སྤྲིན་པས་ཨོག་སྒྲོག་བརྒྱབས་པའི་དམར་པོའི་སྲིད་གཞུང༌།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། ལྔ་པ། གནམ་སྐེ་ལ་གྱོན་ཞིང་སྤྲིན་པས་ཨོག་སྒྲོག་བརྒྱབས་པའི་དམར་པོའི་སྲིད་གཞུང༌། ཀ༽ ཞི་བའི་ཆིངས་ཡིག་དང་དྲགཔོའི་དམག དཔྱད་གཏམ་པས་སྤེལ་བའི་རྩོམ་འཆལ་དེའི་ནང༌། ‘‘ལོ་བཅུ་ཕྲག་འགའ་ཞིག་གི་རིང་ཏཱ་ལས་རྫུན་ཡང་ཡང་བཤད་ཅིང༌། ༡༩༥༡ ལོར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཁོ་པས་ཀྲུང་དབྱང་ལ་ཏར་བཏང་ནས། ཕྱོགས་གཉིས་པོས་མཛའ་གྲོགས་ཀྱི་རྨང་གཞིའི་ཐོག ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་བོད་ས་གནས་སྲིད་གཞུང་དང་སེར་སྐྱ་མི་དམངས་ཀྱིས་བརྩི་བཀུར་མགྲིན་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བཤད་རུང༌། ༡༩༦༡ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཁོ་པས་གཏམ་བཤད་བྱེད་སྐབས། ༡༩༥༡ ལོར་བཙན་བཤེད་བྱས་པའི་དབང་གིས་བཟང་བཙོན་གྱི་གནས་སུ་གྱར་བའི་རང་རེའི་ཕྱོགས་ཀྱི་འཐུས་མིས་རྒྱ་དམར་པོའི་བསམ་འདུན་གཞིར་བཟུང་བྲིས་པའི་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་འགོད་དགོས་བྱུང་ཡོད་’’ཅེས་གསུངས་ཚུལ་ལུང་འདྲེན་བྱས་པའི་གསུང་འཕྲིན་གྱི་བརྗོད་དོན་དངོས་དང༌། ལོ་ཚིགས་བཅས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་ཡོད་པས་དོན་དམ་དུ་རྫུན་ཡང་ཡང་ཤོད་མཁན་དེ་སུ་ཞིག་ཡིན་མིན་ཞིབ་དཔྱད་ན་ས་རིས་ཐང་གསལ་དུ་གྱུར་ངེས་ཡིན། དེ་ཡང་ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ཐོག་ཏུ། ‘‘བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་མི་འདྲ་གྲལ་བསྒྲིགས་ཀྱི་གླེང་མང་ཐོག་ ༡༩༤༩ ལོ་ནས་བོད་སར་རིམ་འཛུལ་གྱིས་མཐར་ ༡༩༥༠ བོད་ལྕགས་སྟག་ལོར་ཆབ་མདོར་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ། ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག་’’ཅེས་བཀའ་བསྩལ་ཡོད་པས་ྋགོང་ས་མཆོག་གི་བཀའ་སློབ་གསུང་འཕྲིན་གྱི་ཕྱག་དེབ་ཁག་ལ་ཞིབ་དཔྱད་བྱས་ན་རྒྱ་གཞུང་དང་དཔྱད་གཏམ་པའི་འཁྱོག་བརྗོད་རྫུན་བཟོའི་རང་མཚན་དམར་བརྗེན་དུ་ཐོན་ངེས་ཡིན།

དེ་ཡང་རྒྱ་གཞུང་ནས་ཆབ་མདོར་གསོན་བཟུང་བྱས་པའི་ང་ཕོད་ངག་དབང་འཇིགས་མེད་གཙོ་བོར་གྱུར་པའི་བོད་གཞུང་གི་སྐུ་ཚབ་རྣམས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གིས་འཇོག་བཅུག་པ་ནི་ཁྲིམས་ཐོག་ནས་ཚད་འཛིན་འཕེར་བའི་ཆིངས་ཡིག་ཅིག་མིན་ནའང་བོད་གཞུང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དཔྱད་གཏམ་པས་བཀོད་པ་ལྟར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཕྱོགས་གཉིས་པོས་མཛའ་གྲོགས་ཀྱི་རྨང་གཞིའི་ཐོག་བོད་གཞུང་དང༌། སེར་སྐྱ་མི་དམངས་ཀྱིས་ཐུགས་མོས་མེད་བཞིན་དུ་བརྩི་བཀུར་ཞུས་ཏེ་ལོ་དགུའི་རིང་ཆིངས་དོན་བཞིན་རྒྱ་དམར་ལ་མཐུན་འབྲེལ་གྱི་ཐོག་ནས་ཆིངས་ཡིག་དོན་གསལ་ལག་ལེན་འཁེལ་བའི་ཐབས་ཤེས་ལན་དགུ་ཆད་མཐུད་དུ་འབད་བརྩོན་རྒྱུན་མཐུད་གནང་ཡང༌། རྒྱ་དམར་གྱི་ཕྱོགས་ནས་བོད་རྒྱལ་ཁབ་མི་རིགས་ཆོས་སྲིད་ལོངས་སྤྱོད་དང་བཅས་པ་ཡོངས་རྫོགས་ཤུལ་མེད་གཏོར་འཆར་ཁོ་ནས་རང་གི་འདོད་མོས་ལྟར་བཞག་པའི་ཆིངས་དོན་དེ་ཡང་རྒྱ་དམར་རང་ཉིད་ནས་ཡོངས་སུ་བརྡལ་བཤིགས་བཏང་བ་དཔེར་ན། གྲོས་མཐུན་དོན་ཚན་བཞི་པའི་ནང༌། ‘‘བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་རྒྱ་ནག་གིས་སྒྱུར་བཅོས་མི་བྱེད་’’ཅེས་གསལ་བ་དང༌། ‘‘ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང༌། དབང་ཆ་ལ་ཡང་རྒྱ་ནག་ནས་སྒྱུར་བཅོས་མི་བྱེད།’’ ཡང༌། ‘‘བོད་ཀྱི་དཔོན་རིགས་མཐོ་དམའ་རྣམས་ཀྱང་སྔར་བཞིན་གནས་རྒྱུ་’’བཅས་འཁོད་པ་དང༌། ཡང་ཆིངས་ཡིག་དོན་ཚན་བདུན་པའི་ནང༌།‘‘བོད་མི་མང་གི་ཆོས་དད་དང༌། ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག་བྱ་རྒྱུ། དགོན་པ་གྲྭ་ཚང་ལ་སྲུང་སྐྱོབ་བྱ་རྒྱུ། དགོན་པ་གྲྭ་ཚང་གི་ཡོང་སྒོར་སྒྱུར་བཅོས་མི་བྱེད་’’ཅེས་དང༌། ཆིངས་ཡིག་དོན་ཚན་བཅུ་གཅིག་ནང༌། ‘‘བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱ་རྒྱུའི་སྐོར་ལ་རྒྱ་མིས་བཙན་ཤེད་མི་བྱེད་པ་དང༌། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་དགོས་ཞུ་དུས་བོད་ཀྱི་འགོ་ཁྲིད་རྣམས་དང་གྲོས་བསྡུར་གྱིས་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་’’ཞེས་དང༌། ཡང་ཆིངས་ཡིག་དོན་ཚན་བཅུ་གསུམ་པར། བྱབྱབཅིངས་དཀྲོལ་དམག་གིས་ཆིངས་ཡིག་དོན་ཚན་རྣམས་ལ་སྲུང་བརྩི་བྱེད་རྒྱུ་དང༌། ཉོ་ཚོང་དྲང་བཞག་མི་མང་གི་ཁབ་སྐུད་ཙམ་གང་བྱུང་མི་ལེན་བྱབྱཞེས་སོགས་གསལ་བའི་ཆིངས་ཡིག་གི་དོན་ཚན་རེ་རེ་བཞིན་རྒྱ་གཞུང་རང་ཉིད་ནས་བརྩིས་མེད་བརྡལ་བཤིགས་ཆ་ཚང་བཏང་བ་མ་ཟད། ཆིངས་ཡིག་གི་འབྲུ་དོན་དང་ཡོངས་སུ་འགལ་བའི་ལྡོག་ཕྱོགས་ཀྱི་བྱ་ངན་རིམ་པར་སྤེལ་ཏེ་ཁབ་སྐུད་ཙམ་གང་བྱུང་མི་ལེན་པའི་རྒྱ་ལས་ཡོངས་སུ་བརྒལ་ནས་བོད་རྒྱལ་ཁབ་བཙན་བཟོས་ཀྱིས་ྋགོང་ས་མཆོག་གིས་དབུས་རྗེ་འབངས་འབུམ་ལ་ཉེ་བ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་དུ་ཕེབས་བཞུད་གནང་དགོས་བྱུང་བ་དང༌། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བརྩིས་མེད་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་ཡོད་ལ། བོད་མི་དམངས་ཡོངས་ནས་ཀྱང་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེར་བརྩི་འཇོག་རྩ་བ་མེད་པའི་གནས་ཚུལ་རྣམས་རྒྱ་ནག་དམར་གཞུང་དང༌། དེའི་མགྲིན་ཚབ་པའམ་རྒྱུག་ཁྱི་དཔྱད་གཏམ་པ་རང་ཉིད་བཅས་ནས་ཤེས་གལ་ཆེ།

དེ་ཡང་བོད་གཞུང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱ་ཞི་འགྲིགས་ཡོང་རེས་གུ་བཤངས་བསྟུན་མཁས་ཇི་ཙམ་གནང་རུང༌། རྒྱ་ནག་དམར་གཞུང་ནས་ཁ་ཞེ་མི་མཚུངས་པའི་ངང་བཙན་དབང་གདུག་རྩུབ་ཀྱི་བསམ་ངན་སྦྱོར་རྩུབ་ཉིན་རེ་ལས་ཉིན་རེ་ཇེ་བཙན་ཇེ་རྩུབ་ཏུ་བཏང་ཐོག་ཆིངས་ཡིག་དོན་ཚན་བཅུ་བདུན་ནང་གསལ་གྱི་ཆིངས་དོན་དང་རྩ་འགལ་གྱི་ལས་ཀ་སྣེ་མང་བྱས་པར་མ་ཟད། ལྷག་པར་བོད་ཀྱི་མདོ་སྨད་ཁུལ་ལ་དམངས་གཙོའི་བཅོས་སྒྱུར་ཞེས་པའི་ལས་འགུལ་སྤེལ་ཏེ། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་བཏང་བ་དང༌། མང་ཚོགས་དང་མི་དྲག ཆོས་པ། ཤེས་ཡོན་ཅན་སོགས་ལ་གདུག་རྩུབ་ཆེན་པོས་མནར་གཅོད་རིམ་པར་བཏང་བ་དང༌། བོད་མི་ཚོས་རང་གི་བདེ་སྡུག་དང་འབྲེལ་བའི་རེ་འདུན་གང་ཞུས་ལ་ཉན་འཇོག་རྩ་བ་ནས་མ་བྱས་སྟབས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རྒྱ་རྒོལ་དྲག་པོའི་སྒྲིག་འཛུགས་ཆགས་ཤིང༌། ལྷག་པར་རྒྱ་ཕྱོགས་ནས་གཅིག་མཇུག་གཉིས་མཐུད་ངང་ྋགོང་ས་མཆོག་གི་སྐུ་ཕྱྭར་གནོད་གཞིའི་ལས་ངན་དངོས་སུ་བརྩམས་པ་སོགས་ལ་བརྟེན། ཕྱི་ལོ་ ༡༩༥༩ ལོར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་རྔམ་སྟོན་ཁྲོམ་སྐོར་ལངས་ཤིང༌། དེའི་ཐོག་རྒྱ་གཞུང་གིས་དྲག་གནོན་ཚད་ལས་འདས་པ་བྱས་སྟབས། ྋགོང་ས་མཆོག་དང་བོད་གཞུང་བཀའ་ཤག་བཅས་པ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ ཉིན་དགོང་དྲོ་རྒྱལ་ས་ལྷ་ལྡན་ནས་རེ་ཞིག་ལྷོ་ཁུལ་དུ་བོད་ཀྱི་བསྟན་སྲིད་བདེན་དོན་སླད་ཉེན་གཡོལ་དུ་ཕེབས་དགོས་བྱུང༌།

ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༢༦ ཉིན་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་ཕེབས་བཞུགས་མཛད་དེ། འཕྲལ་སེལ་གྱི་བོད་གཞུང་གསར་འཛུགས་མཛད་པ་དང་སྦྲེལ་རྒྱ་ཁྱབ་རྫོང་གཞིས་ཡོངས་ལ་བཀོད་རྒྱ་གནང་སྟེ༑ རྒྱ་དམར་གུང་ཁྲན་ཏང་ནས་བཙན་བཤེད་ཀྱིས་བོད་དུ་དྲག་པོའི་དམག་དཔུང་བཏང་བར་མི་འབོར་གོ་ལག་གང་ཅི་ནས་ཡ་ལན་མ་འཕྲོད་པས་རྒྱ་བོད་དབར་ཆིངས་ཡིག་དོན་ཚན་བཅུ་བདུན་འཁོད་པ་བོད་གཞུང་ལ་འདྲི་བསྡུར་ཙམ་ཡང་མེད་པར་རྒྱ་དམར་རང་གིས་འདོད་མོས་ལྟར་དབང་མེད་སྣོལ་འཇོག་བྱེད་དགོས་བྱུང་བ་ནས་བཟུང་ྋགོང་ས་མཆོག་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ། བོད་སེར་སྐྱ་མི་དམངས་བཅས་ནས་མཐུན་ལམ་ངོ་བསྟུན་འགྱོད་མེད་གང་ཡོང་ཅི་གཟབ་གནང་རུང༌། རྒྱ་དམར་གཞུང་དང༌། བོད་སྡོད་རྒྱ་དམར་གྱི་དཔུང་དམག་ནས་ཆིངས་དོན་ལ་མི་གནས་པའི་བྱ་ངན་རིམ་པར་བྱས་ལུགས་གསུངས་ཏེ་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཐོག་མ་དེ་བོད་ཀྱི་ས་ཐོག་རང་དུ་མཛད་ཡོད།

དེ་རྗེས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཆིབས་སྒྱུར་ལེགས་གྲུབ་ཟིན་རྗེས་ཟླ་ ༤ ཚེས་ ༡༨ ཉིན་ཏཙེ་པུར་དུ་སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་གཞུང་གི་དབང་བཤེད་ལ་བརྟེན་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་འདི་མི་བཞག་ཐབས་མེད་བྱུང་བའི་ནང་ལའང་བོད་ཀྱི་ནང་ཁོངས་རང་བཙན་གཙང་མ་ལོངས་སུ་སྤྱོད་ཆོག་པ་དང༌། ཆོས་དང༌། གོམས་གཤིས། ཏཱ་ལའི་བླ་མའི་དབང་ཆ་བཅས་ལ་བསྒྱུར་བཀོད་མི་བྱེད་པ་གསལ་པོ་འཁོད་ཡོད། ངོས་དང༌། བོད་གཞུང་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་གང་ཐུབ་ཅི་ཐུབ་ཀྱིས་བརྩི་འཇོག་བྱས་ན་ཡང༌། རྒྱ་ནག་གི་དབང་འཛིན་རྣམས་ནས་ཐེ་བྱུས་མུ་མཐུད་ཇེ་ཆེར་བཏང་སྟེ། ཆིངས་དོན་ལ་བརྩི་མེད་མང་པོ་བྱས་རྐྱེན། སྤྱི་ལོ་ ༡༩༥༥ ནང་མདོ་ཁམས་ཕྱོགས་སུ་ངོ་རྒོལ་དམག་འཁྲུག་གི་འགོ་ཚུགས། རྒྱ་དམག་གིས་དྲག་པོའི་ཐོག་ནས་སྡེ་དགོན་མང་པོ་མེད་པར་བཟོས། བླ་མ་དང༌། གྲྭ་པ། མི་སྐྱ་ཕོ་མོ་མང་པོ་བསད་པ་དང༌། སྤྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཀྱང༌། ལས་བྱེད་པར་མིང་མཐོང་ཙམ་ལས། དབང་བྱུས་ཡོངས་རྫོགས་རྒྱ་མི་རང་གི་ལག་པར་ཡོད་པ་རེད།བྱབྱ ཅེས་སོགས་གསུངས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཐེངས་གཉིས་པ་མཛད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་དོན་ཚན་ཁག་ལ་རྒྱ་ནག་དམར་གཞུང་རང་ཉིད་ཀྱི་ངོས་ནས་བརྩིས་མེད་བརྡལ་བཤིགས་རིམ་པར་བྱས་པས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཐེངས་གསུམ་པ་མཛད་དེ་དུས་དེ་ནས་བཟུང་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་ཡོངས་གྲགས་སུ་བརྩིས་མེད་དུ་སོང་ཟིན་པས་སླར་ཡར་རོ་ལངས་རྒྱག་དགོས་དོན་མེད།

དེ་ཡང་གྲོས་བདུན་དོན་ཚན་བཅུ་བདུན་ནང༌། བྱབྱཏཱ་ལའི་བླ་མའི་སྔར་ཡོད་ཀྱི་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བཅོས་བསྒྱུར་མི་བྱེད་བྱབྱཅེས་གསལ་ཡོད། དོན་ཚན་དེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམས་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་གཙོ་བོ་ཡོད་པ་རྒྱ་གཞུང་ནས་ཁས་བླངས་ཡོད་ལ། སྐུ་དབང་ལ་རྒྱ་གཞུང་ནས་སྒྱུར་བཅོས་མི་གཏོང་བའི་ཁས་ལེན་ཡང་བྱས་ཡོད། སྔོན་བྱུང་ལོ་རྒྱུས་ཀྱི་ཐོག་ཏུའང་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་དབང་ཆེ་བའི་རྒྱུ་མཚན་ཡང་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་བསྟན་ཡོད་ལ༑ ལྷག་པར་ཆིངས་ཡིག་དེའི་དོན་ཚན་དང་པོར། བྱབྱབོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས།བྱབྱ ཞེས་འཁོད་པས་དེ་གོང་བོད་དེ་ཁྱིམ་ཚང་ཆེན་པོའི་ནང་མེད་པ་ངོས་ལེན་བྱས་པས་ན། བོད་འདི་བཞིན་རྒྱ་ནག་གི་སའི་ཆ་ཤས་དང༌། བདག་དབང་གི་མངའ་ཁོངས་མིན་པ་ཤིན་ཏུ་གསལ་ཞིང༌། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ཉིད་བཞག་པའི་འོག་བོད་ཀྱི་རང་བཙན་གྱི་གནས་བབས་ཆ་ཚང་རྒྱ་གཞུང་ནས་བཙན་དབང་གིས་འཕྲོགས་པའི་གནས་ཚུལ་ཞིག་ཆགས་ཡོད་ལ། འཛམ་གླིང་ཐོག་གཏམ་བརྗོད་རང་དབང་ཡོད་མཁན་ཚང་མས་མགྲིན་དབྱངས་གཅིག་མཐུན་དུ་རྒྱ་ནག་དམར་གཞུང་ནས་བོད་གངས་ཅན་ལྗོངས་དེ་བཙན་བཟུང་བྱས་པ་ཞིག་ལས་དོན་དམ་བཅིངས་དཀྲོལ་བཏང་བར་ངོས་འཛིན་བྱེད་མཁན་གཅིག་ཀྱང་མེད།

ཡང་སྒོས་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པ་དེ་ནི་རྒྱ་མིའི་དཔུང་སྟོབས་དང༌། དབང་ཤེད་དང་མེ་མདའི་བསྡིགས་རའི་འོག་བཞག་དགོས་བྱུང་བ་ལས། འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཆིངས་ཡིག་མིན་སྟབས་ང་ཚོས་དུས་ནམ་ཡང་ཁས་ལེན་བྱེད་ཐབས་བྲལ་ཞིང༌། གལ་ཏེ་ཆིངས་ཡིག་ཚད་ལྡན་ཞིག་ཡིན་དབང་དུ་བཏང་ནའང་དེ་དང་རྒྱབ་འགལ་ཐོག་མར་རྒྱ་དམར་རང་ཉིད་ནས་བྱས་པར་བརྟེན་ཁྲིམས་འགལ་གྱི་ནག་ཉེས་ཐམས་ཅད་རྒྱ་གཞུང་རང་ཉིད་ནས་འཁྱེར་དགོས་པ་ལས། ནག་ཉེས་འདི་གཞན་ལ་གཡོག་ཐབས་དང་འདི་ལས་གཡོལ་ཐབས་ནམ་ཡང་མེད་པས། འཇིག་རྟེན་གྱི་ཁ་དཔེར་ཡོད་པ་བཞིན་རྒྱ་བསྐྱེད་བཙན་རྒྱལ་རིང་ལུགས་རྒྱ་གཞུང་རང་ཉིད་འགྲོ་སའི་ལམ་དང༌། འཛུལ་སའི་ཁུང་བུ་མི་རྙེད་པར་གྱུར་ཡོད།

