ཆོས་དུག་ཏུ་བརྩི་མཁན་གྱིས་ནང་ཆོས་གླེང་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། གཉིས་པ། ཆོས་དུག་ཏུ་བརྩི་མཁན་གྱིས་ནང་ཆོས་གླེང་བ། མིང་དོན་མཚུངས་པའི་དཔྱད་གཏམ་པ་དང་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན། བདེན་པ་དང་ཁ་བྲལ་བའི་ལས་ལ་ཞུགས་པ་ལས་ལྷག་པའི་རང་ཉིད་ཀྱིས་རང་ཉིད་ལ་བརྙས་བཅོས་དང་ཁྱད་གསོད་བྱེད་ཚུལ་གཞན་མེད་ཅིང༌། གཞན་གྱིས་ངོ་ཚབ་བྱེད་ཐབས་བྲལ་བའི་དྲང་བདེན་གྱིས་སྣེ་འཁྲིད་དང་ལེགས་སྐྱེས་འབུལ་བའི་དམ་བཅའ་ངེས་པར་ཡོད་དགོས་ཤིང༌། དྲང་བདེན་དང་གནས་ལུགས་དངོས་གནས་འཚོལ་མཁན་ཞིག་ཡིན་དགོས་སྟབས། ཐོབ་གོ་གནས་ཀྱི་ཆེད་དམ། མཚན་སྙན་གྲགས་ཀྱི་ཆེད་དམ། དངུལ་རྒྱུ་དངོས་ཀྱི་ཆེད་དམ། འཕྲལ་ཁེ་དོན་གཉེར་ཁོ་ནའི་སླད་དུ་རང་གི་སེམས་ཁོང་ན་འཕྱུར་བཞིན་པའི་དད་མོས་དང་བརྩེ་དུང༌། གཤིས་སྤྱོད་དང་ལྟ་གྲུབ་ཐམས་ཅད་དང་རྒྱབ་འགལ་དུ་གྱུར་པའི་ལམ་ཁ་ནག་པོ་ལ་འཇུག་མི་འོས་པ་དེ་ནམ་ཡང་འདོར་མི་རུང་བའི་དམ་ཚིག་དང་པོ་དེ་ཡིན། དམ་ཚིག་འདི་ཉིད་མེད་ན་དོན་གྱིས་ཕམ་པ་ཡིན་ལ། འདི་མེད་ན་དོན་གྱིས་ཤི་བ་ཡིན། དེ་ལྟར་ན་རྩོམ་པ་པོའི་གོ་རྟོགས་སོགས་ལ་བསམ་གཞིགས་རགས་ཙམ་བྱས་ན། རྩོམ་འཆལ་དེ་དག་གི་ཐོག་མཐའ་བར་གསུམ་ལ་ཞིབ་བལྟ་བྱེད་སྐབས། དཔྱད་གཏམ་པར་རང་དབང་མང་གཙོའི་ལྟ་གྲུབ་ཀྱི་ཐོས་རྒྱ་ཆུང་ཞིང༌། མདོ་སྔགས་རབ་འབྱམས་ཀྱི་གཞུང་ལུགས་ཁག་ལ་ལྟ་རྒྱ་ཞན་པ། ལུགས་གཉིས་ཆོས་སྲིད་ཀྱི་མྱོང་རྒྱུས་དང་གོ་རྟོགས་དམན་པ། དུས་རབས་ཉེར་གཅིག་པའི་ཤེས་ཡོན་པ་ཞིག་ལ་ལྡན་དགོས་པའི་མི་གཤིས་ཀྱི་ལྟ་བ་དང༌། དྲང་བདེན་དང་མི་ཆོས་ཀྱི་ལྟ་བས་ཡོངས་སུ་ཕོངས་པའི་གླེན་པ་ཁྱི་ལས་ལོད་པའི་ཤེས་ཡོན་པའི་མིང་འཛིན་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་སྟེ། རྩོམ་པ་པོས་རྩོམ་འཆལ་དེ་དག་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གཡོ་སྒྱུ་ཅན་ཞིག་ཡིན་པ་དང༌། དུག་གསུམ་གྱི་བདག་ཉིད། ཆོས་པ་ཡང་དག་པ་ཞིག་མིན་ཚུལ་སོགས་སྒྲུབ་བྱེད་ལྟར་སྣང་སྣ་ཚོགས་བཀོད་པ་དང༌། སྒྲུབ་བྱེད་དེ་དག་གི་རྒྱབ་ལྗོངས་ཡིན་ཁུལ་གྱིས་ལུང་ཚིག་ལུང་འདྲེན་བྱ་ཁུལ་བྱས་ཀྱང་དོན་དུ་རང་ཉིད་ནས་ལུང་འདྲེན་བྱས་པའི་ལུང་ཚིག་དེ་དག་གི་ཚིག་དོན་གྱི་གོ་བ་ཙམ་ཡང་ཤེས་ཀྱི་མེད་པ་གསལ་པོར་མཐོང་ཐུབ། དཔེར་ན། ‘‘འདོད་པ༑ བསམ་གཏན། ངེས་འབྱུང༌། རྣམ་པར་འབྱེད་’’ལྟ་བུ་ཆོས་ཚིག་སྣ་ཚོགས་ལུང་འདྲེན་བྱ་ཁུལ་ཡང་དོན་དུ་མགོ་མཇུག་ལྡོག་པའི་ལོག་བཤད་ཤ་སྟག་ལས་གཞན་དུ་མ་མཆིས། དཔེར་ན། ‘‘འདོད་པ་’’ཞེས་པ་ནི། ‘‘གཞན་ལས་ལྷག་པའི་འདོད་པ་ཡིན་པས་དེ་བསམ་མི་རུང་ལ་སྒྲུབ་ཀྱང་མི་རུང་’’ཞེས་གཞན་ལས་ལྷག་པའི་འདོད་པ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་པ་ལྟ་བུར་ངོས་འཛིན་བྱས་པ་ནི་འདོད་པའི་དོན་སྤྱི་ཙམ་ཡང་མ་རྟོགས་པ་སོགས་ནང་ཆོས་ལ་ཆ་རྒྱུས་གཏན་ནས་མེད་པའི་རྨོངས་གཏམ་འབའ་ཞིག་ཡིན་པ་ངོས་ཟིན་པར་གྱིས་ཤིག

ཡང་‘‘བསམ་གཏན་ཞེས་པ་ནི་རབ་ཏུ་བྱུང་བའི་བསྲུང་བྱ་སྲུང་བ་དང་འཇིག་རྟེན་པའི་བྱ་བ་སྤང་དགོས་པ་དེ་ཡིན་’’ཞེས་བསམ་གཏན་པ་ཡིན་ན་རབ་བྱུང་ཡིན་དགོས་པ་ལྟ་བུ་དང༌། ‘‘ངེས་འབྱུང་གི་སེམས་པ་ནི་བྱ་སྤྱོད་ཐོག་ནས་རབ་ཏུ་བྱུང་བ་དང་བསམ་བློའི་ཐོག་ནས་འཇིག་རྟེན་པའི་ལྟ་བ་སྤོང་དགོས་’’ཞེས་ངེས་འབྱུང་སྐྱེ་བ་ལ་རབ་ཏུ་བྱུང་དགོས་པ་ལྟ་བུ་བརྗོད་ཡོད་ལ༑ དེ་ལས་རང་མཚང་ཕྱིར་སྟོན་པ་ཞིག་ནི། ནང་ཆོས་ལ་བློ་ཁ་མ་ཕྱོགས་ཤིང༌། ནང་ཆོས་ཀྱི་བྱིན་རླབས་སྙིང་ལ་མ་ཞུགས་ལ། ནང་ཆོས་ཀྱི་བག་ཆགས་ཙམ་ཡང་མེད་པའི་དཔྱད་གཏམ་པས། ‘‘ཏཱ་ལའི་བྱེད་ལུགས་བྱེད་སྟངས་ཚང་མ་ནི་རྗེ་ཙོང་ཁ་པས་ངེས་འབྱུང་གི་སེམས་དང༌། བྱང་ཆུབ་སེམས་དཔའ། ཡང་དག་པའི་ལྟ་བ་བཅས་ལྡན་དགོས་ཞེས་གསུངས་པ་དང་རྦད་དེ་རྒྱབ་འགལ་བྱས་ཡོད་’’ཅེས་ྋགོང་ས་མཆོག་ལ་ལམ་གྱི་གཙོ་བོ་རྣམ་གསུམ་མི་ལྡན་ཚུལ་ལུང་རིགས་ཀྱི་སྒྲུབ་བྱེད་དང༌། ཁུངས་ལུང་རྒྱུ་མཚན་སྣ་གཅིག་བརྗོད་རྒྱུ་མེད་པར་ལོག་བཤད་དང་ཧམ་བཤད་རི་བོ་ལྟ་བུ་བརྗོད་ནས། སྐྱེས་ཆེན་དམ་པ་འདི་ལྟ་བུར་དོན་མེད་ཀྱི་ཚིག་མཚོན་འདེབས་པ་དང༌། གང་བྱུང་གི་དམའ་འབེབས་གཏོང་བ་ནི་དཔྱད་གཏམ་པའི་འཁྱོག་བཤད་དང༌། སྤྲང་རྟགས་ཀྱི་རང་མཚང་རྣམས་ཁྲོམ་བསྒྲགས་བྱས་པ་ཡིན་ནོ།།

