་ནས་ཆོས་ལུགས་ཀྱི་གནད་དོན་དེ་རྒྱ་གཞུང་གི་སྲིད་ཇུས་ཀྱི་ལག་ཆ་ཞིག་ཏུ་གྱུར་ཐབས་བྱེད་པའི་ངན་འབྲས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཤིག་དང༌། སྐམ་སའི་ཐོག་གི་རྡོ་ཆུང་ཞིག་གི་ཚུལ་ལྟར་ཡིན་པས་ཧ་ལས་ཧོར་ཐོར་བྱེད་དགོས་གང་ཡང་མེད་ལ། བྱེད་པོ་དེ་དག་གི་མཐའ་མའི་ངན་འབྲས་ནི་འཛམ་གླིང་ཐོག་ཆོས་སྤྱན་ཡངས་པའི་གཟུར་གནས་སྐྱེ་བོ་རྣམས་དང༌། བོད་མི་རབས་དང་བཅས་པས་དམའ་འབེབས་མཆིལ་མ་འདེབས་པའི་ཞབས་འདྲེན་གྱི་ལས་ངན་ཞིག་གསོག་རྒྱུ་ལས། གཞན་གང་ཡང་ཡོང་རྒྱུ་མེད། འོན་ཀྱང་བྱེད་པོ་དེ་རྣམས་ནས་རང་རང་གི་ནོར་འཁྲུལ་ལ་ངོས་འཛིན་ཐུབ་སྟེ་གང་མྱུར་ལོག་ལམ་ནས་རྟ་ཁ་གཡང་བཅུས་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད།

ལྷག་པར་རྒྱ་གཞུང་ནས་དཔལ་འབྱོར་གྱི་རྒྱབ་རྟེན་ལ་བརྟེན་ནས་ཤུགས་ལྡན་སྲུང་མར་འབོད་ཅིང་སྲུང་མས་མི་བསྐྱབས་མ་ཐུབ་པར་མིས་ལྷ་སྲུང་བའི་ལྷ་མི་སྲུང་སྐྱོབ་ཚོགས་པ་བཙུགས་ཏེ་ྋགོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་ལ་རྒོལ་སེམས་འཆང་བའི་རྒྱ་དམར་རྗེས་འབྲངས་ཡོད་ཚད་དང་ཁྱི་སྤྱང་ལག་སྦྲེལ་བྱས་ཏེ་ྋགོང་ས་མཆོག་ལ་འདི་ལྟ་བུའི་ཁུངས་མེད་ཀྱི་མཚན་སྨད་དང༌། བཙན་བྱོལ་བོད་གཞུང་ལ་གཞི་མེད་ཀྱི་སྐྱོན་བརྗོད། བོད་མི་ནང་ཁུལ་རྒྱུ་དངོས་དང༌། སྡིགས་ར། བསླུ་བྲིད། བརྡུང་བཅོག མེར་བསྲེག་སོགས་ཐབས་ལམ་སྣ་ཚོགས་ཀྱིས་དབྱེར་སྦྱོར་དཀྲུགས་ཤིང་སོགས་ཀྱི་གནོད་འཚེ་བྱས་དང་བྱེད་བཞིན་པའི་ངན་འབྲས་ལས་གཡོལ་ཐབས་བྱས་པ་ཞིག་ཡིན།

                དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དང༌། བོད་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་ལ་གནོད་གཞི་ཆེ་བ་ལུང་རིགས་དང༌། དག་སྣང༌། ཉམས་མྱོང་ཀུན་མཐུན་ཚད་གྲུབ་ལ་བརྟེན། ྋརྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་སྐྱེས་ཆེན་དམ་པ་རྣམས་ཀྱིས་དམ་བསྒྲགས་དགག་བྱ་གནང་མུས་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་དང༌། སྐུ་ཕྲེང་བཅུ་བཞི་པ་རྣམ་གཉིས་ནས་བཀག་སྡོམ་དོ་ནན་མཛད་པ་ནི། གཟིམ་ཁང་གོང་འོག་མ་མཐུན་པའི་གནས་ཚུལ་ཙམ་དང༌། ྋརྒྱལ་མཆོག་སྐུ་ཕྲེང་རིམ་པའི་སྐུ་ཚེར་གནོད་པ་དང༌། དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གནས་ཚུལ་ཙམ་མིན་པར། དེ་ནི་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་ལ་གནོད་ཚབས་ཆེ་བ་དང་གཅིག