དེ་ལྟར་བཙན་དབང་དང་སྡིག་རའི་འོག་བཞག་པར་ཡོངས་སུ་གྲགས་པའི་བོད་རྒྱ་གཉིས་དབར་གྱི་ཆིངས་ཡིག་དོན་ཚན་བཅུ་བདུན་ནི། བོད་རྒྱ་གཉིས་དབར་ལོ་རྒྱུས་ཐོག་ཆིངས་ཡིག་མང་དུ་བཞག་པའི་ནང་ནས་ཆེས་མཐའ་མའི་ཆིངས་ཡིག་དེ་ཡིན་ཞིང༌། དེ་ཡང་ཆིངས་ཡིག་དེ་ཐོག་མར་བཙན་དབང་སྡིག་རའི་འོག་ཏུ་བཞག་པ་དང༌། བར་དུ་རྒྱ་གཞུང་གི་དྲག་ཤུགས་འོག་ཏུ་ཕྱི་ཚུལ་ལ་ཁས་ལེན་མ་བྱས་ཐབས་མེད་བྱུང་བ་དང༌། མཐའ་མར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཟིན་པར་བརྟེན་ནས་ཁྲིམས་ལུགས་སོགས་གང་ཐད་ནས་དེར་ནུས་པ་གང་ཡང་མེད་པའི་ནན་བཤད་གནང་ཟིན་པས་འདས་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་སྐོར་ལ་རྙོག་མ་གཏིང་སློང་མི་བྱེད་པར་མ་འོངས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་གྲོས་མཐུན་གསར་པ་ཞིག་འཇོག་རྒྱུ་ནི་བོད་རྒྱ་མི་རིགས་གཉིས་རང་དབང་འདྲ་མཉམ་ཐོག་འཆམ་མཐུན་ངང་གནས་ཐབས་ཀྱི་གཞི་རྩ་ངོ་མ་དེ་ཡིན་པ་ཤེས་པར་གྱིས་ཤིག

ཁ༽ བོད་རྒྱ་ཁ་ཕྲལ་དང་ཆིག་སྒྲིལ། ཡང་རྩོམ་འཆལ་དེའི་ནང༌། ‘‘ཕྱི་རྒྱལ་དུ་བྲོས་བྲོལ་དུ་ཕྱིན་ནས་ལོ་ ༥༠ སོང་རིང་ཀླད་རྙིང་མཁྲེགས་བཟུང་དང༌། བོད་རང་བཙན་གྱི་ལོག་སྤྱོད་ལངས་ཕྱོགས་མཐའ་འཁྱོངས་བྱེད་མཁན་ཏཱ་ལས་ཐབས་སྐྱོ་བའི་འཁྲབ་སྟོན་པ་ཞིག་དང་འདྲ་བར་ནང་པའི་དགེ་སློང་དང༌། ཆབ་སྲིད་ཀྱི་ཡུལ་གྱར་བ་ཞིག་ཏུ་ཡང་ཡང་བརྫུས་ནས་ཆོས་ལུགས་ཀྱི་གར་སྟེགས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་བྱ་ངན་སྤེལ་ཡོད།’’ཅེས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གང་ཉིད་ཐོག་མཐའ་བར་གསུམ་དུ་གཞི་རྩའི་ཁ་ཕྲལ་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་མཁན་ཞིག་ཡིན་ཚུལ་གྱི་གཞི་རྩ་བྲལ་བའི་སྐྱོན་བརྗོད་བྱས་ཡོད། དེ་ནི་ལོ་རྒྱུས་ཀྱི་དོན་དངོས་གཞིར་བཞག་སྟེ་ཡང་སྙིང་གནས་ལུགས་དང་གཞི་རྩ་ཡོད་མེད་དཔྱད་པ་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱ་མི་རིགས་གཉིས་མཉམ་གནས་ཡོང་ཐབས་སུ་རྒྱ་ནག་གཞུང་དང་མཉམ་དུ་ཕྱག་ལས་གནང་ཐུབ་མཁན་ཐོག་མ་དེ་ཡིན་ཞིང༌། དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་ཉིད་དང་ཉིད་ཀྱིས་དབུ་ཁྲིད་གནང་བའི་བོད་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་སུ་རྒྱ་ནག་ཏུ་སྐུ་ཚབ་འཐུས་མི་རིམ་པར་མངགས་གཏོང་མཛད་ཡོད། གལ་ཏེ་ྋགོང་ས་མཆོག་ལ་སྐབས་དེར་མཐའ་གཅིག་ཏུ་རྒྱ་ནག་དང་ཁ་གཏད་དུ་བཞེངས་ཏེ་འཐབ་རྩོད་བྱ་རྒྱུའི་དགོངས་བཞེད་ཡོད་ཚེ༑ སྐབས་དེར་ཁོང་ཉིད་བོད་ཀྱི་མཐའ་མཚམས་གྲོ་མོ་ནས་ཐད་ཀར་རྒྱ་གར་འཕགས་ཡུལ་དུ་བདེ་བར་ཕེབས་ཐོན་ཐུབ་པའི་གོ་སྐབས་བཟང་པོ་དེ་འདྲ་ཞིག་བློས་གཏོང་མཛད་ནས་བཙན་འཛུལ་དགྲ་དམག་གིས་མཐའ་བཞི་བསྐོར་བའི་གངས་ལྗོངས་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིར་ལོག་མཛད་མི་སྲིད་ལ༑ བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཚོགས་པ་ཟུར་བཙུགས་ཀྱིས་སྐུ་ཚབ་རིམ་གཏོང་གི་ཐོག་ནས་མེས་འཚིག་མེར་གཏུག་གིས་བོད་རྒྱའི་དཀའ་རྙོག་གང་མྱུར་སེལ་ཐབས་གནང་དོན་དེ་བས་མེད། ལྷག་པར་སྔོན་གྱི་ལོ་རྒྱུས་དང༌། བོད་མིའི་ཐོབ་ཐང་སོགས་ལ་མ་བལྟོས་པར་མ་འོངས་པའི་མདུན་ལམ་དེ་ཉིད་གལ་འགངས་ཆེ་གཟིགས་ཀྱིས་གཉིས་སྨན་དབུ་མའི་ལམ་བཟང་གི་བཞེངས་ཕྱོགས་མཐའ་འཁྱོངས་མཛད་དགོས་དོན་དེ་བས་ཀྱང་མེད། དེས་ན་རྒྱ་གཞུང་གིས་དོན་དངོས་ཀྱི་གནས་ཚུལ་རྣམས་མཐོང་ཡང་མ་མཐོང་ཁུལ་བྱེད་པ་དང༌། ཐོས་ཀྱང་མ་ཐོས་པའི་ཚུལ་གྱིས་ཞར་བ་དང་འོན་པའི་ངང་ཚུལ་འཛིན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་གྱི་ལས་འགུལ་སྤེལ་ལུགས་སོགས་རྒྱ་གཞུང་རང་ཉིད་ནས་ཀླད་རྙིང་མཁྲེགས་བཟུང་དང༌། ལྐུགས་པ་ཨུ་ཚུགས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་ཀྱིས་ཐབས་སྐྱོ་བའི་འཁྲབ་སྟོན་པ་ཞིག་དང་འདྲ་བར་དཀར་ནག་གོ་ལྡོག་དང༌། བདེན་རྫུན་ཕྱིན་ཅི་བསློགས་པའི་དཀྲོག་གཏམ་ནམ་མཁར་མི་ཤོང་བ་བཤད་དང་ཤོད་མུས་ཡིན་ཏེ། རྩོམ་འཆལ་དེའི་ནང་‘‘འདི་ལོའི་ཟླ་བ་ ༤ ཚེས་ ༡ ཉིན་ཀྲུང་གོ་དང་ཕ་རན་སིའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་ཕ་རན་སིས་རྣམ་པ་གང་རུང་གི་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་རྒྱུའི་ཁས་བླངས་པ། ཨ་རི་དང༌། མོ་ལུའོ་ཀོཔ་ཀི་སི་ཐན། སིང་ག་ལ། ནན་ཕེ་སོགས་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་རྒྱུའི་རྣམ་འགྱུར་བསྟན་’’ལུགས་བཀོད་པ་ལས་ཀྱང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རང་བཙན་རྩོད་ལེན་མི་བྱེད་པར་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་བཞིན་པ་རྒྱ་ནག་དམར་གཞུང་དང་དཔྱད་གཏམ་པ་རང་ཉིད་ནས་དོན་གྱིས་མཁས་བླངས་པར་སོང་བས། ཤོད་རྒྱུ་མེད་ནས་བཤད་ནད་ལངས་པ་དང༌། ཟེར་རྒྱུ་མེད་ནས་ཟེར་ནད་ལངས་ཏེ་བཤད་པ་ཞིག་ཡིན་པས། འདི་ལྟ་བུའི་རང་མགོ་ཆུ་འདྲེན་མི་བྱེད་པར་སྨྲ་བ་ཉུང་ན་མཛེས་ལ། བཤད་རྒྱུ་ཡོད་ན་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཤོད་གལ་ཆེ།

ཡང་རྩོམ་འཆལ་དེའི་ནང༌། ‘‘ཏཱ་ལས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ལོག་སྤྱོད་ཀྱི་དབང་སྒྱུར་རོ་ལངས་རྒྱག་རྒྱུར་ཕྱིའི་རྒྱབ་སྐྱོར་བརྩོན་ལེན་བྱེད་’’ཚུལ་བརྗོད་པ་ནི། རང་ལ་འཇག་མ་མི་ཐར། མི་ལ་བོང་རྒྱུག་ཚད་ཚད་ཀྱི་དཔེ་ལྟར་གྱུར་ཡོད། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་གི་ཞི་བདེ་དང༌། འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས། ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་གོང་མཐོར་བཏང་སྟེ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་སོགས་ཀུན་ཁྱབ་སེམས་འཁུར་གྱིས་བླ་ན་མེད་པའི་མཛད་འཕྲིན་མཁའ་མཐར་ཁྱབ་བཞིན་པར་ཕྲག་དོག་གིས་ཉི་ཤར་སྦར་མོས་ཁེབས་ཐབས་དང༌། གཞན་ཁ་ཕྱ་རས་ཁེབས་ཐབས་ཀྱིས་གཞི་མེད་སྙོན་འཛུགས་བྱས་པ་ཞིག་སྟེ། ཕྱི་ལོ་ ༢༠༠༩ གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ཏུ། ‘‘རྒྱ་བོད་མི་རིགས་གཉིས་སྲིད་པ་ཆགས་པ་ནས་ས་བབས་ཀྱིས་ཁྱིམ་མཚེས་སུ་ཡོད་སྟབས་འབྱུང་འགྱུར་ཡང་འཇིག་རྟེན་ནམ་གནས་བར་མཉམ་གཤིབ་དགོས་པས་མཛའ་མཐུན་མཉམ་གནས་དགོས་གལ་ཤིན་ཏུ་ཆེ། རྒྱ་ནག་དམར་པོས་དབང་བསྒྱུར་བྱས་པ་ནས་བཟུང་བོད་དང་བོད་མིའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་རྒྱུན་འཁྱོངས་བྱས་དབང་གིས་རྒྱ་ནག་མང་ཚོགས་ནང་བོད་ཀྱི་གནས་ཚུལ་ངོ་མ་ཤེས་མཁན་ཤིན་ཏུ་ཉུང་བ་དང༌། ཤེས་ཐབས་དཀའ་བའི་ཐོག་སྔ་ལོ་ཕྱི་ཟླ་གསུམ་པའི་བྱུང་རྐྱེན་རྗེས་གཡོན་ཐལ་གྱི་འགོ་ཁྲིད་ཚོས་བོད་རྒྱའི་མི་རིགས་དབར་འཁོན་འཛིན་དང་ཁ་བྲལ་ཡོང་ཐབས་ཆེད་གཉེར་གྱིས་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བར་བརྟེན་རྒྱ་རིགས་ནང་བོད་མིར་མཐོང་ཚུལ་ངན་པ་བྱུང་ཡོད། ངོས་ནས་རྒྱ་རིགས་སྤུན་ཟླ་རྣམས་ལ་འབོད་སྐུལ་སྔ་རྗེས་བྱས་པ་ལྟར་ད་རེས་སླར་ཡང་རྒྱ་རིགས་སྤུན་ཟླ་ཡོངས་ལ་བོད་དང་བོད་མིའི་སྐོར་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཁོ་ནར་ཚད་འཛིན་མི་བྱེད་པར་གཟུ་བོའི་བློས་གནས་ཚུལ་ངོ་མ་ཇི་བཞིན་བརྟག་དཔྱད་གནང་སྟེ་མི་རིགས་ཁ་བྲལ་འགོག་ཐབས་དགོས་པའི་འབོད་སྐུལ་བསྐྱར་ནན་བྱེད་ཀྱི་ཡོད་ཅིང༌། བོད་མི་ཚང་མས་ཀྱང་རྒྱ་རིགས་རྣམས་དང་མཛའ་འབྲེལ་གོང་མཐོར་སྤེབས་ཐབས་རྒྱུན་ལྡན་བྱེད་དགོས་’’ཞེས་བཀའ་སྩལ་ཡོད་པས། མེས་རྒྱལ་ཁ་བྲལ་གཏོང་བ་ཞེས་པ་ནི་གཏམ་ཨ་ཕས་ཤོད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་པའི་དཔེ་ཟླར་སོང་ཞིང༌། ཁ་བྲལ་གཏོང་མཁན་ནི་རྒྱ་ནག་དམར་གཞུང་རང་ཉིད་ཡིན་པ་ནི། ཆུ་མོ་དྭངས་ཤིང་དྭངས་ཤིང༌། གྲམ་པ་གསལ་དུ་གསལ་དུ་འགྲོ་བའི་དཔེ་ལྟར་གྱུར་ཡོད།

