ཆོས་མེད་སྨྲ་བས་བླ་སྤྲུལ་ངོས་འཛིན་ལ་ཐེ་ཇུས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། གསུམ་པ།  ཕྱི་ལོ་ ༡༩༤༩ ལོར་བོད་དུ་རྒྱ་གཞུང་ནས་བཙན་འཛུལ་བྱེད་འགོ་བརྩམས་ཤིང༌། ཕྱི་ལོ་ ༡༩༥༩ ལོར་ཆོལ་གསུམ་ཡོངས་རྫོགས་དྲག་པོས་བཙན་བཟུང་བྱས་རྗེས་རིག་གནས་གསར་བརྗེ་ཞེས་རྒྱ་དཔོན་རྣམས་ལ་ལོག་པའི་བློ་ངན་ཤར་ཏེ་རྙིང་བཞི་རྩ་གཏོར་ཞེས་ཆེས་གཡོན་ཐལ་ཅན་གྱི་གདུག་རྩུབ་ཆེ་བའི་ལས་འགུལ་རིམ་པར་སྤེལ་བའི་ཁྲོད་བོད་ཀྱི་ཆོས་ལུགས་ཀྱི་གནས་ཚུལ་ནས་བཤད་ན། ཆོས་རིག་གི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་ཙམ་གྱི་རྟེན་དང་བརྟེན་པར་བཅས་པ་ཕུན་སུམ་ཚོགས་པའི་རིན་བྲལ་རིན་པོ་ཆེའི་རིགས་སྣ་གཅིག་ལའང་གུང་ཁྲན་ཏང་གི་རྒྱུ་ནོར་ཡོད་དོ་ཅོག་གིས་འགྲན་དུ་མེད་པ་ཐམས་ཅད་རྩ་གཏོར་འཕྲོག་བཅོམ་བྱས་པ་དང༌། ཡང་ཕྱི་ལོ་ ༡༩༩༠ རྒྱ་གཞུང་ནས་བོད་ཀྱི་དགོན་སྡེ་དང༌། ལྷ་ཁང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་དང་བཅས་པ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་དེབ་སྐྱེལ་དགོས་པ་བཟོས་པར་མ་ཟད། དེ་དག་ལ་སྲིད་འཛིན་གྱི་དོ་དམ་ཤུགས་ཆེར་གཏོང་བ་སོགས་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ཐོག་སླར་ཡང་རིག་གནས་གསར་བརྗེ་གཉིས་པ་ལྟ་བུའི་མདུང་རྩེ་ཚབས་ཆེ་ཞིག་གཏད་ཡོད།

                ཡང་ཕྱི་ལོ་ ༡༩༩༠ ལོར་ཀྲུང་གུང་ཀྲུང་དབྱང་དང༌། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ཟེར་བ་དོན་ཚན་ ༡༦ ཅན་དང༌། ཕྱི་ལོ་ ༡༩༩༡ ཟླ་ ༡༢ ཚེས་ ༢༠ ཉིན་འཁོད་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུའི་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་གནས་སྐབས་བྱ་ཐབས་ཟེར་བ་དོན་ཚན་ ༢༤ ཅན་གྱི་རྩ་འཛིན་ཡིག་ཆ་གཏན་འབེབས་བྱས་པ་དང༌། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་བཙད་འཚོལ་ཐད་ཀྱི་ཚོད་བལྟའི་བྱ་ཐབས་ཟེར་བ་རྩ་འཛིན་ཡིག་ཆ་དོན་ཚན་ ༣༢ ཅན། ཕྱི་ལོ་ ༢༠༠༠ ཟླ་ ༥ ཚེས་ ༩ ཉིན་ཟི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དོན་ཚན་ ༥༧ ཅན། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སླར་ཡང་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བ། ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༡༨ ཉིན་བོད་རང་སྐྱོང་ལྗོངས་ཟེར་བས་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བ་དོན་ཚན་ ༥༥ ཅན། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༨ ཉིན་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་དོན་ཚན་ ༤ དང༌། ནང་གསེས་དོན་ཚན་ ༨ ཅན་སོགས་མདོར་ན་ཁྲིམས་སྲོལ་གསར་པ་འདྲ་མིན་དོན་ཚན་ ༢༠༠ ཙམ་གསར་བཟོ་ཡོངས་བསྒྲགས་བྱས་ཏེ་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ལ་དྲག་རྩུབ་དང་བཙན་གནོན་གྱི་དབང་བསྒྱུར་ཁག་ཕྱོགས་ཡོངས་ནས་ཁྲིམས་སྲོལ་ཅན་དུ་བསྒྱུར་ཤུགས་ཇེ་ཆེར་བཏང་སྟེ་ཡང་བསྐྱར་རིག་གནས་གསར་བརྗེ་གསུམ་པ་ལྟ་བུའི་བྱ་སྤྱོད་ངན་པ་ལག་བསྟར་བྱས་ཡོད།

                ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་གངས་ལྗོངས་ཆོལ་གསུམ་ཀུན་ཏུ་ཞི་བའི་གྱེན་ལངས་བྱུང་རྗེས་གྲྭ་བཙུན་གྱིས་གཙོས་ཉེས་མེད་བོད་འབངས་ཉུང་མཐར་ ༢༢༣ ཙམ་དམར་གསོད་བཏང་བ་དང༌། གངས་ཅན་པ་ ༦༧༠༥ འཛིན་བཟུང་བཙོན་འཇུག ཉེསམེད་འབོད་འབངས་ ༢༨༦ ཙམ་ལ་ཁྲིམས་ཐག་བཅད་པ། མི་གྲངས་ ༡༢༩༤ ལྷག་ལ་རྨས་སྐྱོན་ཕོག་པ་མ་ཟད། ཆོལ་གསུམ་ཁྱོན་ཡོངས་ཀྱི་དགོན་སྡེ་ཁག་ཏུ་དྲག་པོའི་དམག་དཔུང་གོ་མཚོན་གྱིས་ཡོངས་སུ་བསྐོར་ཞིང༌། ཐོས་བསམ་འཆད་ཉན་གྱི་གོ་སྐབས་ཡོངས་སུ་འཕྲོག་པ་དང༌། སྐུ་གསུང་ཐུགས་རྟེན་གཏོར་བཅོམ། ལྷག་ལུས་གྲྭ་བཙུན་རྣམས་ལ་རྡུང་རྡེག་ཚ་ནན་དང༌། བཙན་ཤེད་ཀྱི་ཐོག་ནས་རྒྱལ་གཅེས་སློབ་གསོའི་ལས་འགུལ་སྤེལ་བ། རང་གི་རྩ་བའི་བླ་མ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཚན་སྨད་སྐུར་འདེབས་དང༌། གུང་ཁྲན་ཏང་ལ་བསྟོད་གླུ་ལེན་དུ་འཇུག་པ་སོགས་སླར་ཡང་རིག་གནས་གསར་བརྗེ་བཞི་པ་ལྟ་བུ་ཡ་ང་ཞིང་ཡིད་སྐྱོ་བའི་བྱ་ངན་རིམ་པར་སྤེལ་མུས་ཡིན་པས། སྔར་འཛམ་གླིང་ཐོག་མི་སྨྱོན་པ་བྱུང་བ་ལས་རྒྱལ་ཁབ་སྨྱོན་པ་བྱུང་མྱོང་མེད་ཅིང༌། རིག་གནས་གསར་བརྗེའི་སྐབས་རྒྱ་ནག་རྒྱལ་ཁབ་ལ་སྨྱོ་ནད་ཐེངས་ཤིག་འཕོག་ཡོད་ལ། ཕྱི་ལོ་ ༡༩༩༠ ནས་བཟུང་སྨྱོ་ནད་དེ་ཉིད་བསྐྱར་ལངས་བྱས་པ་དང༌། སླར་ཡང་ཕྱི་ལོ་ ༢༠༠༨ ནས་བཟུང་སྨྱོ་ནད་དེ་ཉིད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་འདི་ལྟར་ཡིན།