                མདོར་ན་དཔྱད་གཏམ་པས། ལམ་གཙོ་རྣམ་གསུམ་གྱི་གྲངས་འདྲེན་ཙམ་ལའང་གོ་མ་ལོན་པར། ངེས་འབྱུང་གི་སེམས་དང༌། བྱང་ཆུབ་སེམས་དཔའ། ཡང་དག་པའི་ལྟ་བ་ཞེས་བྱང་སེམས་དང༌། བྱང་ཆུབ་སེམས་དཔའ་ཙམ་གྱི་དབྱེ་ངོ་མ་ཆོད་པར་ད་དུང་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་གཞི་མེད་སྒྲོ་སྐུར་གྱི་བསྙོན་འདིང་བ་ནི་བཞད་གད་ཀྱི་གནས་ལས་མ་འདས་ཤིང༌། བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའ་གཉིས་ཀྱི་ཁྱད་པར་ཡང་འཇོག་མི་ཤེས་པ་ལ་གཞིགས་ན། ཤེས་ཡོན་དང་ཤེས་ཡོན་པ། རྩོམ་སྒྲིག་དང་རྩོམ་སྒྲིག་པ། དཔྱད་གཏམ་དང་དཔྱད་གཏམ་པ་གཉིས་ཀྱི་ཁྱད་པར་ཙམ་ཡང་འཇོག་མི་ཤེས་པ་ཐག་བཅད་ནས་སྨྲ་བར་སྤོབས་ན། དོན་དམ་དུ་དཔྱད་གཏམ་པ་དང༌། ཤེས་ཡོན་པ། རྩོམ་སྒྲིག་པ་ངོ་མ་ཞིག་གི་རང་གཤིས་དང་ཤེས་འཇོན་གང་ཐད་ནས་འོས་ཆོས་ཆ་རྐྱེན་མ་ཚང་བཞིན་དུ་རྒྱ་གཞུང་གི་རི་གཟར་རྦབ་རྡོ་ལྟ་བུའི་བཙན་དཀའ་ལྡོག་ཏུ་མེད་པའི་འོག་ནས་མི་བདེན་རྫུན་སྒྲིག་གི་རྩོམ་འཆལ་སྤེལ་དུ་འཇུག་པ་རྟོགས་ཐུབ་ལ། དཔྱད་གཏམ་པས་དཀོན་མཆོག་དཔང་དུ་བཙུགས་ཤིང༌། ལོ་རྒྱུས་དང་བདེན་དོན་གཞི་རྩར་བཞག་སྟེ་གཟུར་གནས་ཀྱི་ཐོག་ནས་དཔྱད་རྩོམ་སྤེལ་བའི་རང་དབང་ཙམ་ཡང་མེད་པ་ནི་སྙིང་རྗེའི་ཡུལ་དང༌། ང་ཚོས་སེམས་འཁྲལ་བྱ་ཡུལ་གྱི་རྒྱའི་བཙན་འོག་ཏུ་གནས་པའི་བོད་མི་སྤྱི་དང་ཀུན་ནས་མཚུངས་པ་ཞིག་ཡིན།

                ཅོལ་ཆུང་བྱིས་བློ་ཅན་གྱི་དཔྱད་གཏམ་པས་སྐྱེས་ཆེན་དམ་པ་འདི་ལྟ་བུར་དམའ་འབེབས་པ་ནི། ཚེ་འདིར་མཚམས་མེད་ཀྱི་ལས་ངན་གྱི་རྒྱུ་ཚོགས་ངན་པའི་འབྲས་བུ་རང་ཉིད་གཅིག་པུས་མྱོང་དགོས་པ་ལས་གཞན་དུ་མེད་ཅིང༌། སྟོན་པའི་དབུ་ལ་བྱིས་པའི་ལག་རྩེད་ཀྱི་ཚུལ་ལས་མ་འདས་ལ༑ དཔྱད་གཏམ་པས་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། ཆོས་ཀྱི་སྡོམ་བཞི། རྟེན་དབང་པོའི་ཁམས་དྲུག བསླབ་པ་གསུམ་སོགས་ཆོས་ཚིག་རེ་ཟུང་བེད་སྤྱོད་ཀྱིས་ཆོས་ཀྱི་གནས་ཚད་ཞན་པའི་མང་ཚོགས་རྣམས་མགོ་བསྐོར་གཏོང་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་བྱས་ཡོད། དེ་ལྟར་ངེས་འབྱུང་དང༌། བྱང་སེམས། ཡང་དག་པའི་ལྟ་བ་སོགས་ཀྱི་ཆོས་ཚིག་བཟང་པོ་རེ་གཉིས་ཡིད་ལ་དྲན་པ་ནི་ཕྱོགས་གཅིག་ནས་སྐལ་དམན་གྱི་ནང་ནས་སྐལ་བཟང་དུ་བརྩིས་ཆོག་ལ། ཕྱོགས་གཅིག་ནས་རང་ཉིད་ཤ་ཁྲག་རུས་གསུམ་དང་བཅས་པ་བོད་པ་ཡིན་ཁུལ་ཡང༌། ལོག་ལམ་དུ་འཕྱན་ནས་ལྷ་ཆོས་མེད་པར་སྨྲ་བའི་གུང་ཁྲན་ཏང་ཡོན་ལྟ་ལོག་པ་ཞིག་གིས། འཛམ་གླིང་ཐོག་གི་རྩོད་མེད་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་འདི་ལྟ་བུར་ཡང་དག་པའི་ལྟ་བ་དང་རྒྱབ་འགལ་བྱས་ཚུལ་གྱི་སྐྱོན་འཛུགས་བྱས་པ་ནི། བཤེས་སྤྲིང་ལས། ‘‘གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།།

’’ཞེས་དང༌། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་རྣམ་བཤད་ལས། ‘‘དེས་ན་ཝ་སྐྱེས་རྒྱལ་པོར་བསྐོས་པ་ལྟར་སངས་རྒྱས་ཀྱི་བསྟན་པའི་ནང་དུ་བཞུགས་ནས་དེ་སུན་འབྱིན་པ་མི་བྱའོ། །’’ཞེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལས་ལོག་པར་ལྟ་བས་རྣམ་སྨིན་མི་ཟད་པར་ལྡན་པ་ལས་མ་འདས་སོ།།

                དེ་བཞིན་མདོ་ཚིག་ཏུ་བྱུང་བའི་རྣམ་པར་འབྱེད་ལྟ་བུ་ལ་མི་དབྱེ་འབྱེད་བྱས་པ་ལ་གོ་བ་བླངས་པ་དང༌། ཆོས་ཀྱི་སྡོམ་བཞིའི་ནང་གི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་དེ་བདག་པོ་མེད་པ་ལ་གོ་བ་བླངས་པ་སོགས་ཀྱི་རང་མཚང་ཤིན་ཏུ་མང་ཞིང༌། མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས། ‘‘རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ༑༑གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང༌། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །’’ཅེས་གསུངས་པ་ལྟར་གྱི་སྟོང་པའི་གོ་དོན་མ་རྟོགས་ཤིང་ཤེས་ཚད་ཀྱིས་མ་རྙབ་སྟབས། དཔྱད་གཏམ་པས། སྟོང་པ་ཉིད་ཅེས་པའི་སྟོང་པ་ལ་ཡོད་པ་མ་ཡིན་པའི་སྟོང་པ་ལ་གོ་བ་བླངས་ཡོད། དེས་ན་ཤེས་རབ་སྙིང་པོ་ལས། ‘‘ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད་བྱབྱཅེས་སོགས་སྒྲ་ཇི་བཞིན་པར་མེད་པ་ཁས་བླངས་དགོས་ན་འདི་ལས་རང་མཚང་ཆེ་བ་ཅི་ཞིག་ཡོད། དེ་ལས་དཔྱད་གཏམ་པར་ལེགས་ཉེས་འབྱེད་པའི་མིག་མེད་ལ། དྲང་གཏམ་ཉན་པའི་རྣ་བ་ཡང་མེད། བདེན་དོན་བརྗོད་པའི་ལྕེ་ཡང་མེད། དེས་ན་དབང་པོ་ལྔ་པོ་གང་ཡང་འཇོག་མི་ཐུབ་པས། དཔྱད་གཏམ་པ་རང་ཉིད་མི་མ་ཡིན་ཞེས་ཁས་བླངས་ན་མི་ལེགས་སམ།