སྐྱེ་འགྲོའི་བདེ་སྐྱིད་ལ་གནོད་པ་དང་གཉིས། ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང་གསུམ། ལྷག་པར་ཆོས་ལུགས་ཕན་ཚུན་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་འཁྱབ་པར་འགོག་རྐྱེན་ཆེ་ཤོས་སུ་གྱུར་བ་དང་བཞི། ཉམ་ཆུང་གི་འགྲོ་བར་གནོད་འཚེ་བྱེད་པ་སོགས་ལ་བརྟེན་ནས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དམ་བསྒྲགས་མཛད་པ་ནི་སྐྱབས་གནས་འདྲེ་ལ་བཅོལ་བའི་དོལ་རྒྱལ་བསྟེན་གསོལ་བྱེད་མི་རྣམས་དང༌། དེའི་སྦྱིན་བདག་རྒྱ་ནག་དམར་གཞུང༌། ཡང་དེའི་རྒྱུག་ཁྱི་དཔྱད་གཏམ་པ་བཅས་ནས་ཤེས་པར་གྱིས་ཤིག

                ཡང་དཔྱད་གཏམ་པས། བྱབྱཏཱ་ལས་དོལ་རྒྱལ་བསྟེན་མཁན་རྣམས་ལ་རྡུང་རྡེག་དང་དམའ་འབེབས། དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་བར་འགལ་བ་བཟོ་ཚུལ་དང༌། དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ནས་འཁོས་གྲས་བཟོས་ཚུལ་བྱབྱཁུངས་མེད་ཀྱི་གཏམ་འཆལ་མང་དུ་བཀོད་པ་ལས། དོན་དངོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྔོན་བྱོན་སྐྱེས་ཆེན་དམ་པས་དཔྱད་ཞིབ་ཀྱིས་དམ་བསྒྲགས་མཛད་པའི་ལམ་བཟང་ཐོག་བསྐྱོད་གནང་གིས་རྒྱལ་བསྟན་ཆབ་སྲིད་དང༌། སྐྱེ་འགྲོའི་བདེ་ཐབས་ཀྱི་དོན་ཆེན་དང་གཅིག ཆོས་ལུགས་གྲུབ་མཐའི་དབར་མཐུན་ལམ་ལ་གནོད་སྐྱོན་བྱུང་བ་གཉིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་གནོད་སྐྱོན་དང་གསུམ་བཅས་ཀྱི་དགག་དགོས་རྒྱུ་མཚན་ལ་བརྟེན་ནས་དམ་བསྒྲགས་མཛད་ཚུལ་གྱི་དོན་དངོས་ཀྱི་ཟུར་ཙམ་ཡང་མི་གླེང་བ་ནི་ཕྱོགས་རིས་ན་བུན་གྱིས་མིག་གཉིས་ཡོངས་སུ་བསྒྲིབས་ནས་མིག་ལྡན་གཡང་མཆོངས་བྱས་པ་ནི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བ་རྟོགས་ཐུབ།