གཞན་ཡང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་རིགས་ཡོངས་འདུས་ཀྱིས་རང་སྐྱོང་ཆེན་པོ་ཞིག་འཛུགས་དགོས་མིན་གྱི་ཐད་ལ། ‘‘གཅིག་གྱུར་ནས་ཁ་ཕྲལ་དང་ཁ་བྲལ་ནས་གཅིག་གྱུར་བྱེད་རྒྱུ་དེ། ལོ་རྒྱུས་ཐོག་བྱུང་མྱོང་ཡོད་པའི་གནད་དོན་ཞིག་ཡིན་པ་དང༌། བོད་རང་སྐྱོང་ལྗོངས་ཆེན་པོ་ཞིག་འཛུགས་རྒྱུ་དེ་ཆ་རྐྱེན་འཛོམས་མིན་གྱི་གནད་དོན་ཞིག་ཡིན་པ་ལས། ཁ་ཕྲལ་དང་ལོག་སྤྱོད་པ་རེད་ཟེར་བ་དེ་ལ་ང་རང་མོས་མཐུན་མེད།’’ ཅེས་གསུངས་པ་ལྟར་དང༌། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་བཤད་པ་ལྟར། ‘ལོ་རྒྱུས་ཀྱི་སྟེང་དུ་གཅིག་གྱུར་ཡིན་པའི་བོད་མི་རིགས་དེ་བཞིན་ད་ཆ་གུང་ཁྲན་ཏང་གིས་བོད་རང་སྐྱོང་ལྗོངས་དང༌། མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་གཅིག་གྱུར་གྱི་བོད་མི་རིགས་དེ་དུམ་བུ་ལྔ་ལ་བགོས་ནས་ཁ་བྲལ་བཏང་ཡོད་པས། དངོས་དོན་དེའི་ཐོག་ནས་བལྟས་ན་བོད་མི་ནང་ཁུལ་ཁ་ཕྲལ་གཏོང་མཁན་ཡང་རྒྱ་གཞུང་ཡིན་ལ། བོད་རྒྱ་གཉིས་ཁ་བྲལ་དུ་གཏོང་མཁན་ཡང་རྒྱ་གཞུང་རང་ཉིད་ཡིན་པ་དངོས་ར་གསལ་པོར་འཕྲོད་ཡོད་པས། ད་དུང་ཏཱ་ལའི་བླ་མས་ཁ་ཕྲལ་གཏོང་བ་ཟེར་བ་ནི་རང་ཉེས་གཞན་ལ་དཀྲི་ཐབས་བྱས་པ་ཞིག་ཡིན།

‘‘ལོག་སྤྱོད་ཀྱི་དབང་སྒྱུར་རོ་ལངས་རྒྱག་རྒྱུ་’’ཞེས་པ་ནི། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་དོན་མེད་ཆེད་དུ་སྐྱོན་བཙལ་ནས་རང་ཉིད་དཀར་འདོན་ཡོང་བའི་སྟོང་བསམ་བཅངས་པ་ཞིག་ཡིན་ཏེ། ྋགོང་ས་མཆོག་ནས་‘‘བོད་ནི་བོད་མི་ས་ཡ་དྲུག་ལ་བདག་པ་ཡིན། གཞུང་གི་ངོ་བོ་དང༌། སྤྱི་ཚོགས་ཀྱི་ལམ་ལུགས་ཐེ་བའི་བོད་ཀྱི་མ་འོངས་པའི་འགྲོ་སྟངས་རྣམས་བོད་མི་རང་ཉིད་ལ་ཐག་གཅོད་བྱེད་དུ་འཇུག་དགོས། སྲིད་དོན་དང༌། སྤྱི་ཚོགས་ཀྱི་སྒྲིག་འཛུགས་རྗེས་ལུས་ཤིག་སླར་གསོ་བྱ་རྒྱུའི་རེ་འདོད་བོད་མི་སུ་ཞིག་ལ་མེད་’’ཅེས་ཕྱི་ལོ་ ༡༩༨༨ ལོའི་ཡོངས་ཁྱབ་གསུང་འཕྲིན་ཐོག་གསུངས་ཡོད་ལ། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༢༠ ཉིན་བསྩལ་བའི་བཀའ་སློབ་ཏུའང༌། ‘‘དེང་རྒྱ་མི་ཚོ་འུ་ཐུག་ནས་ང་ཚོས་ཕྱི་རྒྱལ་ལུང་པར་བོད་ཀྱི་བདེན་དོན་ཆེད་འཐབ་རྩོད་བྱེད་པ་འདིའི་དམིགས་ཡུལ་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་རྒྱུ་དེ་རེད་ཅེས་བརྗོད་ཀྱི་ཡོད་པ་འདི་ནི་ཁོང་ཚོས་ཆེད་མངགས་རྫུན་བཟོ་འཁྱོག་བཤད་བྱས་པ་ཡིན་པ་ལས། ང་ཚོར་དམིགས་ཡུལ་དེ་འདྲ་རྩ་བ་ནས་མེད། ྋརྒྱལ་བ་རིན་པོ་ཆེས་འགོ་ཁྲིད་པའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་གང་ཞིག་གདིང་གི་འདུག་གམ་ཞེས་སུ་ལ་སྐད་ཆ་དྲིས་ཀྱང་ཤོད་རྒྱུ་མེད་ལ། དེ་སྐོར་དོགས་པ་ཙམ་ཡང་བྱེད་མཁན་མེད། ཕྱི་རོལ་དུ་ང་ཚོ་བོད་མི་བཙན་བྱོལ་བ་ཕལ་ཆེར་ཆིག་འབུམ་སུམ་ཁྲི་སྐོར་ཡོད་པ་འདིའི་ནང་མ་འོངས་པར་བོད་ཀྱི་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་རྒྱུའི་བསམ་བློ་གཏོང་རྒྱུ་ཕར་བཞག་རྨི་ལམ་ལ་ཡང་རྨིས་མཁན་ཨེ་ཡོད། དེ་ནི་རྒྱ་མི་ཚོའི་རི་བོང་གནམ་བརྡིབ་ཀྱི་སྡུག་བསྔལ་རེད་ལ༑ ཕྱོགས་གཞན་ཞིག་ནས་ང་ཚོས་དེ་འདྲ་བྱེད་ཀྱི་མེད་པ་རྒྱ་མི་ཚོས་ཤེས་ཀྱི་ཡོད། ཡིན་ནའང་འུ་ཐུག་ཐབས་ཟད་ཀྱིས་ཤེས་བཞིན་དུ་རྫུན་དང་ཧམ་པ་གང་འདྲ་ཞིག་བཤད་ན་དགའ་བསམས་ནས་བཤད་པ་ཞིག་རེད། ང་ཚོ་ནི་མ་འོངས་པར་མཐའ་གཅིག་ཏུ་རང་དབང་མང་གཙོའི་ལམ་ལ་འགྲོ་རྒྱུ་ཡིན།’’ཞེས་གསུངས་པ་ལྟར་ལོ་ངོ་ ༥༠ རིང་བོད་མིའི་ཆབ་སྲིད་ལམ་སྲོལ་གྱི་གཞི་རིམ་ལྟ་གྲུབ་ཀྱི་གཞི་རྩ་བཅོལ་ས་དྲང་བདེན་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གྱི་བཀའ་བཏགས་ཕྱག་རྒྱ་ལས་མི་འདའ་བའི་སྲིད་ཇུས་ཕྱག་ལེན་བསྟར་བཞིན་པའི་ཐོག་བོད་ཀྱི་ཆབ་སྲིད་ལམ་ལུགས་ཡང་དག་མང་གཙོའི་རིང་ལུགས་སུ་མདུན་བསྐྱོད་མཐར་ཕྱིན་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་འདིའི་ཐོག་ནས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པ་ཟེར་བ་ནམ་ཡང་མི་སྲིད་པའི་བདེན་དཔང་ར་འཕྲོད་བྱུང་ཡོད།