                གོང་གསལ་བོད་རང་སྐྱོང་ལྗོངས་དང༌། ཞིང་ཆེན་ལྔ་སྟེ་གངས་ལྗོངས་ཆོལ་གསུམ་ཁྱོན་ཡོངས་སུ་གཅིག་མཇུག་གཉིས་མཐུད་དུ་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བ་རྒྱ་གཞུང་ནས་རང་དགར་གཏན་འབེབས་བྱས་ཏེ་ལག་བསྟར་བྱས་དང་བྱེད་མུས་སུ་ཡོད་པའི་ཡིག་ཆ་ཁག་ལ་དབྱེ་ཞིབ་རགས་ཙམ་བྱས་ན། ༡༽ རྒྱ་གཞུང་ནས་བོད་ཀྱི་དགོན་སྡེ་ཁག་དང༌། ལྷ་ཁང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་དང་བཅས་པ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་དེབ་སྐྱེལ་དགོས་པ་བཟོས་པར་མ་ཟད། དེ་དག་ལ་སྲིད་འཛིན་གྱི་དོ་དམ་ཤུགས་ཆེར་གཏོང་བ་དང༌། ༢༽ སྤྲུལ་སྐུའི་ངོས་འཛིན་གྱི་རྩ་དོན་རང་བཞིན་ཐད་རྒྱ་གཞུང་གི་ཁྲིམས་དང་སྒྲིག་སྲོལ་ཁག་དང་མཐུན་པ་དང༌། ལྷག་པར་རྒྱ་ནག་གོང་བུ་གཅིག་གྱུར་དང༌། མི་རིགས་མཐུན་སྒྲིལ། ཞིང་ཆེན་གྱི་སྤྱི་ཚོགས་བརྟན་ལྷིང་བཅས་པར་ཕན་པ་བསྐྲུན་མཁན་ཞིག་ཡོང་བ་གསལ་བཏོན་བྱས་པ། ༣༽ སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དང་དོ་དམ་ཐད་སྤྲུལ་སྐུའི་མཚན་སྙན་དང་ཤུགས་རྐྱེན་ཆེ་ཆུང་ལ་གཞིགས་ཏེ་རྒྱ་ནག་དབུས་གཞུང་དང༌། ཞིང་ཆེན། རང་སྐྱོང་ཁུལ། རྫོང་བཅས་པའི་སྲིད་གཞུང་གི་ཆོག་མཆན་བཀའ་འཁྲོལ་དགོས་པ། ༤༽ ཕྱི་རྒྱལ་དུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཐམས་ཅད་ངོས་ལེན་མི་བྱེད་པ། ༥༽ ཕྱི་རྒྱལ་རྒྱལ་ཁོངས་སུ་ཡོད་པའི་ད་ཡོད་སྤྲུལ་སྐུ་ངོས་ལེན་མི་བྱེད་པ། ༦༽ སྤྲུལ་སྐུའི་ཡང་སྲིད་ཀྱི་ཆ་རྐྱེན་ཐད་རྒྱ་གཞུང་རིམ་ཁག་སྲིད་གཞུང་གི་ཆོག་མཆན་དགོས་པ། ༧༽ ཆོས་ལུགས་ལས་དོན་ཁག་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། བཅའ་ཁྲིམས། ཁྲིམས་སྲོལ་སོགས་འབྲེལ་ཡོད་གཏན་འབེབས་ཁག་ལས་བརྒལ་མི་ཆོག་ཅིང༌། ཆོས་ལུགས་རྩ་འཛུགས་དང་མི་སྒེར་སུས་ཀྱང་ཆོས་ལུགས་བེད་སྤྱད་དེ་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང༌། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་བཅས་ལ་གནོད་འཚེ་གཏོང་མི་ཆོག་པ། ༨༽ རྒྱལ་ཁབ་ཀྱི་སྲིད་འཛིན་དང༌། ཁྲིམས་འཛིན། སློབ་གསོའི་སྒྲིག་ལམ་བཅས་པར་བར་ཆད་གཏོང་མི་ཆོག་པ། ༩༽ ཆོས་ལུགས་ཚོགས་པ་ཁག་དང་ལས་དོན་ཁག་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོལ་སྤྱོད་དང་ལེན་མི་བྱེད་པ། ༡༠༽ ཆོས་ལུགས་བྱེད་སྒོ་སྤེལ་ས་དགོན་སྡེ་དང༌། ལྷ་ཁང༌། ཚོགས་ཁང་བཅས་པ་ཁྲིམས་ལྟར་དེབ་སྐྱེལ་དགོས་པ༑ ༡༡༽ བླ་མ་དང་སྤྲུལ་སྐུ། གྲྭ་བཙུན། ཆོས་ལུགས་མི་སྣ་ཁག་གི་གནས་བབ་ལ་གཞིགས་ཏེ་རྒྱ་གཞུང་ས་གནས་ཀྱི་དབང་འཛིན་སྡེ་ཚན་ལ་ཐོ་འགོད་བྱེད་དགོས་པ། ༡༢༽ ཆོས་ལུགས་ཀྱི་མཐོ་རིམ་བླ་སྤྲུལ་དང་མི་སྣ་ཁག་ཞིང་ཆེན་དང་རྒྱ་ནག་དབུས་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་ཐོ་བཀོད་ཀྱིས་ཆོག་མཆན་ཞུ་དགོས་པ། ༡༣༽ ཆོས་ལུགས་མི་སྣས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་བརྩི་སྲུང་དང༌། རྒྱ་ནག་གཅིག་གྱུར་དང༌། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་འགན་སྲུང་ཐུབ་ཆེད་རྒྱ་གཞུང་གི་ཆོས་ལུགས་ལས་དོན་གྱི་སྡེ་ཁག་དང༌། གཞུང་གི་རྩ་འཛུགས་ཁག་གི་ལྟ་སྐུལ་དང་དོ་དམ་དང་ལེན་བྱེད་དགོས་པ། ༡༤༽ ཆོས་ལུགས་སྒྲིག་འཛུགས་དང༌། མི་སྒེར་སུ་ཡིན་རུང་ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གྱི་ཆོས་འཆད་སྤེལ་དང་ལེན་མི་ཆོག་པ། ༡༥༽ ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ཀྱི་ལས་དོན་པ། ཆོས་དད་མང་ཚོགས་བཅས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང༌། ཁྲིམས་སྲོལ། ཆོས་ལུགས་སྲོལ་ཡིག་ཁག་བཅས་ལ་བརྩི་སྲུང་བྱས་ཏེ་རྒྱ་ནག་གོང་བུ་གཅིག་གྱུར་དང༌། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་དགོས་པ། ༡༦༽ ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང༌། སྤྱི་པའི་བདེ་འཇགས། སྤྱི་ཚོགས་ཀྱི་སྒྲིག་ལམ། གཞུང་སྒེར་གྱི་རྒྱུ་ནོར་བཅས་པར་གནོད་འཚེ་གཏོང་མི་ཆོག་པ། ༡༧༽ ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་དོན་པ་བཅས་པར་ཕྱི་རྒྱལ་གྱི་སྟོབས་ཤུགས་དང༌། ཕྱི་རྒྱལ་དུ་ཡོད་པའི་སྟོབས་ཤུགས་ཀྱིས་བཀོལ་སྤྱོད་མི་ཆོག་པ། ༡༨༽ སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དང་དོ་དམ་ཐད་མཚན་གནས་ཆེ་ཆུང་ལ་གཞིགས་ཏེ་རྒྱ་ནག་དབུས་གཞུང་དང༌། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་རིམ་པ་ཡན་སྲིད་གཞུང་རིམ་པའི་ཆོག་མཆན་བཀའ་འཁྲོལ་ཞུ་དགོས་པ། ༡༩༽ རྒྱལ་ཁབ་ཕྱི་ལོགས་ཀྱི་མི་སྣས་ལྗོངས་ནང་ཁུལ་དུ་ཆོས་ལུགས་བྱེད་སྒོའི་གཙོ་སྐྱོང་དང༌། སྡོམ་པ་འབོག་པ། དབང་གནང་བ། ཆོས་གསུངས་པ། ཆོས་འཆད་སྤེལ། མི་མང་ནང་དར་སྤེལ་གཏོང་བ་བཅས་མི་ཆོག་པ། ༢༠༽ སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་འདི་རྒྱ་ནག་གོང་བུ་གཅིག་གྱུར་དང༌། མི་རིགས་མཐུན་སྒྲིལ། ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན། བོད་བརྒྱུད་ནང་བསྟན་གྱི་སྒྲིག་སྲོལ་བཅས་པ་སྲུང་སྐྱོབ་ཀྱི་འགན་སྲུང་བྱ་རྒྱུ། ༢༡༽ སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཕྱི་ལོགས་ཀྱི་སྒྲིག་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག་པ། ༢༢༽ སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་མཚན་གནས་ཆེ་ཆུང་ལ་གཞིགས་ཏེ་རྒྱ་ནག་དབུས་གཞུང་དང༌། ཞིང་ཆེན། རང་སྐྱོང་ལྗོངས། རང་སྐྱོང་ཁུལ། ས་གནས་རྒྱ་གཞུང་གི་རྫོང་རིམ་པ་ཡན་གྱི་སྲིད་གཞུང་ལས་ཁུངས་ནས་ཆོག་མཆན་བཀའ་འཁྲོལ་ཞུ་དགོས་པ། ༢༣༽ ལོ་རྒྱུས་ཐོག་གསེར་བུམ་ཟེར་བ་དཀྲུགས་ཏེ་ངོས་འཛིན་དགོས་པའི་བླ་སྤྲུལ་ཁག་གསེར་བུམ་དཀྲུགས་ཏེ་རྒྱ་ནག་དབུས་གཞུང་ལ་བཀའ་འཁྲོལ་ཞུ་དགོས་པ། ༢༤༽ བླ་སྤྲུལ་ཆེ་ཁག་གི་ཡོངས་འཛིན་ཁག་ཀྱང་གོང་བཞིན་རྒྱ་ནག་དབུས་གཞུང་དང་ས་གནས་རྫོང་རིམ་པ་བར་གྱི་སྲིད་གཞུང་སྡེ་ཁག་ལ་འཆར་འབུལ་བཀའ་འཁྲོལ་ཞུ་དགོས་པ་སོགས་གཙོ་གནད་དུ་བྱས་པའི་གདུག་རྩུབ་ཤིན་ཏུ་ཆེ་བའི་ཁྲིམས་སྲོལ་གྱི་རྩ་དོན་རང་བཞིན་དང༌། སྒྲིག་སྲོལ་གྱི་ངོ་བོའི་ཡིག་ཆ་སྔ་ཕྱི་རིམ་པར་གཏན་འབེབས་བྱས་པའི་ཡིག་ཆ་ཁག་ནི་གཞི་མེད་ཁུངས་བྲལ་ཞིག་ཡིན་པ་དང༌། ཡིག་ཆ་དེའི་མགོ་མཇུག་ཀུན་ཏུ་རང་ཚིག་སྔ་ཕྱི་འགལ་བ་དང༌། ཞེ་འདོད་དང་ཚིག་བརྗོད་འགལ་བའི་ལྟག་མཆོད་ཀྱི་ཕུང་པོ་ཞིག་ཡིན་པ་མ་ཟད། བོད་འབངས་རྣམས་ཀྱི་ཆོས་དད་རང་དབང་བཙན་འཕྲོག་བྱས་པའི་དཔང་རྟགས་གལ་ཆེན་ཞིག་ཀྱང་ཡིན།     

                སྤྲུལ་སྐུའི་ཡང་སྲིད་ཀྱི་ལས་དོན་དོ་དམ་བྱེད་ཐབས་ཀྱི་ཁྲིམས་སྲོལ་གསར་བཟོ་གཏན་འབེབས་བྱས་པ་ནི། བསྐལ་པའི་ཡུར་བུ་ལ་སྲིད་པའི་ཆུ་དྲངས་པ་མ་ཡིན་པར། དཔེ་ངན་གསར་འཛུགས་བྱས་པ་ཞིག་ཡིན་པས། འདི་ནི་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང༌། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གདན་རབས་རྒྱུན་འཛིན་བྱེད་ཐབས་ལ་རྩིས་མེད་རྡོག་རོལ་གཏོང་བའི་བྱེད་ཐབས་ཤིག་ཡིན་པས་ན། བྱབྱསྤྲུལ་སྐུའི་ཡང་སྲིད་ངོས་འཛིན་འདིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ལམ་སྲོལ་བརྩི་བཀུར་བྱེད་རྒྱུ་ཡིན།བྱབྱ ཞེས་བཀོད་འདུག་པ་ནི་རྒྱ་ནག་གུང་ཁྲན་ཏང་གི་དབང་འཛིན་ལས་ཆེས་བརྒལ་བའི་ངོ་ཚ་བྲལ་བའི་འཆལ་གཏམ་འབའ་ཞིག་ལས་མ་འདས་ཤིང༌། གངས་ལྗོངས་སུ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དར་བ་ནས་བཟུང་དུས་ད་ལྟ་བར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བླ་མ་སོ་སོའི་ཞལ་སློབ་དང༌། རང་གི་གདན་སའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་དད་པ་དང་དམ་ཚིག་གིས་རང་དབང་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལས། རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་ཞུ་དགོས་པའི་དུས་ཚོད་ཅིག་བྱུང་མྱོང་མེད་པ་མ་ཟད། སྤྲུལ་སྐུ་ངོས་འཛིན་ནི་གོང་རིམ་གྱིས་བསྐོ་གཞག་གམ། མང་ཚོགས་ཀྱིས་འདེམས་སྒྲུག ཡང་ན་གདན་ཐོབ་དང་གོ་གནས་སྦྱིན་པ་ལྟ་བུ་མིན་པར་སྐུ་གོང་མ་དེ་ཉིད་བསྟན་འགྲོའི་དོན་ཆེན་སླད་སླར་ཡང་སྐྱེ་བ་གང་དུ་བཞེས་པ་དེ་འཚོལ་སྒྲུག་བྱེད་རྒྱུའི་ཆོས་ཕྱོགས་ཀྱི་བྱ་བ་ཁྱད་པར་ཅན་ཞིག་ཡིན་པས། དེ་ནི་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱི་དན་རྟགས་དང༌། མངོན་ཤེས་ཅན་གྱི་བླ་ལྷའི་ལུང་བསྟན་དང༌། དེ་བཞིན་ཆོས་ཕྱོགས་ཀྱི་བརྟག་ཞིབ། ཐབས་ལམ་གཞན་དག་བརྒྱུད་ནས་ངོས་འཛིན་བྱ་རྒྱུ་ཞིག་ལས། མཐུན་ཚོགས་དང་སྲིད་གཞུང་སོགས་ཀྱིས་བྱ་ཐབས་ནམ་ཡང་མེད་པ་ནི་ཆོས་དང་སྤྱི་ཚོགས་ཀྱི་འགྲོ་ལུགས་གཉིས་ཀའི་རྭ་བ་ལས་ཡོངས་སུ་བརྒལ་བས་མི་ངན་གྱི་གཏམ་ངན་དང༌། བསམ་ངན་གྱི་བྱ་ངན་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན་པས། འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་འདིའི་ཐོག་གཟབ་ནན་གནང་གལ་ཆེ།