                མདོར་ན་དཔྱད་གཏམ་པས་བཀའ་བསྟན་གྱི་མིང་ཚིག་ལྷུ་འདོན་བྱས་ནས་རང་གི་བསམ་བློ་འཁྱོག་པོའི་རྒྱབ་བཅོལ་བྱ་རྒྱུར་འབད་བརྩོན་བྱས་འདུག་ཀྱང༌། ལྐུགས་པས་སྤྱང་མདོག་བྱས་ན། མངོན་གསལ་གཞན་ལས་དོད་པའི་དཔེ་ལྟར་དོན་དམ་དུ་དཔྱད་གཏམ་པ་ནི་ཀ་བ་དང་བུམ་པ་ཆོས་ཅན་དུ་བཟུང་ནས་རྩོད་པ་ཐོག་མར་བྱེད་པའི་བསྡུས་ཆུང་འཛིན་གྲྭའི་ཕྲུ་གུའི་བསམ་བློའི་གནས་ཚད་ཀྱང་མི་འདུག་པས་རང་ཉིད་ཀྱིས་རང་ཉིད་ཀྱི་གདོང་རིས་འགྲེལ་བརྗོད་བྱས་པ་ལྟ་བུའི་རང་མཚང་སྤྲང་རྟགས་ཤིན་ཏུ་མང་ཞིང༌། རྒྱ་ནག་དམར་གཞུང་དང་གུང་ཁྲན་ཏང་ཡོན་དཔྱད་གཏམ་པ་རང་ཉིད་ནས་ཤི་མ་མྱོང་བར་དམྱལ་བའི་ལོ་རྒྱུས་བཤད་པ་ནི། ཆོས་དད་ཆེ་བས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་ཚིག་ལུང་འདྲེན་དང༌། ཆོས་ཀྱི་སྐོར་གླེང་བ་མིན་པར་ཆོས་ཚིག་རེ་ཟུང་བེད་སྤྱོད་ཀྱིས་རང་ཉིད་ལོག་ལམ་དུ་འཕྱན་པ་ཙམ་མ་ཟད། ནང་ཆོས་ཀྱི་གནས་ཚད་དམན་པའི་སྐྱེ་བོ་དག་ཀྱང་མགོ་བསྐོར་བསླུ་བྲིད་བྱ་རྒྱུའི་ངན་སེམས་ཁོག་བཅང་བྱས་པ་ཞིག་ཡིན།

                ཡང་དཔྱད་གཏམ་པས། བྱབྱནང་བསྟན་གྱི་ཆོས་གཞུང་ནང་རྒྱལ་གཅེས་ཀྱི་བསམ་པ་ཕུན་སུམ་ཚོགས་པོ་འདུས་ཡོད། རབ་ཏུ་བྱུང་བས་རྒྱལ་ཁབ་ལ་དགའ་ཞེན་དང༌། སྒོམ་སྒྲུབ་སྐབས་ཀྱང་གཞན་ལ་ཕན་འདོགས་རྒྱུ་བརྗེད་མི་རུང་བ་དེ་བས་ཀྱང་དར་སྤེལ་གཏོང་གི་ཡོད་བྱབྱཅེས་བཀོད་པ་ནི་གནའ་གཏམ་དུ། ཁུ་བ་དྭངས་ཁར་མི་འགྲོ་ཡང༌། བག་ཚ་བློས་ཀྱིས་མི་ཐོངས་བའི་དཔེ་ལྟར་ཆོས་དུག་ཏུ་འཛིན་པ་དང༌། ལྷ་ཆོས་མེད་པར་སྨྲ་བའི་གུང་ཁྲན་ཏང་དང༌། དེའི་རྗེས་འབྲང་པ་དཔྱད་གཏམ་པ་རང་ཉིད་ནས། ‘‘སྟོན་པ་ཐུབ་པའི་མདོ་ཐུབ་དབང་རྒྱལ་སྐྱོང་ཕ་རོལ་དུ་ཕྱིན་པའི་མདོ་དང༌། རྒྱལ་ཁམས་སྲུང་ཞིང་སྐྱོང་བའི་གཟུངས། ཐེག་ཆེན་སྐྱེས་རབས་སེམས་ཀྱིས་གཟིགས་པའི་མདོ་’’ཚིག་ཁུངས་ལུང་དུ་དྲངས་ནས་སྟོན་པ་ཐུབ་པའི་དབང་པོ་རྒྱ་ནག་དམར་གཞུང་གི་རྒྱབ་རྟེན་དུ་བཅོལ་ནས་ཆོས་གཞུང་ནང་རྒྱལ་ཁབ་ལ་དཀའ་ཉེན་འཕྲད་སྐབས་ཇི་ལྟར་བྱས་ནས་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གསུངས་ཚུལ་བཀོད་པ་དག་ནི་ཟེར་རྒྱུས་ཕོངས་པའི་བླུན་པོའི་འཆལ་གཏམ་ཞིག་དང༌། རྒྱུས་མེད་ཀྱི་སྨྲ་བ་ཁོ་ནར་ཟད་དོ།།

                ད་དུང་‘‘སྲུང་མ་རྡོ་རྗེ་ཤུགས་ལྡན་’’ཞེས་མ་ཤེས་ཤེས་ཁུལ་བྱས་ཀྱང་དོན་ལ་སྲུང་མ་ཞེས་པའི་ཚིག་དོན་ལ་གོ་བ་མ་ལོན་ཞིང༌། དམ་སྲི་འབྱུང་པོ་གདུག་པ་ཅན་ཞིག་སྲུང་མར་ངོས་འཛིན་བྱས་པར་གཞིགས་ན་དགྲ་གཉེན་དང༌། ཕན་གནོད། ལེགས་ཉེས་བཅས་འབྱེད་པའི་བློ་གྲོས་ཀྱིས་དབུལ་ཞིང༌། གནོད་ཅིང་འཚེ་བར་བྱེད་མཁན་གྱི་གདུག་འདྲེ་ཞིག་སྲུང་ཞིང་སྐྱོང་བའི་ལྷ་སྲུང་དུ་ངོས་འཛིན་བྱས་འདུག་ན། དཔྱད་གཏམ་པ་ནི་ཁ་བསྟན་སར་རྐུབ་བསྟན་མཁན་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཅིང༌། འདི་སྐོར་ཞིབ་ཕྲ་རྒྱ་ནག་དམར་གཞུང་དང་དམ་སྲི་འབྱུང་པོ་ཞེས་པའི་སྐབས་སུ་གསལ་བས་དེར་ལྟ་བར་བྱའོ།།

