འཕགས་བོད་བུ་སློབ་དང༌རྒྱ་བོད་དགེ་ཕྲུག་རྒན་གཞོན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། དྲུག་པ། དཔྱད་གཏམ་པར་ཁས་འཆེ་བ་གང་དེས། ‘‘ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཚུལ་ཁྲིམས་བསྲུང་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་རང་ཁུངས་བརྗེད་པ་’’ཟེར་བ་དང༌། ཡང༌། ‘‘ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་ཁུངས་བརྗེད་པ་དང་སྟོན་པར་རྒྱབ་གཏོད་བྱས་ནས་ལྡི་ལི་གསར་པའི་ཞི་བའི་ཚོགས་འདུ་ཟེར་བའི་ཐོག་རང་ཉིད་རྒྱ་གར་གྱི་བུ་ཕྲུག་གཅིག་ཡིན་ཞེས་བཤད་ཡོད་’’ཟེར་བ་ནི་བདེན་དོན་ལས་ཆེས་ཆེར་འཁྱམས་པའི་འཁྱོག་བཤད་འབའ་ཞིག་ཏུ་ཟད། དེ་ཡང་ཁ་བདེ་བ་ཅན་གྱིས་ཅི་ཤོད་དང༌། ཟས་དྭངས་ག་ཅན་གྱིས་ཅི་ཟ་ལྟར་གྱི་རང་གར་བཞག་ཚེ་ངན་པ་ཁ་མཐུན་ནས་རྒྱལ་ཁམས་ཕུང་ལ་སྦྱར་ཉེན་ཡོད་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྔ་ཕྱིར་བསྩལ་བའི་བཀའ་སློབ་གསུང་བཤད་ཁག་ཅིག་དཔང་པོར་བཟུང་སྟེ་འཁྱོག་པོ་ཡོ་བསྲང་དང༌། བདེན་རྫུན་གྱི་ཤན་འབྱེད་པ་ལ། དེ་ཡང་ྋགོང་ས་མཆོག་གི་མཛད་རྣམ། ཕྱི་ཡུལ་དུ་རང་དབང་ལས། ‘‘བོད་དང་རྒྱ་གར་བར་གྱི་འབྲེལ་བ་དེ་ངོས་ནས་བླ་མ་དང་སློབ་མའི་འབྲེལ་བ་ལྟ་བུ་ཡིན་པར་བརྩིས་ཀྱི་ཡོད། སློབ་མར་དཀའ་སྡུག་ཡོང་དུས་དེ་ལ་རོགས་རམ་བྱ་རྒྱུ་དེ་བླ་མའི་ལས་འགན་རེད་’’ཅེས་འཕགས་བོད་གཉིས་བླ་སློབ་ཀྱི་འབྲེལ་བར་གསུངས་པ་ལས་སྐུ་ཉིད་རྒྱ་གར་གྱི་བུ་ཕྲུག་ཡིན་པར་གསུངས་མེད་པ་དང་གཅིག ཡང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཕི་ཁི་ཚོགས་ཁང་དུ་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བར་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་དངོས་གཞིའི་མཛད་སྒོའི་ཐོག་བསྩལ་བའི་བཀའ་སློབ་གསུང་བཤད་དུའང༌། ‘‘ངོས་ཀྱིས་དུས་རྟག་ཏུ་ང་ཚོའི་མཛའ་འབྲེལ་འདི་དགེ་སློབ་ཀྱི་འབྲེལ་བར་ངོས་འཛིན་ཞུ་གི་ཡོད། སློབ་མར་གོད་ཆགས་བྱུང་དུས་དགེ་རྒན་གྱིས་རོགས་རམ་བྱེད་དགོས་པ་དང༌། དགེ་ཕྲུག་ལ་དཀའ་ངལ་འཕྲད་དུས་དགེ་རྒན་ལ་ལྟ་རྟོག་བྱེད་རྒྱུའི་འགན་ཡོད་པ་ཡིན། དེར་བརྟེན་འདས་པའི་མི་ལོ་ ༥༠ ཉམས་མྱོང་ལ་གཞིགས་ན་དགེ་རྒན་ཚོས་ང་ཚོར་གང་ཅིའི་ཐད་ལྷག་བསམ་རྣམ་དག་གིས་ལྟ་རྟོག་ཤུགས་ཆེ་གནང་བྱུང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་’’ཞེས་འཕགས་བོད་གཉིས་དགེ་སློབ་ཀྱི་འབྲེལ་བར་ངོས་འཛིན་གནང་བ་ལས་མགོན་པོ་གང་ཉིད་རྒྱ་གར་བའི་བུ་ཕྲུག་ཏུ་ངོས་འཛིན་མ་མཛད་པ་གཉིས་ཀྱི་ཐོག་ནས་དཔྱད་གཏམ་པ་རང་ཉིད་དང༌། རྒྱ་གཞུང་གི་འགོ་གཙོ་རྣམས་ནས་འཛམ་གླིང་འདིའི་ཐོག་གི་རྩོད་མེད་ཡོངས་གྲགས་ཀྱི་སྐྱེས་བུ་དམ་པ་འདི་ལྟ་བུ་ཞིག་ལ་རྫུན་གྱི་ཕུང་པོ་བསྒྲིགས་ནས་གཞི་མེད་སྐྱོན་འཛུགས་ཀྱི་དོན་མེད་ངལ་བ་བསྟེན་པ་ནི་དམ་པ་དག་གིས་མཆོག་ཏུ་སྙིང་བརྩེ་བའི་ཡུལ་ཁོ་ནའོ།།