ལྷག་པར་ཆོས་དུག་ལྟར་འཛིན་པའི་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཆོས་ལུགས་ཀྱི་ལམ་སྲོལ་དང་གཏན་ནས་མི་མཐུན་པའི་ཡིག་ཆ་དེས་བཙན་འོག་ཏུ་ཡོད་པའི་བོད་རིགས་རྣམས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མ་ཉེས་ཁ་གཡོག་གིས་དྲག་གནོན་གདུག་རྩུབ་བྱ་གཞིའི་ལག་ཆ་ཆེན་པོ་ཞིག་དང༌། ལོ་རྒྱུས་ནང་འཁྱོག་བཤད་ཀྱི་གཞི་རྩར་འགྲོ་གཞི་ཞིག་ཡིན་ལ༑ ཡིག་ཆ་དེ་རྣམས་ཀྱི་བརྗོད་ཚིག་གི་སྒྲིབ་གཡོག་རྣམས་བསལ་ནས་བལྟས་ན་ངན་ཇུས་ཀྱི་སྲིད་ཇུས་དང༌། ཆོས་དད་རང་དབང་ཇི་ཙམ་ཡོད་མེད་སོགས་ཀྱི་རང་མཚང་དམར་བརྗེན་དུ་མཐོང་བཞིན་པའི་བདེན་རྟགས་འདི་ཉིད་དང༌། དེ་ལྟར་རྒྱ་གཞུང་ནས་ྋརྒྱལ་བའི་བསྟན་པ་རྨང་ནས་བཤིགས་ཤིང༌། བོད་འབངས་རྣམས་ཀྱི་རང་དབང་བཙན་འཕྲོག བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཉམས་དམས། སྔོན་བྱུང་ལོ་རྒྱུས་དང་ཆོས་ཀྱི་འབྱུང་བ་ཁག་ལ་འཁྱོག་བཤད། བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་ཐབས་ཀྱི་སྔར་གྱི་ལམ་སྲོལ་རྡོག་རོལ་གྱིས་སྔར་མེད་ཁྲིམས་སྲོལ་གསར་བཟོ་སོགས་ཀྱི་ཆབ་སྲིད་ཀྱི་ཐབས་ཇུས་དང༌། ཁྲིམས་སྲོལ་ཁག་འཆར་གཞི་ཡོད་པ་དང༌། གོ་རིམ་དང་དམིགས་འཛུགས་ཡོད་པ། ངན་གཡོ་དང་གདུག་རྩུབ་ཆེ་བའི་ལས་འགུལ་སྔ་ཕྱི་རིམ་པར་གངས་ལྗོངས་ཆོལ་གསུམ་ཁྱོན་ཡོངས་སུ་ལག་བསྟར་འགོ་འཛུགས་བྱས་ཡོད་པ་དེ་དག་ལ་རྒྱ་ནག་ཏུ་གནས་སྡོད་ྋརྒྱལ་བསྟན་ལ་ལྷག་པར་དད་པའི་དཔོན་རིགས་དང༌། ཤེས་ལྡན་མི་སྣ་འབོར་ཆེན་ཞིག་དང༌། ཕྱི་ནང་གི་ཆབ་སྲིད་དབྱེ་ཞིབ་པ་དུ་མས་མགྲིན་དབྱངས་གཅིག་མཐུན་ཐོག་ནས་རྒྱ་ནག་དམར་གཞུང་གི་ལྐོག་གཡོའི་ངན་འཆར་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་རང་དབང་ལུང་པ་ཁག་ཏུ་འཚོ་གཞེས་གངས་ཅན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་འབྱུང་འགྱུར་སྐུའི་ཡང་སྲིད་རྩད་འཚོལ་གྱི་ལས་དོན་ལ་འདྲེ་ལག་བསྐྱངས་ཏེ་ྋརྒྱལ་བསྟན་རྨང་ནས་བཤིགས་ཤིང༌། བསྟན་འཛིན་བུ་སློབ་དང་བཅས་པ་ཕུང་ལ་སྦྱོར་བའི་གདུག་རྩུབ་ཤིན་ཏུ་ཆེ་བའི་ངན་གཡོ་དམར་རྗེན་དུ་ཐོན་པ་ཞིག་ཏུ་ཆེད་བསྡོམས་ནན་པོ་བྱེད་བཞིན་པར་བརྟེན་བཙན་བྱོལ་བོད་གཞུང་དང༌། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་དབུ་ཁྲིད་རྣམས་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ནས་གོང་གསལ་ཡིག་ཆ་ཁག་ངོས་ལེན་ནམ་ཡང་མེད་པའི་གསལ་བསྒྲགས་རིམ་པར་གནང་ཡོད།

                དཔྱད་གཏམ་པས་བརྗོད་པ་ལ། ‘‘ཁོ་པས་བླ་སྤྲུལ་གཅིག་ངོས་འཛིན་ཞུ་བ་དང་དགོན་པ་གཅིག་ཚོད་འཛིན་བྱས་ན་ས་ཁུལ་གཅིག་ཚོད་འཛིན་བྱེད་པ་དང་མཚུངས་ཞེས་འུད་སྒྲོག་ཐེངས་མང་བྱས་ཡོད།’’ ཅེས་མི་དཀར་ལ་ཞྭ་ནག་དང༌། རྟ་དཀར་ལ་གདོང་ནག་གི་དཔེ་ལྟར་མ་ཉེས་ཁ་གཡོགས་བྱས་པ་ཞིག་ཡིན་པ་ལས། དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གནས་དུས་གང་ཞིག་ཏུ་གསུངས་པ་དང༌། དེབ་རིགས་གང་དུ་འཁོད་པ་སོགས་ཀྱི་ཁུངས་བཙན་དཔང་རྟགས་གཏན་ནས་མེད་པས་དེ་ནི་དཔྱད་གཏམ་པ་རང་ཉིད་དང་རྒྱ་ནག་དམར་གཞུང་གི་ཞེ་འདོད་ཁོ་ན་བཀོད་དེ་མགོན་པོ་གང་ཉིད་ཀྱི་གསུང་ཚུལ་མ་ཉེས་ཁ་གཡོགས་བྱས་པ་འབའ་ཞིག་ཡིན་པ་ལེགས་པར་གྲུབ། རྒྱ་གཞུང་ལ་འདི་ལྟ་བུའི་སྐྱག་རྫུན་དང་གཡོ་སྒྱུ་ཤོད་རྒྱུའི་ངན་གོམས་ཤིག་འཇགས་ཡོད་པ་མ་ཟད། དཀྲོག་གཏམ་དང་རྫུན་ཚིག་ལྷུ་སྒྲིག་བྱེད་རྒྱུ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་སྲོག་རྩ་ཡིན་ལ། ལྷག་པར་རྒྱ་གཞུང་གི་དཔོན་རིགས་རྣམས་ཀྱི་ནད་རྙིང་ཞིག་ཀྱང་ཡིན། དེར་བརྟེན་དེང་སྐབས་འཛམ་གླིང་ཐོག་གཟུར་གནས་མཁས་དབང་རྣམས་ཀྱིས་རྒྱ་ནག་དམར་གཞུང་ལ་ཁྲམ་པའི་རྒྱལ་ཁབ་ཅེས་མིང་འདོགས་བྱེད་བཞིན་ཡོད་པ་ནི་དོན་ལ་གནས་པ་ཁོ་ནའོ།།

དེ་བཞིན་‘‘ཏཱ་ལའི་རུ་ཚོགས་ཀྱིས་སྔ་རྗེས་སུ་བླ་སྤྲུལ་བརྒྱ་ཙམ་རྒྱལ་ནང་དུ་བཏང་ནས་དགོན་པའི་བདག་གཉེར་གྱི་དབང་ཆ་འཕྲོག་རྒྱུའི་ངན་སེམས་བཅངས་ཡོད་’’ཅེས་པ་ནི། བོད་ཀྱི་དགོན་པའི་བདག་གཉེར་གྱི་དབང་ཆ་དང༌། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་གནང་རྒྱུས་མཚོན་བོད་ཀྱི་ལས་དོན་ནི་དོན་གྱི་བདག་པོ་གངས་ཅན་པ་རྣམས་དང༌། གངས་ལྗོངས་བོད་ཀྱི་དགོན་བདག་བླ་སྤྲུལ་གྲྭ་བཙུན་རྣམས་ལ་ཡོད་པ་ལས། དེ་དག་གི་བདག་དབང་རྒྱ་གཞུང་ལ་ཇི་ལྟར་བྱས་ནས་བྱུང་ངམ། དེ་ནི་སྔོན་གྱི་གཏམ་དཔེར། མ་བདག་བདག་ཏུ་བཟུང༌། བདག་པོ་སྒོ་རྒྱབ་ཕུད། ཅེས་པའི་དངོས་བདེན་གྱི་མདུན་དུ་ནམ་མཁར་མི་ཤོང་བའི་རྫུན་གཏམ་འཁྱོག་བཤད་བྱེད་བཞིན་ཡོད། དེ་ནི་མའོ་ཙེ་ཏུང་གིས་རྫུན་གཅིག་ཐེངས་བརྒྱ་བཤད་ན་བདེན་པར་འགྱུར་ཞེས་བརྗོད་པའི་རྗེས་སུ་འབྲངས་པ་ཞིག་དང༌། རྒྱ་གཞུང་གིས་བཤད་པ་ཐམས་ཅད་ནི་རྫུན་གཏམ་འབའ་ཞིག་ཡིན་པ་དཔྱད་གཏམ་པའི་སྡོམ་ཚིག་གི་སྐད་ཆའི་ཤུགས་ལས་གསལ་རྟོགས་ཐུབ་པ་ཡིན།