                ཡང་རྩོམ་འཆལ་དེའི་ནང༌། ‘‘ཤཱཀྱའི་དགེ་སློང་ཡིན་རློམ་བྱེད་མཁན་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་ནི་འདོད་ཆགས་རབ་ཏུ་འཕེལ་བ་དང༌། ཞེ་སྡང་གི་བསམ་བསྐྱེད་ཤུགས་དྲག་པ། གཏི་མུག་གི་མུན་པ་འཐིབས་ཆེ་བ་བཅས་ཆོས་ཕུང་ཚུལ་འཆལ་ཡིན་སྟབས་ནང་བསྟན་གྱི་ཚད་ལྡན་དགེ་སློང་ཞིག་ཡིན་པ་རྦད་དེ་བརྗོད་ཐབས་བྲལ།’’ཞེས་ཟེར་བ་ནི། དཔྱད་གཏམ་པ་རང་ཉིད་ཀྱི་རང་རྟགས་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀོད་པ་ནི་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་གྱིས་རྟོགས་པར་གྱིས་ལ། ཡང་‘‘རང་ཉིད་སྒེར་ཕན་དང་འདོད་རྔམས་ཁོ་ན་བསམ་ནས་ཕ་མ་ལྟ་བུར་བརྩི་དགོས་པའི་སེམས་ཅན་ཐམས་ཅད་རྐང་བཙུགས་ནས་ཕྱེ་སྟེ་’’ཞེས་བྱིས་པས་དགྲ་ལ་སྨོད་པ་ལྟ་བུ་མཁས་པས་མཐོང་ན་བཞད་གད་དང་སྐྱུག་བྲོ་བའི་གནས་སུ་འཛིན་པའི་འགྲེལ་མེད་ཀྱི་སྨོད་ཚིག་ཁོ་ན་འཕྲེང་བར་བསྒྲིགས་ཀྱང་ཡིན་ལུགས་ཀྱི་ཁུངས་ལུང་རྒྱུ་མཚན་རི་བོང་རའི་སྤུན་ཟླར་སོང་བས། གཞི་མེད་ཀྱི་སྐྱོན་འཛུགས་འདི་ལྟ་བུར་འཛམ་གླིང་འདིའི་ཐོག་ཡིད་ཆེས་ཆ་འཇོག་བྱེད་མཁན་ཞིག་གཏན་ནས་མེད་ལ། ཐ་ན་དཔྱད་གཏམ་པ་རང་ཉིད་ཀྱང་ཡིད་ཆེས་མེད་པ་གཞི་ལྟར་གྲུབ་ན། འདི་དང་འདི་ལྟ་བུའི་མ་དག་པའི་འཁྲུལ་གཏམ་དང་རྫུན་ཚིག་ཤིན་ཏུ་མང་མོད། དགག་དགོས་ཆུང་བས་མི་སྤྲོ་བར་མགོན་པོ་གང་གི་གསུང་བཟང་བདུད་རྩིའི་ཐིག་པ་གཅིག་གིས་དཔྱད་གཏམ་པའི་སྨྱོ་ནད་སེལ་བར་བྱ་ལ༑ དེ་ཡང་ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༧ ནས་ ༡༣ བར་ྋགོང་ས་མཆོག་ནས་ཐེངས་དང་པོར་ཁེ་ལས་ལས་རིགས་ཀྱི་ཕུལ་བྱུང་མི་སྣར་དམིགས་ནས་ཚོང་ལས་བདུན་རེའི་དུས་དེབ་ཀྱི་བཅར་འདྲི་དྭང་ལེན་གནང་སྐབས། ཚོང་ལས་བདུན་རེའི་དུས་དེབ་རྩོམ་སྒྲིག་པས་སྐུ་ཉིད་ཀྱིས་འདོད་རྔམ་ལ་ངོ་རྒོལ་གནང་གི་ཡོད་དམ། ཞེས་པའི་དྲི་བར་བཀའ་ལན་གནང་གསལ། ‘‘འདོད་རྔམ་ཡོད་པ་ཙམ་གྱིས་མི་འགྲིག་པ་མེད། ང་ནང་པ་ཞིག་རེད། ངའི་མཐར་ཐུག་གི་འདོད་རྔམ་དེ་སངས་རྒྱས་ཐོབ་ཐབས་བྱ་རྒྱུ་དེ་རེད། དེ་ནི་ཧ་ཅང་ཆེ་བའི་འདོད་རྔམ་ཞིག་རེད། མཐར་ཐུག་གི་དམིགས་ཡུལ་དེའི་ཆེད་ངས་འབད་བརྩོན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་འདོད་རྔམ་ཡོད་པ་ཙམ་གྱིས་སྡུག་ཅག་མ་རེད་’’ཅེས་བཀའ་ལན་སྩལ་བ་ལྟར་ཡིན་པས་ནང་ཆོས་ཀྱི་ཕྱོགས་ལ་གོ་བ་ཏིལ་གྱི་ཕུབ་མ་ཙམ་ཡང་མེད་པའི་རྨོངས་རྟུལ་ཅོལ་ཆུང་ཞིག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། རིས་མེད་བསྟན་པའི་བདག་པོ་འདི་ལྟ་བུར་ངན་སྨྲས་རྒད་པོ་ལོ་རྒས་ཀྱི་འཆོལ་གཏམ་བསྐྱར་བཟློས་མཎི་ཟློ་བ་ལྟར་བྱས་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་མ་འདས་སོ།།

                ཡང་དཔྱད་གཏམ་པས། ‘‘འདུལ་ཁྲིམས་མེད་ན་རང་འདོམས་བྱེད་མི་ཐུབ་པ་ཞེས་པ་དེ་ཡང་འདུལ་ཁྲིམས་མེད་ན་རང་སེམས་གཅུན་མི་ཐུབ་པ་དང་སེམས་ཉོན་མོངས་ཀྱིས་བཏུམས་ཚེ་ཐར་པ་ཐོབ་མི་ཐུབ་པ་དེ་ཡིན་’’ཞེས་ལྷ་ཆོས་མེད་པར་སྨྲ་བའི་དམར་གཞུང་གིས་ཐར་པ་དང་ཐམས་ཅད་མཁྱེན་པ་དང༌། བསླབ་པ་གསུམ་དང༌། འདུལ་ཁྲིམས་ལ་སོགས་པ་གླེང་བ་ནི་ཆེས་བཞད་གད་ཀྱི་གནས་ཤིག་དང༌། ཡང༌། བྱབྱནང་བསྟན་ནང་མི་རྣམས་ཕན་ཚུན་འཆམ་མཐུན་དང༌། སྤྲོ་བ་དང་མཐུན་སྦྱོར་ནི་འོ་ཆུ་འདྲེས་པ་ལྟར་དགོས་ཞེས་དང༌། འགྲོ་བ་ཐམས་ཅད་ཀྱིས་ཕན་ཚུན་བྱམས་སྙིང་རྗེ་སྒོམ་པ་དང་དགའ་གཅེས་བྱས་ནས་ཚང་མ་འཆམ་མཐུན་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་བྱབྱཅེས་གུང་ཁྲན་ཏང་གིས་ཆོས་དུག་ཏུ་བརྩིས་ཀྱང༌། ནད་ལ་ཕན་ན་ཕག་ཚིལ་ཡིན་ཡང་ཆོག་པའི་དཔེ་ལྟར་རང་གི་ཆབ་སྲིད་ཀྱི་དགོས་མཁོར་ཆོས་སྨན་དུ་བརྩིས་ནས་ཆོས་ཚིག་ལུང་འདྲེན་གྱིས་བསྟན་པའི་མངའ་བདག་ཆེན་པོར་དོན་མེད་མཚན་སྨད་ཀྱི་ཚིག་ཉོག་གི་ཕྲེང་བ་བསྒྲིགས་ཤིང༌། བསྐྱར་བཟློས་ཀྱི་ཡི་གེ་རི་བོའི་གཏོས་དང་མཉམ་པ་བརྩེགས་ཀྱང་ཡིད་རྟོན་བྱེད་མཁན་ཉིན་སྐར་གྱི་རྗེས་སུ་འགྲོ་བ་མ་ཟད། ད་དུང་རྩོམ་པ་པོས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། དེ་བཞིན་རྒྱལ་སྤྱིའི་གནས་དོན་སོགས་སྣ་ཚོགས་གླེང་ཁུལ་བྱས་འདུག་ཀྱང་རྩོམ་པ་པོའི་བསམ་བློ་དེ་དམར་པོའི་བཀག་རྒྱ་ལས་བརྒལ་ཏེ་རྒྱལ་སྤྱིའི་སྡིང་ཆའི་ཐོག་གོམ་གང་ཡང་སྤོ་མྱོང་མེད་པས་དེ་ནི་ལྷ་སར་འགྲོ་མྱོང་མེད་པས་ལྷ་ས་གླེང་བའི་གཏམ་རྒྱུད་ཀྱི་རང་བཞིན་དུ་གྱུར་ཡོད།