                ཡང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ ཉིན་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་བསྟུན་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དུ། ‘‘སྐུ་གཤེགས་མོརཱརཇིའདེསཱཨིའ་མཆོག་གིས་ངོས་ལ་གནང་བའི་ཕྱག་བྲིས་ཤིག་གི་ནང་འཕགས་བོད་གཉིས་ནི་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡལ་ག་གཉིས་དང་མཚུངས་པ་ཡིན་ཞེས་དཔེར་བཀོད་གནང་འདུག་པ་དོན་ལ་གནས། གོང་གི་གནས་ཚུལ་དེ་དག་ལ་བརྟེན་ནས་ངས་རྒྱུན་དུ་རྒྱ་གར་ནི་ང་ཚོའི་སློབ་དཔོན་དང༌། ང་ཚོ་རྒྱ་གར་བའི་སློབ་མ་ཡིན་ཞེས་བརྗོད་ཀྱི་ཡོད་པ་ནི་རབ་བཏགས་མ་ཡིན་པར་རང་བཞིན་བརྗོད་པ་ཉིད་ཡིན་’’ཞེས་འཕགས་བོད་གཉིས་སློབ་དཔོན་དང་སློབ་མའི་འབྲེལ་བ་ཡིན་པར་བཞེད་པ་ལས་རྒྱ་གར་བའི་བུ་ཕྲུག་ཏུ་མ་གསུངས་པའི་ཕྱིར་དང༌། ཡང་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་དུ་རྒྱ་གར་གྱི་ཆོས་ཕྱོགས་དབུ་ཁྲིད་རྣམ་པས་འགྲོ་བ་མིའི་རིན་ཐང་དང་གོ་ལའི་ཞི་བདེའི་ཆེད་རྒྱ་གར་གྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ཐོག་རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་ྋགོང་ས་མཆོག་རྒྱ་གར་གྱི་མི་སེར་གནང་རྒྱུའི་ཞལ་བཞེས་དབུགས་དབྱུང་སྩལ་རྒྱུའི་རེ་སྐུལ་གསོལ་འདེབས་ཞུས་པའི་སྐབས་ྋགོང་ས་མཆོག་ནས་བཀའ་ལན་ཕེབས་པར། ‘‘རྒྱ་གར་ནི་བོད་དུ་ནང་ཆོས་ཀྱི་འོད་སྣང་སྦྱིན་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་ཡུལ་འདིའི་མི་སེར་གནང་རྒྱུ་ནི་མགོན་པོ་གང་ཉིད་ཀྱི་རླབས་ཆེན་དང་གཟི་བརྗིད་ཡིན་པ་མ་ཟད། མགོན་པོ་གང་ཉིད་ནི་རྒྱ་གར་གྱི་བུ་སློབ་ཅིག་ཡིན་པར་ངོས་འཛིན་གནང་གི་ཡོད་’’ཅེས་བཀའ་བསྩལ་ཡོད་པ་ལས། རང་ཉིད་རྒྱ་གར་གྱི་བུ་ཕྲུག་གཅིག་ཡིན་ཞེས་བཀའ་བསྩལ་མེད་པས། དེ་ནི་དཔྱད་གཏམ་པས་ཁ་སྣའི་བར་ན་རྫུན་ལབ་པ་དང༌། མཛུབ་མོའི་བར་ལ་རི་བཀབ་ནས་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱས་པ་ཞིག་ཡིན་ལ། བཀའ་སློབ་འདི་ལྟར་ྋགོང་ས་མཆོག་གིས་ལན་གཅིག་མིན་པར་བཀའ་སྩལ་མོད་འདིར་མངས་ཀྱི་དོགས་ནས་རེ་རེ་བཞིན་བཀོད་པའི་ངལ་བ་མ་བྱས་སོ།།

                ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་སྐུལ་གསུང་འཕྲིན་གནང་བའི་ནང་དུ༑ ‘‘སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་དུ་མ་དར་སྔོན་རྒྱ་ནག་ཏུ་དར་བ་ལ་བརྟེན་ནས་བོད་རིགས་རྣམས་ཀྱིས་རྒྱ་རིགས་ལ་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་བྱེད་ཀྱི་ཡོད་ཅིང༌། དེ་ནི་རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་ངོས་དང་ཆོས་འབྲེལ་ཞུ་མཁན་རྣམས་དང༌། དེ་བཞིན་རྒྱལ་ནང་ནས་རྒྱ་རིགས་གནས་མཇལ་ཡོང་མཁན་ངོ་ཐུག་བྱེད་རྒྱུའི་གོ་སྐབས་བྱུང་བ་ཚོས་ཤེས་ཀྱི་ཡོད་’’ཅེས་དང༌། ཡང་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༢༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཉེ་འགྲམ་དུ་ཡོད་པའི་ཀོལ་གྷལ་ཊི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་འཁོད་སྐབས་རྒྱ་རིགས་ནང་པའི་སྤུན་ཟླ་ཡོངས་ལ་འབོད་བསྐུལ་གནང་བའི་སྐབས། རྒྱ་གར་ནས་བོད་དུ་ནང་ཆོས་མ་དར་བའི་གོང་རྒྱ་ནག་ཏུ་ནང་ཆོས་དར་བའི་དབང་གིས་ངས་རྒྱུན་དུ་རྒྱ་རིགས་ནང་པ་རྣམས་ལ་བསླབ་པ་རྒན་པའི་འདུ་ཤེས་ཀྱིས་གུས་བཀུར་ཞུ་གི་ཡོད་བྱབྱཅེས་སྔ་ཕྱིར་བཀའ་བསྩལ་ཞིང༌། ཡང་རྩོམ་ཡིག་འདི་ཉིད་འབྲི་རྩོམ་བྱེད་བཞིན་པའི་སྐབས་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༥ ཉིན་ཀོ་རི་ཡའི་གསུང་ཆོས་སྐབས་སུ་བཀའ་སྩལ་དོན། ‘‘ཀོ་རི་ཡའི་ཆོས་གྲོགས་རྣམས་ང་ཚོ་བོད་པ་དང་གཅིག་མཚུངས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་ཕྲུག་གཅིག་པ་ཆགས་ཡོད་ལ༑ ལྷག་པར་དཔལ་ནཱ་ལེཌནའི་ཆོས་བརྒྱུད་འཛིན་མཁན་གཅིག་པ་ཆགས་ཡོད། ནང་གསེས་ཀྱི་ཀོ་རི་ཡའི་ནང་ཆོས་དེ་རྒྱ་ནག་བརྒྱུད་ནས་དར་བ་ཞིག་ཡིན་པས། རྒྱ་ནག་གི་ནང་ཆོས་ཀྱི་ཆོས་པ་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ལྟ་བུ་རེད། དེས་ན་ང་ཚོ་བོད་པ་དགེ་ཕྲུག་གཞོན་པ་ཆགས་ཡོད་པས་ནམ་རྒྱུན་འཆར་ཅན་ལྟར་གུས་འདུད་བྱེད་ཀྱི་ཡོད་ལ། ཁྱེད་རང་ཚོར་གུས་འདུད་ཡོད་’’ཅེས་གསུངས་གནང་མཛད་པས་བོད་རྒྱ་གཉིས་དགེ་ཕྲུག་གམ་བསླབ་པ་རྒན་གཞོན་གྱི་འདུ་ཤེས་འཛིན་བཞིན་པའང་རྟོགས་གལ་ཆེ་ཞིང༌། མདོར་ན་ྋགོང་ས་མཆོག་ནས་སྐུ་ཉིད་རྒྱ་གར་གྱི་བུ་སློབ་གཅིག་ཡིན་པར་ངོས་འཛིན་གནང་བ་ལས་རྒྱ་གར་གྱི་བུ་ཕྲུག་གཅིག་ཡིན་ཚུལ་མ་གསུངས་མོད། དཔྱད་གཏམ་པས་བུ་ཕྲུག་དང༌། བུ་ཚ། བུ་སློབ་བཅས་ཀྱི་གོ་དོན་ཙམ་ཡང་དབྱེ་ངོ་མ་ཆོད་པར་འཆོལ་བར་གྱུར་ཡོད་པས། དཔྱད་གཏམ་པའི་གནས་ཚད་སློབ་ཆུང་སློབ་མའི་ཤེས་ཡོན་གྱི་གནས་ཚད་ལས་ཞན་པ་གསལ་རྟོགས་ཐུབ་ལ། བུ་ཕྲུག་དང་བུ་སློབ་གཉིས་ཀྱི་ཁྱད་པར་རང་ལོ་བཞི་ལྔར་སོན་པའི་བྱིས་པ་སྣབས་ལུད་གཅིག་ལ་སྐད་ཆ་དྲིས་ཀྱང་ཐེ་ཚོམ་མེད་པར་ལན་འདེབས་བྱེད་ངེས་ཡིན་པས་དཔྱད་གཏམ་པ་ཁ་བཤད་ལ་ཉི་མ་ཤར་ཡང༌། ལག་ལེན་ལ་མུན་པ་རུབ་པས་རང་སྐྱོན་གྱི་རྫུན་རྐུབ་ཡོངས་སུ་བརྡོལ་བ་འདི་ལྟར་ཡིན།