                ལྷག་དོན་དུ་‘‘ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་མི་བལྟོས་པར་ཐབས་བརྒྱ་ཇུས་སྟོང་ངང་བླ་སྤྲུལ་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱས་’’ཞེས་དང༌། ཡང་བྱབྱདུས་རབས་གོང་མའི་ལོ་རབས་ ༨༠ ནས་ ༡༩༩༤ ལོ་ཁོ་ནའི་བར་ཏཱ་ལས་སྔ་རྗེས་སུ་རྒྱལ་ནང་གི་དགོན་པར་སྤྲུལ་སྐུ་ ༢༡༥ ངོས་འཛིན་བྱས་ཡོད།བྱབྱ ཅེས་བཀོད་པ་རྣམས་ལོ་རྒྱུས་ཀྱི་ངེས་སྲོལ་དང༌། ནང་ཆོས་ཀྱི་ཆོ་གའི་འགྲོ་ལུགས་ལྟར་བདག་དབང་སྔར་ནས་ཡོད་པའི་ལམ་སྲོལ་གཞིར་བཟུང་ངོས་འཛིན་མཛད་པ་ཤ་སྟག་ཡིན་པ་ལས། ལྷ་མེད་སྨྲ་ཞིང༌། ཆོས་དུག་ཏུ་བརྩི་མཁན་རྒྱ་ནག་དམར་གཞུང་གི་མི་ངན་དབང་འཛིན་པ་རྣམས་ནས་སྔོན་བྱུང་གི་ལོ་རྒྱུས་དང༌། སྤྱི་ཚོགས་ཀྱི་ལམ་སྲོལ་དང༌། ཆོས་ལུགས་ཀྱི་ངེས་སྲོལ། དད་ལྡན་མང་ཚོགས་ཀྱི་མངོན་འདོད་སོགས་གང་ལ་ཡང་མ་བསྟུན་པར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་ཁྲིམས་སྲོལ་སྔར་མེད་གསར་བཟོ་བྱས་ཏེ་‘‘ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་མངོན་སུམ་འཛེམས་མེད་ངང་རྡོག་རོལ་བཏང་ནས་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་བཏང་ནས་བོད་བརྒྱུད་ནང་བསྟན་ཧྲིལ་པོ་ཁ་ལོ་བསྒྱུར་བ་དང་ཚོད་འཛིན་བྱས་ཏེ་རང་ཉིད་ཀྱི་ཆེད་དུ་བེད་སྤྱོད་བྱ་རྒྱུའི་རེ་ངན་བཅངས་ཡོད།’’ ཅེས་པའི་ནམ་མཁར་མི་ཤོང་སྡིག་ཉེས་རྣམས་རྒྱ་གཞུང་རང་ཉིད་ཀྱི་མགོ་ཐོག་ཏུ་མི་འདོད་བཞིན་རང་བབ་ཏུ་སོང་ཡོད།

                ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༨ ཉིན་འཁོད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་དོན་ཚན་དང་པོར། བྱབྱཤེས་གསལ་ལྟར་ ༡༩༩༡ ལོ་ནས་བཟུང་བོད་ལྗོངས་དང༌། ཟི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡིས་ཡང་སྲིད་གསར་པ་ ༡༠༠༠ ཙམ་ཆོག་མཆན་གནང་ཡོད་པ་དང༌། དད་ལྡན་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།བྱབྱ ཅེས་བརྗོད་པ་ལྟར་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་མི་བལྟོས་པར་ཐབས་བརྒྱ་ཇུས་སྟོང་ངང་བླ་སྤྲུལ་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱས་ཏེ། བླ་སྤྲུལ་གཅིག་ངོས་འཛིན་ཞུ་བ་དང་དགོན་པ་གཅིག་ཚོད་འཛིན་བྱས་ན་ས་ཁུལ་གཅིག་ཚོད་འཛིན་བྱེད་པ་དང་མཚུངས་པའི་འདོད་ཚུལ་འཛིན་ནས་རྒྱ་གཞུང་དགོན་པའི་བདག་གཉེར་གྱི་དབང་ཆ་འཕྲོག་རྒྱུའི་ངན་སེམས་བཅངས་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གང་ཞིག་གནང་ཡང་མ་འགྲིགས་པ་དང༌། རྒྱ་གཞུང་རང་གཞུང་ནས་བྱས་ཚད་འགྲིགས་པའི་རྒྱུ་མཚན་གང་ཞིག་ཡིན་ནམ། དོན་དམ་དུ་རྒྱ་ཆེའི་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བཙན་གནོན་དང༌། ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གིས་ཐ་ན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཚུན་ཆད་ཀྱི་དབང་ཆ་དམར་པོའི་སྲིད་ཤུགས་ཀྱི་ལག་ཆར་བཟུང་བའི་ཁྲིམས་སྲོལ་གཏན་འབེབས་དང༌། ད་ཡོད་བོད་གངས་ཅན་ཁྱོན་ཡོངས་སུ་བླ་སྤྲུལ་གྱི་མིང་གནས་འཛིན་མཁན་ཁག་གཅིག་ཡོད་པ་དེ་དག་གི་མིང་ཐོ་ཐོ་བཀོད་ཀྱིས་ཁོང་ཚོར་རྒྱ་གཞུང་གི་ཆབ་སྲིད་དང༌། ཁྲིམས་སྲོལ་ཁག་གི་སྦྱོང་བརྡར་སྤྲད་དེ་རྒྱ་གཞུང་གི་བྲན་བཀོལ་དུ་སྒྱུར་ཐབས་བྱེད་པ་དང༌། ཐ་ན་རྒྱུད་སྡེ་ཁག་ནས་བསྟན་པའི་སྒྲུབ་བཞག་གི་ཆོ་ག་ཚུལ་མཐུན་ཙམ་ཡང་མེད་པར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡང་སྲིད་ཟེར་བ་སོགས་ད་ཕན་བླ་སྤྲུལ་ཆེ་ཁག་ ༣༠ བརྒལ་བ་ཆོས་ལུགས་ཀྱི་ངེས་སྲོལ་དང༌། མང་ཚོགས་ཀྱི་མངོན་འདོད། ཆོས་དད་རང་མོས་སོགས་གང་དང་མ་བསྟུན་པར་ཁྲིམས་མེད་ལུགས་མེད་ངང་ངོས་འཛིན་བྱས་པའི་བྱ་སྤྱོད་ཁག་ལ་རྒྱལ་སྤྱིའི་ཐོག་ཚོར་སྣང་གི་དོ་སྣང་ཤུགས་ཆེ་བྱུང་སྟེ་ཐེར་འདོན་དྲིལ་བསྒྲགས། ངོ་རྒོལ་གྱི་སྐད་འབོད། ངོས་ལེན་ནམ་ཡང་མེད་པའི་གསལ་བསྒྲགས་བྱས་ཡོད།

   སྐྱེས་ཆེན་དམ་པ་རྣམས་སླར་ཡང་སྤྲུལ་སྐུའི་རྣམ་པར་བྱོན་པ་ནི་བསྟན་འགྲོའི་དོན་ཆེན་གྱི་སླད་དུ་ཡིན་པས་དེ་དག་གི་མཛད་འཕྲིན་གཞུང་གི་བཀའ་འཁྲོལ་ཡོད་མེད་དང༌། ངོས་འཛིན་བྱེད་མིན་ལ་རག་མ་ལུས་གཤིས། སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་བཀའ་ཁྱབ་བཏང་བའི་ནང་དོན་དམིགས་ཡུལ་ནི། བོད་བརྒྱུད་ནང་བསྟན་ཉམས་དམས་གཏོང་རྒྱུ་དང་གཅིག གཞུང་བསྐོས་སྤྲུལ་སྐུ་རྣམས་ཀྱི་བརྒྱུད་རིམ་བོད་རིགས་ལ་དབང་སྒྱུར་བྱེད་རྒྱུའི་ཕུགས་རེ་གཉིས་ཀ་བསྒྲུབ་མི་ཐུབ་པ་ནི་རིང་མིན་མངོན་གསལ་ཇེ་དོད་དུ་འགྱུར་ངེས། ད་ལྟའང་རྒྱ་དམར་སྲིད་གཞུང་གིས་བསྐོས་པའི་བླ་ཆེན་ལ་བོད་མི་མང་ཚོགས་ཀྱིས་ངོས་ལེན་དང་དད་མོས་ཇི་ཙམ་ཡོད་མེད་འཇིག་རྟེན་ཀུན་གསལ་ཡིན།