ཡང་ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༣ ཉིན་མང་མོས་འོས་བསྡུའི་སྐབས་ཀྱི་བཀའ་སློབ་ལས། བྱབྱང་ཚོའི་འཐབ་རྩོད་འདི་མི་རིགས་ཤིག་གི་དོན་དུ་ཡིན་པ་ལས། མི་ཉུང་ཤས་ཀྱི་ཁེ་ཕན་དོན་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པའི་དོན་དུ་མིན་ལ། ྋརྒྱལ་བ་རིན་པོ་ཆེའི་ཁེ་ཕན་གྱི་དོན་ནི་དེ་བས་ཀྱང་མིན།བྱབྱ ཞེས་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་མ་འོངས་ལུང་བསྟན་གྱི་ཚུལ་དང༌། རྒྱ་ཕྱོགས་ནས་འབྱུང་འགྱུར་འདི་ལྟར་གཞི་མེད་སྐྱོན་འཛུགས་བྱ་རྒྱུ་ཡིན་པ་མཁྱེན་ཆུབ་ཀྱི་ཐོག་ནས་སྔར་ནས་ལན་འདེབས་གསུངས་ཟིན་པའི་བཀའ་སློབ་ལུང་འདྲེན་ཁག་ལས་ལོགས་སུ་རྒྱུ་མཚན་བརྗོད་དགོས་པ་མ་མཐོང་ཞིང༌། གོ་བ་ཅན་ལ་ཚིག་གཅིག་གིས་ཀྱང་བརྡ་དོན་འཕྲོད་པར་གྱུར་ལ། གོ་ཤེས་མེད་པའི་གླང་རྒན་ལ་ཇི་ཙམ་སྨྲས་ཀྱང་ཕན་ཐོགས་དཀའ་བར་སེམས་སོ།།

ཡང་‘‘ལོག་སྤྱོད་ཀྱི་དབང་སྒྱུར་རོ་ལངས་རྒྱག་རྒྱུར་ཕྱིའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ཆེད་དུ་རང་ཡིན་པ་ལྟ་རྒྱ་ཐོས་རྒྱ་ཡོད་པ་ཚོས་མཐོང་ཐུབ།’’ ཅེས་བཤད་ཀྱང་རང་ཉིད་ལྟ་རྒྱ་དང་ཐོས་རྒྱ་ཆུང་བ་དང༌། ཡང་ན་མ་རིག་ལིང་ཏོག་གིས་སྒྲིབ་པ་དང༌། ཡང་ན་རི་བོང་རྡོ་བརྫུས་ཀྱི་དཔེ་ལྟར་མཐོང་ཡང་མ་མཐོང་ཁུལ་དང༌།  ཐོས་ཀྱང་མ་ཐོས་པའི་ཚུལ་གྱིས་ཤེས་བཞིན་དུ་གོ་བ་ལོག་སྒྲུབ་དང༌།  གཞི་མེད་སྐྱོན་འཛུགས་བྱས་པ་ཞིག་ལས་མ་འདས་ཤིང༌། དངོས་དོན་འཛམ་གླིང་ཐོག་བྱམས་བརྩེ་དང་དྲང་བདེན་ལ་དགའ་ཞིང༌། རང་དབང་དང་འཚེ་མེད་ཞི་ལམ་བཅས་ལ་མོས་ཤིང་མཐར་ཐུག་རང་དབང་མང་གཙོར་རྒྱལ་ཁ་འཐོབ་རྒྱུར་ཡིད་ཆེས་ཡོད་པའི་འཛམ་གླིང་ཐོག་གི་གཞུང་ཁག་དང༌། གྲོས་ཚོགས། ཚོགས་པ། མི་སྒེར་མང་པོ་ཞིག་གིས་ང་ཚོའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་བཞིན་པ་ནི་བདེན་པ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་ལས། རྒྱ་ནག་དམར་གཞུང་གི་བྱེད་ངན་ལྟར་མགོ་བསྐོར་བསླུ་བྲིད་དང༌། བཙན་པོ་དབང་ཡོད། དངུལ་དངོས་ཀྱིས་ཉོས་པ་ཞིག་མིན་པས་སྤོབས་པ་སྐྱེས་འོས་པ་ཞིག་ལས་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་གཏན་ནས་མིན།

ཕྱི་ལོ་ ༡༩༩༢ ལོའི་ཡོངས་ཁྱབ་ཀྱི་གསུང་འཕྲིན་ལས། ‘‘དེང་སང་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་ཇེ་ཆེར་སོང་བས་ང་ཚོར་དོ་སྣང་དང༌། རྒྱབ་སྐྱོར་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། སྔ་ལོའི་ནང་ངོས་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དེ་སྲིད་དོན་གྱི་དབུ་ཁྲིད་མང་པོ་དང་མཇལ་སྐབས་ཁོང་ཚོས་དངོས་འབྲེལ་ཤ་ཚ་དང་སེམས་འཁུར་གྱི་རྣམ་འགྱུར་བསྟན་པ་དེས་ངོས་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང༌། གཞུང་ཁག་གི་ལྟ་ཚུལ་བཟང་པོའི་འགྱུར་བ་དེ་རྒྱ་ནག་ལ་མི་དགའ་བ་མ་ཡིན་པར་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་’’ཅེས་བཀའ་སྩལ་བ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་བདེན་པ་དང་འཚེ་བ་མེད་པ་བཅས་ལ་རྒྱབ་སྐྱོར་བྱས་པ་ཞིག་མཚོན་པ་ཡིན། དེ་ནི་སྔོན་གྱི་གཏམ་དཔེར། བདེན་ལུང་པ་གཉིས་ལ་ཕུ་ཐག་ཡོད། རྫུན་ཁྲམ་པ་གཉིས་ལ་ཕུ་ཐག་མེད་ཅེས་པ་ལྟར་མཐར་རྫུན་རྐུབ་ཡོངས་སུ་བརྡོལ་ཞིང་བདེན་པ་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྨོས་མེད་ཡིན།

ཡང་རྩོམ་འཆལ་དེའི་ནང༌། ‘‘ཏཱ་ལ་ནི་ཁ་བྲལ་གྱི་བྱེད་སྤྱོད་སྤེལ་མཁན་ཆབ་སྲིད་ཀྱི་ཡུལ་གྱར་བ་འཁྲུལ་མེད་ཅིག་ཡིན་པ་དོན་དངོས་ཐོག་ར་སྤྲོད་བྱུང་ཡོད་’’ཅེས་བརྗོད་པ་ནི་ལྟག་ཆོད་འབའ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་འགོ་བརྩམས་ཤིང༌། ཕྱི་ལོ་ ༡༩༥༩ ལོར་གངས་ལྗོངས་ཆོལ་གསུམ་ཡོངས་རྫོགས་དྲག་པོས་བཙན་བཟུང་གིས་མ་བདག་བདག་ཏུ་བཟུང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་རྗེ་འབངས་འབུམ་ཕྲག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད། དེ་ཡང་ཕྱི་ལོ་ ༢༠༠༩ ལོའི་ཡོངས་ཁྱབ་གསུང་འཕྲིན་ཐོག་‘‘ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་མ་བྱས་ཐབས་མེད་དུ་གྱུར་ཅིང༌། དུས་མཚུངས་ངོས་རང་བཀའ་ཤག་གིས་མཚོན་བོད་གཞུང་གི་ལས་ཞབས་ཧྲག་བསྡུས་མཉམ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་དགོས་བྱུང༌། དེ་སྐབས་བོད་ནང་དྲག་གནོན་ཚད་མེད་བྱུང་སྟེ་ཟླ་ཤས་ནང་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང༌། འཇུ་བཟུང་བཙོན་འཇུག་ཚབས་ཆེན་བྱུང་སྐབས་བོད་མི་འབུམ་ལ་ཉེ་བ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་བཅས་བསམ་ཡུལ་ལས་འདས་པའི་གོད་ཆགས་ཇི་བྱུང་ད་ལྟའང་བོད་མི་རྣམས་ཀྱི་དྲན་ཡུལ་དུ་གསལ་བཞིན་ཡོད་’’ཅེས་གསུངས་པ་ལྟར་བོད་གཞུང་དང༌། བོད་ཀྱི་རྗེ་འབངས་འབུམ་གཅིག་དང་ཕྱེད་ཙམ་གཞན་ཡུལ་ལ་བཙན་བྱོལ་དུ་གྱར་བ་ནི་རང་ཡུལ་དུ་རང་བྱུང་གི་གནོད་འཚེ་དང༌། མུ་གེ ནང་འཁྲུག་སོགས་བྱུང་ནས་གཞན་ཡུལ་དུ་གྱར་བ་མིན་པར་རང་ཡུལ་གངས་ཅན་ལྗོངས་སུ་ཕྱི་རྒྱལ་རྒྱ་བསྐྱེད་བཙན་རྒྱལ་རིང་ལུགས་རྒྱ་ནག་དམར་གཞུང་ནས་དྲག་པོའི་བཙན་འཛུལ་བྱས་ཏེ་ཡུལ་གྱི་བདག་པོ་རྣམས་གཞན་ཡུལ་དུ་བཙན་བྱོལ་མི་བྱེད་ཐབས་མེད་བྱུང་བའི་ཆབ་སྲིད་ཀྱི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་སོགས་ནི་དོན་དངོས་ཡིན་པ་ར་འཕྲོད་ངོས་འཛིན་བྱས་པ་ཞིག་ཡིན་པས། མེས་རྒྱལ་ཁ་བྲལ་གྱི་བྱེད་སྤྱོད་སྤེལ་ཞེས་པ་ནི་ཁུངས་མེད་ཀྱི་གཏམ་འཆལ་ཞིག་དང་རང་གིས་རང་ལ་དགག་རྒྱག་བྱས་པ་ཞིག་ཡིན།