                ཡང་བསྐྱར་མཛུབ་མོ་རི་སྟོན་གྱི་ཚུལ་ལྟར་དཔེ་དང་བཅས་གོ་བདེ་བར་བརྗོད་ན། དཔྱད་གཏམ་པས་བུ་ཕྲུག་དང་བུ་སློབ་ཀྱི་དབྱེ་ཁྱད་ཙམ་ཡང་མ་ཤེས་ཤིང༌། བུ་སློབ་ཡིན་ཞེས་གསུངས་པ་དེ་བུ་ཕྲུག་ཡིན་པར་ངོས་འཛིན་དང་བཅས་མཚུངས་རྟགས་བརྒྱབ་པ་ལས་ལོག་རྟོག་འདི་ཉིད་བྱུང་བས། བུ་སློབ་ཡིན་ན་བུ་ཕྲུག་ཡིན་དགོས་ཚེ། ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་རྗེ་ཙོང་ཁ་པའི་བུ་ཕྲུག་ཡིན་དགོས་པར་གྱུར་ཏེ། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་ལས། བྱབྱདེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།།གནས་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །བྱབྱཞེས་པས་གསུངས་པས་སོ།།

                རྗེ་བདག་ཉིད་ཆེན་པོ་དང་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་རྣམ་གཉིས་བུ་སློབ་བམ་ཡབ་སྲས་ཡིན་པ་ལས། ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་རྗེ་ཙོང་ཁ་པའི་བུ་ཕྲུག་གམ་སྲས་ག་ལ་ཡིན། དེ་ལྟར་ཡིན་ན་ལམ་གཙོ་རྣམ་གསུམ་གྱི་མཇུག་བྱང་དུ། འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚྭ་ཁོ་དབོན་པོ་ངག་དབང་གྲགས་ལ་གདམས་པའོ།།

ཞེས་གསུངས་པའི་དགེ་སློང་ཞེས་པ་དང་འགལ་བར་འགྱུར་ལ། སྐབས་འདིར་བུ་སློབ་ཅེས་གསུངས་པ་ནི། བླ་སློབ་ལ་ཡབ་སྲས་ཞེས་འབོད་པ་དེ་ཡིན་པ་ལས། ཕ་བུར་ཞེ་ཚིག་སྦྱར་བའི་ཡབ་སྲས་མ་ཡིན་ཏེ། དེ་ལྟར་ཡིན་ན༑ མཁས་གྲུབ་རྗེ་དང་རྒྱལ་ཚབ་རྗེ་རྣམ་གཉིས་ཀྱང་རྗེ་ཙོང་ཁ་པའི་བུའམ་སྲས་དང༌། རྗེ་ཙོང་ཁ་པ་ཁོང་རྣམ་གཉིས་ཀྱི་ཕ་ཡིན་པར་གྱུར་བས་སོ། །དེ་ལྟར་ཡིན་ཞེས་བརྗོད་ན་དཔྱད་གཏམ་པས་ྋགོང་ས་མཆོག་ཚད་ཐུབ་ཀྱི་ཤཱཀྱའི་དགེ་སློང་རྣམ་དག་མིན་པར་བརྗོད་ལ། རྗེ་ཙོང་ཁ་པ་ཡང་ཚད་ལྡན་གྱི་དགེ་སློང་ཞིག་མིན་པར་འདོད་དགོས་པས། དེ་ལྟར་ན་དཔྱད་གཏམ་པར་ས་སྟེང་འདིར་ཚད་ལྡན་གྱི་དགེ་སློང་ཅིག་ཀྱང་མི་རྙེད་པར་གྱུར་བས། ཤེལ་ལ་མཚོན་གྱིས་ཁ་བསྒྱུར་ཡང༌། །ཆུ་དང་འཕྲད་ན་རང་མདོག་སྟོན། །ཞེས་པ་ལྟར་དཔྱད་གཏམ་པའི་རང་མཚང་དམར་བརྗེན་དུ་མངོན་པ་ཞིག་ཡིན་པས་འདི་ལས་བཞད་གད་ཆེ་བའི་གནས་ཅི་ཞིག་ཡོད།

                གཞན་ཡང་ཇི་སྐད་དུ། ‘‘བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། །དྲིན་ཅན་རྩ་བའི་བླ་མར་སྐུར་བཞེངས་པ། །རྒྱལ་བ་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ།།