                ལྷག་པར་ཡིག་ཆ་འདིའི་ནང༌། ‘‘སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཕྱི་ལོགས་ཀྱི་སྒྲིག་འཛུགས་དང༌། མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག’’ཅེས་བཀོད་ཡོད་པ་ནི། རྒྱ་ནག་དམར་གཞུང་གི་ཕུགས་བསམ་དངོས་སུ་གསལ་བའི་བཀའ་རྩ་འདིའི་དགོས་དམིགས་གཙོ་བོ་དེ་ཡིན། ད་ལྟའི་སྐབས་འདིར་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཆེས་མཐོའི་དབུ་ཁྲིད་རྣམ་པ་ཚང་མ་ཕྱི་རྒྱལ་རང་དབང་གི་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་བཞུགས་ཡོད་པ་དང༌། ཁོང་རྣམས་ཀྱིས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ངོས་འཛིན་ལ་ལམ་སྟོན་དང༌། མཐའ་མའི་ཐག་གཅོད་གནང་མི་དགོས་པའི་བླ་སྤྲུལ་ངོས་འཛིན་བྱ་ལམ་ཞིག་སྔར་མེད་གསར་བཟོ་བྱས་ཏེ་འདོད་ཚུལ་འཛིན་ན། དེ་ནི་བོད་ཀྱི་ཐུན་མིན་བླ་སྤྲུལ་ངོས་འཛིན་བྱ་ཕྱོགས་ཀྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་རྩ་མེད་འགྲོ་རྒྱུ་དང་གཅིག ངོས་འཛིན་ཆོག་མཆན་ཐོབ་ཟེར་བའི་སྤྲུལ་སྐུ་རྫུན་མ་ཇེ་མང་དུ་འགྲོ་རྒྱུ་དང་གཉིས། མང་ཚོགས་ཀྱིས་དེ་འདྲའི་སྤྲུལ་སྐུ་རྣམས་ལ་དད་གུས་ཡིད་ཆེས་རྩ་བརླག་འགྲོ་རྒྱུ་དང་གསུམ། བོད་བརྒྱུད་ནང་བསྟན་ཉམས་དམས་ཚབས་ཆེ་ཡོང་རྒྱུ་ངེས་པ་ཡིན། ཁྲིམས་སྲོལ་གསར་པ་འདི་དག་བརྒྱུད་ནས་བོད་ནང་གནས་སྡོད་ནང་ཆོས་རྗེས་འཇུག་པ་རྣམས་སོ་སོའི་བླ་ཆེན་རྣམས་དང་ཁ་བྲལ་དུ་གཏོང་རྒྱུ་དང༌། བོད་ཀྱི་ཆེས་མཐོའི་བླ་སྤྲུལ་ཁག་གི་ཡང་སྲིད་རྫུན་མ་རྒྱ་གཞུང་གིས་དམིགས་འཛུགས་བྱ་རྒྱུ། ལྷག་པར་ཕྱིའི་ཡུལ་ཁག་ཏུ་འཁྲུངས་པའི་ཡང་སྲིད་འཁྲུལ་བྲལ་རྣམས་རྩིས་མེད་གཏོང་རྒྱུའི་རེ་སྟོང་ཞིག་བཅངས་བཞིན་ཡོད་ཀྱང༌། དེ་ནི་ནམ་ཡང་འགྲུབ་ཐབས་མེད་པའི་རེ་སྟོང་ཞིག་ཡིན་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་ཡིན།

                ྋགོང་ས་མཆོག་གི་མཛད་རྣམ་ཕྱི་ཡུལ་དུ་རང་དབང་ལས། ‘‘བླ་མ་ཞེས་པའི་ཚིག་དེ་རྒྱ་སྐད་ནང་ཧོའོ་ཕོའོ་ཞེས་པར་བསྒྱུར་ཡོད་པ་དང༌། དེའི་ཤུགས་དོན་ལ་སངས་རྒྱས་སྐུ་དངོས་ཟེར་གྱི་ཡོད་འདུག དེ་ནི་ནོར་འཁྲུལ་ཡིན། བོད་ཀྱི་ནང་པའི་ཆོས་ཀྱིས་དེ་འདྲ་ཁས་ལེན་མི་བྱེད། ཁས་ལེན་པ་ནི། གང་ཟག་ཁྱད་པར་ཅན་ཞིག་གིས་རང་གི་སྐྱེ་བ་ལེན་ཕྱོགས་ལ་རང་དབང་ཡོད་པའི་མཛད་པར་བོད་མིས་ཡིད་ཆེས་བྱེད་པ་དེ་རེད། གང་ཟག་དེ་རིགས་ལ་སྤྲུལ་སྐུ་ཟེར། ཏཱ་ལའི་བླ་མ་དེ་ཚོའི་གྲལ་ཞིག་རེད།’’ ཅེས་གསུངས་ཡོད། རྒྱ་གཞུང་ནས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་ཏུ། ‘‘ཕྱི་རྒྱལ་རྒྱལ་ཁོངས་སུ་ཡོད་པའི་ད་ཡོད་སྤྲུལ་སྐུ་ངོས་ལེན་མི་བྱེད་’’ཅེས་བཀོད་ཡོད་པས་ཕྱི་རྒྱལ་དུ་བཞུགས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཚད་ཐུབ་ཀྱི་བླ་སྤྲུལ་རྣམས་བླ་སྤྲུལ་ཡིན་པར་ངོས་འཛིན་བྱེད་དམ་མི་བྱེད། བྱེད་ན་རྒྱ་ནག་དམར་གཞུང་ནས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དང་ནང་འགལ་དུ་སོང་ལ། མ་བྱས་ན་ཆོས་སྨྲ་བའི་རྒྱ་ནག་དམར་པོའི་སྲིད་གཞུང་གི་རང་མཚང་བརྗེན་པར་མངོན་པ་མ་ཟད། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བདག་དབང་རྒྱ་གཞུང་ལ་ཐོབ་ཐབས་མེད་པ་ཤིག་སེན་དངོས་ར་འཕྲོད་པ་ཞིག་ཡིན།

                དེ་དང་ཕྱོགས་མཚུངས། སྔར་ྋརྒྱལ་བ་སྐུ་ཕྲེང་བཞི་པ་སོག་ཡུལ་དུ་འཁྲུངས་པ་སོགས་སྔོན་གྱི་བླ་མ་སྐྱེས་ཆེན་དམ་པ་དུ་མ་ཞིག་ཕྱིའི་ཡུལ་གྲུ་ཁག་ཏུ་འཁྲུངས་པ་རྣམས་ཀྱང་སྤྲུལ་སྐུ་མིན་པར་ཁས་ལེན་ནམ། ཡང་ན། སྔར་གྱི་བྱུང་རབས་ལོ་རྒྱུས་ཐོག་བླ་སྤྲུལ་གྱི་ཡང་སྲིད་ཕྱིའི་ཡུལ་གྲུ་ཁག་ཏུ་འཁྲུངས་མི་ཆོག་པ་དང༌། འཁྲུངས་པའི་ལམ་སྲོལ་གཏན་ནས་མེད་པ་རེད་དམ། དེ་ལྟར་ཡིན་ན་བླ་སྤྲུལ་གྱི་ཡང་སྲིད་རྣམས་སླར་ཡང་བསྟན་འགྲོའི་དོན་ཆེན་སླད་རང་དབང་གི་ཐོག་ནས་ཡུལ་ལུང་གང་ཞིག་ཏུ་སྐྱེ་བ་བཞེས་པ་མིན་པར་འདོད་དགོས་ལ། མདོར་ན་བཀའ་རྒྱ་འདི་ནི་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་རྣམས་ཕྱིའི་རྒྱལ་ཁབ་ཏུ་འཁྲུངས་མི་ཆོག་པར་ངེས་པར་བོད་ནང་འཁྲུངས་དགོས་པའི་བཀའ་བཏང་བ་ཞིག་ཡིན་པས། གང་ཟག་ཁྱད་པར་ཅན་ཞིག་གིས་རང་གི་སྐྱེ་བ་ལེན་ཕྱོགས་ལ་རང་དབང་ཡོད་པའི་མཛད་པར་གུས་བརྩི་དང་ཆོས་ལུགས་ཀྱི་ལམ་སྲོལ་ལ་རྡོག་རོལ་བཏང་བ་ཞིག་ཡིན། དེས་ན་རྒྱ་གཞུང་ལ་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་པའི་བདག་དབང་སྔར་ཡང་མེད་ལ། མ་འོངས་པའི་དེ་ལྟར་བྱེད་པའི་འོས་བབ་གཏན་ནས་མེད་པ་མཚོན་པ་ཡིན།

རྒྱུ་མཚན་དེ་བས་ན་སྤྲུལ་སྐུའི་དོ་དམ་བྱེད་ཐབས་ཀྱི་ཁྲིམས་སྲོལ་དུ་མ་ཞིག་གཏན་འབེབས་བྱས་པའི་རྒྱ་གཞུང་གི་‘‘བྱེད་ལུགས་བྱེད་སྟངས་དེས་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་དང༌། དད་ལྡན་མང་ཚོགས་ཁྲོད་ཟང་ཟིང་ཆེན་པོ་བཟོས་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལས་དོན་རྒྱུན་གཏན་ངང་སྤེལ་རྒྱུར་གཏོར་བཤིག་དང་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་’’པ་མ་ཟད། ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་བ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ནང་འགལ། སྔོན་གྱི་བྱུང་རབས་ལོ་རྒྱུས་དང་མི་མཐུན་པ༑ བོད་བརྒྱུད་ནང་ཆོས་ལ་དད་མོས་ཡོད་པའི་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རྒྱབ་འགལ་ཡིན་པ་མ་ཟད། ལྷག་པར་བོད་བརྒྱུད་ནང་བསྟན་ཉམས་དམས་དང༌། སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་བཀག་འགོག བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གདན་རབས་རྒྱུན་འཛིན་ལ་བརྩིས་མེད་རྡོག་རོལ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་གཏོར་བཤིག བོད་མི་རིགས་ལ་མཐོང་ཆུང་གཉའ་གནོན་བྱ་རྒྱུའི་ལག་ཆ་གསར་པ་ཞིག་ཡིན་པས། ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་མི་བལྟོས་པར་ཐབས་བརྒྱ་ཇུས་སྟོང་ངང་བླ་སྤྲུལ་གཅིག་ངོས་འཛིན་ཞུ་བ་དང་དགོན་པ་གཅིག་ཚོད་འཛིན་བྱས་ན་ས་ཁུལ་གཅིག་ཚོད་འཛིན་བྱེད་ཐུབ་པའི་རེ་ངན་ཁོག་ཏུ་བཅངས་ནས་བླ་སྤྲུལ་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱེད་མཁན་ནི་རྒྱ་ནག་དམར་གཞུང་ཡིན་པ་ལས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གཏན་ནས་མིན་པ་ནི། བདེན་རྫུན་བདར་ས་ཁྲིམས་རྭ་དང༌། གསེར་རག་བདར་ས་ཀ་ཤུ་ཀའི་དཔེ་ལྟར་གྱུར་ཡོད།

                རྒྱ་ནག་དམར་པོའི་ལམ་ལུགས་ཀྱི་ངོས་ནས་བཤད་ན། ད་ལྟའི་ཆར་དམར་ཕྱོགས་ཀྱི་ཚོགས་མི་ཙམ་ཞིག་ཡིན་དབང་དུ་བཏང་ཡང་ཆོས་ལུགས་གང་ལའང་དད་མོས་མཆོད་འབུལ་བྱེད་མི་ཆོག་པ་དང༌། དངོས་གཙོ་སྨྲ་བ་ལས་སེམས་གཙོ་སྨྲ་བ་ཁས་ལེན་གཏན་ནས་མི་བྱེད་མཁན་གྱི་སྲིད་གཞུང་ཞིག་གིས་སྤྲུལ་སྐུའི་སྐོར་ལ་ཐེ་གཏོགས་བྱེད་རྒྱུ་འདི་ཉིད་ལྟ་གྲུབ་དང་ལམ་ལུགས། བྱུང་རབས་ལོ་རྒྱུས་དང༌། སྤྱི་ཚོགས་ཀྱི་ལམ་སྲོལ། ཆོས་ཕྱོགས་ཀྱི་འགྲོ་ལུགས་གང་ཐད་ནས་ཕྱོགས་འགལ་འབའ་ཞིག་ཡིན་ལ། རྒྱ་གཞུང་གིས་གཏན་འབེབས་བྱས་པའི་སྤྲུལ་སྐུའི་སྐོར་གྱི་ཁྲིམས་ཡིག་དེ་སྤྲུལ་སྐུ་རྫུན་མ་རྣམས་འགོག་ཆེད་དུ་མིན་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་ཁྲོད་དུ་བཞུགས་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་བླ་སྤྲུལ་ངོས་འཛིན་ལ་ཐེ་གཏོགས་གནང་མི་ཆོག་པ་དང༌། རྒྱ་གཞུང་གིས་ཆོག་མཆན་སྤྲད་པའི་སྤྲུལ་སྐུ་དེ་དག་རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྒྱུ། སྤྲུལ་སྐུ་རྫུན་མ་མང་དུ་བཏང་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་རྩ་མེད་དུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་དམིགས་པ་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད།