ག༽ མང་གཙོ་དང་སྲིད་དབང་སྒེར་གཅོད། ཡང་རྩོམ་འཆལ་དེའི་ནང༌། ‘‘ཁ་བྲལ་རུ་ཚོགས་ནང་དུ་ཏཱ་ལས། ཆོས་ལུགས་གཙོ་འཛིན་གྱི་མིང་ཐོག་ནས་ཉམས་དམས་སུ་འགྲོ་བཞིན་པའི་མི་སེམས་བསྡུ་ཐབས་བྱེད་ཅིང༌། ན་ནིང་ཟླ་བ་བཅུ་གཅིག་པར་ཏཱ་ལའི་རུ་ཚོགས་ཀྱིས་ནང་ཁུལ་གྱི་འགལ་ཟླ་སྡུག་ཏུ་འགྲོ་བའི་གནས་ཚུལ་འོག བོད་ཀྱི་མདུན་ལམ་གྱི་དམིགས་བསལ་ཚོགས་ཆེན་ཟེར་བ་འཚོགས་ནས་ཏཱ་ལའི་བོད་ལྗོངས་ཆོས་སྲིད་བྱ་གཞག་གི་གཙོ་འཛིན་གནས་བབ་སླར་ཡང་གཏན་འཁེལ་བྱས་ནས་ཁོ་པའི་སྲིད་དབང་སྒེར་གཅོད་ཀྱི་དབང་བསྒྱུར་དང་ཁ་ཕྲལ་བྱེད་སྤྱོད་སྲུང་ཆེད་ལམ་བཏིང་ཡོད།’’ ཅེས་གཞི་རྩ་བྲལ་བའི་སྨྱོ་ལབ་མང་དུ་བརྗོད་ཡོད། གོང་གི་བརྗོད་ཚིག་ལ་གཞིགས་ན་རྩོམ་པ་པོས་གང་ཞིག་ལ་མང་གཙོ་ཟེར་བ་དང༌། གང་ཞིག་ལ་སྲིད་དབང་སྒེར་གཅོད་ཅེས་བརྗོད་མིན་གྱི་གནད་ཙམ་ཡང་ཤེས་རྟོགས་མེད་པ་གཞི་ལྟར་གྲུབ་ཅིང༌། དམིགས་བསལ་གྱི་ཚོགས་ཆེན་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་གངས་ལྗོངས་བོད་རྒྱལ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་གཙོ་འཛིན་ཡིན་པ་དང༌། མགོན་པོ་གང་ཉིད་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་དུ་མ་བཞུགས་པར་སྔར་བཞིན་སྐུ་དབང་བཞེས་དགོས་པའི་གཏན་འབེབས་ཐག་གཅོད་བྱེད་མཁན་ནི་ྋགོང་ས་མཆོག་སྐུ་སྒེར་གྱིས་ཐག་གཅོད་གནང་བ་ཞིག་མིན་པར། དེ་ནི་རྩོམ་པ་པོ་རང་ཉིད་ཀྱིས་ངོས་ལེན་དང་བཅས་བརྗོད་པའི་དམིགས་བསལ་གྱི་ཚོགས་ཆེན་སྐབས་ཐག་གཅོད་བྱུང་བ་ཞིག་ཡིན། ལྷག་པར་དམིགས་བསལ་ཚོགས་ཆེན་དེའི་མི་སྣའི་གྲུབ་ཆ་དང༌། བསམ་ཚུལ་བསྡུ་རུབ་ཞུ་སྟངས་ཀྱི་དོན་དངོས་ཀྱི་རྣམ་པ་ནི། ལས་ཀྱི་སྣེ་མོར་གཏོགས་པའི་གཞུང་ཞབས་སྲི་ཞུ་བའི་འཐུས་མི་དང༌། སློབ་གྲྭ་ཁག་གི་མི་འཐུས། ཆོས་སྡེ་ཁག་གི་འཐུས་མི། གཞིས་ཆགས་ཁག་གི་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི། དེ་མིན་སྤྱི་ཚོགས་ཐོག་དོན་གཉེར་ཅན་གྱི་མི་གྲངས་ཉི་ཤུར་ས་མིག་བཅས་ཁྱོན་བསྡོམས་ཚོགས་ཆེན་དེར་མི་གྲངས་ ༥༦༢ ཚོགས་བཞུགས་གནང་ཡོད་ལ། དེ་དག་ནི་དོན་དམ་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་མཚོན་ཐུབ་ངེས་ཤ་སྟག་ཕེབས་བཞུགས་གནང་ཡོད། དེ་ཡང་ས་གནས་འཐུས་ཚོགས་དང༌། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང༌། ས་གནས་སྤྱི་མི་རྒྱ་དཔོན་དང༌། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གཉེར་ཁང་ཁག་གི་སྐུ་ཚབ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ནི་ས་གནས་སོ་སོའི་མི་དམངས་ཀྱིས་མང་གཙོའི་ལམ་སྲོལ་དང་མཐུན་ཞིང༌། རང་དབང་གིས་ཐོག་ནས་མང་མོས་འོས་བསྡུ་བྱས་ཏེ་འདེམས་ཐོན་བྱུང་བའི་མི་སྣ་སྟེ། མདོར་ན་འཐུས་མི་རྣམས་ནི་རང་རང་སོ་སོའི་ཡོངས་ཁུངས་མི་དམངས་ཀྱིས་བཀའ་ལུང་ཡོད་པའི་མི་སྣ་ཤ་སྟག་ཡིན། དེ་ལྟར་མིན་ནའང་རྒྱུན་གཏན་ནས་བོད་ཀྱི་ཆབ་སྲིད་ཐོག་ཐུགས་སྣང་ཅན་རྣམས་ཀྱང་རང་འདོད་ཀྱི་ཐོག་ནས་ཕེབས་རྒྱུའི་གོ་སྐབས་ཕུལ་ཡོད། དེ་དག་ཚང་འཛོམས་གནང་སྟེ་ཁྱོན་ཚོགས་ཆུང་ཁག་ ༡༥ ལ་ཆ་བགོས་ཀྱིས་ཚོགས་ཆུང་རེར་འཐུས་མི་གྲངས་ ༣༠ ལྷག་ཙམ་རེ་བཞུགས་ཡོད། ཚོགས་ཆུང་ཁག་གི་ནང་དུ་བོད་གཞུང་གི་བློན་ཆེན་ལྷན་ཁང་བདུན་གྱི་བཀའ་བློན་སོགས་གནད་ཡོད་མི་སྣ་རྣམས་མཉམ་བཞུགས་གནང་ཡོད་ཀྱང༌། ཁོང་རྣམས་ནི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་ཙམ་ཞིག་ཡིན་པ་ལས་བཀའ་གཏོང་རྒྱུའི་དབང་ཚད་ལྟ་ཅི། ཐ་ན་གཏམ་བཤད་དང་བསམ་ཚུལ་ཙམ་ཡང་བརྗོད་མི་ཆོག་པ་ཡིན། དེ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གི་དྲག་གནོན་དང་བཀག་རྒྱ་ཆེ་བའི་དམ་བསྒྲགས་ཀྱི་འོག་ནས་གཞིས་ལུས་ཆོལ་གསུམ་བོད་འབངས་རྣམས་ཀྱིས་འཇིགས་ཞུམ་མེད་པར་དྲ་ཐོག་དང༌། ཁ་པར་སོགས་བརྒྱུད་ལམ་འདྲ་མིན་གྱི་ལམ་ནས་རང་རང་གི་བསམ་པའི་འཆར་སྒོ་ལྷུག་པར་བརྗོད་མཁན་མི་གྲངས་ ༡༧༦༢༡ ལྷག་བྱུང་ཡོད་པ་ནི་དམིགས་བསལ་ཚོགས་ཆེན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཚོགས་མི་རྣམས་ནས་ཉིན་ལྔའི་རིང་གྲོས་བསྡུར་མཐར་ཕྱིན་པ་དང༌། གཏིང་ཟབ་གནང་བའི་མཐའ་མའི་གྲུབ་འབྲས་ཤིག་ཡིན་པས། དེ་ནི་སྲིད་དབང་སྒེར་གཅོད་ག་ལ་ཡིན།

དེས་ན་དཔྱད་གཏམ་པས། ‘‘བོད་ལྗོངས་ཆོས་སྲིད་བྱ་གཞག་གི་གཙོ་འཛིན་གནས་བབ་སླར་ཡང་གཏན་འཁེལ་བྱས་’’ཞེས་བོད་ལྗོངས་ཆོས་སྲིད་གཉིས་ཀྱི་བྱ་གཞག་མཐའ་དག་གི་གཙོ་འཛིན་གནས་བབ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཐོག་མཐའ་བར་གསུམ་དུ་ཡོད་པ་ངོས་འཛིན་བྱས་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་གངས་ལྗོངས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་དང༌། གང་ཉིད་ཀྱི་གངས་ལྗོངས་ལུགས་གཉིས་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་མུ་མཐུད་ནས་བཞེས་དགོས་པའི་སྐུ་དབང་སླར་ཡང་ཐག་གཅོད་བྱེད་མཁན་ནི་དམིགས་བསལ་ཚོགས་ཆེན་དེར་ཚོགས་བཞུགས་གནང་བའི་མི་མང་གིས་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས། ྋགོང་ས་མཆོག་སྐུ་སྒེར་གྱིས་ཐག་གཅོད་བྱས་པ་ཞིག་གཏན་ནས་མིན། མང་ཚོགས་ཀྱི་ཐག་གཅོད་དང་འདམ་ག་བྱེད་པ་དེར་དམངས་གཙོ་ཞེས་ཟེར་བ་དང༌། ཚོགས་པ་གཅིག་དང་མི་གཅིག་གིས་བཀའ་བཏང་སྟེ་ཐག་གཅོད་བྱེད་པ་དེར་སྲིད་དབང་སྒེར་གཅོད་ཅེས་བརྗོད་ཀྱི་ཡོད་པ་ཤེས་པར་གྱིས་ལ། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང༌། རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཚན་བཞི་དང༌། ལྟེ་བ་གཅིག་དང་རྩ་བའི་གནད་དོན་གཉིས་སོགས་རྒྱ་ནག་ནང་དམར་ཤོག་ཚོགས་པས་སྲིད་དབང་སྒེར་གཅོད་ཀྱི་གཞི་རྩའི་ལམ་ཕྱོགས་གཏན་འབེབས་བྱས་ཡོད། ལྷག་པར་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་དང་པོར། ‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པ་གྲལ་རིམ་གྱིས་འགོ་ཁྲིད་པ་དང༌། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།’’ ཞེས་བཀོད་ཡོད་ལ། དོན་དངོས་ཐོག་ཏུའང་རྒྱལ་ཁབ་ཀྱི་དབང་ཆ་ཡོད་དོ་ཅོག་བཟོ་ཞིང་གྲལ་རིམ་གྱི་འཐུས་ཚབ་ཡིན་ཟེར་བའི་དམར་ཤོག་ཚོགས་པར་ཡོད་པ་དེ་སྲིད་དབང་སྒེར་གཅོད་ཡིན་པ་རྒྱ་གཞུང་རང་གིས་ཀྱང་ཁས་བླངས་ཡོད་པས་རང་ཉིད་སྲིད་དབང་སྒེར་གཅོད་ཀྱི་ཞྭ་ནག་གྱོན་བཞིན་དུ་གཞན་ལ་སྲིད་དབང་སྒེར་གཅོད་པ་ཞེས་སྡིགས་མོ་བྱེད་པ་ནི་རྒྱ་ནག་དམར་གཞུང་གི་རྒྱུན་སྲོལ་གྱི་བྱ་སྤྱོད་ཅིག་ཡིན། དཔྱད་གཏམ་པས་སྲིད་དབང་སྒེར་གཅོད་ཅེས་པའི་ཐ་སྙད་ཀྱི་གོ་དོན་ལོག་འགྲེལ་བྱས་ཏེ། འཛམ་གླིང་ཐོག་སྲིད་དབང་སྒེར་གཅོད་པ་ཆེ་ཤོས་དང༌། སྡུག་གདུག་རྩུབ་ཆེས་ཆེ་བའི་རྒྱ་ནག་དམར་གཞུང་ལ་དམངས་གཙོའི་གསེར་རྩི་བྱུགས་པ་དང་ཆབས་ཅིག འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་ཚད་ལྡན་རྒྱ་གར་གཞུང་གི་རྩ་ཁྲིམས་འོག་ཀུན་གྱིས་བསྔགས་བསྟོད་ཞུ་ཡུལ་དུ་གྱུར་པའི་མང་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་གཞུང་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནག་རྩི་བྱུགས་ཐབས་བྱེད་པ་ནི། རང་ཉིད་མི་གཙང་བའི་འདམ་རྫབ་ནང་དུ་ལྷུང་བ་མ་ཤེས་པར། མི་ལྷ་ཁང་ནང་དུ་ཡོད་བསྡད་པ་མཐོང་བའི་དཔེ་ཟླར་སོང་ཡོད།

