ལོ་རྒྱུས་ཐོག་བོད་རྒྱ་མ་འདྲེས་ཐ་དད་ཀྱི་དཔང་རྟགས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། བཞི་པ། ལོ་རྒྱུས་ཐོག་བོད་རྒྱ་མ་འདྲེས་ཐ་དད་ཀྱི་དཔང་རྟགས། རྩོམ་འཆལ་དེའི་ནང༌། ‘‘༡༩༦༡ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཁོ་པས་གཏམ་བཤད་བྱེད་སྐབས། ཡིག་རིགས་བྱུང་ཚུན་ང་ཚོ་བོད་རིགས་ནི་རང་སྲིད་རང་སྐྱོང་གི་རྦད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་ཡོད་’’ཚུལ་བཀོད་པ་ནི་སྔོན་བྱུང་གི་ལོ་རྒྱུས་དང༌། དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པས་སུས་ཀྱང་བསྒྱུར་བཅོས་གཏོང་ཐབས་མེད། དེ་ཡང་འཛམ་གླིང་གི་ཡང་རྩེར་གནས་པའི་བོད་གངས་ཅན་གྱི་ལྗོངས་ནི། འཇིག་རྟེན་གྱི་ཁམས་འདིར་ཡིག་རིགས་དང༌། ལོ་རྒྱུས་མ་དར་བའི་དུས་སྐབས་ལ་སུ་ཞིག་སུའི་མངའ་ཁོངས་སུ་གཏོགས་མིན་གྱི་གནས་ལུགས་སུས་ཀྱང་བརྗོད་པར་དཀའ་ཞིང༌། ཡིག་རིགས་དང༌། ལོ་རྒྱུས་ཀྱི་སྲོལ་དར་བ་ནས་བཟུང་ཕྱི་སྣོད་ཀྱི་བཀོད་པ་ཆགས་ཚུལ་དང༌། ནང་བཅུད་ཀྱི་སེམས་ཅན་གཙོ་བོ་མི་རིགས་དང༌། ཆོས་ལུགས། སྐད་དང་ཡི་གེ། ཆས་གོས། ཐུན་མོང་མ་ཡིན་པའི་ལེགས་བྱང༌། ཡུལ་སྲོལ་གོམས་གཤིས་སོགས་སྒོ་ཀུན་ནས་གསལ་པོར་ཤན་ཕྱེ་བའི་བོད་གངས་ཅན་གྱི་ལྗོངས་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་བསྙོན་མེད་གཅིག་ཡིན་པ་ལས། སུ་ཞིག་གི་མངའ་ཁོངས་དང༌། ཆ་ཤས་ཟེར་བ་གཏན་ནས་མིན།

                ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༥ ཚེས་ ༡༧ ཉིན་ཧོ་ལན་ཌིར་ཁུལ་སྡོད་བོད་མི་རྣམས་ལ་བཀའ་སློབ་གནང་གསལ། ‘‘བོད་དང་རྒྱ་ཞེས་ཐ་དད་སོ་སོར་ཕྱེ་ནས་ང་ཚོ་བོད་པ་ཟེར་བ་ཞིག་དང༌། ཁོང་ཚོ་རྒྱ་མི་ཟེར་བ་ཞིག་བྱས་ནས་བསྡད་པའི་རང་བཞིན་དེ་བཀྲུས་ནས་དག་རྒྱུ་དང༌། ཕྱིས་ནས་ཟུབ་རྒྱུ་ཡོད་པ་ཞིག་མ་རེད། དངོས་ཡོད་གནས་ཚུལ་ལ་རྒྱ་དང༌། བོད་ཅེས་ཐ་དད་རེད། རྒྱ་དང་བོད་ཟེར་བ་དེ་བར་ལམ་གསར་དུ་ཆགས་པ་མ་རེད། དེ་སྔ་བོད་དུ་མིའི་སྲིད་པ་ཆགས་པ་ནས་བཟུང་རྒྱ་དང༌། བོད་ཅེས་ཐ་དད་སོ་སོར་གཞིས་ཆགས་ནས་བསྡད་ཡོད་པ་རེད་’’ཅེས་བཀའ་བསྩལ་བ་ནི་སྔོན་བྱུང་གི་ལོ་རྒྱུས་ཡིན་པས་སུས་ཀྱང་ནག་བསུབ་གཏོང་ཐབས་མེད།

                པེ་ཅིང་མཚན་ཉིད་རིགས་པའི་སློབ་དཔོན་ཆེན་པོ་ཏིང་ཅི་ལེན་གྱིས་གསུངས་དོན། ‘‘རྒྱ་དམར་དབང་འཛིན་པས་བོད་ལ་དབང་བསྒྱུར་དང༌། བོད་མིའི་ངོ་རྒོལ་ལ་དྲག་གནོན། བོད་ལ་འཛིན་པའི་སྲིད་བྱུས་ལུགས་མཐུན་ཡིན་པ་མཚོན་བྱེད་ལོ་རྒྱུས་ཉམས་ཞིབ་པ་འགའ་རེ་བོད་ཀྱི་ལོ་རྒྱུས་ཆ་ཚང་རྫུན་བཟོ་བྱེད་དུ་བཅུག་སྟེ་ལོ་ནས་ལོ་བསྟུད་བོད་ཀྱི་བདག་དབང་གནའ་དུས་ནས་རྒྱ་ནག་ལ་ཡོད་ལུགས་ཀྱི་རྒྱ་ནག་དཔོན་རིགས་ཚོའི་ལྟ་བ་ལ་དག་འབུད་བྱས་ཏེ། བོད་ཀྱི་བདག་དབང་སུར་གཏོགས་ཀྱི་གནད་དོན་ཐད་བསམ་ཚུལ་མི་མཐུན་པའི་རིགས་ལ་བཙན་གནོན་དང༌། བོད་མི་དམངས་ཀྱི་རང་དབང་ཐག་གཅོད་ཀྱི་ཐོབ་ཐང་དང༌། སྤྱི་ཚོགས་ཆབ་སྲིད་ལམ་ལུགས་འདེམས་རྒྱུའི་དབང་ཆ་བཙན་འཕྲོག་བྱས་ཡོད།’’ ཅེས་གསུངས་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་དངོས་ཤུགས་རྒྱུད་གསུམ་ནས་རྩོམ་པ་པོའི་སྨྱུག་ཁའི་རང་དབང་བཙན་འཕྲོག་བྱས་པའམ་ཡང་ན་མི་དམངས་ཤོག་སྒོར་གྱིས་བསླུ་བྲིད་བྱས་ནས་བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་གླེགས་བམ་མང་པོ་རྫུན་བཟོ་བྱས་ཏེ་འཁྱོག་བརྗོད་རང་བཞིན་ཅན་གྱི་གཏམ་འཆལ་སྣ་ཚོགས་སྤེལ་བ་དང༌། བོད་གངས་ཅན་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གང་དྲན་གྱི་མཚན་སྨད་བརྗོད་ནས་བོད་མི་ཙམ་མ་ཟད་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགའ་དད་སྤྲོ་གསུམ་ཡོད་པའི་འཛམ་གླིང་མི་དམངས་དུང་ཕྱུར་མང་པོའི་སེམས་ལ་རྨ་ཁ་ཚབས་ཆེན་བཟོ་བཞིན་ཡོད་པ་འདིས་དོན་དམ་དུ་འཛམ་གླིང་གི་སྡིང་ཆའི་ཐོག་ཏུ་རྒྱ་ནག་གི་དབང་འཛིན་པ་རང་ཉིད་ངོ་གནོང་སྐྱེ་དགོས་པའི་རྒྱུ་རྐྱེན་ལས་གཞན་གང་ཡང་མ་མཆིས་པ་རྒྱ་དམར་དབང་འཛིན་པ་དག་གིས་ཤེས་ཚོར་ཡོད་ཀྱང༌། ད་དུང་མུ་མཐུད་ལམ་ནོར་འདི་ཐོག་བསྐྱོད་བཞིན་པ་འདིས་རྒྱ་ནག་དམར་པོའི་དབང་འཛིན་པ་རྣམས་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་བ་ཤེས་ཐུབ།