                རྒྱ་ནག་དམར་གཞུང་དང༌། རྒྱའི་རྒྱུག་ཁྱི་དཔྱད་གཏམ་པ་རང་ཉིད་ནས་ཁབ་མིག་གིས་ནམ་མཁའི་ཚད་འཇལ་བའི་དཔེ་ལྟར་དོལ་རྒྱལ་གྱི་བྱུང་རབས་གང་ཡང་མི་ཤེས་ཤིང༌། ཆོས་ཀྱི་གནས་ཚད་ཤིན་ཏུ་དམན་ཡང་བླ་སྤྲུལ་གྱི་ཡང་སྲིད་དང༌། དོལ་རྒྱལ་སོགས་ཀྱི་སྐོར་གླེང་བ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཏུ་མཐོང་སྟེ་བཙན་བྱོལ་བོད་གཞུང་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོར་གཞི་མེད་སྐྱོན་འཛུགས་བྱས་པ་ཞིག་ཡིན་ལ། བོད་ནང་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མི་རྣམས་ལ་རྒྱ་གཞུང་གིས་དངུལ་དངོས་ཀྱི་རོགས་རམ་བྱས་པ་དང༌། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་དགོན་སྡེ་ཁག་ཏུ་འགྲོ་ལམ་གསར་བཟོ་དང༌། གྲྭ་བཙུན་རྣམས་ལ་གླ་ཕོགས་སྤྲོད་པ་སོགས་ཀྱིས་མགོ་སྐོར་བསླུ་བྲིད་བྱེད་པ་དང༌། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པའི་དགོན་སྡེ་ཁག་ཏུ་དོལ་རྒྱལ་གྱི་འདྲ་བརྙན་བཟོ་རུ་འཇུག་པ་དང༌། ལྡེབས་རིས་འབྲི་རུ་འཇུག་པ། དོལ་རྒྱལ་བསྟེན་གསོལ་བྱེད་དགོས་པའི་ངན་བསྐུལ་དང་བཙན་བཀའ་བཏང་དང་གཏོང་བཞིན་པ་མ་ཟད། དོན་དམ་མདོ་སྔགས་རབ་འབྱམས་རྒྱ་མཚོའི་གཞུང་ལུགས་ཁག་ལ་ཐོས་བསམ་སློབ་གཉེར་དང༌། འཆད་ཉན་བྱེད་པར་བཀག་འགོག་བྱེད་པ་སོགས་བྱ་ངན་སྤེལ་དང་སྤེལ་མུས་ཡིན་ལ། མདོར་ན་རབ་བྱུང་བ་རྣམས་དང་རྒྱ་ཆེའི་དད་ལྡན་པ་རྣམས་ལ་ཆོས་དད་རང་དབང་ལྟ་ཅི། ཆོས་བྱེད་དང་མི་བྱེད་ཀྱི་གདམ་ག་ཙམ་ཡང་བྱ་རྒྱུའི་ཐོབ་ཐང་མི་སྤྲོད་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་ཡིན། གཞན་ཡང་བྱེས་ཁྲོད་དུ་དོལ་རྒྱལ་བསྟེན་མཁན་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་བྱེད་པ་དང༌། ཉེས་རྡུང་གཏོར་བཅོམ། མེར་སྲེག་གཏོང་བ། འཇིགས་སྐུལ་བྱེད་པ་སོགས་བྱ་ངན་མང་ཙམ་བྱུང་བ་རྣམས་རྒྱ་ནག་དམར་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པ་ར་འཕྲོད་བྱུང་བ་རྒྱ་གར་གྱི་ཉེན་རྟོགས་པས་གསལ་བསྒྲགས་ཀྱང་གནང་ཡོད།