ཡང་སྒོས་རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་གཞུང་རང་གིས་འདེམས་བསྐོ་བྱས་པ་ཞིག་ལས། མང་ཚོགས་ལ་རང་དབང་མང་གཙོ་དང༌། འདྲ་མཉམ་གྱི་ཐོབ་ཐང་སོགས་གཏན་ནས་མེད་ལ། རྒྱ་གཞུང་གི་རྩ་ཁྲིམས་ནང་དུའང་དམར་ཤོག་ཚོགས་པར་ངོ་རྒོལ་བྱས་མི་ཆོག་པ་དང༌། དམར་ཤོག་ཚོགས་པའི་འགོ་འཁྲིད་ལ་ངོ་རྒོལ་བྱས་མི་ཆོག་པ། དམར་པོའི་ལམ་ལུགས་ལ་ངོ་རྒོལ་བྱས་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་པས། རྩ་ཁྲིམས་དེའི་ནང་དུ་མི་དམངས་ཀྱི་བསམ་ཚུལ་དང༌། མི་དམངས་ཀྱི་བདེ་སྡུག་ཅེས་ཤོད་ས་གཏན་ནས་མེད། དེས་ན་ངེས་པ་དོན་གྱི་སྲིད་དབང་སྒེར་གཅོད་པ་ནི་རྒྱ་གཞུང་རང་ཉིད་མིན་ཞེས་བརྗོད་ཐབས་བྲལ་ཞིང༌། མང་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་གཞུང་ནི་མང་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་ལ། ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་བཀའ་ཁྲི་མཆོག་དང༌། ཁྲིམས་བཟོ་ལྷན་ཚོགས་ཀྱི་སྤྱི་འཐུན་ཞལ་གྲངས་ ༤༣ དག་ཀྱང་མང་ཚོགས་ཀྱིས་གཞན་གྱི་འགྲོ་ལུགས་གང་ཡང་བརྒྱུད་མི་དགོས་པར་ཐད་ཀར་འདྲ་མཉམ་དང་རང་དབང་གིས་ཐོག་ནས་མང་མོས་འོས་འདེམས་བྱས་པ་འབའ་ཞིག་ཡིན། གྲོས་ཚོགས་ཀྱི་འཐུས་མི་དང༌། བློན་ཆེན་ལྷན་ཁང་གི་བཀའ་བློན་སོགས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་རང་གི་ལས་རྒྱུན་འཛིན་པའི་རིང་འཛིན་སྐྱོང་གི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་གང་སར་དགེ་འདོན་སྐྱོན་སེལ་གྱི་བསམ་འཆར་ཐད་ཀར་བཤད་ཆོག་ལ། སྐྱོན་བརྗོད་དང་བསམ་ཚུལ་འདོན་སྤེལ་བྱེད་སའི་རང་དབང་ཅན་གྱི་ཚགས་པར་དང༌། དུས་དེབ། རླུང་འཕྲིན། དྲྭ་རྒྱ། བརྙན་འཕྲིན་སོགས་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་བསམ་པའི་འཆར་སྒོ་དང་ལྟ་ཚུལ་ཅི་ཡང་གླེང་སློང་བྱེད་ཆོག་པའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པས། ཐོབ་ཐང་འདི་རིགས་ཚང་བའི་ཆབ་སྲིད་ཀྱི་ལམ་ལུགས་ནི་ཡང་དག་པའི་མང་གཙོའི་ལམ་ཀྱི་ཁྱད་ཡོན་ཡིན་པས། དེའི་ལྡོག་ཟླར་གྱུར་པའི་ངན་རུལ་གྱི་ལམ་ལུགས་ནི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཀྱི་ཞན་ཆ་ཁོ་ན་ཡིན། དཔེར་ན་རྒྱ་གཞུང་རང་ཉིད་བཞིན།

བཙན་བྱོལ་བོད་གཞུང་གི་ལྟ་གྲུབ་ཀྱི་གཞི་རྟེན་མཐར་ཐུག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་ལྟར་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་ཐོག་བསྐྱོད་བཞིན་པ་མ་ཟད། ལྟ་གྲུབ་འདི་གསུམ་ནི་ནམ་ཡང་འདའ་མི་རུང་བའི་བཀའ་བཏགས་ཀྱི་ཕྱག་རྒྱ་ཞིག་ཏུ་ཡིད་ཆེས་ངོས་འཛིན་བྱེད་བཞིན་པ་ལགས་ན། འཛམ་གླིང་འདིའི་ཐོག་གི་སྲིད་དབང་སྒེར་གཅོད་པ་ཆེ་ཤོས་རྒྱ་ནག་དམར་གཞུང་དང་བསྡུར་ཐབས་རྩ་བ་ནས་མེད་པས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་གྱི་སྤྱི་ཚོགས་ནང་སྲོལ་བཟང་གཏོད་གནང་མཛད་པའི་རང་དབང་མང་གཙོའི་ལམ་ལུགས་དང༌། རྒྱ་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་ལག་བསྟར་བྱེད་བཞིན་པའི་སྲིད་དབང་སྒེར་གཅོད་གཉིས་ཀྱི་བར་ལ་ཕན་ཚུན་བསྡུར་ཐབས་གཏན་ནས་མེད་པའི་གནས་སྟངས་ཀྱི་འོག མཐར་རྒྱ་གཞུང་འུ་ཐུག་ཐབས་ཟད་ཀྱིས་རྒྱལ་སྤྱིའི་སྟེང་བོད་ཀྱི་སྤྱི་ཚོགས་རྙིང་པར་སྐྱོན་བརྗོད་གཅིག་མཇུག་གཉིས་མཐུད་བྱས་ཏེ་རྒྱ་གཞུང་རང་ཉིད་དག་སེལ་བྱེད་བཞིན་ཡོད་ཀྱང༌། སྒོ་བཀག་རང་སྲུང་ཡིན་པའི་མུན་ནག་གི་སྤྱི་ཚོགས་ནང་གནས་སྐབས་ཁུངས་འཁྱོལ་སྲིད་ནའང༌། ཡར་ཐོན་ཅན་གྱི་སྒོ་དབྱེའི་སྤྱི་ཚོགས་ཀྱི་ནང་དུ་དེ་ལྟར་ཁུངས་འཁྱོལ་ཐབས་གཏན་ནས་མེད།

ཡང་དཔྱད་གཏམ་པས། བྱབྱ༡༩༩༡ ལོར་ཏཱ་ལའི་རུ་ཚོགས་ཀྱིས་བཟོས་པའི་བོད་ཀྱི་ཡུལ་གྱར་བོད་མིའི་རྩ་ཁྲིམས་ནང་བོད་ཀྱི་ཆོལ་ཁ་གསུམ་དེ་དམངས་གཙོ་དང༌། མཉམ་འབྲེལ། རང་བདག་རང་སྐྱོང་བཅས་ཀྱི་སྤྱི་དམངས་རྒྱལ་ཁབ་དང་ཞི་བའི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང༌། ཆོས་སྲིད་ཟུང་འབྲེལ་ལག་བསྟར་བྱ་རྒྱུ་ཡིན་ཞེས་གཏན་འབེབས་ཁ་གསལ་བྱས་ཡོད།བྱབྱ ཅེས་འཁོད་ལུང་འདྲེན་གྱི་མ་ཡིག་ལ་བཟོ་བཅོས་དང༌། ཐ་སྙད་ཟང་ཟིང་བཟོས་ནས་རང་འདོད་སྒྲུབ་ཐབས་ཁོ་ན་བྱས་ཡོད། དེ་ཡང་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༧ ཚེས་ ༣ ཉིན་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པར། བྱབྱམ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་བྱབྱཞེས་དང༌། ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༢༦ ལ་ལྗགས་རྩོམ་མཛད་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ལས། བྱབྱབོད་ཀྱི་ཆབ་སྲིད་རང་བཞིན་ནི། བོད་དང༌། ཉེ་སྐོར་ཡུལ་ཁག་འཛམ་གླིང་ཁྱོན་ཡོངས་ཀྱི་ཕན་བདེའི་ཆེད། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། མཉམ་འབྲེལ། ཁོར་ཡུག་སྲུང་སྐྱོབ་དང་བཅས་པའི་ཞི་བདེའི་བསྟི་གནས་ཤིག་བསྐྲུན་རྒྱུ་བྱབྱཞེས་གསལ་ཡོད་པ་ལས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དབང་སྐོར་འཁོད་མེད་ལ། རྩ་ཁྲིམས་ནང་དུ་འཁོད་པའི་རང་དབང་དང༌། མང་གཙོ། སྤྱི་ཚོགས་བདེ་དོན། ཞི་བདེ་སོགས་ཀྱི་ཁྱད་ཡོན་སྣ་གཅིག་ཀྱང་རྒྱ་གཞུང་ལ་ལྡན་མེད་ལ། དཔྱད་གཏམ་པས་ལུང་འདྲེན་གྱི་ཚུལ་དུ་བཀོད་པ་དེ་དང༌། རྩ་ཁྲིམས་ཀྱི་འབྲུ་དོན་དངོས་གཉིས་ཀྱི་བར་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད།

ཡང་རྩོམ་འཆལ་དེའི་ནང༌། བྱབྱལོ་རྒྱུས་ཀྱི་གར་སྟེགས་ལས་དོར་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཁོ་པས་བརྗེད་ཐབས་མེད་བྱབྱཅེས་ཁུངས་མེད་ཀྱི་འཆོལ་གཏམ་སྨྲས་ཡོད། དེ་ཡང་དཔྱད་གཏམ་པས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཡིག་འབྲུ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་མ་ཐག་རི་བོང་ཅལ་འདྲོགས་ཀྱིས། ཆོས་སྲིད་ཟུང་འབྲེལ་ཡིན་ན་སྲིད་དབང་སྒེར་འཛིན་ཡིན་པའི་མཚུངས་རྟགས་བརྒྱབ་ནས་བོད་ཀྱི་སྔོན་བྱུང་རྒྱལ་རབས་ལོ་རྒྱུས་དང༌། ཆོས་སྲིད་ཟུང་འབྲེལ་གྱི་ཐ་སྙད་ལའང་གོ་བ་ལོག་སྒྲུབ་ཀྱི་ཐོག་ནས་འགྲེལ་ལོག་གིས་གཞན་སྨད་རང་བསྟོད་ཀྱི་བསམ་ངན་སྦྱོར་རྩུབ་ཀྱི་བྱེད་ཐབས་རིམ་པར་སྤེལ་ཡོད།