                བོད་རྒྱ་གཉིས་པོ་ལོ་རྒྱུས་ཀྱི་གནས་བབ་ཀྱི་ཐོག་ནས་ཀྱང་ཐ་དད་ཡིན་པ་ནི་དོན་དངོས་ཤིག་ཡིན་པས་དཔྱད་གཏམ་པ་དང༌། རྒྱ་གཞུང་ནས་འཁྱོག་བཤད་ཇི་ཙམ་བྱས་ཀྱང་བདེན་དོན་ནི་ནམ་ཡང་ནག་བསུབ་གཏོང་མི་ཐུབ། དེ་ཡང་དུས་སྐབས་སོ་སོའི་བོད་རྒྱའི་ལོ་རྒྱུས་ཀྱི་གནས་བབ་ནི། ༡༽ རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་གྲགས་ཅན་སྙན་ངག་པ་པའེ་ཅུའི་དབྱི་ཡིས་བྲིས་པའི་སྙན་ངག་ཏུ། ‘‘རྒྱལ་ཁབ་དང་ནི་ཐུ་ཕན་དབར། །དབོན་ཞང་ལྟར་འདྲའི་འབྲེལ་བ་ནི། །གཏན་མཐུན་མཛའ་བརྩེ་ཡིད་ཆེས་འཕེར། །རྒྱལ་ཁབ་གཉིས་སུ་གྲགས་གྱུར་ཀྱང༌། །དོན་དུ་ཁྱིམ་ཚང་གཅིག་དང་མཚུངས།།

’’ཞེས་བོད་རྒྱ་རྒྱལ་ཁབ་གཉིས་ཡིན་པ་གསལ་པོར་འཁོད་པ་དང་གཅིག ཡང་ཕྱི་ལོ་ ༨༢༡ ནས་ ༨༢༣ ལ་རྒྱ་བོད་གཉིས་ཀྱི་ས་མཚམས་སོགས་ཀྱི་སྐོར་འདྲ་མཉམ་ཐོག་ནས་བཞག་པའི་ཆིངས་དོན་རྡོ་རིང་ངོས་སུ་བརྐོས་པའི་གྲགས་ཅན་ལྷ་སའི་རྡོ་རིང་དུ། ‘‘བོད་རྒྱ་གཉིས། ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས་སྲུང་ཞིང༌། དེའི་ཤར་ཕྱོགས་ཐམས་ཅད་ནྀ་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ། དམག་མྱྀ་དྲང༌།’’ ཞེས་དང༌། ‘‘ཡུལ་གཉིས་ཀྱི་བར་ན་དུད་རྡུལ་ནྀ་མི་སྣང༌། གློ་བུར་དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱྀ་གྲག་སྟེ་ས་མཚམས་སྲུང་བའྀ་མྱི་ཡན་ཅད་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་ས་ས་མལ་མལ་ན་བག་བརྐྱང་སྟེ། བདེ་བར་འཁོད་ཅྀང༌། སྐྱིད་པའྀ་བཀའ་དྲྀན་ནི་རབས་ཁྲྀའི་བར་དུ་ཐོབ། སྙན་པའྀ་སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་འདྀ་ནམ་ཞར་མྱི་འགྱུར་’’ཞེས་པའི་ལོ་རྒྱུས་ཀྱི་དཔང་རྟགས་འདིས་རྒྱ་བོད་རྒྱལ་ཁབ་སོ་སོ་བ་ཡིན་པ་མིག་ཕྱེ་བ་ལྟར་གསལ་བར་འཁོད་པས་ད་དུང་མིག་བཙུམས་ནས་ལྐུགས་པ་ཨུ་ཚུགས་ཀྱིས་བོད་རྒྱ་གཉིས་རྒྱལ་ཁབ་གཅིག་ཡིན་ཞེས་བརྗོད་དམ།

                དེ་བཞིན་ལྷ་སའི་རྡོ་རིང་ངོས་ཀྱི་རྒྱ་ཡིག་གི་ཚིག་ནང་༼ཕན་ཧན་ཨར་གོ་༽ཞེས་བཀོད་པའི་༼ཕན་༽ནི་ཐུ་ཕན་ཏེ་བོད་དང༌། ༼ཧན་༽ནི་རྒྱ་མི་རིགས། ༼ཨར་༽ནི་གྲངས་གཉིས་དང༌། ༼གོ་༽ནི་རྒྱལ་ཁབ་ཀྱི་དོན་བཅས་བོད་རྒྱ་རྒྱལ་ཁབ་གཉིས་ཞེས་ཕྱི་གསལ་ནང་གསལ་གྱི་ཚིག་དོན་ས་རིས་ཐང་གསལ་གྱི་མེས་པོའི་ཕྱག་རྗེས་མི་རབས་ཕྱི་མར་འཇོག་གནང་མཛད་པ་འདི་དག་གི་ཐོག་ནས་བོད་རྒྱ་ཁོངས་སུ་གཏོགས་པའི་སྒྲུབ་བྱེད་རི་བོང་རའི་སྤུན་ཟླར་གྱུར་བས་ནམ་ཡང་རྙེད་མི་སྲིད་པ་དང་གཅིག

                ༢༽ སུང་རྒྱལ་རབས་ཀྱི་སྐབས་སུང་རྒྱལ་རབས་ལྷོ་བྱང་གཉིས་ཀྱི་ས་ཁྲ་གཉིས་ཀའི་ནང་བོད་རྒྱ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ས་རྟགས་ཐ་དད་དུ་དབྱེ་བ་གསལ་པོར་ཕྱེ་ཡོད་པས་བོད་རྒྱ་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་དངོས་ར་གསལ་པོར་འཕྲོད་པ་དང་གཉིས། ༣༽ ཧོར་རམ་ཡོན་རྒྱལ་རབས་ནི་སོག་པོ་ཡིན་པ་ལས་རྒྱ་མི་མིན་པ་འཛམ་གླིང་ནང་ཡོངས་གྲགས་ཡིན་ལ། སོག་པོ་ཀུབ་ལི་ཁཱང་ནས་འགྲོ་མགོན་ཆོས་འཕགས་སོག་ཡུལ་དུ་གདན་དྲངས་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་རྒྱལ་དང་ཞིབ་མོལ་གྱིས་སྔར་བོད་རྗེ་གོང་མ་ཚོའི་སྐབས་ཀྱི་ཁྱབ་ཁོངས་བོད་ལྗོངས་ཆོལ་ཁ་གསུམ་ཡོངས་རྫོགས་མངའ་དབང་དུ་བསྒྱུར་བའི་བོད་རྒྱལ་ཁབ་རང་བཙན་གཙང་མར་འཛིན་ཏེ་བོད་སོག་རྒྱལ་ཁབ་ཕན་ཚུན་མཆོད་ཡོན་གྱི་འབྲེལ་ལམ་བྱུང་བ་ཞིག་ལས་བོད་སོག་པོའི་འོག་དང༌། བོད་སོག་པོའི་ཆ་ཤས་ཙམ་ཡང་མིན། སྐབས་དེར་སོག་པོར་རྒྱ་མི་རིགས་ཀྱིས་ངོ་རྒོལ་བྱེད་པར་དོགས་ནས་ལོ་བཅུ་གཉིས་རེའི་མཚམས་སུ་རྒྱ་མི་སྐྱེས་པ་ལོ་དགུ་ཡན་ཆད་ཁྲི་ཚོ་ཁྱུ་དེད་བྱས་ཏེ་རྒྱ་མཚོའི་ནང་བཏབ་ཀྱི་ཡོད་པས། བོད་ཀྱི་བླ་མ་དང་ནང་ཆོས་ཀྱི་བསླབ་བྱས་དེ་དག་གིས་མཚམས་འཇོག་བྱས་ཡོད། དཔེ་མཚོན་དེའི་ཐོག་ནས་རྒྱ་མིར་བོད་པ་བཀའ་དྲིན་ཤིན་ཏུ་ནས་ཆེན་པོ་ཡིན་ཡང༌། དེ་ལས་ལྡོག་སྟེ་ཆུ་གྲོལ་ཟམ་པ་ག་ལེར་བཞུགས་ཟེར་བའི་བྱེད་བབས་འདི་རིགས་ཡིད་སྐྱོ་ཐབས་སྡུག་གི་གནས་ཤིག་མ་ཡིན་ནམ།