མདོར་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྤྲུལ་སྐུའི་ལམ་ལུགས་འདི་ཉིད་ས་ཐོབ་ཀྱི་སེམས་དཔའ་རྣམས་བསམ་བཞིན་དུ་བསྟན་འགྲོའི་དོན་དུ་ཡང་སྤྲུལ་སླར་ཡང་བྱོན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། ངོས་འཛིན་བྱེད་མཁན་ཡང་ཆོས་ལུགས་གཏན་ནས་ཁས་མི་ལེན་པ་དང༌། ལྷག་པར་ད་ཡོད་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམས་ལ་མི་མོས་པ་དང་ངོས་ལེན་མི་བྱེད་པ། ཡང་སྒོས་ཆོས་དུག་ཏུ་བརྩི་མཁན་ཞིག་གིས་ཡོང་ཐབས་མེད་པ་དངོས་ཡོད་གནས་ཚུལ་ཡིན་ལ། བཙན་དབང་གིས་ངོས་འཛིན་བྱས་ཀྱང་བོད་རིགས་མང་ཚོགས་ཀྱིས་ངོས་ལེན་དང་དད་གུས་མི་བྱེད་པ་ནི་པཎ་ཆེན་རྫུན་མ་ལྟ་བུའི་གནས་ཚུལ་ཧ་ཅང་གསལ་པོ་ཡིན་ལ། གནད་དོན་འདིས་བོད་རིགས་མང་ཚོགས་ལ་ཆོས་དད་རང་དབང་གཏན་ནས་མེད་པའང་ར་སྤྲོད་གསལ་པོ་བྱས་ཡོད།

                རྒྱ་གཞུང་གིས་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེས་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ལྟ་གྲུབ་དང༌། བླ་སྤྲུལ་ངོས་འཛིན་བྱེད་པའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་ལུགས། ཐུན་མིན་སྔོན་བྱུང་གི་ལོ་རྒྱུས་ལ་གནོད་འཚེ་བཏང་བ་དང༌། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་དུ་གཏོང་བའི་ཚུར་རྒོལ་གསར་པ་ཞིག་ཆགས་ཡོད་ཅིང༌། དོན་དམ་དུ་སྤྲུལ་སྐུ་ངོས་འཛིན་ལ་གཏོར་བཤིག་དང་འགོག་རྐྱེན་བཟོ་བ་དང༌། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་དཔེ་ཆ་སྦྱོང་བའི་བྱེད་སྒོར་གཏོར་བཤིག་གཏོང་བ། རང་དང་མ་མཐུན་པའི་དད་ལྡན་པར་གནོད་འཚེ་གཏོང་བ་བཅས་ཀྱི་བྱེད་སྤྱོད་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་དངོས་འབྲེལ་གཏོར་བཤིག་གཏོང་མཁན་ནི་རྒྱ་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་ངན་ལ་ནང་བྱན་ཆུད་པའི་དབང་འཛིན་མི་ངན་ཁྱེད་རང་ཚོ་ཡིན་པ་ལས་གཞན་སུ་ཡང་མིན་ལ། རང་སྐྱོན་གཞན་ལ་གཡོགས་ཐབས་བྱེད་པའི་སྐྱོན་འཛུགས་དེ་ནི། ར་སྤུའི་འུར་རྡོ་ར་ཡི་མཇིང་པར་མི་འདོད་བཞིན་དུ་འཁོར་ཡོད།

                ཡང་དཔྱད་གཏམ་པས། བྱབྱཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་རྗེས་ཏཱ་ལས་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ལོ་རྒྱུས་ཀྱི་ངེས་སྲོལ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཐུགས་འདུན་ལས་མངོན་སུམ་འཛེམ་མེད་ངང་བརྒལ་ནས་ཆོས་ལུགས་ཀྱི་ཆོ་གར་རྡོག་རོལ་གཏོང་བ་དང༌། ཆོས་ལུགས་ཀྱི་བརྒྱུད་རིམ་ལ་གཏོར་བཤིག་གཏོང་བ། ཀྲུང་དབྱང་གི་དབང་གྲགས་ལ་འགྲན་རྒོལ་བྱེད་པ་བཅས་བྱས་ཏེ་རྒྱ་གར་དུ་པཎ་ཆེན་གྱི་ཡང་སྲིད་ཟེར་བ་རང་དགར་ཁྱབ་བསྒྲགས་བྱས་ཡོད།བྱབྱ ཅེས་སྨྱོན་པའི་ལབ་རྡོལ་ལྟ་བུ་འཇུ་བའི་ལུང་དང༌། འཇོག་པའི་ཞབས་ར་ལྟ་བུའི་ཁུངས་ལུང་རྒྱུ་མཚན་ཅི་ཡང་མེད་པའི་འཆལ་གཏམ་ཞིག་ཡིན། དཔྱད་གཏམ་པ་ཞིག་གིས་འཁྱེར་དགོས་པའི་འོས་འགན་ཡང་སྣང་མེད་དུ་བོར་ཞིང༌། དོན་དངོས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་ལ། དོན་དངོས་ཀྱི་ལོ་རྒྱུས་མ་མཐོང་ཞིང༌། རང་ཉིད་བློ་གཟུ་བོར་མི་གནས་པ་དང༌། བླ་སྤྲུལ་ལ་མི་མོས་པ་དང༌། མཐོང་རྒྱ་ཆུང་ཞིང་རྒྱུ་མཚན་མེད་པའི་གཏམ་འཆལ་སྨྲ་བ་ལ་དགའ་བའི་དན་རྟགས་ཡང་དག་པ་ཞིག་ཡིན།

                ཡང་རྩོམ་འཆལ་དེའི་ནང༌། ‘‘པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཐུགས་འདུན་ལས་མངོན་སུམ་འཛེམ་མེད་ངང་བརྒལ་ནས་ཆོས་ལུགས་ཀྱི་ཆོ་གར་རྡོག་རོལ་བཏང་’’ཚུལ་བརྗོད་ཡོད་ཀྱང༌། དོན་དངོས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ཉིད་རྒྱ་ནག་དམར་གཞུང་གི་ངན་ཇུས་དང༌། དུག་ཕུལ་ཏེ་དུས་མིན་སྐུ་ཚེའི་འཕེན་པ་རྫོགས་རྒྱུ་དང་གཅིག ཡང་སྤྲུལ་རྫུན་མ་ཞིག་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གིས་རྫུན་བཟོ་བསྐོ་གཞག་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་དང་གཉིས།  རྗེས་འཇུག་སློབ་མ་རྣམས་དང༌། རྒྱ་ཆེའི་མང་ཚོགས་རྣམས་ཀྱི་མངོན་འདོད་རེ་སྨོན་ཆུད་བཟོས་དང་གསུམ། འཁྲུལ་བྲལ་ཆུང་སྲིད་རིན་པོ་ཆེ་དགུང་ལོ་ ༦ ཐོག་རྒྱ་གཞུང་ནས་འཛིན་བཟུང་བཙོན་བཅུག་གིས་འཛམ་གླིང་ཐོག་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར་བ་དང་བཞི། གོང་མའི་རྣམ་ཐར་བདག་གིས་བཞེས་མ་ཐུབ་པར་རྒྱ་གཞུང་གི་སྐྱུག་བྲོ་བའི་སྲིད་དོན་གྱི་གཡོ་འཕྲུལ་དབང་གིས་བོད་ཀྱི་བླ་ཆེན་ཞིག་གི་ལས་དབང་ཡོངས་རྫོགས་མུན་ནག་མུན་རྐྱང་ཞིག་བཟོས་པ་དང་ལྔ་བཅས་འདི་དག་ཀུན་གཟིགས་སྐུ་གོང་མའི་ཐུགས་འདུན་ཡིན་ནམ། རྒྱ་གཞུང་གི་བྱ་སྤྱོད་དེ་དག་གིས་འཛམ་གླིང་མི་དམངས་རྣམས་བློ་ཕམ་དགོས་པ་ཞིག་དང༌། དེས་གངས་ཅན་པ་རྣམས་ལ་སྨྲ་བརྗོད་རང་དབང་མེད་པ་དང༌། ཆོས་དད་རང་མོས་མེད་པ༑ ཡོངས་གྲགས་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ཀྱི་དངོས་ར་འཕྲོད་པའི་དཔེ་མཚོན་གསལ་ཤོས་ཤིག་ཆགས་ཡོད།