’’ཞེས་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་ཀྱང༌། ‘‘གངས་ཅན་ལྗོངས་འདིའི་དགེ་ལེགས་ཀུན་གྱི་གཞི། །རྒྱལ་མཆོག་ཡབ་སྲས་ཞབས་པད་བསྐལ་བརྒྱར་བརྟན། །ཐུགས་བསྐྱེད་གཅིག་འདྲེས་མཛད་འཕྲིན་འོད་སྣང་གིས། །བསྟན་འགྲོའི་ཕན་བདེའི་དགའ་ཚལ་བཞད་གྱུར་ཅིག །’’ཅེས་གསུངས་པའི་རྒྱལ་བ་པཎ་ཆེན་རྣམ་གཉིས་ལ་བླ་སློབ་ཀྱི་ཡབ་སྲས་ཞེས་གསུངས་པ་དེ་ཡང་ཕ་བུར་ཞེ་ཚིག་སྦྱར་བའི་ཡབ་སྲས་ཡིན་པར་ཁས་ལེན་དགོས་པས། འདི་ནི་མངོན་སུམ་ལ་བསྙོན་བཞིན་པའི་དཔྱད་གཏམ་པ་དང༌། གུང་ཁྲན་ཏང་ཡོན་རྣམས་ཀྱི་རང་མཚང་དེའི་མཇུག་འབྲས་ཤིག་ཡིན་པས་ལེགས་པར་སོམས་ཤིག

                འོ་ན་དཔྱད་གཏམ་པས་ཞེ་འདོད་ལྟར་ྋགོང་ས་མཆོག་ནས་ང་རྒྱ་ནག་གི་བུ་ཕྲུག་ཅིག་ཡིན་ཞེས་གསུངས་དགོས་སམ། ྋགོང་ས་མཆོག་ནས་ང་རྒྱ་གར་བའི་བུ་ཕྲུག་ཅིག་ཡིན་ཞེས་གསུངས་ཀྱང་སྐྱོན་དུ་མི་འགྱུར་ཏེ། ྋགོང་ས་མཆོག་གི་འཁྲུངས་རབ་གསོལ་འདེབས་ལས། ‘‘འཕགས་ཡུལ་སོ་དྲུག་གངས་རིའི་ཆོས་རྒྱལ་བཅུ། །པཎ་གྲུབ་བཅུ་བདུན་རྒྱལ་མཆོག་རིམ་བྱོན་སོགས། །སྐུ་འཕྲེང་གསེར་རིའི་འཕྲེང་བ་མཚར་དུ་དངར་’’ཞེས་གསུངས་པ་ལྟར་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་པ་གང་ཉིད་ཀྱི་རྣམ་སྤྲུལ་རྒྱ་གར་འཕགས་ཡུལ་དུ་རྒྱལ་པོ་འཇིག་རྟེན་དབང་ཕྱུག་སོགས་སོ་དྲུག་བྱོན་ཟིན་པས་སོ། །

                དེ་ལྟར་རྒྱུ་མཚན་མང་ཡང་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་ལ༑ རྒྱ་གར་དང་བོད་གཉིས་དགེ་སློབ་ཏུ་གྱུར་པར་སྙིང་རླུང་ལངས་དགོས་དོན་མེད་པར། དེ་ལས་བཙན་བྱོལ་བོད་གཞུང་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་མཛད་པ་ལྟར་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ན་བོད་རྒྱ་གཉིས་མཉམ་གནས་ཡོང་རེ་མཆིས་པས་སྐལ་བཟང་གི་གོ་སྐབས་འདི་ཉིད་རྒྱ་གཞུང་ནས་དམ་འཛིན་བྱེད་གལ་ཆེའོ།།

                ཡང་དཔྱད་གཏམ་པས། དོན་དངོས་འཁྱོག་བཤད་ཀྱིས་‘‘མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ་’’ཞེས་སྨྱོན་པའི་ལབ་ཚུལ་ལྟ་བུ་དང༌། ‘‘མེས་རྒྱལ་ཡང་དོར་འདོད་མཁན་མི་ཞིག་གིས་ཇི་ལྟར་བྱས་ཏེ་རྒྱལ་སྐྱོང་འགྲོ་ཕན་བྱེད་ཐུབ་བམ་’’ཞེས་ལོང་བའི་འཁར་རྒྱུག་ལྟར་གང་དུ་འཛུགས་དགོས་མིན་ཡང་མ་ཤེས་པར་ཁ་ཟིན་སྤུ་ཟིན་གྱི་ཚུལ་གྱིས་གཞི་མེད་སྐྱོན་འཛུགས་བྱས་མོད། དེ་ལས་དགོད་བྲོ་བ་ཞིག་ལ། ‘‘མེས་རྒྱལ་ལ་རྒྱབ་གཏོད་’’ཅེས་བོད་རྒྱ་རྒྱལ་ཁབ་གཅིག་ཡིན་པར་འདོད་པ་དང༌། ཡང་‘‘རང་ཁོངས་མིན་པ་ཟུར་འབུད་བྱས་’’ཞེས་བོད་རྒྱ་རྒྱལ་ཁབ་ཐ་དད་ཡིན་པར་ཁས་བླངས་པ་གཉིས་ནང་འགལ་དུ་སོང་ཡོད། འོ་ན་དཔྱད་གཏམ་པས་བརྗོད་པའི་མེས་རྒྱལ་དེ་བོད་ཀྱི་མེས་པོའི་རྒྱལ་ཁབ་ཡིན་དང༌། ཡང་ན་རྒྱ་ནག་གི་མེས་པོའི་རྒྱལ་ཁབ་གང་ཡིན་གསལ་ཁ་གཏོད་དགོས་ལ། མེས་པོའི་རྒྱལ་ཁབ་དེ་གཉིས་ཐོག་མ་ནས་ཐ་དད་ཡིན་པ་ལས་གཅིག་མིན།