                 ཡང་རྩོམ་འཆའ་དེའི་ནང༌། ‘‘གསང་སྔགས་ཀྱི་ཆོ་ག་རྒྱས་ཤོས་དུས་འཁོར་དབང་ཆེན་ཡང་ཁོ་པས་ཆོ་གར་འགྱུར་ལྡོག་བཏང་སྟེ་རེས་འཁོར་དུས་ཚོད་ཐུང་ངུ་དང་ནང་དོན་སྟབས་བདེ་རུ་བཏང་བ་དེའི་ནང་དུས་འཁོར་རྡོ་རྗེ་བསྙེན་མཚམས་སྒྲུབ་པར་ལོ་གཅིག་ནས་གསུམ་བར་དགོས་ཀྱི་ཡོད་’’ཅེས་བརྗོད་པ་ནི་སྔོན་གྱི་གཏམ་དཔེར། རྐུ་རྒྱུས་ཡོད་ཀྱིས་བྱེད། རྫུན་རྒྱུས་མེད་ཀྱིས་ཤོད། ཅེས་པ་ལྟར་རྫུན་གཏམ་གྱིས་ཆོ་གར་འགྱུར་ལྡོག་བཏང་ཚུལ་གྱི་མི་འདོད་པའི་རྣམ་འགྱུར་བསྟན་ན་ཡང༌། དོན་ལ་སྔོན་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་དང༌། ཆོ་གའི་འགྲོ་ལུགས་དང་མ་མཐུན་པའི་འགྱུར་ལྡོག་དང་ནང་དོན་སྟབས་བདེ་རུ་ཇི་ལྟར་བཏང་ཚུལ་ཁུངས་སྐྱེལ་གྱི་དཔང་རྟགས་དང༌། ལུང་རིགས་ཀྱི་རྒྱུ་མཚན་སྣ་གཅིག་ཀྱང་བརྗོད་རྒྱུ་མེད་པ་ནི། བརྡབ་གསིག་ཕུང་སྦྱོར་གསུམ་ཙམ་ལས། ཞུ་ཚིག་བདེན་འཁྱོལ་སྣེ་གཅིག་མེད། ཅེས་པ་ལྟར་དུ་གྱུར་ཡོད་ལ། ལྷག་པར་གནའ་བོའི་གཏམ་དཔེར། ཆོ་གར་རྒྱས་བསྡུས་མེད་ན་བན་རྒན་སྨྱོ་བའི་རྟགས་ཡིན་ཞེས་པ་ལྟར་དུས་འཁོར་བསྙེན་ཡིག་ལས་ཀྱང༌། ‘‘སྒྲུབ་པ་པོའི་བློ་ནུས་དང་བསྟུན་ནས་རྒྱས་བསྡུས་བྱ་དགོས་པ་དང༌། དེ་ཇི་ལྟར་བྱ་ཚུལ་ཡང༌།’’ཞེས་སོགས་ཆོ་གར་རྒྱས་བསྡུས་བྱེད་དགོས་པར་གསུངས་པས་སྒོ་ཡི་ཐེམ་པ་བརྒལ་མ་མྱོང་བས་རྒྱལ་ཁམས་བསྐོར་བའི་གཏམ་བརྒྱུད་བཤད་པ་དང་ཀུན་ནས་མཚུངས་སོ།།

                ཡང་དཔྱད་གཏམ་པས། ‘‘དུས་ཚོད་ཐུང་ངུ་དང་ནང་དོན་སྟབས་བདེ་རུ་བཏང་བ་དེའི་ནང་དུས་འཁོར་རྡོ་རྗེ་བསྙེན་མཚམས་སྒྲུབ་པར་ལོ་གཅིག་ནས་གསུམ་བར་དགོས་ཀྱི་ཡོད་’’ཅེས་བརྗོད་འདུག་ན། དུས་ཚོད་ཐུང་ངུ་དང་ནང་དོན་སྟབས་བདེ་རུ་མ་གཏང་ན་བསྙེན་མཚམས་སྒྲུབ་པར་ལོ་ཟླ་ཇི་ཙམ་དགོས་སམ། རྗེ་དཔལ་མང་རིན་པོ་ཆེ་མཆོག་གིས། ‘‘དུས་ཀྱི་བསྙེན་པ་ཟླ་དྲུག་ཟླ་གསུམ་ཕྱེད། །བསྙེན་གྲངས་སྙིང་པོ་འབུམ་ཕྲག་གཅིག་གིས་རྫོགས། །’’ཞེས་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེས། ‘‘བསྙེན་པ་དུས་ཀྱི་བསྙེན་པ་གཅིག།

གྲངས་ཀྱི་ལས་རུང་བསྙེན་པ་གཉིས། །མཚན་མ་མཐོང་བའི་བསྙེན་པ་གསུམ།།

སེམས་ནི་བརྟན་པའི་བསྙེན་པ་བཞི། །དང་པོ་དུས་ཀྱི་བསྙེན་པ་ནི། །ཟླ་བ་དྲུག་གམ་གསུམ་དུ་བསྙེན། །གཉིས་པ་གྲངས་ཀྱི་བསྙེན་པ་ནི། །བསོད་ནམས་ཆེན་པོས་ཁྲི་ཕྲག་གཅིག །བསོད་ནམས་འབྲིང་གིས་འབུམ་ཕྲག་གཅིག །བསོད་ནམས་ཆུང་ངུས་བྱེ་བ་གཅིག །དགོས་པར་ཐོད་པའི་རྒྱུད་ལས་གསུངས། །གསུམ་པ་མཚན་མའི་བསྙེན་པ་ནི། །ཡི་དམ་ལྷ་ཡི་ཞལ་གཟིགས་བྱུང༌། །དེ་ལ་ཡེ་ཤེས་པ་ཡི་ལྷ། །ཡང་ཡང་བསྟིམ་པས་སྐུ་གཟུགས་ཀྱི། །གཟི་མདངས་ལྷག་པར་ཆེ་རུ་སོང༌། །དེ་ནི་མཚན་མའི་བསྙེན་པའོ། །བཞི་པ་སེམས་བརྟན་བསྙེན་པ་ནི། །གོང་དུ་བཤད་པ་བཞིན་གྱི་ནི། །བསྐྱེད་རིམ་རགས་པ་འགྲུབ་ལ་ཟེར།།

’’ཞེས་མདོ་བརྒྱུད་རྒྱ་མཚོར་ཁུངས་གཏུགས་ནས་ཁ་གསལ་གོ་བདེར་གསུངས་འདུག་པས། འོ་ན་ཁྱོད་ཀྱིས་མངོན་སུམ་ལ་བསྙོན་པ་ཡིན་ནམ། མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་ནས། ‘‘ཐ་ན་རྒྱང་འཕེན་པས་ཀྱང་མངོན་སུམ་ལ་བསྙོན་པར་མི་སྲིད་པའི་ཕྱིར་རོ་’’ཞེས་གསུངས་པས་དཔྱད་གཏམ་པ་ནི་རྒྱང་འཕེན་པ་ལས་ཀྱང་ལོད་པར་གྱུར་བ་མ་ཡིན་ནམ།

                ཡང་དཔྱད་གཏམ་པས། ‘‘ཏཱ་ལས་གཞན་ལ་ཤོད་མི་ནུས་པའི་ཆབ་སྲིད་ཀྱི་རེ་ངན་སྒྲུབ་ཆེད་སྟབས་བདེ་ཞིང་མྱུར་དུ་སྒྲུབ་པའི་ཐོག་ནས་ལོ་ལྟར་དུས་འཁོར་དབང་ཆེན་ཐེངས་རེ་འཚོགས་པ་དང༌། ཐ་ན་ལོ་གཅིག་ནང་ཐེངས་བཞི་ཙམ་འཚོགས་པ་’’ཞེས་ཟླུམ་གཟུགས་གོ་ལ་འདིའི་ཐོག་གི་སྐྱེ་འགྲོ་ཀུན་ལ་ཡོངས་གྲགས་ཀྱི་དུས་དབང་གི་གནས་ཚུལ་དང་གྲངས་འདྲེན་འདི་ལྟ་བུ་ཡང་སྡིག་པ་མིག་བཙུམས་ཀྱིས་སྒྲོ་སྐུར་གྱིས་སྐྱག་རྫུན་ཤོད་བཞིན་པ་ལགས་ན། ཡོངས་གྲགས་མིན་པའི་གནས་ཚུལ་དག་ལ་སྐྱག་རྫུན་ཅི་ཙམ་ཤོད་མིན་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་གྱུར་ཡོད།

                དེ་ཡང་འཁྲུངས་རབས་གསོལ་འདེབས་ལས། ‘‘སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཚེ་མེད་ལམ། །རྒྱ་ཆེར་སྤེལ་ལས་ཞི་བདེའི་གཟེངས་རྟགས་ཕུལ།།