                ༣༽ རྒྱ་ནག་མིང་རྒྱལ་རབས་སྐབས་བོད་དང་འབྲེལ་བ་ཆེར་མ་བྱུང་ཞིང༌། ༡༤༠༦ ལོར་མིང་གོང་མས་བོད་ཀྱི་ཕག་གྲུའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་གདན་དྲངས་ཀྱང་དེར་ཞལ་བཞེས་གནང་མེད། ཅི་སྟེ་རྒྱལ་ཁབ་གཅིག་གམ། ཡང་ན་མངའ་འོག་ཏུ་གནས་ཡོད་ཚེ་ས་གནས་དཔོན་རིགས་ཀྱིས་དབུས་རྒྱལ་པོའི་བཀའ་ལས་ལྡོག་ན་ཇི་འདྲའི་ཉེས་ཚབས་མི་ཆེའམ། དེས་ན་མིང་རྒྱལ་རབས་ཀྱི་སྐབས་སུ་ཡང་བོད་རྒྱ་ཐ་དད་ལས་ཁ་བྲལ་ཐབས་མེད་པའི་ཆ་ཤས་དང་མངའ་ཁོངས་གང་ཡང་མིན་པར་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་རྟོགས་ཐུབ།

                ༤༽ ཆིང་རྒྱལ་རབས་སྐབས་བོད་རྒྱ་གཉིས་དབར་རྙོག་ཟིང་ཆེ་བའི་འབྲེལ་བ་མང་དུ་བྱུང་ཡོད། འོན་ཀྱང་ཆིང་རྒྱལ་རབས་ནི་རྒྱ་མི་རིགས་མིན་པར་མན་ཇུའི་མི་རིགས་ཡིན་པ་དང༌། མན་ཇུ་ནི་ཕྱི་རྒྱལ་བཙན་འཛུལ་བ་ཞིག་ཡིན་པ་རྒྱ་ནག་གི་ལོ་རྒྱུས་དུ་མའི་ནང་དུ་འཁོད་ཡོད། དེ་ཡང་ཅང་ཅེ་ཧྲེ་ཡིས་རྒྱལ་དར་གྱི་རིན་ཐང་དང་ལས་འགུལ་གསར་པའི་དོན་སྙིང་ནང་‘‘མན་ཇུ་ནི་ང་ཚོ་རྒྱ་ནག་མི་རིགས་ཀྱི་དགྲ་བོ་ཡིན་པ་དང༌། ལོ་སུམ་བརྒྱའི་གོང་དུ་ང་ཚོའི་རྒྱ་ནག་ནང་བཙན་འཛུལ་བྱས་ཏེ་ང་ཚོའི་སྤུན་ཟླ་དུང་ཕྱུར་བཞི་ཙམ་ལ་གཉའ་གནོན་བྱས་པ་ཡོད་པ་རེད་’’ཅེས་དང༌། མའོ་ཙེ་ཏུང་གིས་ཀྱང༌། ‘‘ཀྲུང་གོའི་མིས་ཆིང་རྒྱལ་རབས་ལ་གསར་བརྗེ་བྱེད་དགོས་དོན་ནི་ཆིང་རྒྱལ་རབས་དེ་བཙན་རྒྱལ་རིང་ལུགས་ཀྱི་རྒྱུག་ཁྱི་ཡིན་པའི་རྐྱེན་གྱིས་རེད་’’ཅེས་རྒྱ་མི་རིགས་དང་མན་ཇུ་མི་རིགས་ཐ་དད་ཡིན་པ་རྒྱའི་དབང་འཛིན་པས་ངོས་འཛིན་བྱས་ཡོད་པས། ཆིང་རྒྱལ་རབས་ཀྱི་དུས་བོད་རྒྱ་ཁོངས་ཡིན་ཟེར་བ་དེར་ཡིད་རྟོན་རུང་བའི་རྒྱུ་མཚན་གང་ཡང་མེད། ཡང་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་གྱིས་རམ་པ་བོད་གཞུང་བཀའ་བློན་དུ་བསྐོས་ཀྱང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རམ་པ་བཀའ་འགུག་གནང་སྟེ་གསུངས་དོན། ‘‘བོད་སྡོད་ཨམ་བན་གྱིས་རང་ཉིད་བཀའ་ཤག་གི་ཁོངས་མིར་བསྐོས་ཡོད་རུང༌། ཉིད་རང་ངོས་ཀྱི་བཀའ་ཤག་གི་ཁོངས་མི་ཞིག་མ་རེད་’’ཅེས་གསུངས་པའི་ཟབ་གསལ་གསུང་བཟང་དེ་རང་གིས་འཐུས་པ་ལས་རྒྱུ་མཚན་གཞན་དགོས་པར་མི་སེམས་སོ།།

                ༥༽ རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྐབས་སུའང་བོད་རྒྱ་ཁོངས་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། བོད་དུ་ཕྱིར་ལོག་ཅེས་པའི་ནང༌། ‘‘སྐབས་དེ་དུས་བོད་རྒྱ་ཁོངས་ཡིན་པ་ལྟ་ཅི། ལོ་རྒྱུས་ཀྱི་དོན་དངོས་དང༌། ཁྲིམས་ལུགས་གང་ཐད་ནས་བོད་དེ་རང་བཙན་གྱི་གནས་བབ་ཅིག་བཟུང་ཡོད་’’ཅེས་འཁོད་ལ། ཡང་ ༡༩༡༤ ལོར་དབྱིན་ཇི་དང༌། རྒྱ་ནག བོད་བཅས་ཀྱི་སྐུ་ཚབ་ཀྱིས་འདྲ་མཉམ་ཐོག་ཤིང་སྟག་སིམ་ལའི་ཆིངས་ཡིག་གི་ཟིན་བྲིས་ལ་མིང་རྟགས་བཀོད་ཡོད་པ་དང༌། མེ་ཁེ་མ་ཧུང་གི་ས་ཁྲ་བཅས་ཀྱི་ཐོག་ནས་བོད་རྒྱ་ཁོངས་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའང་ར་སྤྲོད་གསལ་པོ་བྱེད་ཐུབ་པ་ཡིན།

                ༦༽ རྒྱ་ནག་གུང་ཁྲན་ཏང་གི་སྐབས་ཏེ་ཕྱི་ལོ་ ༡༩༥༠ ཟླ་ ༦ པར་རྒྱ་ནག་གུང་ཁྲན་ཏང་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་སྐབས་མའོ་ཙེ་ཏུང་གིས། ‘‘ས་ཞིང་བཅོས་བསྒྱུར་བྱེད་སྐབས་ང་ཚོར་ཐུག་པའི་དགྲ་བོ་ནི་ཧ་ཅང་ཆེ་ཞིང་ཧ་ཅང་མང་བ་ཅིག་རེད། དང་པོ། བཙན་རྒྱལ་རིང་ལུགས་གིས་ང་ཚོར་ངོ་རྒོལ་བྱེད་གི་རེད། གཉིས་པ༑ ཐའེ་ཝན་དང་བོད་ལྗོངས་གི་ལོག་སྤྱོད་ཕྱོགས་ཁག་གིས་ང་ཚོར་ངོ་རྒོལ་བྱེད་གི་རེད་’’ཅེས་སྐབས་དེར་བོད་དེ་དགྲ་བོར་ངོས་འཛིན་བྱས་ཡོད་པ་དང༌། ཡང་ ༡༩༥༢ ཟླ་ ༤ པར་རྒྱ་དམག་རྣམས་བོད་ནང་མི་ཕམ་པར་གནས་སྡོད་ཐུབ་པ་བྱ་རྒྱུར་མའོ་ཙེ་ཏུང་གིས་ལས་དོན་བྱེད་ཕྱོགས་སྐོར་གྱི་མཛུབ་སྟོན་ཞིག་ནང༌། ‘‘ཞིན་ཅང་དུ་རྒྱ་རིགས་མི་ཁྲི་ཚོ་བཅུ་ཕྲག་ཁ་ཤས་ཡོད་ཅིང༌། བོད་ལྗོངས་སུ་ཧ་ལམ་རྒྱ་རིགས་མི་གཅིག་ཀྱང་མེད་པས་རང་དམག་དེ་གནས་ཚུལ་གཏན་ནས་མི་འདྲ་བའི་མི་རིགས་ས་ཁོངས་ཅིག་ཏུ་གནས་ཡོད་པ་རེད་’’ཅེས་པའི་གཏམ་བཤད་དེ་རིགས་ཀྱི་ཐོག་ནས་ཆིངས་ཡིག་དོན་ ༡༧ མ་བཞག་གོང་བོད་ནང་རྒྱ་རིགས་གཅིག་ཀྱང་མེད་པར་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཏུ་གནས་ཡོད་པ་མཚོན་ཐུབ་པས་བོད་རྒྱ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་བརྗོད་པ་ནི་བདེན་མེད་ཧམ་ཤེད་ཀྱི་འཆལ་གཏམ་ཞིག་ཡིན་པ་གསལ་རྟོགས་ཐུབ་པ་དང༌། གོང་གསལ་རྒྱ་ནག་གི་དུས་སྐབས་སོའི་སྐབས་བོད་དང་རྒྱ་ནག་གཉིས་རྒྱལ་ཁབ་ཐ་དད་ཡིན་པའི་ལོ་རྒྱུས་ཀྱི་རྒྱུ་མཚན་ཐམས་ཅད་བཀོད་ན་དེབ་ཐེར་མང་པོར་འགྱུར་བས་འདིར་དཔེ་མཚོན་ཙམ་རེ་བཀོད་པ་ལགས་ན་གཅིག་ཤེས་ཀུན་གྲོལ་དུ་འགྱུར་བར་ངེས་སོ།།