                བོད་གཞུང་དགའ་ལྡན་ཕོ་བྲང་དང༌། གཙང་པ་སྡེ་སྲིད། སྡེ་པ་རིན་སྤུངས་པ། ཕག་གྲུའི་སྡེ་སྲིད། དཔལ་ལྡན་ས་སྐྱ་པ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་དབུས་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ལུགས་གཉིས་ཆོས་བཞིན་སྐྱོང་བའི་མེས་པོའི་རྒྱལ་ཁབ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྟ་ཅི་ྋརྒྱལ་མཆོག་སྐུ་ཕྲེང་རིམ་པར་བྱོན་པའི་སྐུ་ཕྲེང་གཅིག་གིས་ཀྱང་རང་གི་མེས་པོའི་རྒྱལ་ཁབ་ཀྱི་ཆོས་སྲིད་དང༌། བསྟན་འགྲོའི་དོན་ཆེན་གྱི་སླད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པ་ལས། ཕ་སྤྲེལ་རྒན་བྱང་སེམས་དང༌། མ་སྲིན་མོ་བྲག་སྲིན་གྱི་རིགས་རྒྱུད་དུ་གཏོགས་པའི་མེས་པོའི་རྒྱལ་ཁབ་འདི་ལ་རྒྱབ་གཏོད་གནང་བའི་མི་སྙན་པའི་གཏམ་སྦྲང་སྐད་ཙམ་ཡང་གོ་རྒྱུ་མེད། འོ་ན་མེས་རྒྱལ་ཞེས་པ་དེ་རྒྱ་ནག་གི་མེས་པོའི་རྒྱལ་ཁབ་ཡིན་པར་འདོད་ནའང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་རྒྱ་ནག་རྒྱལ་ཁབ་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཚུངས་པའི་དགོངས་ཡངས་དཀྱེལ་ཆེའི་ཕན་གྲོགས་དང་མཐུན་ལམ་གནང་མཁན་ཞིག་དང༌། ལྷག་པར་བདེན་པ་དང་འཚེ་བ་མེད་པ་གཞི་རྩར་བཞག་པའི་ཐོག་ནས་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་མཁན་གྱི་བླ་ན་མེད་པའི་དབུ་ཁྲིད་འདི་ལྟ་བུ་ཞིག་ད་ལྟ་བར་བྱོན་མྱོང་མེད་པས། འོ་ན་རྒྱ་གཞུང་ལ་བླ་ན་མེད་པའི་ཕན་གྲོགས་གནང་བ་འདི་དག་རྒྱ་ནག་གི་མེས་པོའི་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པ་ཡིན་ནམ། ལེགས་པར་སོམས་ཤིག ཁ་མང་གྱོད་ཀྱི་རྩ་བ་དང༌། བྱ་མང་བྱུར་གྱི་སྣ་འདྲེན་ཡིན་པས་ཁ་ནས་གང་ཐོན་གྱི་སྨྲ་བ་ཉུང་ན་མཛེས་ལ། དཔྱད་གཏམ་པས་‘‘ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁོས་ངན་བཀོད་བྱེད་པའི་ཁ་ཕྲལ་རུ་ཚོགས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་མ་བལྟོས་པར་མ་རུངས་ཁོག་བཅངས་བྱེད་ཀྱི་ཡོད་’’ཅེས་པའི་ཉེས་ཞྭ་དེ་ཉིད་རང་སྟེང་དུ་མི་འདོད་བཞིན་དུ་བབ་ཡོད།