འཛམ་གླིང་ཀུན་གྱིས་བཀུར་ཞིང་དུས་འཁོར་དངོས། །བསྟན་འཛིན་རྒྱ་མཚོའི་ནོར་བུར་གསོལ་བ་འདེབས། །’’ཞེས་གསུངས་པ་ལྟར་འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱིས་སྤྱི་བོར་བཀུར་ཞིང༌། དཔལ་དུས་ཀྱི་འཁོར་ལོ་དང་གཉིས་སུ་མ་མཆིས་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་ཕྱི་ལོ་ ༡༩༥༤ ལོའི་ཟླ་བ་ ༥ པར་གངས་ལྗོངས་ལྷ་ལྡན་ནོར་གླིང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་བ་ནས་བཟུང་མཐའ་མ་ཕྱི་ལོ་ ༢༠༠༦ ཟླ་ ༡ པོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་པ་དེ་ཉིད་བསྩལ་ནོད་བཀའ་དྲིན་ཆེ་བའི་བར་དུས་འཁོར་དབང་ཆེན་ཐེངས་ ༣༠ ཐམ་པ་བསྩལ་ནོད་བཀའ་དྲིན་ཆེ་གནང་མཛད་ཡོད་ལ། དེ་དག་གི་སྐབས་སུ་དད་ལྡན་ཆོས་ཞུ་བ་འབུམ་ཕྲག་ཉི་ཤུ་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་ཀུན་གྱིས་ཤེས་གསལ་ལགས་ན། ཁྲ་ཆུང་མིག་ལ་རྡུལ་དང༌། དམ་པའི་ཆོས་ལ་རྫུན་འགྲོ་ས་མེད་པས་བདེན་པའི་ལྟོ་བཟས། བདེན་པའི་གོས་གྱོན། བདེན་པའི་གཏམ་སྨྲ་རྒྱུ་གལ་ཆེ་བས་ཡིད་བཅངས་བྱེད་གལ་ཆེ།

                དཔྱད་གཏམ་པས་བརྗོད་པ་ལྟར། ‘‘ལོ་ལྟར་དུས་འཁོར་དབང་ཆེན་ཐེངས་རེ་འཚོགས་བྱབྱཟེར་བ་ལྟར་བདེན་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་ལ་བཙན་བྱོལ་དུ་བྱོན་ནས་མི་ལོ་ལྔ་བཅུ་ལོན་པས་ན་དུས་འཁོར་དབང་ཆེན་ཐེངས་ལྔ་བཅུ་ཐམ་པ་ལོན་དགོས་ལ། ཡང་’’ཐ་ན་ལོ་གཅིག་ནང་ཐེངས་བཞི་ཙམ་འཚོགས་པ་དང་བྱབྱཞེས་བརྗོད་པ་ལྟར་ན་བཙན་བྱོལ་དུ་ཕེབས་ནས་མི་ལོ་ལྔ་བཅུའི་རིང་ལོ་རེར་དུས་འཁོར་དབང་ཆེན་བཞི་རེ་གནང་ན་དུས་འཁོར་དབང་ཆེན་ཐེངས་ཉིས་བརྒྱ་ཐམ་པ་ལོངས་དགོས་པས། སྔོན་འགྲོའི་སློབ་མས་ཀྱང་བརྩིས་ཐུབ་པའི་སྡོམ་འཐེན་བསྒྱུར་བགོས་ཀྱིས་རྩིས་གཞི་འདི་འདྲ་ཞིག་ཀྱང་དཔྱད་གཏམ་པས་བརྩིས་མ་ཐུབ་པ་ནི་ཡིད་སྐྱོ་བའི་གནས་ཤིག་མ་ཡིན་ནམ། དེས་ན་སྔོན་ལ་དཔྱད་གཏམ་པས་དགག་བཞག་བྱ་རྒྱུ་ཕར་བཞག་ནས་ཐོག་མར་སྔོན་འགྲོའི་རྩིས་རིག་གི་སློབ་དེབ་སྦྱོང་གལ་ཆེ་ལ། དེ་ལྟར་མིན་ན་དཔྱད་གཏམ་པས་སྨྱོ་ཆུ་འཐུང་བའམ།  ཡང་ན་དྷ་དུ་ར་བཟས་པ་གང་རུང་ལས་མ་འདས་ཤིང༌། སྔོན་གྱི་གཏམ་དཔེར། བཅུ་གསུམ་ཁོག་རྩིས་མ་ཐེབས་ན༑ གྲོང་པའི་ཨ་ཕ་ག་ལ་ཡོང༌། ཞེས་པ་ལྟར་གྲངས་འདྲེན་གྱི་གནས་ཚུལ་འདི་འདྲ་ཞིག་ཀྱང་མ་ཤེས་པར་ད་དུང་དཔྱད་གཏམ་པར་ཁས་འཆེ་བ་ནི་ངོ་ཚ་བའི་གནས་ཤིག་ཡིན་པ་མ་ཟད། རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས། མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང༌། །རྔམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདིའི།།

དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཅེས་གསུངས་པ་ལྟར་གྱི་བརྟུལ་ཞུགས་འཛིན་ཚེ་ཅི་ཡང་མི་སྨྲའོ།།

དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་ཐམ་པ་བསྩལ་ནོད་སྐབས་ཁྱོན་བསྡོམས་དད་ལྡན་ཆོས་ཞུ་བ་མི་གྲངས་འབུམ་ཕྲག་ཉི་ཤུ་བརྒལ་བ་འདུ་འཛོམས་བྱུང་ཡོད་པས། དུས་རབས་འདི་དག་ནང་འཛམ་གླིང་གི་དཀྱིལ་འཁོར་འདིའི་ཐོག་སྙན་གྲགས་ཅན་གྱི་དབང་མོ་ཆེ་ཆེས་རབ་དང༌། ཕུལ་དང༌། རྨད་དུ་བྱུང་བ་གཅིག་པུར་གྱུར་ཏེ། དུས་འཁོར་དབང་ཆེན་གྱིས་གཙོས་མགོན་པོ་གང་ཉིད་ནས་ཡུལ་དུས་གང་དུ་བཀའ་ཆོས་གང་ཞིག་གསུངས་ཀྱང་གདུལ་བྱ་འབུམ་ཕྲག་བརྒལ་བ་མ་འབོད་མགྲོན་དུ་ཁུག་བཞིན་ཡོད། དཔེར་ན་ ༢༠༠༦ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་ཆ་མཚོན་ན་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་གནས། ལུང་ཚན་བརྒྱ་སྟོང་མང་པོ་ནས་དད་ལྡན་དམ་ཆོས་བདུད་རྩི་དོན་དུ་གཉེར་བའི་ཆོས་ཞུ་བ་མི་གྲངས་འབུམ་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཞིང༌། སྐབས་དེར་ཆོས་ཞུ་བའི་གྲལ་སྟར་བཅུ་གཅིག་ཡོད་པ་གཤམ་གསལ། ༡ རྒྱ་གར་ས་གནས་དཔོན་རིགས་སོགས་སྐུ་མགྲོན་གྱི་གྲལ་སྟར། ༢ ཨ་མི་རི་ཁའི་གླིང་དང་ཡོ་རོབ་གླིང༌།  ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ཡུལ་གྲུ་ཁག ཨ་ཧཕེ་རི་ཁ་གླིང༌། དཀྱིལ་ཤར་ཡུལ་གྲུ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆོས་ཞུ་བའི་གྲལ་སྟར། ༣ རྒྱ་ནག་སྐམ་ས་ཆེན་པོ་དང༌། ཐའེ་ཝན། ཀོ་རི་ཡ། ཉི་ཧོང༌། སིངྒ་པོར། མ་ལེ་ཤི་ཡ། ཝའེ་ཌི་ནམ་སོགས་ཨེ་ཤེ་ཡའི་ནང་པའི་རིས་མེད་དགོན་སྡེ་ཁག་ནས་འདུས་པའི་གྲལ་སྟར། ༤ དབུས་སུ་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་གཙོ་བོར་གྱུར་པའི་རིས་མེད་དགོན་སྡེ་ཁག་ནས་འདུས་པའི་དགེ་འདུན་པ་དང་གསང་སྔགས་རིག་པ་འཛིན་པའི་གྲལ་སྟར། ༥ ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་ནས་འདུས་པའི་བཙུན་མའི་ཆོས་ཞུ་བའི་གྲལ་སྟར། ༦ ཆེན་པོ་ཧོར་གྱི་ཡུལ་གྲུ་ཁག་ནས་འབྱོར་བའི་ཆོས་ཞུ་བའི་གྲལ་སྟར། ༧ གཞིས་བཞུགས་གངས་ཅན་བོད་ནས་འབྱོར་བའི་ཆོས་ཞུ་བའི་གྲལ་སྟར། ༨ འཛམ་གླིང་ཐོག་གི་རྒྱལ་ཁབ་དང༌། ས་ཁུལ་ལྔ་བཅུ་ང་བཞི་ནས་འབྱོར་བའི་གསར་འགྱུར་ལས་རིགས་མི་སྣའི་གྲལ་སྟར། ༩ རྒྱ་གར་ས་གནས་ཡུལ་མིའི་ཆོས་ཞུ་བའི་གྲལ་སྟར། ༡༠ བསྟན་ལ་གཏོང་ཕོད་ཡངས་པའི་སྦྱིན་བདག་སྐུ་འཁོར་གྱི་མི་སྣའི་གྲལ་སྟར། ༡༡ བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ལས་ཟུར་དང༌། དེ་ཡི་མཐའ་འཁོར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འབྱོར་བའི་རང་རིགས་མི་དམངས་དང༌། ཧི་མ་ལ་ཡའི་མི་དམངས་བཅས་ནས་མཐའ་ཡོངས་སུ་བརྒྱན་པའི་གྲལ་སྟར་བཅས་འགྲོ་ཀུན་འདུ་འཛོམས་ཆེན་པོའི་ཆོས་འཁོར་གྱི་ཡོ་ལང་འདི་ལྟ་བུ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་ཐོས་དཀོན་པའི་ཟིན་ཐོ་གསར་པ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་ནས་སྙན་གྲགས་ཀྱི་བ་དན་དཀར་པོ་ཡངས་པའི་ས་གཞི་ཀུན་ཏུ་གཡོ་བའི་རྩོད་མེད་ཡོངས་གྲགས་ཀྱི་བླ་ན་མེད་པའི་སྐྱེས་མཆོག་དམ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དོན་མེད་སྙད་འཚོལ་གྱི་ཕྲག་དོག་དང༌། ལོག་པའི་བློ་ཡི་རྦ་རླབས་ཅི་ཡང་འཕྱུར་ཏེ། ‘‘ཏཱ་ལས་གཉེར་བའི་དུས་འཁོར་དབང་ཆེན་གྱི་དམིགས་ཡུལ་ནི་ཁོ་པ་རང་ཉིད་ཀྱིས་གསལ་པོར་བཤད་ཡོད་པ་སྟེ། བསྟན་པ་སྤེལ་རྒྱུ་ཁ་ལ་འཁྱེར་ནས་བོད་རང་བཙན་དོན་གཉེར་བྱེད་པ་དང༌། འགྲོ་དོན་བསྒྲུབ་རྒྱུ་ཁ་ལ་འཁྱེར་ནས་སྡང་སེམས་ཀྱིས་མི་གསོད་རྒྱུའི་ངན་སྐུལ་བྱེད་པ། བྱམས་སྙིང་རྗེ་ཁ་ལ་འཁྱེར་ནས་མི་རྣམས་ལ་ཁོ་པའི་ཆེད་དུ་སྲོག་བསྡོས་བྱེད་དུ་འཇུག་པ་བཅས་བྱ་རྒྱུ་དེ་ཡིན་པ་རེད་’’ཅེས་མ་སྲིད་སྲིད་པའི་གཏམ་འཆལ་ཆུ་ལ་མེ་འབར་རབས་བརྗོད་པའི་མི་བདེན་རྫུན་སྒྲིག་གི་འཁྱོག་བཤད་བྱས་པ་ནི། ཕོ་བ་གཏུམས་ཀྱང་འཕོངས་མི་ཁེབས་པའི་ལྭ་བ་ཞིག་དང་ཀུན་ནས་མཚུངས་ཤིང༌། འཛམ་གླིང་ཐོག་རྫུན་ཆེན་འདི་ལྟ་བུར་ཡིད་ཆེས་ཆ་འཇོག་བྱེད་མཁན་ཉིན་སྐར་དང་མཚུངས་པས་འདིའི་ལ་ལན་འདེབས་གསར་འགྱུར་གྱི་རང་དབང་དང༌། སྨྲ་བརྗོད་རང་དབང་ཡོངས་སུ་བྲལ་བའི་རྒྱ་ནག་མི་མང་རྣམས་མ་གཏོགས་དེ་མིན་དགོས་གལ་མ་མཆིས་པས་ཡིག་ཚོགས་ལ་འཇིགས་ནས་དགག་བཞག་ཆེར་མ་སྤྲོས་སོ།།