                དཔྱད་གཏམ་པས། ‘‘ ༡༩༥༣ ལོར་ཏཱ་ལས་བྲིས་པའི་རྩོམ་ཡིག་གཅིག་ནང་བོད་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན། བོད་མི་དམངས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ལོག་རྗེས་སྤུན་ཟླ་མི་རིགས་གཞན་དག་དང་མཉམ་དུ་རང་དབང་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་ཡོད་ཅེས་བཤད་ཡོད་རུང༌། ༡༩༦༠ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཁོ་པས་གཏམ་བཤད་བྱེད་སྐབས། ཡིག་རིགས་བྱུང་ཚུན་ང་ཚོ་བོད་རིགས་ནི་རང་སྲིད་རང་སྐྱོང་གི་རྦད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་པ་ལ་སོགས་རྫུན་སྨྲ་བའི་དཔེ་ནི་བགྲངས་ཀྱིས་མི་ལངས་པ་ཡོད་’’ཅེས་ཁ་པོ་ཆེ་བསྒྲགས་ཡོད་ཀྱང༌། དོན་དངོས་རྫུན་སྨྲ་བའི་དཔེ་ནི་བགྲངས་ཀྱིས་མི་ལངས་པ་ཤོད་མཁན་དེ་སུ་ཞིག་ཡིན་མིན་མགོན་པོ་གང་གི་བཀའ་སློབ་གསུང་བཤད་ཁག་གཞི་རྩར་བཟུང་ནས་དཔྱད་པ་ལ། དེ་ཡང་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་  ༢༧ ཉིན་སྩལ་བའི་བཀའ་སློབ་ཏུ། ‘‘དངོས་ཡོད་གནས་ཚུལ་ལ་བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་ན་གྲོས་མཐུན་བཞག་ནས་བཅིངས་བཀྲོལ་བཏང་སྟེ་ད་བར་ལོ་བཞི་བཅུ་ལྷག་ཙམ་སོང་ཡང༌། ད་དུང་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་མ་ཎི་བགྲང་བ་ནང་བཞིན་རྟག་པར་བཤད་དགོས་ཀྱི་ཡོད་པ་རེད། དེ་ལྟར་ག་རེ་བྱས་ནས་ཤོད་དགོས་བྱུང་བ་རེད་དམ། པེ་ཅིང་དང༌། ཧྲང་ཧད། ཀོང་ཏུང་དེ་ཚོ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཤོད་དགོས་ཀྱི་མེད། དངོས་ཡོད་གནས་ཚུལ་ལ་བོད་རྒྱ་ནག་གི་ཆ་ཤས་མིན་པ་ཞིག་ཨུ་ཚུགས་བརྒྱབ་ནས་རྒྱ་ནག་གི་མངའ་ཁོངས་བཟོ་དགོས་དུས་ཉིན་ལྟར་མ་ཎི་བགྲང་བ་ནང་བཞིན་ཤོད་དགོས་པ་འདི་ཆགས་པ་རེད། ལོ་རྒྱུས་ཀྱི་གནད་དོན་ནི་ལས་སླ་པོར་ཧམ་བཅོས་བྱེད་ཐུབ་པ་ཞིག་མིན་’’ཞེས་བཀའ་བསྩལ་ཡོད་པ་ལས་བོད་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་ཚུལ་མ་གསུངས་པའི་ཕྱིར་དང༌། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧའེ་ནང་རྟེན་གཞི་བྱས་པའི་ཧཕུའུ་ཏཱན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལོ་རྒྱུས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཀུའུ་ཅན་ཤོང་གིས་ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་བསྐྱར་ཞིབ་ཅེས་པའི་དུས་དེབ་ནང་ཆེད་རྩོམ་ཞིག་སྤེལ་བའི་ནང༌། ‘‘བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་པ་དེ་ནི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་བརྩི་བཀུར་མ་བྱས་པ་ཞིག་རེད་’’ཅེས་གསལ་བར་བཀོད་ཡོད་པ་ལས་ཤེས་རྟོགས་ཐུབ་པ་ཞིག་ཡིན།