                རྩོམ་འཆལ་དེའི་‘‘མེས་རྒྱལ་ཡང་དོར་འདོད་མཁན་མི་ཞིག་གིས་ཇི་ལྟར་བྱས་ཏེ་རྒྱལ་སྐྱོང་འགྲོ་ཕན་བྱེད་ཐུབ་བམ།’’ ཞེས་བརྗོད་པ་དེས་དཔྱད་གཏམ་པའི་མཐོང་རྒྱ་ཐོས་རྒྱ་ཇི་ཙམ་ཡོད་མེད་ཀྱི་རང་མཚན་རྗེན་པར་བསྟན་ཡོད། མགོ་ཨམ་མཆོག་ཡོད་པས་ཐོས་ཚོད་དང༌། གདོང་མིག་རིལ་ཡོད་པས་མཐོང་ཚོད་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་མཛད་འཕྲིན་རྣམས་འཛམ་གླིང་ཐོག་ཀུན་གསལ་ཡོངས་གྲགས་ཡིན་པས་དཔྱད་གཏམ་པས་གང་ཡང་མ་མཐོང་ཞིང༌། ཅི་ཡང་མ་ཐོས་པ་ནི་སྐལ་བ་ཤིན་ཏུ་དམན་ལ། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་ཁ་གཡང་སྒྲོག་པའི་འོག་གི་རང་དབང་དང༌། མང་གཙོ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་བཙན་འཕྲོག་བྱས་པ་སོགས་ཀྱི་ངན་འབྲས་ཤིག་ཡིན་པ་ཤེས་པར་གྱིས་ཤིག

                དེ་ཡང་ཕྱི་ལོ་ ༢༠༠༩ ཡོངས་ཁྱབ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དུ། ‘‘ངོས་རང་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་ལྷག་བསམ་སེམས་བསྐྱེད་དང་པོ་དེ་ཡིན། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ཀྱི་བདེ་སྐྱིད་འབྱུང་གཞིའི་ལྡེ་མིག་ལྟ་བུ་ཡིན། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ངའི་ལྷག་བསམ་སེམས་བསྐྱེད་གཉིས་པ་ཡིན། བོད་མི་ཞིག་ཡིན་པ་དང༌། ཏཱ་ལའི་བླ་མའི་སྐྱེ་ཕྲེང་དུ་གཏོགས་པ་མ་ཟད། ཁྱད་པར་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དོ་ཁུར་བྱ་རྒྱུ་ངོས་ཀྱི་ལྷག་བསམ་སེམས་བསྐྱེད་གསུམ་པ་ཡིན་པར་རྒྱུན་དུ་ཡིད་བཅངས་བྱེད་ཀྱི་ཡོད།’’ ཅེས་གསུངས་པ་ལྟར་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་གྱི་དགོངས་གཞི་ལྟར་ངེས་དོན་གྱི་ཕྱག་ལེན་གནང་དང་གནང་མུས་ལ་འཛམ་གླིང་གཟུར་གནས་ཀུན་གྱིས་བསྔགས་བསྟོད་ཀྱི་མེ་ཏོག་ལན་བརྒྱར་བསྟོར་བཞིན་པའི་མཛད་རྗེས་རྣམས་དཔྱད་གཏམ་པ་རང་ཉིད་དང༌། རྒྱ་གཞུང་གི་འགོ་གཙོ་དག་གི་ཆུ་སྦུར་མིག་གཉིས་མ་རིག་ལིང་ཏོག་གིས་བསྒྲིབས་ནས་མ་མཐོང་བའམ། བསམ་བཞིན་མངོན་སུམ་ལ་བསྙོན་པ་གང་རུང་ལས་མ་འདས་ལ། རླབས་དང་གཟི་བརྗིད་ཆེ་བའི་སྙན་གྲགས་ཅན་གྱི་དབུ་ཁྲིད་འདི་ལྟ་བུ་ཞིག་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ནང་དུ་གཅིག་ཀྱང་མིག་སྟོན་བྱ་རྒྱུ་རྩ་བ་ནས་མེད་པ་དངོས་བདེན་ཡིན། ཡོད་ན་སྟོན་ལ། བདེན་པ་བརྡར་ནས་དྲང་གཏམ་སྨྲོས་ཤིག 

                ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་རྣམ་གསུམ་དང༌། རླབས་དང་གཟི་བརྗིད་ཆེ་བའི་གསང་གསུམ་གྱི་མཛད་འཕྲིན་གྱི་མཐུ་ལ་བརྟེན་ནས་བདེན་དོན་ལ་འོས་པའི་གྲགས་ཅན་གཟེངས་རྟགས་དང༌། ཆེ་བསྟོད་ཀྱི་ཕྱག་འཁྱེར། རྒྱལ་ཁབ་སོ་སོའི་མི་སེར་གྱི་ཐོབ་ཐང་སོགས་བརྒྱ་ཕྲག་དུ་མ་ཞིག་མ་བསྐུལ་དྭང་བླང་གིས་འབུལ་བ་མ་ཟད། བདེན་པ་དང༌། འཚེ་བ་མེད་པ། ཡང་དག་མང་གཙོའི་ལམ་སྲོལ་དང་མཐུན་པའི་བོད་ཀྱི་བདེན་དོན་འཐབ་རྩོད་ལ་ཡི་རངས་བསྔགས་བརྗོད་དང་བཅས་འཛམ་གླིང་ཐོག་གི་གཟུར་གནས་རྣམས་ནས་བདེན་པའི་རྒྱབ་ལངས་གནང་བ་ནི་འཛམ་གླིང་འདིའི་ཐོག་བདེན་ཡོད་འགྲོ་སའི་ལམ་དང༌། བདེན་མེད་གཅུར་སའི་འཕྲང་འགག་ཅིག་ཡོད་པར་མཚོན་པ་ཡིན།