                མདོར་ན་རྩོམ་ཡིག་དེ་དག་གི་འགོ་མཇུག་བར་གསུམ་དུ་རྩོམ་པ་པོས་ཆོས་ལུགས་མ་ཤེས་པར་ཆོས་ལུགས་གླེང་བ་དང༌། མང་གཙོ་མ་ཤེས་པར་མང་གཙོ་གླེང་བ། རྒྱལ་སྤྱིའི་གནད་དོན་མ་ཤེས་པར་རྒྱལ་སྤྱི་གླེང་བ་བཅས་ལས་གྲུབ་འདུག་པས་རྩོམ་ཡིག་དེ་དག་རྒྱ་དམར་གྱི་མགྲིན་ཚབ་པའི་སྐད་ཆ་ལྟ་བུ་ཞིག་ཏུ་གྱུར་འདུག་པས་ཁ་ཡ་བྱེད་རིན་ཡོད་པ་ཞིག་ཏུ་མ་མཐོང་ཞིང༌། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་སྤེལ་བའི་དུས་དེབ་དང༌། ཚགས་པར། བརྙན་འཕྲིན། དྲ་རྒྱ་སོགས་གང་དུ་ཡང་བརྗོད་བྱར་ཚད་བཀག་ཡོད་པའི་རྣམ་པ་ཁོ་ན་ལས་རང་དབང་གི་ཉམས་འགྱུར་ཅི་ཡང་མཐོང་དཀོན་པ་ནི་རྩོམ་རིག་སྒྱུ་རྩལ་བྱ་བཞག་ལ་ཁེ་དབང་ཐོབ་ཐང་མ་སྤྲད་པའི་རྒྱུ་མཚན་གསལ་ཤོས་ཡིན་ནོ།།   །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
༧གོང་ས་མཆོག་གི་བཀའ་སློབ་ནང་མ་འོངས་ངེད་ཡང་སྲིད་དགོས་མིན་བོད་པ་ཚོར་ལ་ཐུག་ཡོད་གསུངས་སོང་། ཡང་སྲིད་རྙོགས་དྲ་མེད་པ་དགོས་ན་ད་ལྟར་ནས་འཆར་གཞི་བརྟན་པོ་བཟོ་ཐུབ་དགོས། བོད་རེ་བས་ཕུངས་ཟེ་བ་བཞིན་མ་གནང་། བོད་རྒྱ་གཉིས་ཀྱི་ཆབ་སྲིད་ལོ་རྒྱུ་ལྡན་མཁན་བླ་ཆེན་བཞི་ཡོད་པའི་ནང་ནས་རྒྱ་ནག་གི་ཀརྨ་དང་པཎ་ཆེན་གཉིས་ལོ་རྒྱུས་བདེན་དཔུང་བཟོས་ཚར་བ་རེད། ས་སྐྱ་ཚང་ནི་གདུང་རྒྱུད་རེད། ད་༧གོང་ས་མཆོག་གི་ཡང་སྲིད་བསྐོར་ལ་སྔོན་གྱི་སྲོལ་རྒྱུན་དང་དེང་རབས་ཀྱི་གསར་གཏད་(ཀརྨ་དང་པཎ་ཆེན་སོགས་)ལོ་རྒྱུས་རང་བཞིན་ལྡན་པ་སོགས་྄རྒྱ་ངན་ཚོས་ལུང་པ་གང་བཤད་ཆོག་ཆོག་ཧམ་བཤད་རྫུན་ལབ་བྱས་ཀྱང་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ད་ལྟར་ནས་ཡང་སྲིད་ཕེབས་ཕྱོགས་གཙང་མ་ལམ་ཁག་བཟོ་ཐུབ་དགོས། ཡང་སྲིད་གཉིས་གསུམ་ཡོང་མི་ཐུབ་པ་ད་ལྟ་བརྟན་པོ་སྒྲིག་ཁྲིམས་བཟོ་དགོས་སྙམ། བོད་བསྟན་སྲིད་གཉིས་ཀ་ལ་གནོད་སྐྱོན་མི་ཡོང་བ་བྱེད་དགོས།
བོད་མིའི་རྩ་དོན་ནི་མི་རིགས་རྩམ་མ་ཡིན་པ་ནང་བསྟན་དང་བླ་སྤྲུལ་ཁག་ལ་རག་ལས་འདུག་ལྷག་པར་དུ་བོད་ཀྱི་བདེན་དོན་འགྲུབ་ཐུབ་པ་ལ་ཐབས་ལམ་བཟང་ཤོས་དབུ་མའི་ལམ་རེད།འོན་ཀྱང་མང་གཙོ་དང་རང་དབང་ཐོབ་ཐང་སོགས་བེད་སྤྱོད་ཆོག་པ་རང་བཙན་རྩེད་མཁན་དང་ཚོགས་པ་སྒྲིག་འཛུགས་སྣ་མང་བཙུག་ཆོག་ལ་བཙན་བྱོལ་ནང་དུ་ཐབས་ལམ་དང་ལས་འགུལ་འདྲ་མི་སྤེལ་བཞིན་པ་འོས་འགན་རེད། རངསྒེར་ངོ་སྲུང་རྩམ་མ་འཛེམ་ནས་སྤྱི་དོན་དྲང་ཐོག་བཤད་ཕོད་མཁན་དཀོན་པོ་མཐོང་སོང་། ༧གོང་ས་མཆོག་གིས་ག་དུས་བཀའ་བསླབ་དང་གསུངས་ཆོས་སྐབས་སུ་དྲང་པོ་བདེན་པ་ཕྱིར་གསལ་ནང་གསལ་བྱེད་དགོས་གསུངས་པ་དད་གུས་ཡོད་ན་བརྩི་བཀུར་དང་ལག་ལེན་བསྟར་དགོས་སམ། ༧གོང་ས་སྐྱབས་མགོན་མཆོག་གིས་དངོས་ཡོད་གནས་ཚུལ་དང་མཐུན་དགོས་རྒྱུ་མཚན་ཤེས་པའི་ཐོག་ནས་དེང་རབས་དང་རན་པའི་དབུ་མའི་ལམ་དང་གྲོས་མོལ་ཐབས་ལམ་སོགས་ཡངས་དག་པ་སློབ་སྟོན་གནང་ཡོད། མང་གཙོའི་བཙན་བྱོལ་ཚོར་དབུ་ཁྲིད་ནས་འབངས་སྐྱ་སེར་ཐམས་ཅད་ཀྱི་མགོ་འཐོམ་ནས་མ་བསྡོད་པར་གནོད་འགག་གལ་ཆེར་ཞིག་ཤེས་ཐུབ་དགོས། གོང་གི་དབུ་མའི་ལམ་དང་གྲོས་མོལ་རང་བཙན་སོགས་རྒྱལ་སྤྱི་དང་དགོས་སུ་རྒྱ་བོད་གཉིས་ཆ་ཕན་པ་འདི་ཚོར་རྒྱ་ནག་གི་བསམ་ཤེས་དང་ཉན་འཇོག་རྩ་བ་ནས་བྱེད་ཀྱི་མ་རེད། རྒྱ་ངན་ཚོས་བོད་པའི་ནུས་པ་དང་ཆབ་སྲིད་ཁ་ལོ་བསྒྱུར་ཐུབ་མཁན་བླ་སྤྲུལ་ཚོ་བེད་སྤྱོད་གཏང་རྒྱུ་རེ་ངན་དང་ཐེ་ཇུས་ལག་བསྟར་བྱེད་བཞིན་མཆིས་པ་དེ་རེད། ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་དང་ནུས་པ་ཚང་མའི་གནོད་དོན་ཁོང་ཚོས་སྒྲོམ་གཞི་ནང་དུ་བཙུགས་ཡོད། དམ་བཅའ་དེར་མ་གཏོགས་གཞན་པ་སྲིད་དབང་རྒེར་གཅོད་ཚོས་ནམ་ཡང་ཁས་ལེན་བྱས་བརྩི་ཕལ་ཆེར་མེད་པ་རེད་ལབ་ཆོག། བོད་མི་ཚོས་ཆོས་དུག་ཏུ་བརྩི་མཁན་གྱིས་བླ་སྤྲུལ་ཡང་སྲིད་ལ་ཐེ་ཇུས་བྱེད་ནས་ངོས་འཛིན་བྱེད་བཞིན་པ་འདིས་ཡི་རིགས་ལ་ངོས་ལེན་ཡོད་དང་མེད། ག་སྲིད་ཡོད་ན་ཀརྨ་པ་པཎ་ཆེན་གཙོས་གནད་ཡོད་སྤྲུལ་སྐུའི་ཡང་སྲིད་མང་པོ་ཞིག་ལག་ལེན་བསྟར་ཚར་དང་བསྟར་བཞིན་པ་རེད། མ་འོངས་༧གོང་ས་མཆོག་གིས་ཡང་སྲིད་ཀྱང་ཅིག་མཚུངས་དང་ད་ལྟ་ནས་གྲབས་སྒྲིག་ཚོགས་ཆུང་འམ་རེ་སྒུག་ཚོགས་པ་ཡོད་པ་ཚང་མས་ཤེས་གསལ་རེད། བོད་ཀྱི་བླ་སྤྲུལ་ཚོར་ཀྲུང་གོ་མངའ་འོག་ནས་ངོས་འཛིན་དང་ཆོག་མཆན་གོང་རིམ་ཚོས་ལོ་རྒྱུས་བཤད་ན་ བཙན་བྱོལ་ཚོས་དོན་དག་འཁྱུག་ཉེན་འདུག ༧གོང་ས་མཆོག་གིས་ཡང་སྲིད་བཙན་བྱོལ་ཚོར་ལ་ཐོབ་དགོས་ན་ ད་ལྟ་ནས་རྒྱ་ནག་གིས་ཐེ་ཇུས་བྱེད་པའི་གོང་གི་ཀརྨ་པ་པཎ་ཆེན་གཙོས་ཡོངས་རྫོགས་ངོས་ལེན་མ་བྱེད་པ་ཁས་ལེན་དམ་བཅའ་འཇོག་ཐུབ་དགོས། འགོ་ནས་ངོས་ལེན་མ་བྱེད་པ་གནས་ཐུབ་ན་ཁོང་ཚོས་རེ་ངན་སྟོང་པ་འགྲོ་པའི་ཐབས་ལམ་སྤྲད་དགོས། ཉེན་ཁ་ནས་རྒྱལ་ཐུབ་པ་བྱེད་དགོས་སམ། དྲྭ་འབུ་ཚང་མས་བསམ་ཚུལ་གང་མང་མང་ཞིག་སྤེལ་རོགས་ཀྱང་ཞུ།
ནང་ཆོས་དུག་ཏུ་བརྩི་མཁན་ཡིན་ཅང་དེང་རབས་ཀྱི་ཆབ་སྲིད་དགོས་མཁོ་ལ་དམིགས་ནས་རྒྱ་དཔོན་ཚོས་བོད་ཀྱི་བླ་སྤྲུལ་གྱི་ངོས་འཛིན་ཀརྨ་པ་ནས་འགོ་བཙུགས་པཎ་ཆེན་དང་རྭ་སྒྲེང་སོགས་གྲངས་ཀྱི་མི་ཚད་པ་ཞིག་ལག་ལེན་བསྟར་བཞིན་པའི་སྒང་རེད། བོད་མི་ཚོས་རང་འོག་ཏུ་འདུས་པ་ཚོས་རྒྱ་བོད་གཉིས་ཀ་ངོས་ལེན་བྱེད། མི་བྱེད་མཁན་ཚོར་ལ་བཙན་དབང་གིས་ཐབས་ཤེས་རྣམ་པར་འདྲ་མི་འཁྲབ། རང་འོག་ཏུ་མི་ཉན་མཁན་ཚོར་རྒྱ་བླ་དང་ཡངས་དག་མིན་ཚུལ་དམར་འབེབས་གཏོང་། རྒྱ་བོད་གཉིས་བར་ཁྱད་པ་ག་རེ་འདུག་བལྟོས་དང་། མ་འོངས་པ་༧གོང་ས་མཆོག་གིས་ཡང་སྲིད་ཐེ་ཇུས་རྒྱ་ནག་གི་ལོས་བྱས། ཐོག་མཐའ་བར་གསུམ་བོད་མི་ཚོས་བྱས་སྟངས་མ་ཤེས་ནས་རྒྱ་ནག་ལ་དབང་ཆ་སྤྲད་ཚར་བ་རེད། བོད་མི་ཚོས་ཁ་ནས་ཆོས་དུག་ཏུ་བརྩི་མཁན་གྱིས་ནང་ཆོས་གླེང་བ་ཟེར་ནས་ཧ་ལེས་འདོག་བསྟན། ད་གཟབས་གཟབས་གནང་ཀྱང་ཕྱིས་ཚར་སོང་སྙམ། འུ་ཚོ་ལྐུག་པས་གྲལ་དུ་བཞག་མི་འདུག་གོ། བསམ་ཚུལ་སྤེལ་བ་དགའ་བསུ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།