                དཔྱད་གཏམ་པ་རང་ཉིད་ནས། ‘‘ཏཱ་ལ་དང་པཎ་ཆེན་གཉིས་ཀ་རྗེ་ཙོང་ཁ་པའི་སློབ་མ་ཡིན་པ་དང་དེ་གཉིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་ཡོད།’’ཅེས་ངོས་འཛིན་གསལ་བ་བྱས་པ་དང་ནང་འགལ་དུ་གྱུར་པའི་ལོག་བཤད་མང་དུ་བྱས་ཡོད་པས་རང་ཉིད་ཀྱི་རྫུན་རྐུབ་རང་ཉིད་ཀྱིས་བརྟོལ་ཡོད་ལ༑ དེ་ཡང་དངོས་དོན་གྱི་ལོ་རྒྱུས་ནི། གནམ་ལ་ཉི་ཟླ་རྣམ་གཉིས་དང༌། ས་ལ་རྒྱལ་བ་པཎ་ཆེན་ཞེས་ཡོངས་སུ་གྲགས་པ་ྋགོང་ས་སྐུ་ཕྲེང་རིམ་བྱོན་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམ་གཉིས་ནི་སྔོན་བྱུང་གི་ལོ་རྒྱུས་དང༌། ཆོས་ལུགས་ཀྱི་བྱེད་སྒོའི་གནས་བབ་ཀྱི་ཐོག་ནས་ཕན་ཚུན་བླ་སློབ་དང༌། གཅིག་གིས་གཅིག་ལ་ངོས་འཛིན་བྱེད་བཞིན་པ་དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངོས་འཛིན་མཛད་པ་དང༌། ྋརྒྱལ་མཆོག་ལྔ་པ་ཆེན་པོས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ངོས་འཛིན་དང༌། ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ངོས་འཛིན་མཛད་ཅིང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ྋགོང་ས་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ངོས་འཛིན་གནང༌། ྋརྒྱལ་མཆོག་སྐུ་ཕྲེང་བརྒྱད་པས་པཎ་ཆེན་བདུན་པ་བསྟན་པའི་ཉི་མ་ངོས་འཛིན་མཛད་པ་སོགས་སྤྲུལ་སྐུ་ངོས་འཛིན་གནང་ཕྱོགས་ངོ་མ་ནི་ྋརྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་ངོས་འཛིན་མཛད་པ་དེ་ཆོས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་དང༌། སྔོན་བྱུང་ལོ་རྒྱུས་ཡུན་རིང་ཡོད་པ་ཞིག་ཡིན་ན་ཡང༌། རྒྱ་གཞུང་ནས་སྔོན་བྱུང་གི་ལོ་རྒྱུས་དང༌། ཆོས་ལུགས་ཀྱི་ལམ་སྲོལ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་ཡོངས་རྫོགས་བརྩིས་མེད་ཀྱིས་སྔར་མེད་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་གསར་བཟོ་བྱས་ཏེ་སྔོན་བྱུང་གི་ལོ་རྒྱུས་ལ་འཁྱོག་བརྗོད་དང༌། ཆོས་ལུགས་ཀྱི་ལམ་སྲོལ་གཏོར་བཤིག བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང༌། བོད་འབངས་རྣམས་ཀྱི་ཆོས་དད་རང་དབང་དང་བཅས་པར་བརྩིས་མེད་ཀྱིས་མ་འོས་མ་འཚམས་པའི་ཁྲིམས་སྲོལ་གསར་བཟོ་གཅིག་མཇུག་གཉིས་མཐུད་དུ་བཟོས་ཏེ་དོན་དངོས་རྒྱ་གཞུང་རང་ཉིད་ནས་བརྗོད་པ་ལྟར། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་འདིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོབ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་སྲོལ་སྲུང་སྐྱོབ་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། ཞེས་གསལ་བའི་རྒྱ་གཞུང་གི་བརྗོད་ཚིག་གི་སྒྲིབ་གཡོགས་རྣམས་བསལ་ཏེ་བལྟས་ན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་ས་ཐོབ་ཀྱི་སེམས་དཔའ་རྣམས་བསམ་བཞིན་དུ་བསྟན་འགྲོའི་དོན་དུ་ཡང་སྤྲུལ་སླར་ཡང་བྱོན་པ་ཞིག་མིན་པར། རྒྱ་གཞུང་གིས་བླ་སྤྲུལ་གཅིག་ངོས་འཛིན་ཞུ་བ་དང་དགོན་པ་གཅིག་ཚོད་འཛིན་བྱས་ན་ས་ཁུལ་གཅིག་ཚོད་འཛིན་བྱེད་ཐུབ་པའི་རེ་ངན་ཁོག་བཅངས་ཀྱིས་རྒྱ་གཞུང་རང་ཉིད་ཀྱི་ཞེ་འདོད་ལྟར་མེས་རྒྱལ་གོང་བུ་གཅིག་འགྱུར་སོགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན་པས། དེ་ནི་ཨ་ཅོར་ལ་ཡ་ང་བ་མ་ཡིན་པར། རྡོག་ཁྲེས་ལ་ཤ་ཚ་བའི་དཔེ་ལྟར་རྒྱ་ནག་དམར་གཞུང་ཆོས་དད་ཆེ་དྲགས་པས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱས་པ་མིན་པར། སྙན་གྲགས་ཅན་གྱི་བོད་ཀྱི་བླ་སྤྲུལ་རྣམས་ཆབ་སྲིད་ལག་ཆར་བེད་ལོག་སྤྱད་དེ་བོད་ལ་རང་འདོད་ལྟར་དབང་བསྒྱུར་བྱ་རྒྱུ་དེ་ཁོ་ནའོ།།

         རྒྱ་གཞུང་གིས་བོད་ཀྱི་ཆོས་ལུགས་ཁག་གི་བླ་སྤྲུལ་ཚང་མ་རྒྱ་གཞུང་རང་ཉིད་ཀྱི་ཆོག་མཆན་མེད་པར་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱས་པ་དང༌། དེས་དེང་གི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་བཅུ་བཞི་པ་སྐུ་གཤེགས་རྗེས་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་གཞུང་གིས་འཛིན་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་རྟགས་མཚན་མངོན་དུ་བསྟན་པ་ཞིག་ཡིན་པས། ལོ་རྒྱུས་དང་སྟོབས་ཤུགས་གང་གིས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་རྫུན་མ་ཞིག་གིས་བོད་མི་རྣམས་དུས་ནམ་ཡང་བསླུ་བྲིད་བྱེད་མི་ཐུབ་པའི་ར་སྤྲོད་གསལ་པོ་བྱས་ཡོད།