དེ་ཡང་ང་ཚོ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི་ལམ་ལུགས་ཤིག་གི་དོན་མིན་པར། བསམ་བློའི་ནང་ཡ་རབས་ཞེས་པ་འདི་ཉིད་ཡོད་དགོས་པའི་དོན་ཡིན་ལ། དེ་ནི་གཞུང་ལུགས་དང་ལྟ་གྲུབ་ཅིག་གི་འདོད་དོན་གཙོར་བཟུང་གི་རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་རིགས་ཤིག་ཡིན། ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་ལམ་སྲོལ་ཡང་བོད་རང་ཉིད་ཀྱི་རིག་གནས་དང༌། ལོ་རྒྱུས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཡོན་གཞི་རྩར་འཛིན་པའི་ཐོག་ནས་གསར་འཛུགས་ཀྱིས་ལེགས་བཅོས་རིམ་པར་གནང་བ་དེར་མ་འགྲིག་མ་འཚམས་པ་ཅི་ཞིག་ཡོད། དེ་ནི་རྒྱ་གཞུང་རང་ཉིད་ཀྱིས་བརྡ་ཆད་ཏང་སྲིད་ཟུང་འབྲེལ་ཞེས་པ་དང་མཚུངས་པ་ཡིན།

དེ་ཡང་ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ཏུ། གྲོས་མོལ་བྱེད་པའི་རྩ་དོན་ནི། བོད་རྒྱའི་དབར་མཛའ་མཐུན་གཉིས་ཕན་དང༌། བརྟན་ལྷིང་གཅིག་གྱུར། རང་དབང་དང༌། མང་གཙོ། རང་སྐྱོང་བཅས་ཀྱི་ཐོག་ནས་བོད་མི་རིགས་དང༌། དེའི་རིག་གཞུང༌། ཁོར་ཡུག་བཅས་སྐྱོན་མེད་འཛིན་སྐྱོང་བྱེད་ཐབས་སྐོར་ཡིན། རྒྱ་ནག་གཞུང་གིས་རྩ་དོན་དེ་དག་སྣང་ཆུང་མངོན་མེད་དུ་བཏང་སྟེ་ང་ཚོས་བོད་ཀྱི་སྤྱི་ཚོགས་རྙིང་པ་སླར་གསོ་དང༌། ཏཱ་ལའི་བླ་མའི་ཐོབ་ཐང་རྩོད་གླེང་བྱེད་ལུགས་བརྗོད་བཞིན་ཡོད། ཏཱ་ལའི་བླ་མས་གཞུང་འཛིན་བྱེད་པའི་སྲོལ་ལུགས་གནས་དང་མི་གནས་བོད་མི་མང་ཚོགས་ནས་ཐག་གཅོད་བྱེད་རྒྱུ་ ༡༩༦༩ ལོར་གསལ་བསྒྲགས་ཟིན་པ་དང༌། ངོས་རང་སྒེར་གྱི་གནས་ཚུལ་ནི་ ༡༩༩༢ ལོར་གསལ་བསྒྲགས་ཇི་ལྟར་བགྱིས་པ་བཞིན་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ངོས་ནས་ཆབ་སྲིད་འགོ་འཁྲིད་ཀྱི་མིང་ཁུར་འགན་ལེན་མི་བྱེད་པ་ཡོངས་བསྒྲགས་ཐག་གཅོད་ཟིན་པ་ཡིན། སྤྱི་ཚོགས་རྙིང་པ་བསྐྱར་གསོ་ཟེར་བ་ནི་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་སུ་ཞིག་གི་རྨི་ལམ་དུ་ཡང་མེད་པ་ཞིག་ཡིན་རུང༌། རྒྱ་ནག་གཞུང་གིས་འདི་སྐོར་གཞི་མེད་བསྙོན་འཛུགས་འཁྱོག་བཤད་བྱེད་པ་འདི་ལ་བློ་ཕམ་ཡོད། གནས་ཚུལ་འདི་རིགས་མཛའ་མཐུན་གྲོས་མོལ་ཡོང་རྒྱུར་ཕན་མེད་གནོད་རྐྱེན་འབྱུང་གཞིར་བརྟེན་སླད་འདི་རིགས་མི་ཡོང་བའི་རེ་བ་ཡོད་བྱབྱཅེས་བཀའ་གསལ་གསལ་བསྒྲགས་བསྐྱངས་གནང་མཛད་ཡོད་ཀྱང༌། རྒྱ་གཞུང་ནས་བོད་ཀྱི་སྤྱི་ཚོགས་རྙིང་པར་སྒྲོ་སྐུར་སྐྱོན་བརྗོད་ཀྱིས་ནག་ཉེས་འུད་སྒྲོག་བྱས་པ་བརྒྱུད་རྒྱ་དམར་རང་ཉིད་ཀྱི་སྲིད་དབང་སྒེར་སྤྱོད་ལུགས་མཐུན་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་དང༌། བོད་པས་བོད་ལ་དབང་བསྒྱུར་བྱས་ན་མི་འོས་པ་དང༌། རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ན་འོས་པར་སྒྲུབ་བཞིན་པ་མ་ཟད། གཞི་མེད་ཀྱི་བསྙོན་འཛུགས་དེ་དག་ལན་གཅིག་མིན་པར་བསྐྱར་བཟློས་ཡང་བཟློས་ཁ་ནས་མཎི་བགྲང་བ་ལྟར་ནམ་ཡང་ཤོད་མཚམས་འཇོག་མྱོང་མེད་སྟབས་རྒྱ་ནག་གཞུང་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་མགོ་བསྐོར་གཏོང་རྒྱུའི་ལག་ཆ་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

དེ་ཡང་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་གྱི་སྔོན་འགྲོའི་ངོ་སྤྲོད་ཐོག བྱབྱཕྱི་ལོ་ ༡༩༦༡ ལོར་གཞི་རྩའི་མང་ཚོའི་ལམ་སྲོལ་གྱི་གནད་དོན་ཚང་བའི་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་ཞིག་གསལ་བསྒྲགས་ཐོག བཙན་བྱོལ་བོད་མིའི་བསམ་ཚུལ་བསྡུ་ལེན་བྱས་པར། རྩ་ཁྲིམས་ཀྱི་སྙིང་དོན་དེའི་ནང་གལ་ཏེ་དགག་དགོས་དབང་གིས་ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་བྱུང་ན་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཞེས་བཀོད་པ་དེ་སྐོར་ལས། རྩ་བའི་འབྲུ་དོན་གཞན་རྣམས་ལ་མང་ཚོགས་ནས་དགའ་བསུའི་བརྡ་ལན་འབྱོར་བྱབྱཞེས་དང༌། བྱབྱརྩ་ཁྲིམས་ཀྱི་ཟིན་བྲིས་དེའི་ནང་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་ཏཱ་ལའི་བླ་མའི་འགན་འཁུར་ཁྲིམས་ལུགས་ལྟར་སྡེ་སྲིད་ལྷན་ཚོགས་ཀྱིས་བླངས་ཆོག་རྒྱུ་བཀོད་ཡོད། སྐབས་དེའི་མང་ཚོགས་ཀྱི་བློ་འཚམས་གནས་བབས་དང་བསྟུན་ཏེ་གཞུང་གི་འགན་དབང་གཙོ་བོ་ཏཱ་ལའི་བླ་མར་ཡོད་པ་འཁོད་པར་བརྟེན་མང་གཙོའི་ལམ་སྲོལ་ངོས་ཀྱི་རེ་འདོད་ཡོངས་སུ་ཁེངས་པ་ཞིག་བྱུང་མེད་བྱབྱཅེས་དང༌། ཡང་མ་འོངས་པར་ངོས་ནས་བོད་གཞུང་གི་འགན་འཁུར་དང༌། ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན་ཞེས་ཟབ་གསལ་བཀའ་སློབ་གལ་ཆེན་ནན་ཕེབས་གནང་ཡོད་ཀྱང༌། རང་དབང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་མང་འོས་ཐག་གཅོད་གནང་བ་ཞིག་ཡིན་པ་ལས། རྒྱ་གཞུང་ལྟར་ལྐོག་ཟ་རུལ་སུངས་དང༌། བརྒྱ་ཁ་གཅིག་གཅོད་དང༌། གཅིག་སྡུད་རིང་ལུགས། མང་ཚོགས་ལ་གདམ་བྱ་འདེམས་བྱེད་ཀྱི་རང་དབང་ཐོབ་ཐང་གཏན་ནས་མེད་པར་མཛུབ་མོ་གར་བསྟན་ཤར་གྱི་དཔེ་ལྟར་མ་ཡིན་ནོ།།

ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། བྱབྱང་རང་སྒེར་གྱི་ངོས་ནས་ཆ་བཞག་ན༑ རྒྱ་མིས་ཏཱ་ལའི་ལོག་སྤྱོད་པ་ཟེར་བའི་ཅ་ཅོ་མང་པོ་སྒྲོག་པ་འདི་དག་ལ་ཧ་ལས་ཀྱི་མི་འདུག དེ་ནི་རྒྱའི་འགོ་ཁྲིད་ཚོ་ཁ་སྐྱེངས་ནས་བརྗོད་པ་ཞིག་རེད། ཁོང་ཚོའི་བསམ་བློའི་ནང་ཏཱ་ལའི་བླ་མའི་མིང་བཏོན་ནས་སྐྱོན་བརྗོད་ཤུགས་ཆེ་ཙམ་བྱས་ན་བོད་པའི་བསམ་བློར་འགྱུར་བ་འགྲོ་གི་རེད་སྙམ་གྱི་ཡོད་ཀྱང༌། ད་ལྟའི་དངོས་ཡོད་གནས་ཚུལ་ལ་ཏཱ་ལའི་བླ་མར་དགའ་ཞེན་ཆེ་རུ་འགྲོ་བ་དང༌། རྒྱ་དཔོན་ཚོར་མི་དགའ་བ་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ལོ་རབས་དྲུག་ཅུ་པའི་ནང་སྲིད་བྱུས་དེ་དག་ལག་ལེན་བསྟར་ཡོད་ཀྱང་ཡོངས་སུ་ཕམ་ཉེས་ཕྱིན་པ་རེད། ད་ལྟའི་སྲིད་བྱུས་དེ་དག་ཀྱང་ཕམ་ཉེས་འགྲོ་རྒྱུ་ལས་ཁོང་ཚོར་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། སྔོན་མ་ཁོང་ཚོས་ཏཱ་ལའི་བླ་མ་ཆོས་གོས་གྱོན་པའི་སྤྱང་ཀི་རེད་ཟེར་བ་དང༌། ཏཱ་ལའི་བླ་མས་མི་བསད་པ་དང༌། བཙན་གཡེམ་བྱས་པ་རེད་ཟེར་འདྲ་མིན་བཤད་ཡོད། ང་རང་ལ་སྐྱོན་དེ་དག་མེད་པ་ང་རང་གིས་ཤེས་ཀྱི་ཡོད་པས་མ་བདེ་བ་གང་ཡང་མི་འདུག་ལ། ཁོང་ཚོས་ག་རེ་བཤད་ཀྱང་གནད་འགག་རྩ་བ་ནས་མཐོང་གི་མི་འདུག་བྱབྱཅེས་བཀའ་སྩལ་བ་ལས་ལྷག་འདིར་གསལ་བཤད་དགོས་པ་མ་མཐོང་ངོ༌།།    །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།