   དོལ་རྒྱལ་བསྟེན་ཕྱོགས་ཀྱི་གནད་དོན་དེའི་ཐད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱིར་བླང་དོར་ལམ་སྟོན་གྱི་བཀའ་སློབ་གལ་ཆེ་ནན་ཕེབས་རིམ་བསྩལ་གྱིས། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།།

ཉན་དང་མི་ཉན་སོ་སོའི་འདོད་པ་རེད། ཅེས་དོལ་རྒྱལ་བསྟེན་ན་དགེ་སྐྱོན་དང༌། དགག་དགོས་རྒྱུ་མཚན། ཕན་གནོད་གང་ཡོད་བྱུང་རབས་ལོ་རྒྱུས་དང་བསྟུན་ཤིང༌། ཁུངས་ལུང་རྒྱུ་མཚན་བཅས་ཕྱོགས་བསྡོམས་ཀྱིས་ལམ་སྟོན་གནང་ཡོད་པས། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་གི་ངོས་ནས་བརྗོད་ན། རང་གི་མངའ་འབངས་རྣམས་ཀྱི་བདེ་སྡུག་དང༌། མི་དམངས་ཀྱི་ཕན་གནོད། བསྲེ་ལྷད་མེད་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་སོགས་རླབས་དང་གཟི་བརྗིད་ཆེ་ཞིང་གཡོལ་དུ་མེད་པའི་མཛད་འགན་དང༌། དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཐམས་ཅད་ཕྲག་ཏུ་བཞེས་ཤིང་བྱམས་བརྩེས་ཀུན་ནས་བླངས་ཏེ་ལམ་སྟོན་མིག་ཕྱེ་བ་ལྟར་གནང་སྟེ་ལོང་བས་བལྟས་ཀྱང་མཐོང་ཚོད་དང༌། འོན་པས་ཉན་ཀྱང་གོ་ཚོད་ལྟར་ལན་མང་བཀའ་གསལ་བསྩལ་ཡོད་པས་ཚང་མས་རྒྱལ་བའི་བཀའ་མདོ་རྒྱུད་དཔང་དུ་བཞག་ནས། རྗེས་རབས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བརྟག་ཞིབ་ནན་ཏན་མཛད་པའི་མཐའ་དཔྱོད་ཀྱི་མཁས་པའི་ལེགས་བཤད་རྣམས་གསལ་བྱེད་དུ་བཟུང་ཞིང༌། ཡང་དག་པའི་ལུང་རིགས་གྲོགས་སུ་འཁྱེར་ཏེ་ཞིབ་མོའི་བློས་གཟུ་བོར་གནས་པའི་ཐོག་ནས་དཔྱད་ཞིབ་བྱས་ན་ངེས་པ་ནམ་ལངས་པ་ལྟ་བུ་རྙེད་པ་ཡིད་གཉིས་ཐེ་ཚོམ་མི་དགོས་སོ།།

                ཡང་དཔྱད་གཏམ་པས། ‘‘དོལ་རྒྱལ་བསྟེན་མཁན་ཉུང་ཤས་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་དང་དམའ་འབེབས་བཏང་ནས་རྒྱུན་གཏན་ཆོས་ལུགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་’’ཅེས་ཁ་སྣའི་བར་ལ་རྫུན་དང༌། མཛུབ་མོའི་བར་ལ་རི་བཀབ་སྟེ་འུད་སྒྲོག་བྱེད་ཀྱི་ཡོད་ཚེ། རྒྱ་གཞུང་གིས་བོད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་འདམ་བྱ་འདེམས་བྱེད་ཀྱི་དབང་ཆ་དང་རང་དབང་གཏན་ནས་མེད་པར་གོང་རིམ་དབང་འཛིན་པས་ཚང་མ་བརྒྱ་ཁ་གཅིག་གཅོད་བྱེད་བཞིན་པ་དེར་གང་ཞིག་བརྗོད་དགོས་སམ། རང་ལ་འདམ་བྱ་འདེམས་བྱེད་ཀྱི་དབང་ཆ་དང༌། རང་དབང་གཏན་ནས་མེད་པར་རྒྱ་ནག་དབང་འཛིན་པ་རྣམས་ནས་རྒྱུག་པ་ལེབ་རྡུང་དང༌། བཙན་པོ་དབང་ཡོད་ཀྱིས་ཐག་གཅོད་བྱེད་པའི་གུང་ཁྲན་ཏང་གི་བྱ་སྤྱོད་དེར་འཛམ་གླིང་མི་མང་ཚང་མས་འཕྲེད་དར་འཕྱར་ནས་ཉིན་ལྟར་ཁྲོམ་སྐོར་བྱེད་དགོས་པ་མ་ཡིན་ནམ།

གཞན་ཡང་མཁས་མཛངས་ལྡན་པའི་སྐྱེ་འགྲོ་ཞིག་ཡིན་ན་འཕྲལ་ཕུགས་གཉིས་ལ་བརྟག་སྟེ་ཕུགས་སུ་གནོད་པ་ཞིག་ཡིན་ཕྱིན་མཐའ་གཅིག་ཏུ་དོར་བྱ་ལས་གཞན་དུ་མ་མཆིས་པ་ནི་དུག་ཅན་གྱི་ཟས་མངར་དང་ཆོས་མཚུངས་པས་དགེ་ལས་སྡིག་ཆེ་བ་དང༌། ཕན་ལས་གནོད་ཆེ་བའི་བྱ་ངན་གྱི་རིགས་ཉིན་འགྱངས་ཞག་ཕུད་ཀྱི་དབང་དུ་མ་སོང་བར་འཕྲལ་མར་སྤོང་གལ་ཆེ་བས་གཟུ་བོར་གནས་ཤིང་བློ་གྲོས་ཆེ་བ་རྣམས་ཀྱིས་དཔྱད་པར་མཛོད་ལ༑ དེ་ལྟར་འབྱུང་པོ་དོལ་རྒྱལ་བསྟེན་གསོལ་བྱེད་མི་སུ་རུང་ཕུགས་སུ་གནོད་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་མང་དུ་མཆིས་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་ཤིང༌། མདོར་ན་སྔོན་ནས་ད་བར་དམ་སྲི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་འཆི་ཁར་དྲི་ངན་ཆེ་བ་དང༌། ནད་ཚབས་ཆེན་གྱིས་མནར་བ། འཇིག་སྣང་དྲག་པོའི་ཐོག་ནས་འཆི་བ་དང༌། འཆི་རྐྱེན་ངན་པའི་དབང་དུ་སོང་བ། དཔལ་འབྱོར་ལོངས་སྤྱོད་ལ་རྔམ་ནས་ཚེ་སྟོད་ལ་བསྟེན་ཏེ་ལོངས་སྤྱོད་ཅུང་ཟད་འཕེལ་ནའང་ཚེ་སྨད་ལ་དབུལ་ཕོངས་སུ་གྱུར་བ་སོགས་མངོན་སུམ་གྱི་མཐོང་ཆོས་ཆེས་མང་བས་དུག་ཆང་རང་གིས་ཉོས་ནས་རང་གིས་སྤྱོད་པ་དང་ཆོས་མཚུངས་པས། སྐྱེ་བོ་གང་ཞིག་གིས་དམ་སྲི་དོལ་རྒྱལ་བསྟེན་གསོལ་བྱས་ནས་རང་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་མྱོང་གི་རྟོགས་པ་ལྡན་པའི་རྟགས་མཚན་དངོས་སུ་སྟོན་དགོས་བྱུང་ཡོད་པ་ཉིན་སྐར་གྱི་རྗེས་སུ་འགྲོ་བ་ལས་མ་འདས་པས། དུས་གསུམ་མཁྱེན་པའི་བཀའ་བཞིན་བླང་དོར་འཇུག་ལྡོག་འཛོལ་མེད་ཚུལ་བཞིན་བྱས་ན་ཤིན་ཏུ་ལེགས་སོ།།   །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཀླུ་མཁར་བྱམས་ཁྱོད་ཀྱིས་གཞི་མེད་ལབ་གླེང་གི་རྩོམ་ཡིག་བརྒྱུད་མ་ཆད་པར་སྤེལ་འདུག་པར་ཧང་སོང་བྱུང་། ཐོག་མར་ཁྱོད་ལ་དྲི་བ་གསུམ་ཡོད། དང་པོ། འཛམ་གླིང་ས་ཆེན་འདིར་མཚན་སྙན་ཆེ་བའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་གུས་པའི་ཚིག་སྦྱོར་སྣ་ཚོགས་དང་། བླ་རྒན་ཞེས་མཚན་སྨོད་བྱེད་ཆོག་པའི་དབང་ཚད་ག་རེད་ཡོད་དམ། གཉིས་པ། བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གིས་བལྟུད་མར་བཀའ་བློན་ཁྲི་པར་འདེམས་ཐོན་སྔར་རྗེས་གཉིས་སུ་བྱུང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ། གཞི་མེད་ཀྱི་མཚན་མོད་བྱ་རྒྱུའི་སྤོབས་པ་ག་རེ་ཡོད་དམ། གསུམ་པ། བོད་ཀྱི་ཆོས་ལུགས་ཆེན་པོ་བཞིའི་ནང་ཚན་རི་བོ་དགེ་ལྡན་པ་ཞེས་འཛམ་གླིང་ཡོངས་སུ་གྲགས་པ་དེ་ལ་རྒོལ་ནུས་པའི་རྒྱབ་གྱང་ག་ར་ཡོད་དམ། ༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ནི། ཀླུ་མཁར་བྱམས་དང་། འཁྲིག་འཛིན་ཅན་ཅན་གྱི་དོལ་རྒྱལ་བ་དང་། རྒྱ་དམར་ཁྱེད་ཅག་རེད་མ་གཏོགས། བོད་ཕྱི་ནང་གཉིས་ཙམ་དུ་མ་ཟད། འཛམ་གླིང་ས་ཆེན་ཡོངས་ཀྱིས་མི་རིགས་ཕལ་མོ་ཆེ་རྣམས་ཀྱིས་ཀྱང་། ཆེར་བསྟོད་ག་ཚོད་འབུལ་གྱིན་འདུག་གམ། ཁྱོད་རང་གིས་༸གོང་ས་མཆོག་ལ་དད་གུས་མེད་ན་ཡང་། གོང་གསལ་རྣམས་ལ་ཁྱོད་ཀྱིས་རྒོལ་བ་བྱེད་ཐུབ། མཁས་དབང་ཟམ་གདོན་རིན་པོ་ཆེ་ནི་ཆོས་ལུགས་ལ་ཆོལ་ཁའི་ཕྱོགས་ཞེན་ཡོད་མེད་ནི། བོད་མི་ཡིན་ནོ་ཅོག་གིས་ཤེས་ནས་སྥྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ཁྲི་པར་བལྟུ་མར་འདེམས་ཐོན་གཉིས་བྱུང་རེད། བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ནོར་འཁྲུལ་ཡིན་པའི་རྒྱུ་མཚན་དང་། དེ་དག་གི་མང་གཙོའི་ཁེ་དབང་འཕྲོག་ནུས་པའི་གདེངས་ཚོད་ག་རེ་ཡོད། རི་བོ་དགེ་ལྡན་པས་ཆོས་ལུགས་ཆོལ་ཁའི་མཐུན་ལམ་དང་། བོད་མིའི་རྩོ་དོན་ལ་དོ་ཕོད་མི་ཡོང་བའི་ཆེད་དུ་བཟོ་སེམས་སྒོམ་ནས་སྡད་ཡོད་མ་གཏོགས། སྐྱབས་བཅོས་བའི་སྤྱི་ཚོགས་ནང་ཞྭ་སེར་གྱི་བསྟན་པ་ག་ཚོད་ཉམས་ཆགས་འགྲོ་ཡིན་ཡོད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། དེ་བཞིན་སྤེན་པ་ཚེ་རིང་ལགས་ནི། མདོ་སྨད་མི་མང་གིས་འདེམས་བསྐོར་བྱས་པའི་སྤྱི་འཐུས་དང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