                མདོར་ན་གུང་ཁྲན་ཏང་གི་དབང་འཛིན་པ་མགོ་མཁྲེགས་ལེགས་ཉེས་འབྱེད་པའི་བློ་གྲོས་དང་བྲལ་ཞིང༌། འཁྱོག་བཤད་དང་གཡོ་སྒྱུ་ཁྲམ་གསུམ་གྱི་གོང་བུར་སོང་བ་དག་དང༌། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ་སོགས་ཀྱིས་ད་ཆ་དགོས་མེད་ཀྱི་འཁྱོག་བཤད་དང༌། མི་རྫུན་གྱི་གཏམ་རྫུན་དང༌། མི་ངན་གྱི་གཏམ་ངན། དོན་མེད་ཀྱི་ལོག་བཤད། གྱོད་མེད་གྱོད་ལོག་གི་གཏམ་བཤད། སྤྲུལ་སྐུའི་ཡང་སྲིད་སོགས་ལ་རྒྱ་གཞུང་གི་ཆོག་མཆན་དགོས་ཚུལ་བཤད་པ་དང༌། དོལ་རྒྱལ་བསྟེན་གསོལ་སྐོར་ལ་ལོག་འགྲེལ་སོགས་གཏམ་ངན་གྱི་ཕྲེང་བ་བཅུ་ཕྲག་ཁྱབ་བསྒྲགས་བྱེད་པ་ནི་འཛམ་གླིང་འདིའི་སྟེང་གི་ཡ་རབས་བཟང་སྤྱོད་དང༌། གཤིས་བཟང་དཔྱོད་ལྡན་པ་ཞིག་གིས་བྱ་རྒྱུའི་བྱ་བ་མིན་པས། བྱ་ངན་འདི་དག་གིས་རྒྱའི་དབང་འཛིན་པ་དང༌། རྒྱ་གཞུང་གི་མགྲིན་ཚབ་པ་བོད་ལྗོངས་ཉིན་རེའི་ཚགས་པར་དང༌། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ཟེར་བ་རྣམས་རྫུན་མ་ལས་ཀྱང་ཆེས་རྫུན་མར་གྱུར་བའི་ལག་ཆ་ཞིག་ལས་མ་འདས་སོ།།    །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
དམར་ཤོག་འགོ་རྩམ་ནས་བོད་མི་རིགས་དང་ཡང་དགོས་ནང་ཆོས་སོགས་ལ་རྦད་དེ་རྒྱབ་གཏོད་སྟེ་གཏོར་བཤིག་གི་ལས་འགུལ་རབས་དང་རིམ་པ་རྩོམ་བཞིན་པ་དང་སྤེལ་བཞིན། གནད་དོན་ཆེས་ཤོས་རྒྱ་ནག་གི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་་་་་་་རྒྱལ་ཁབ་ཕྱི་ལོགས་ཀྱི་སྒྲིགས་འཛུགས་དང་། མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག། ཕྱི་ལོགས་ཀྱི་བཙན་བྱོལ་བོད་མི་བླ་ཆེན་མི་ཆེན་སྐྱ་སེར་གང་རུང་ཞིག་གིས་ངོས་འཛིན་བྱེད་པ་ལ་རྒྱ་ནག་ཁེ་ལན་གཏན་ནས་བྱས་མི་ཆོག་པ་མ་ཟད་དེ་ཚོ་ལ་གནོན་ཤུགས་སྤྲད་རྒྱུ་རྩ་ཁྲིམས་བཟོས་ཡོད། རྒྱ་ངན་ཚོས་ཆོས་མེད་སྨྲ་བ་དང་ཆོས་དུག་དུ་བརྩི་་བཞིན་པ་མི་འཚམས་བཞིན་དུ་ཆོས་ཕྱོགས་ཀྱི་བླ་སྤྲུལ་༼ ཀརྨ་པ་་་པཎ་ཆེན་་་་རྭ་སྒྲེང་་་ཧོ་ཐོབ་ཐོབ་་་ཨ་ལགས་་་ ༽ ད་དུང་ཆུང་སྲིད་བགྲང་ཀའི་ཧ་ཅང་མང་པོ་ངོས་འཛིན་དང་གོ་གནས་སྤྲོད་ཡོད། མུར་མཐུད་ནས་སྤེལ་ན་བོད་ཀྱི་རྩ་དོན་རྩོད་ཡ་ལ་རྡབ་གསིལ་ངན་པའི་རལ་གྲིས་གཙབ་ཉེན་མི་འདུག་གས། བཙན་བྱོལ་ཚོས་བསམ་གཞིགས་ནན་མོ་བྱེད་ནས་རྒྱ་ནག་གིས་གཡོ་ཟོལ་ལ་ཁ་གཏད་གཅོག་དགོས། ང་ཚོས་ཁེ་ལན་མེད་པ་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་གིས་ཐེ་ཇུས་བྱེད་པ་ཁ་མཆུ་རྒྱབ་དགོས། ནམ་ཡང་མི་ལྷོད་པ་སྤོབས་བ་བསྐྱོད་དགོས་སོ།།
4 ༠༡༢༠༡༣༢༣༤༤
ཀརྨ་བསྟན་སྐྱོང་ཁྱེད་ནི་ཚད་མ་རྩོད་ན་མཁས་འདོག་འདུག་། མངོན་སུ་ཚད་མ་གསུམ་བཞི་ཙམ་གྲངས་འདུག་པ་ད་དུང་ཁ་ཤས་ཡོད་ལེར་ཆེ། དཔྱད་པ་བཏང་ན་མངོན་སུ་ཚད་མ་འདྲ་བོ་མཐོང་སང་ ། ཁ་མཁས་པ་ཞིག་གི་དེ་ལས་མང་བ་བཤད་འདོག་འདོག་བྱེད་ཡང་། བོད་པ་ཚོར་གཟབ་གཟབས་གནང་མཁན་ཚང་མ་རེད་། བཀའ་འཁྲི་ད་དུང་དུས་ཚོད་རན་མི་འདུག་གོ།།།
ཁྱེད་ཀྱི་དྲང་པོ་དང་ཁ་རི་ཁ་ཐུག་དངོས་མཐོང་བདེན་དཔང་གི་སྐད་ཆ་རེད་དེར་གནས་སྐབས་སྦས་གསང་དམ་པོ་བྱེད་རོགས་། རྒྱ་དཔོན་བོད་བློན་ཚང་མ་མགོ་སྐོར་བཅིངས་ཐག་ནང་དུ་ཐེབས་པ་རེད། རྒྱ་དཔོན་ཚོས་ཆོས་ཁས་ལན་ཕར་གཞོགས། ཆོས་དུག་དུ་བལྟར་བ་རྟོགས་མཁན་དང་། བོད་བློན་ཚོས་ཆོས་ཁས་ལན་ཡོད་པ་མ་ཚད་དམ་ཆོས་བདུད་རྩིར་བསྟར་བུར་ཡིད་ཆེས་རྟོགས་མཁན་གཉིས་བར་ལ་མེ་ཆུ་ལྟར་འགལ་བ་མངོན་སུ་ཚད་མའི་གྲུབ་པར། དབུ་མའི་ལྟ་བ་རང་རྒྱུད་རྟོགས་མཁན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མ་གཏོགས་བོད་ཀྱི་བླ་སྤྲུལ་གང་གིས་འཇོན་ཐུབ་བམ། རྒྱ་ནག་དམར་ཤོར་གདུག་རྩུབ་སྤྱོད་མཁན་། བོད་མིའི་འཚེ་བ་མེད་པ་སྤྱོད་མཁན་གཉིས་བར་སྣང་མུན་ལྟར་འགལ་བ་མངོན་སུ་ཚད་མ་མ་གྲུབ་ཨང་། བོད་གཞིས་བྱེས་གཉིས་ཀྱི་བདེན་དོན་རྒྱ་བོད་གཉིས་ཕན་བགྲོ་མོལ་ལམ་འགག་དབུ་མའི་ལམ་ཡངས་དག་རེད་དེར་རྒྱ་བོད་གཉིས་ཀའི་གོ་རྟོགས་ལན་མ་ཐུབ་ནས་རྒྱ་ངན་ཚོས་ཁས་ལན་མ་གཞོགས་མཚན་སྨད་དང་རྫུན་གཏམ་བསྒྲགས་པ་མངོན་སུ་ཚད་མ་མ་རེད་པས། བཀའ་རྒྱུད་པའི་ལྟ་བ་དབུ་མ་ཟབ་མོ་དེར་༧༧༧ཏཱ་ཡི་སི་ཏུ་རིན་པོ་ཆེའི་མའོའི་རྒྱ་དཔོན་གྱིས་ཀརྨ་པ་ཟེར་བའི་ཆབ་སྲིད་དགོས་མཁོ་བེད་སྤྱོད་ཀྱི་ངོས་འཛིན་བྱེད་སི་ཏུའི་ཞལ་ཆེམས་རྫུན་མ་དགོང་གཏེར་ཕབསཿ བཀའ་བརྒྱུད་དགེ་འདུལ་དབྱེ་འབྱེད་གནང་། རྒྱ་གར་ནི་བཙན་བྱོལ་བོད་མིའི་ཚོར་ལ་གནས་ཚང་གཡར་བ་བཀའ་དྲིན་ཅན་ཡིན་པ་ཤེས་ཀྱང་སི་ཏུ་བཟང་བཙོན་སྡོད་ཀྱིན་ཁེས་པ་བོད་མིའི་ཞབས་འདྲེས་རྩིས་སམ་ཞབས་འདེགས་རེད། དེར་ཚོར་བསམ་ན་མ་འོངས་བཀའ་བློནའམ་སྲིད་སྐྱོང་འཁྲི་བ་སི་ཏུ་རིན་པོ་ཆེ་གནང་ཐུབ་པ་བོད་མིའི་ཚོས་རེ་འདོད་ཡོད།།།།
དབུ་མའི་ལམ་འགག་ངོ་མ་གོ་རྟོགས་དང་ལག་ལེན་བལྟར་ཐུབ་མཁན་ཏཱ་ཡི་སི་ཏུ་རིན་པོ་ཆེ་ལས་ལྷག་པར་བོད་མིའི་ནང་མེད་པར་ངོ་མ་རེད་བཀའ་བློན་ཁྲི་བ་ཁོང་གིས་གནང་ན་བདེན་མཐའ་གསལ་རྒྱུ་ཉག་གཅིག་རེད་འདུག། སྐུ་ངོ་ཚོས་རྐུབ་ཅོག་མ་འཛིན་ཁོང་ལ་འབུལ་རོགས་གནང་ངོ།།།།
ཐོགས་མར་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང་རྣམ་གྲྭ་དགེ་བཤེས་སམ་ལས་བྱས་ཁ་ཤས་ཀྱི་༧གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྒྲིག་དང་དཔེ་དེབ་སོགས་བྱ་བ་རླབས་ཆེན་སྒྲུབ་བཞིན་པ་ནང་ཆོས་རྗེས་འབྲངས་ཡོངས་ལ་ཕན་པ་བྱུང་དང་འབྱུང་འགྱུར་བཅས་ལ་བཀའ་དྲིན་དང་བསྔགས་བརྗོད་ཞུ། མ་ཟད་རྒྱ་ནག་ཆོས་ལུགས་རྩ་བ་ནས་ཁས་བླངས་ཡག་ཕར་བཞག། ཆོས་དུག་དུ་ལྟར་མཁན་ཚོས་བོད་མི་རིགས་དང་༧གོང་ས་མཆོག་དང་བླ་སྤྲུལ་སྐྱེས་ཆེན་བཅས་གཏོར་གཤིས་དང་མཚན་སྨད་སྨྱོན་ལབ་སོགས་ལ་དགག་ལན་ཧ་ཀྱང་བློ་ཐག་ཆོད་པའི་རྒྱབ་འདུག་ ལན་འདེབས་ཐུབ་པར་རྒྱབ་སྐྱོར་ཡོད། ཁྱེད་ལ་དྲི་བ་གཅིག་ཞུས་ཆོག་པར་ཁྱེད་ཀྱི་འདི་ཡིས་ཁ་བྱང་ལ་ཆོས་མེད་སྨྲ་བས་བླ་སྤྲུལ་ངོས་འཛིན་ལ་ཐེ་ཇུས་ཞེས་པ་བྲིས་འདུག་དོན་ལ་གནོན་ཐུབ་མིན་ག་འདྲ་ཡིན་ན་། དཔེ་ན་དངོས་སུ་མཐོང་ཆོས་གྲུབ་པར་རྒྱ་ནག་གིས་སི་ཏུ་རིན་པོ་ཆེ་ལ་ལྐོག་གྲོསདང་གསང་བའི་སྒོ་ནས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་མཆོག་བོད་དུ་སྐྱེས་པའི་ཆུང་སྲིད་བྱེད་དགོས་པའི་སྐོར་སོགས་གཞན་ཕྱོགས་ཁ་གཏད་ཚོར་པས་ཆ་ཚང་བདེན་དཔངས་བྱེད་ཡག་ཡོད་ཟེར་ མ་ཟད་དེང་སང་༧ཏའི་སི་ཏུརིན་པོ་ཆེ་དང་རྒྱལ་ཚབ་སོགས་བླ་ཆེན་མང་པོ་ཞིག་རྒྱ་གར་མང་གཙོའི་ནང་དུ་བཟང་བཙོན་བལྟར་བུར་ལོ་མང་རིང་བཞུགས་དགོས་པ་ཉེས་ཅན་ག་རེ་བསགས་པ་ཡིན་ན། ཁྱེད་ཀྱི་གོང་དུ་བྲིས་པའི་ཁ་བྱང་དུ་བླ་སྤྲུལ་ཐེ་འཇུ་ནི་ཆོས་དུག་དུ་ལྟ་མཁན་གཙོ་འཛིན་ཅོམ་ཙིང་མན་གྱིས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཐེ་འཇུ་བྱེད་པ་ལ་བཙན་བྱོལ་བོད་མི་སྒྲིག་འཛུགས་རྣམས་ཀྱི་རྒྱབ་སྐོར་གནང་བཞིན་པ་ཁྱེད་ཀྱི་ཡང་ཅིག་མཚུངས་ལུས་ཡིན་ཁ་ཡིག་བྲིས་པ་ལག་གི་བསུབ་ན་ག་རེ་བྱུང་སོང་། ག་སྲིད་ཕྱིར་བསྡོད་བོད་མི་ཞིག་གི་ལས་དོན་ཆེ་པོ་ཞིག་རྒྱ་ནག་ལ་ཞུས་ན་ངོས་ལན་གནང་ཡག་དང་རྒྱབ་སྐོར་ཐོབ་ཐུབ་ས་རེད་པས། བཙན་བྱོལ་བོད་ཀྱི་བླ་ཆེ་གྲས་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་ངོས་འཛིན་ཡིན་ན་ཆོས་དུག་དུ་ལྟར་མཁན་ཚོས་ཁས་ལན་དང་རྒྱབ་སྐྱོར་གནང་བ་སི་ཏུ་རིན་པོ་ཆེའི་གུང་ཁྲན་ཏང་མི་ཚོར་ལ་བྱིན་བརླབ་གནང་ཐུབ་ན་། བཙན་བྱོལ་བླ་ཆེ་ཚོར་ནུས་པ་ག་རེ་འདོན་མ་ཐུབ་པ་ལུས་པ་རེད། བོད་རྒྱ་གཉིས་ཕན་དབུ་མའིལམ་ལ་བྱིན་རླབས་གནང་ཐུབ་མཁན་མེད་པ་རེད་པས་ གཞིས་བྱེས་གཉིས་ཀྱི་ཡང་བསྐྱར་སི་ཏུ་རིན་པོ་ཆེ་བོད་དོན་ཆེད་གདན་འདྲེན་ཞུས་ན་གཉིས་ཕན་ཡིན་རྩ་རྒྱ་ནག་གིས་དགའ་བསུ་ན་མི་ཤེས་ཨ།།།། མི་ཚང་མ་རྨི་ལམ་ནང་དུ་བསྡད་ཡུན་རིང་དྲག་འདུག་།།།།བསམ་ཚུལ་དྲི་བ་ཡིན་། སྐྱོན་འཛུགས་མིན།།།།



བརྗོད་གཞི་གཞན་ཁག་ལ་གཟིགས།