                 ཡང་ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༢༠ ཉིན་བོད་ཀྱི་འདས་དང༌། ད་ལྟ། མ་འོངས་བཅས་པའི་གནས་སྟངས་སྐོར་ལ་བཀའ་སློབ་ཕེབས་དོན་དུ། ‘‘ངས་སྔ་རྗེས་བཤད་པའི་སྐད་ཆའི་ནང་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་ནམ་ཡང་བཤད་མེད། མ་འོངས་པར་ཡང་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་གང་འདྲ་བྱས་ཏེ་བརྗོད་ཐུབ་བམ། ང་མི་གཅིག་གི་ཁ་ནས་བཤད་པ་ཡིན་ནའང་ལོ་རྒྱུས་དང་རྒྱལ་རབས་ལ་བསྒྱུར་བཅོས་འགྲོ་ཐབས་མེད། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། ལོ་རྒྱུས་ཞེས་པ་འདི་བྱུང་ཟིན་པའི་གནས་ཚུལ་ཞིག་ཡིན་པས་དེ་མེད་པ་བཟོ་མི་ཐུབ། ཡང་བོད་དང་རྒྱ་ཐ་དད་སོ་སོ་ཡིན་པ་ལོ་རྒྱུས་ཐོག་གསལ་པོ་ཡོད་པ་བཞིན་ངས་ཀྱང་བོད་དང་རྒྱ་ཐ་དད་རེད་ཅེས་བརྗོད་རྒྱུ་མ་གཏོགས། བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཐུབ་ཐབས་མེད། གལ་ཏེ་བརྗོད་ཀྱང་དེས་རྒྱ་མིར་ཕན་མི་ཐུབ་པར། ང་རང་རྫུན་པ་བཟོ་ཐུབ་ཙམ་ཡོང་རྒྱུ་རེད། རྒྱ་མིས་ང་ལ་བོད་རྒྱ་ནག་གི་ཆ་ཤས་རེད་བརྗོད་དགོས་ཟེར་གྱི་ཡོད་ཀྱང་དེ་ངས་བརྗོད་མི་ཐུབ། བོད་དང་རྒྱ་ཐ་དད་སོ་སོ་རེད། ཡིན་ན་ཡང་ང་ཚོ་ཐུན་མོང་མོས་པ་མཉམ་པ་ཞིག་བྱུང་ན་མཉམ་དུ་བསྡད་ཆོག་གི་རེད། དེ་ནི་བོད་རྒྱ་ནག་གི་ཆ་ཤས་ཆགས་པ་ཞིག་མིན་པར། འཇིག་རྟེན་མཐུན་འཇུག་གི་བག་མ་བསུ་ལེན་བྱས་པ་ལྟ་བུ་ཞིག་ཡིན། ང་ཚོ་མཉམ་དུ་བསྡད་ནས་མཉམ་ཟ་མཉམ་འཐུང་བྱས་ཏེ་བོད་པའི་ངོས་ནས་རྒྱ་ནག་ལ་ཁེ་ཕན་སྤྲོད་དགོས་པ་སྤྲད། རྒྱ་མིའི་ངོས་ནས་ཀྱང་ང་ཚོ་བོད་པར་ཚུར་མཐོང་དང་བརྩི་འཇོག་ཆ་ཚང་ཞིག་བྱས་ན། ང་ཚོ་མཉམ་དུ་ལས་ཀ་བྱས་ཏེ་ལྟོ་གོས་ཁྱིམ་ཚང་གཅིག་ནང་བཞིན་བྱས་ཏེ་སྡོད་ཐུབ་ཀྱི་རེད། དེས་བོད་རྒྱ་ནག་གི་ཆ་ཤས་ཆགས་ཐུབ་ཀྱི་མ་རེད།’’ ཅེས་དང༌། ཡང་བྱབྱཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཡོངས་ཁྱབ་གསུང་འཕྲིན་དུ། ‘‘རྒྱ་གཞུང་གིས་བོད་གནའ་བོའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པར་ཁས་ལེན་བྱ་དགོས་ཨུ་ཚུགས་བྱེད་པ་ནི་འོས་འཚམས་དང་རྒྱུ་མཚན་ལྡན་པ་མིན། འདས་པ་ནི་བྱུང་ཟིན་པས་བཟང་ངན་ཇི་ལྟར་ཡང་སྒྱུར་བཅོས་གཏོང་ཐབས་མེད་ཅིང༌། ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་འཁྱོག་བཤད་བྱེད་པ་དྲང་བདེན་གྱི་བྱེད་ཐབས་མིན།’’ཞེས་གསུངས་པ་ལས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་མ་གསུངས་པའི་ཕྱིར་ན། གོང་གི་མི་བདེན་རྫུན་སྒྲིག་བྱས་ཏེ་དཔྱད་གཏམ་པས་ཡང་རྫུན་གྱི་འཁོར་ལོ་བསྐོར་བ་ཞིག་མིན་ན་ཅི་ཡིན། ལྷག་པར་དཔྱད་གཏམ་པས་‘‘རྫུན་ཐེངས་མང་དང༌། རྫུན་ཡུན་རིང༌། རྫུན་བསྟུད་མར་བཅས་ཤོད་མཁན་གྱི་མི་ནི་གཡོ་ཁྲམ་ཅན་ཞིག་ཡིན་པ་ཏན་ཏན་རེད་’’ཅེས་དང༌། ‘‘གནད་དོན་གཅིག་གི་ཐད་བསྟུད་མར་རྫུན་ཤོད་པ་མ་ཟད། ཐ་ན་རྫུན་མཚང་བརྟོལ་བའི་རྗེས་སྔར་བཞིན་གནད་དོན་དེའི་ཐད་རྫུན་བསྟུད་མར་ཤོད་མཁན་དེ་ནི་སྒལ་རལ་འཚོང་མཁན་ཞིག་ཡིན་པ་གདོན་མི་ཟའོ། །སྒལ་རལ་འཚོང་མཁན་ཞིག་གི་སྐད་ཆར་སུ་ཞིག་གིས་ཀྱང་ཡིད་ཆེས་བྱེད་མི་ཕོད་ལ་བྱེད་ཀྱང་སྲིད་ཀྱི་མ་རེད་’’ཅེས་ྋགོང་ས་ཏཱ་ལའི་བླ་མར་སྐྱོན་དུ་འཕེན་པ་དེ་དཔྱད་གཏམ་པ་རང་ཉིད་དང༌། རྒྱ་ནག་དམར་གཞུང་གིས་དབང་འཛིན་པ་ཆེས་ཉུང་ཤས་ཀྱི་རྒྱུན་ལྡན་གྱི་བྱ་སྤྱོད་ཡིན་ཏེ། མའོ་ཙེ་ཏུང་གིས་རྫུན་གཏམ་ཞིག་ཐེངས་བརྒྱ་བཤད་ན་ཐ་མ་བདེན་པར་འགྱུར་ཞེས་པའི་བསླབ་བྱ་སྙིང་ལ་བཅངས་ཤིང༌། དེ་ཉིད་ཐུགས་དམ་གྱི་མཐིལ་དུ་འཛིན་པས་རྒྱའི་དབང་འཛིན་པ་རྣམས་ལ་ཐུན་མོང་མ་ཡིན་པའི་ཉམས་རྟོགས་བྱུང་བ་ནི་རྫུན་ཤོད་རྒྱུར་ནང་བྱན་ཆུད་པ་དང༌། རྫུན་ཤོད་པར་ངོ་ཚ་དང་ཁྲེལ་གཞུང་གཏན་ནས་མེད་པའི་རང་སྐྱོན་རྣམས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གཡོག་ཐབས་བྱས་པ་ཞིག་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་ཤེ་ལས། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་སྐྱོན་དུ་སྒྱུར་བྱེད་པ༑ ༑རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན།།

ཞེས་གསུངས་པ་དང་ཅིས་མི་མཚུངས།

                ཡང་དཔྱད་གཏམ་པས། ‘‘རྡ་རམ་ས་ལའི་བོད་ཡུལ་གྱར་སྲིད་གཞུང་གི་ཚོམས་ཆེན་ནང་བཀལ་བའི་བོད་རྒྱལ་ཁབ་ཀྱི་ས་བཀྲའི་ཐོག་ནས་ཏཱ་ལས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སླར་གསོ་བྱེད་པ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་ཧམ་སེམས་དམར་རྗེན་དུ་མངོན་ཡོད།’’ ཅེས་གཞི་རྩ་དང་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱས་ཀྱང༌། དཔྱད་གཏམ་པས་གཏམ་དྲིས་ནས་མ་བྱུང་སྒུག་ནས་བྱུང་བའི་དཔེ་བཞིན་བཙན་བྱོལ་བོད་གཞུང་ནི་འཛམ་གླིང་ཀུན་ལ་གྲགས་པ་ལྟར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་ནས་མ་བདག་བདག་བཟུང་དང༌། བདག་པོ་སྒོ་རྩར་ཕུད་དེ་བཙན་འཕྲོག་གིས་བོད་གཞུང་དམངས་བཙན་བྱོལ་དུ་གྱར་དགོས་བྱུང་བ་ནི་དངོས་དོན་ཡིན་ལ། དེ་ཡང་རང་ཡུལ་དུ་སད་སེར་བཙན་ཐན་དང༌། ནང་ཁུལ་དམག་འཁྲུག་མུ་གེ རང་བྱུང་གི་གནོད་འཚེ་སོགས་ཀྱིས་དབང་ལས་གཞན་ཡུལ་དུ་གྱར་བ་ཞིག་མིན་པར། ཁྱིམ་མཚེས་རྒྱ་ནག་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་མཐའ་དབུས་ཡོངས་རྫོགས་དྲག་ཤུགས་ཀྱིས་བཙན་བཟུང་བྱས་ཏེ་བོད་ཀྱི་ལོ་རྒྱུས་ནང་སྔར་མ་གྲགས་པའི་དུས་འགྱུར་མི་བཟད་པ་བྱུང་སྟེ་སྐབས་དེར་བོད་གཞུང་དགའ་ལྡན་ཕོ་བྲང་དང༌། རྗེ་འབངས་རྣམས་བསྟན་སྲིད་བདེ་ཐབས་ཀྱི་སླད་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མི་ཡོང་ཐབས་མེད་བྱུང་བ་ཞིག་ཡིན་ལ༑ ད་དུང་བོད་དེ་རྒྱ་གཞུང་གིས་མ་བདག་བདག་ཏུ་བཟུང་ནས་བསྡད་ཡོད་པ་ཤུགས་ཀྱི་ཁས་བླངས་པ་ཡིན། ལྷག་པར་བོད་ལྗོངས་ཀྱི་བདག་དབང་ཡོངས་རྫོགས་རྒྱ་གཞུང་གིས་བཙན་འཕྲོག་བཙན་བཟུང་བྱས་ཏེ་བོད་མི་རྣམས་ཀྱིས་རང་སྲིད་རང་སྐྱོང་དང༌། རང་ཁྱིམ་རང་བདག རང་མི་རང་ལས་བཅས་ཀྱི་ཐོབ་ཐང་རྩོད་པ་ནི། མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་ཧམ་སེམས་སུ་ཇི་ལྟར་འགྲོ་འམ། དེ་ནི་སྔོན་གྱི་གཏམ་དཔེར། རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་ལྟར་མ་ཡིན་ནམ།

ཡང་སྒོས་དཔྱད་གཏམ་པས་‘‘བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་ཚོམས་ཆེན་ནང་བཀལ་བའི་བོད་རྒྱལ་ཁབ་ཀྱི་ས་བཀྲ་’’ཞེས་ཤོག་བུ་དཀར་པོའི་ཐོག་ཏུ་ཡིག་འབྲུ་ནག་པོས་བྲིས་པ་ནི། སྤྱི་ལོ་ ༡༩༥༩ ལོར་གངས་ལྗོངས་བསྟན་དགྲ་རྒྱ་མིས་བཙན་བཟུང་མ་བྱས་པའི་སྔ་རོལ་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང༌། རང་བཙན་རྒྱལ་ཁབ་གཙང་ཡིན་པའི་འཛམ་གླིང་གི་ས་ཁྲ་སོགས་ཀྱི་དཔང་རྟགས་ཁུངས་བཙན་ཡོད་པ་མ་ཟད། སླར་གསོ་ཞེས་པའི་བརྗོད་ཚིག་ལས་ཀྱང་བོད་དེ་སྔར་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དོན་གྱི་ཁས་བླངས་ཟིན་པས་མེས་རྒྱལ་ཁ་ཕྲལ་གཏོང་བ་ཞེས་པ་ནི་ནང་འགལ་ཆེན་པོ་ཞིག་ཡིན་ལ། དེ་ནི་རྡོ་ཡར་བཀྱག་ནས་རང་གི་རྐང་པར་ཞུས་པ་དང་ཁྱད་པར་ཅི།

                བོད་སྡོད་རྒྱ་དཔོན་ཁྲེན་ཁུན་ཡན་ཟེར་བས། སྔར་ཏཱ་ལའི་ཁ་བྲལ་རིང་ལུགས་པར་ངོ་རྒོལ་བྱེད་པའི་རྩོམ་ཡིག་ཚགས་པར་སྟེང་སྤེལ་བར། ཁ་བྲལ་ཞེས་པ་ཆེས་ཐབས་སྡུག་ཅིག་ཡིན་པའི་སྒྲུབ་བྱེད་དམ་རྒྱུ་མཚན་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། ‘‘གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན།’’ཞེས་པའི་ཚིག་རྐང་མཐའ་མ་འདི་ཉིད་བཀོད་ནས་ཏཱ་ལའི་བླ་མས་ཁ་བྲལ་གྱི་ལས་ཀ་བྱས་པ་ཐ་ཞན་ཞིག་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་ཐ་དད་མ་ཡིན་ཞེས་གསུངས་ཡོད་ཅེས་ལུང་འདྲེན་གྱིས་རྒྱུ་མཚན་དུ་བཀོད་ཡོད་པ་དེར་སྙིང་པོ་ཅི་ཞིག་འདུག ནང་ཆོས་ཀྱི་གཞི་རྩའི་འགྲོ་སྟངས་ལྟ་ཅི་ནང་ཆོས་ལ་བློ་ཁ་ཙམ་མ་ཕྱོགས་ཤིང༌། ནང་ཆོས་ཀྱི་འགྲོས་ཙམ་ཡང་མི་ཤེས་པའི་རང་རྟགས་གསལ་རྗེན་དུ་བསྟན་ཡོད། འོ་ན་ཚིག་རྐང་དེ་གའི་དེ་མ་ཐག་ཏུ་དོན་གཅིག་མིན་ཞེས་གསུངས་པས་གཅིག་སྒྲིལ་བྱས་ནའང་མི་འགྲིགས་པར་ཐ་དད་བྱེད་དགོས་པར་ཁས་བླངས་དགོས་པར་གྱུར་ཏེ༑ མགོན་པོ་ཀླུ་སྒྲུབ་ཀྱིས་ཐ་དད་དོན་མིན་དོན་གཅིག་མིན། །ཞེས་གསུངས་པས་སོ། །དེ་ལྟར་གོང་བཀོད་དང་སྐབས་འདིའི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་རིམ་སྤེལ་དཔྱད་གཏམ་ལེའུ་བཅུའི་བདག་ཉིད་ཅན་དེ་ཉིད་ཕྱོགས་ཡོངས་ནས་མཚུངས་པ་ཞིག་ཡིན་པས་སུས་ཀྱང་ཡིད་ཆེས་ཆ་འཇོག་བྱེད་མི་སྲིད།

                ཡང་དཔྱད་གཏམ་པས། ‘‘ཚང་མས་ཤེས་གསལ་ལྟར་མེ་ཁེ་མ་ཧུང་ཟེར་བའི་ཁྲིམས་འགལ་གྱི་ས་ཐིག་ནི་དབྱིན་ཇི་མི་སེར་སྤེལ་མཁན་ཕྱོགས་གཅིག་པུས་དབྱེ་བའི་དབྱིན་ཁོངས་རྒྱ་གར་དང་ཀྲུང་གོའི་ལྷོ་ནུབ་ས་ཁུལ་བར་གྱི་ཁྲིམས་འགལ་གྱི་ས་མཚམས་ཤིག་ཡིན་’’ཞེས་སྨྲ་བ་ནི་དོན་དངོས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་གཏམ་འཆལ་འབའ་ཞིག་ཡིན། དོན་དངོས་ཤིང་སྟག་སིམ་ལའི་ཆིངས་ཡིག་སྐབས་ཀྱི་དབྱིན་གཞུང་གི་ཆིངས་དོན་སྐུ་ཚབ་སཱར་ཧན་རི་མེག་མོ་ཧན་མཆོག་གིས་འབྲུག་གི་ཤར་ཕྱོགས་ནས་བོད་དང་རྒྱ་གར་དབར་ས་མཚམས་གསལ་པོ་ཞིག་མེད་ན་ཕྱིན་ཆད་རྙོག་གླེང་འབྱུང་གཞིའི་ཉེན་འགན་ལ་བརྟེན་ནས་ས་ཁྲའི་ངོ་བཤུས་གཉིས་བོད་གཞུང་ཆིངས་དོན་སྐུ་ཚབ་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེར་ཕུལ་དོན་དེ་ལ་དགོངས་བཞེས་ཀྱིས་མཚན་རྟགས་དང༌། དམ་ཕྲུག་བསྐྱོན་ནས་ཕྱིར་འབུལ་གནང་ཡོད། བོད་རྒྱ་ཁོངས་ཡིན་ན་སྐུ་ཚབ་རྒྱ་མི་རང་ནས་ཐད་ཀར་གཏོང་དགོས་པ་དང༌། དབྱིན་གཞུང་ནས་ཀྱང་གང་ཅིའི་འབྲེལ་བ་རྒྱ་མིར་གནང་དགོས་པ་ལས་བོད་གཞུང་ལ་འབྲེལ་ལམ་གནང་དོན་མ་མངོན་པས། དེ་ནི་བོད་འདི་ཉིད་རྒྱ་དཀར་ནག་གཉིས་ཀྱི་བར་དུ་རང་བཙན་གྱི་རྒྱལ་ཁབ་གཙང་མར་གནས་པའི་མཚོན་རྟགས་ཤིག་དང༌། ས་ཁྲ་དེ་ཡང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་བླ་ན་མེད་པ་ཞིག་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པས། བདེན་དོན་གྱི་དཔང་རྟགས་འདི་ཉིད་ལོ་རྒྱུས་ཀྱི་དེབ་ཐེར་དག་ཏུ་འཁོད་ཟིན་པས་རྒྱ་གཞུང་ནས་རྩ་མེད་ཤུལ་མེད་བཟོ་འདོད་ཀྱང་མེད་པར་བཟོ་མི་ཐུབ།