་རི་སྒྲོལ་མ་ལགས་ནི་མདོ་སྟོད་མི་མང་གིས་འོས་འདེབས་གནང་བའི་སྤྱི་འཐུས་དང་། གྲོས་ཚོགས་ཀྱིས་ཚོགས་གཞོན། ཐུབ་བསྟན་ལུང་རིག་ལགས་ནི་བཟང་སྤྱོད་ཀྱི་ཡོན་ཏན་རིམ་བཞིན་མངོན་ནས་བཀའ་བློན་ཁྲི་པ་དང་། གྲོས་ཚོགས་ཀྱིས་འདེམས་བསྐོ་བྱས་པའི་བོད་གཞུང་གི་བཀའ་བློན་ཞིག་རེད། ཁོང་རྣམས་པ་ལ་གཞི་མེད་ཀྱི་མྱོས་ཧམ་བཤད་ཕོད་ཀྱང་། དེ་གི་རྒྱབ་ལོག་གི་མི་མང་ལ་ཁ་ལྟད་ནུས་པར། ཁྱོད་ཀྱི་རྒྱབ་ལོག་ལ་སུ་ཞིག་ཡོད། ཀླུ་མཁར་བྱམས་ཁྱོད་ཀྱིས་བོད་དོན་་དང་། བཅའ་ཁྲིམས་སོགས་ཀྱི་སྐོར་ལ་གླེང་གིན་ཡོད་མདོག་མདོག་ཀྱིས་། དོན་དུ་བོད་པའི་སྤྱི་ཚོགས་ནང་ཁོངས་དཀྲུག་རྒྱུའི་ངན་སེམས་དང་། ཆོས་མེད་སྨྲ་བའི་རྒྱབ་གྱང་ངན་པ་ཞིག་ཡོད་པའི་དོགས་པ་ཡོད།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་བསྟན་འཛིན་ཕན་བདེ་ལགས་རྣམ་གཉིས་ནས་དོལ་རྒྱལ་གྱི་འབྱུང་རིམ་དང་རྒྱ་གཞུང་གི་ཉེས་མེད་སྐྱོན་འཛུགས་བྱེད་པར་གསལ་བཤད་རྒྱས་ཤིང་རྒྱས་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངོས་ནས་འགོ་འཇུག་བར་གསུམ་གྱི་གསལ་བཤད་རྣམས་བལྟ་ཀློག་ཡང་ཡང་བྱས་ཀྱང་སྐྱོན་ཆ་སྤུ་ཙམ་ཡང་མིན་འདུག་ལགས་ན་སླར་ཡང་ཐུགས་རྗེ་གྲངས་མེད་དུ་ཆེ་ཞུ་རྒྱུ་ཡིན། ༸རྒྱལ་བ་དོན་གྱི་བདག་པོས་བོད་བསྟན་སྲིད་ཀྱི་ཆེད་སྐུ་ལས་དེ་ཙམ་སྐྱོན་ན་ཡང་ལས་ངན་པ་འགའ་ཞིག་ནས་ལམ་ལོག་དུ་ཁྲིད་ནས་སྡིག་སྤྱོད་སྣ་ཚོགས་བྱེད་པ་ནི་བསམ་ཡུལ་ལས་འདས། ༸རྒྱལ་བ་དོན་གྱི་བདག་པོར་དྲིན་ལན་འཇལ་རྒྱུ་མེད་ན་ཡང་སྨྱོ་ཧམ་ཆེན་པོས་ཁ་གཏད་གཅོག་པ་ནི་ལས་རྒྱུ་འབྲས་ལ་ཡང་མི་འགྲོ་བ་དང་སྡིག་ཉེས་ནམ་མཁར་མི་གཤོངས་བ་ཡིན། ཁྱེད་རྣམ་གཉིས་ནས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་འདི་ལྟ་བུའི་གནས་ཚུལ་ཁྱབ་སྤེལ་བཏང་ཐུབ་ན་དགེ་མཚན་ཤིན་ཏུ་ནས་ཆེ་བར་མཐོང་། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པ་དང་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ།
1 ༢༨༢༠༡༠༡༤༢༩
ཁྱེད་གཉིས་ལྟ་བུའི་མི་བུ་དག་མང་ཙམ་ང་ཚོ་ལ་མཁོ་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།