                ཡང་དཔྱད་གཏམ་པས། བྱབྱན་ནིང་ཟླ་བ་ ༦ པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་གར་གྱི་སྐབས་དོན་ཚགས་པར་གསར་པའི་བཅར་འདྲི་དང་ལེན་བྱེད་སྐབས་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ལ་གཞིགས་ནས་དབྱེ་བ་ཕྱེ་བའི་མེ་ཁེ་མ་ཧུང་གིས་ས་ཐིག་ནི་ཁྲིམས་དང་མཐུན་པ་ཞིག་ཡིན་ཞེས་མངོན་སུམ་འཛེམ་མེད་ངང་བཤད་ཡོད་བྱབྱཅེས་པ་འདི་ནི། ྋགོང་ས་མཆོག་ནས་དོན་དངོས་ཀྱི་ལོ་རྒྱུས་དཔང་རྟགས་གཞི་རྩར་བཟུང་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བར་མཛད་པས་རྒྱ་གཞུང་གི་སྙིང་ལ་ཟུག་གཟེར་ལངས་ཏེ་སྐད་ངན་རང་སར་ཤོར་བ་ཞིག་ཡིན་པས་ཧམ་བརྗོད་མིན་པར་རྒྱལ་རབས་ཡིག་ཆར་ཞིབ་འཇུག་གིས་དཔྱད་གཏམ་སྤེལ་ན་གཟུར་གནས་ཀྱི་དཔྱད་གཏམ་པ་ཞིག་ཆགས་རེ་ཆེ། དེ་ལྟར་རྒྱ་གཞུང་གི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་ན། དཔྱད་གཏམ་པས་བྱབྱན་ནིང་ཟླ་ ༡༠ པར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱིས་དེ་སྔ་བོད་ལ་འཛིན་པའི་སྲིད་ཇུས་ནི་དུས་རབས་ཀྱི་ནོར་འཁྲུལ་ཞིག་ཡིན་བྱབྱཞེས་བརྗོད་ཚུལ་བཀོད་ནས་དབྱིན་ཡུལ་དེ་ཉིད་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་དང་གྲོགས་པོར་བརྩིས་པ་དང༌། ཡང་རྒྱ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་བདེན་པའི་རྒྱབ་ལངས་ཤིག་བྱས་ཀྱང༌། ‘‘བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་བགོ་བཤའ་རྒྱག་རྒྱུའི་རེ་ངན་འཆང་བའི་ཐོན་དངོས་ཤིག་ཡིན།’’ ཞེས་བརྗོད་དེ་བཙན་རྒྱལ་རིང་ལུགས་སུ་སྨྲོས་ནས་རྒྱ་ནག་གི་སྡང་དགྲར་འཛིན་པ་ལྟ་བུ་ནི་རྒྱ་གཞུང་གི་རྒྱུན་གཏན་གྱི་བྱ་སྤྱོད་ཅིག་ཡིན་པས། རྒྱ་གཞུང་གི་ཉེས་སྐྱོན་རྣམས་ཞར་ཞོར་དུ་ཐོན་ཡོང་གི་ཡོད།

                ཡང་དཔྱད་གཏམ་པས། བྱབྱརྒྱ་བོད་མི་རིགས་རུས་རྒྱུད་གཅིག་དང་འབྱུང་ཁུངས་གཅིག་ཡིན་པས་འོ་ཆུ་འདྲེས་པ་ལྟར་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་རྒྱ་ཁྱིམ་གཅིག་ལྟར་གྱི་རྣམ་པ་དེ་མཐོང་འདོད་མེད་པར་རྟག་ཏུ་མི་འདྲ་དང་མི་དེ་འདྲ་ཟེར་དབྱེ་བ་ཕྱེ་ནས་མི་རིགས་དབར་འགལ་ཟླ་དང་རྩོད་གཞི་བཟོས་ནས་ཐབས་ངན་ཡོད་རྒུས་མི་རིགས་དབར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོར་གཏོར་བཤིག་བཏང་སྟེ་ཆུ་ཉོག་ནང་ནས་ཉ་འཛིན་ཐབས་ཀྱི་བོད་ཕུང་ཆོས་གནོད་ཡོང་བའི་རེ་ངན་བཅངས་ཀྱི་ཡོད་བྱབྱཅེས་བརྗོད་པ་ནི་འགལ་འདུའི་ཕུང་པོ་བསྒྲིགས་པའི་འཆལ་གཏམ་འབའ་ཞིག་ཡིན། དེ་ཡང་བོད་རྒྱ་རུས་རྒྱུད་གཅིག་དང་འབྱུང་ཁུངས་གཅིག་ཡིན་ཚུལ་བཀོད་པ་དང༌། ཡང་མི་རིགས་དབར་གྱི་མཐུན་སྒྲིལ་ཞེས་དང༌། མེས་རྒྱལ་དང༌། བོད་དུ་འཛིན་པའི་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་ཇུས་ཞེས་སོགས་བོད་རྒྱ་མི་རིགས་ཐ་དད་ཡིན་པར་བཀོད་པ་རྣམས་ནང་འགལ་དུ་སོང་བས་ཁ་ནས་གང་ཐོན་བརྗོད་པའི་བདེན་པའི་ཁུངས་ལུང་གཏན་ནས་མེད་པ་གསལ་རྟོགས་ཐུབ་པ་ཞིག་ཡིན་ལ། དེ་ཡང་མི་རིགས་གང་ཞིག་རུས་རྒྱུད་གཅིག་དང༌། འབྱུང་ཁུངས་གཅིག་ཡིན་ན་མི་རིགས་གཅིག་ཡིན་དགོས་ལ། དེ་ལྟར་ཡིན་ན་དཔྱད་གཏམ་པས་བོད་དང་རྒྱ་ཞེས་ཁ་ནས་ཐ་དད་སོ་སོར་བརྗོད་པ་ནང་འགལ་དུ་སོང་བ་དང༌། ཡང་ན་བོད་རིགས་དང་རྒྱ་རིགས་ཚུད་པའི་སྤུན་ཟླ་མི་རིགས་གཞན་དག ༥༥ ནི་ཕན་ཚུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་གྱུར་ཞེས་དང༌། མི་རིགས་ཁག་དབར་ཞེས་པ་ནི་བོད་རྒྱ་མི་རིགས་ཐ་དད་ཡིན་པ་དཔྱད་གཏམ་པས་ཁས་བླངས་པས་དེ་ཡང་ནང་འགལ་དུ་སོང་ཞིང༌། ལོ་རྒྱུས་ཀྱི་དེབ་ཐེར་དུ། རྒྱ་ནག་ཀླུ་དང་ཧོར་ནི་ལྷ་མིན་དང༌། །བོད་རིགས་སྤྲེའུ་བྲག་སྲིན་གཉིས་ལས་ཆད། །དེ་དག་བཞི་ལ་བར་གྱི་རིགས་བཞི་ཟེར། །ཞེས་འཁོད་པས་རྒྱ་བོད་མི་རིགས་རུས་རྒྱུད་གཅིག་དང་འབྱུང་ཁུངས་གཅིག་ཇི་ལྟར་ཡིན། དེ་ལྟར་ཡིན་ན་ཁྱི་དང་སེངྒེ་གཉིས་རུས་རྒྱུད་གཅིག་དང་འབྱུང་ཁུངས་གཅིག་ཡིན་ཞེས་བརྗོད་པ་དང་ཁྱད་པར་ཅི་ཡང་མེད།

                ཡང་ཁྱིམ་ཚང་གཅིག་ལྟར་གྱུར་ཞེས་པའི་ལྟར་གྱི་སྒྲ་ནི། སྙན་གཞུང་ལས། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །ཞེས་སོགས་མཚུངས་གསལ་གྱི་སྒྲར་གསུངས་པས་ན། འདྲ་བའི་ཕྱིར་ན་དངོས་མ་ཡིན། །མི་འདྲ་ཕྱིར་ན་དཔེ་མ་ཡིན། །ཞེས་གསུངས་པས་འདྲ་བའི་དཔེ་ཡིན་པ་ལས། བྱུང་རབས་ལོ་རྒྱུས་ཀྱི་དངོས་དོན་མིན་པ་དཔྱད་གཏམ་རང་ཉིད་ཀྱིས་ཁས་བླངས་སོང་བས་འདི་དང་འདི་ལྟ་བུ་རང་སེམས་རྣལ་དུ་གནས་ཤིང༌། གཟུ་བོའི་བློ་ཡིས་བརྗོད་པ་མིན་པར་སེམས་ནང་བསམ་ཚད་ཁ་ནས་འདོན་པ་དང༌། ཁ་ནས་བཤད་ཚད་ལག་པས་བྲིས་ཏེ་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པའི་སྨྱོ་ལབ་འབའ་ཞིག་ཡིན།

                ཡང་རྩོམ་འཆལ་དེའི་ནང༌། ‘‘མི་རིགས་དབར་འགལ་ཟླ་དང་རྩོད་གཞི་བཟོས་’’ཟེར་བ་དང༌། ཡང་‘‘ཐབས་ངན་ཡོད་རྒུས་མི་རིགས་དབར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོར་གཏོར་བཤིག་བཏང་ཚུལ་བརྗོད་དེ་རང་སྐྱོན་གཞན་ལ་གཡོག་ཐབས་བྱས་ཡོད། དེ་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ྋགོང་ས་མཆོག་གིས་རྒྱ་རིགས་ཡོངས་ལ་བསྩལ་བའི་འབོད་སྐུལ་གྱི་གསུང་འཕྲིན་དུ། བྱབྱང་ལ་བོད་ཁ་ཕྲལ་གཏོང་རྒྱུའམ། ཡང་ན་བོད་རིགས་དང་རྒྱ་རིགས་དབར་མ་འགྲིག་པ་བཟོ་རྒྱུའི་དོད་པ་གང་ཡང་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་ཀྱི་ཡིན་’’ཞེས་དང༌། ཡང༌། ‘‘རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུགས་རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་བཏབ་སྲིད་པ་འདིར་ངོས་རང་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག་’’ཅེས་བཀའ་བསྩལ་ཡོད་པས་དོན་དམ་དུ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་ལམ་ལ་གཏོར་བཤིག་གཏོང་མཁན་ནི་རྒྱ་གཞུང་རང་ཉིད་ཆགས་ཡོད།།    །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༧༢༠༡༣༠༡༤༦
ཁྱེད་ཀྱི་གསལ་པོ་ལོ་རྒྱུས་རང་བཞིན་ལྡན་པ་རྣམས་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན། དྲང་པོ་དང་བདེན་པ་གསལ་པོ་སོགས་བཤད་ས་མེད་པ་རྒྱ་ནག་གིས་ཁྱད་ཆོས་དེང་སང་འཛམ་གླིང་ཕལ་མོ་ཆེར་མཐོང་ཐོས་དོགས་གསུམ་ངང་གནས་ཡོདཚོད་རེད། ཡ་རབས་དང་རང་དབང་འབྱུང་ཁུངས་ལྟར་བུའི་ཆོས་ལུགས་སོགས་ནི་ཁས་ལེན་ཕར་གཞགས་ཆོས་དུག་དུ་བསྟར་མཁན་རྒྱ་ནག་གཅིག་པུ་མ་གཏོགས་མཐོང་ཆོས་སུ་མེད་པ་མ་རེད་པས། གནའ་རབས་ནས་རྒྱ་བོད་ཐ་དད་དུ་གནས་པ་དང་སྐབས་རེ་རྒྱ་ནག་གོང་མའི་ཁ་ཤས་སྐབས་སུ་ཆོས་ལུགས་ཁས་ལེན་གནང་མཁན་ཡོང་བྱུང་བ་བོད་ཀྱི་ནང་ཆོས་ཐོག་ནས་འབྲེལ་བའང་གང་མཚམས་བྱུང་མྱང་ཡོད་། ༡༩༥༩ ལོར་ནས་མའོ་ཙེ་ཏུང་གིས་དགོངས་པ་ཆོས་དུག་དུ་བརྩི་བའི་ལག་ལེན་ངོ་མ་བོད་ས་ཡོངས་སུ་གཏོར་བཤིག་རྩ་མེད་དང་བོད་མི་རིགས་དང་ས་གཞིས་བཅས་རྒྱ་ཁོངས་སུ་བཅུག་པ་དེང་སང་ཡང་ཤི་གསན་རྒྱུན་མ་ཆད་པར་མྱོང་བཞིན་པ་དང་། མའོའི་རྒྱུད་འཛིན་བར་ཆད་མྱོང་མེད་པ་གནས་མུར་བཞིན་འཛམ་གླིང་རྒྱལ་སྤྱི་དང་ཡངས་དགོས་བོད་གཞིས་བྱེས་གཉིས་ཀྱི་དངོས་སུ་མཐོང་གི་ཨུ་འདུག། མཐོང་གི་འདུག་ན་དམར་ཤོག་དམིགས་ཡུལ་ནང་ཆོས་ཀྱི་སྲོག་འཛིན་བླ་སྤྲུལ་ཆེར་ཁག་ཚོར་སྲིད་ཕྱོགས་ཀྱི་ཁ་ལོར་སྒྱུར་ནས་རྫུན་སྤྲུལ་གྱིས་གོ་གནས་སྤྲོད་ཁུར་ཁྲབ་བསྟོན་གྱི་ས་རྣམ་པར་སྟོན་ནས་རིམ་བཞིན་འཇའ་ཡལ་བ་བཞིན་འགྲོ་རྒྱུ་ཐེབ་ཇུས་ལག་བསྟར་ཐོག་མར་བོད་ཀྱི་བླ་ཆེན་ཀརྨ་པ་ཅམ་ཙིན་མན་གྱི་ངོས་འཛིན་དང་བོད་རྒྱུད་བླ་སྤྲུལ་རྒྱབ་སྐྱོར་དང་ངོས་ལན་བྱས་པ་དང་། པཎ་ཆེན་ཡང་སྲིད་རྒྱ་དཔོན་ཚོས་དང་ཐོག་ནས་ངོས་འཛིན་དང་བོད་རྒྱད་བླ་སྤྲུལ་རྒྱབ་སྐྱོར་གྱི་ངོས་ལན་རྣམ་པར་བསྟན་པ་དང་། ༧གོང་ས་མཆོག་གིས་ཡང་སྲིད་བཅོ་ལྔ་པ་གྲབས་བསྒྲིག་གྱི་རེ་བསྒུག་གནང་བཞིན་པ་སོགས་བཙན་བྱོལ་བོད་མིར་ཚོར་ནང་ཁུལ་མ་བསྒྲིག་འདོག་གི་མགོ་བསྐོར་མ་བཏང་བ་ཕུགས་རྒྱང་རིང་པོ་བསམ་ཤེས་གནང་ན་མི་ལེགས་བསམ། བོད་མི་ཚོར། དྲང་བདེན་དང་རང་དབང་།།།།མང་གཙོའི་འཕེལ་རྒྱས་ཚོར།།།།
1 ༡༩༢༠༡༡༡༣༤༤
དྲ་གྲོགས་རྣམས་པ།
ངས་འདིར་ཁྱེད་རྣམས་པའི་གཟིགས་རྒྱང་རིང་ཆེད་ང་ཕོད་པས་བྲིས་པའི་༡༩༥༩ལོར་དོན་རྐྱེན་གྱི་བྱུང་གཞི་ཞེས་པ་ཞིག་བྲིས་གནང་འདུག་པ་གཟིགས་འབུལ་ཞུ་རྒྱུ་
?????????????????????????????????????????????????????????????????????????????????????????????????????1959????????3????????10?????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????? 1959???????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????????? ????????????????????????????????????????????????????????????????????? ??????????????????????? ?????????????????????????????????????????????????????????????????????????????????????????????????????"???????????????????"?????????????????????????????????????????????????????????
1959????????3????????10?????????????????????????????????????????????????????????????????????????



བརྗོད་གཞི་གཞན་ཁག་ལ་གཟིགས།