                 ྋགོང་ས་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་གང་དུ་ཕེབས་བཞུད་མཛད་ཀྱང༌། རང་དོན་ཉེ་འཚེ་བའི་དོན་དུ་མིན་པར་ཡངས་པའི་འཛམ་བུའི་གླིང་ལ་ཞི་བདེ་ཡུན་གནས་དང༌། ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་གཏོང་རྒྱུ། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་འཛམ་གླིང་ནང་ཁྱབ་སྤེལ། རྒྱལ་བསྟན་ཆབ་སྲིད་དང༌། སྐྱེ་འགྲོའི་བདེ་སྐྱིད། འཛམ་གླིང་ཞི་བདེ་སོགས་རྒྱལ་སྐྱོང་འགྲོ་ཕན་གྱི་རླབས་ཆེན་གྱི་མཛད་འཕྲིན་སླད་ཐུགས་འཁུར་འབད་བརྩོན་རྒྱུན་བསྲིངས་གནང་དང་གནང་བཞིན་པའི་རྨད་བྱུང་མཛད་འཕྲིན་གྱི་འོད་ཟེར་རྒྱལ་ཁམས་ཀུན་ལ་ཤར་ན་ཡང༌། མུན་པ་ནག་པོ་དཔྱད་གཏམ་པ་དང་རྒྱ་གཞུང་གི་མགོ་ལ་ཕོག་ཡོད་དམ། དེ་ཡང་སྒྲོལ་དཀར་གྱི་བསྟོད་པ་ལས། མ་རིག་འཐིབས་པའི་ཁུང་དུ་མངོན་ཞེན་ཅིང༌། །གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར། །གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི། །ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ། །ཞེས་པ་དེ་རྒྱ་ནག་དམར་གཞུང་དང༌། དཔྱད་གཏམ་པ་རང་ཉིད་ལ་སྦྱར་ན་འོས་ཤིང་འཚམས་པ་ཞིག་ཡིན། དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་ཁག་ལ་དོན་མེད་ཕྲག་དོག་དང་འགྲན་སེམས་ཀྱི་གཞན་དབང་དུ་མ་སོང་བར་རང་སེམས་རང་གིས་གཅུན་ན་མཐའ་འབྲས་བཟང་ངེས།

                ཡང་དཔྱད་གཏམ་པས། ‘‘ཆིང་རྒྱལ་རབས་ནས་བཟུང་ཏཱ་ལའི་བླ་མ་རིམ་བྱོན་ཚང་མར་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་བསྩལ་ཡོད་’’ཅེས་དང༌། ‘‘ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རང་ཉིད་ཀྱང་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆོ་ལོ་སྤྲད་པ་དང་ཁྲི་འདོན་བྱས་པ་ཞིག་རེད། འོན་ཀྱང་ཏཱ་ལས་ལོ་རྒྱུས་ཀྱི་དུམ་བུ་དེ་རྦད་དེ་བརྗེད་པ་ལྟར་བྱེད་པ་དང༌། སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་བའི་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་རྦད་དེ་བརྗེད་པ་ལྟར་བྱེད་ཀྱི་ཡོད།’’ཅེས་ཆོ་ལོ་སྤྲད་པ་ཙམ་གྱིས་དབང་ཆ་རྒྱ་གཞུང་ལ་ཡོད་པར་སྒྲུབ་བཞིན་ཡོད། བླ་མ་དང་དཔོན་རིགས་གང་ཞིག་ལ་ཆོ་ལོ་སྤྲད་ནས་དེའི་ཡང་སྲིད་ངོས་འཛིན་དང༌། དཔོན་རིགས་ཀྱི་གོ་གནས་བསྐོ་གཞག་གི་དབང་ཆ་ཡོད་ག་ལ་དགོས། དཔེར་ན། གོང་མ་ཤུན་རྩེས་ྋརྒྱལ་མཆོག་ལྔ་པ་ཆེན་པོར་མཚན་གསོལ་འཇའ་ས་གསེར་ཐམ་ཕུལ་བར་བརྟེན། བོད་རྒྱ་ཁོངས་སུ་གཏོགས་ཚུལ་བརྗོད་པ་དང༌། བོད་རྒྱ་ཁ་བྲལ་ཐབས་མེད་ཚུལ་གྱིས་དོན་དངོས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད། འོན་ཀྱང་ྋསྐྱབས་མགོན་ྋརྒྱལ་དབང་ལྔ་པ་ཆེན་པོས། གོང་མར་མ་འོངས་མངོན་གྱུར་གྱི་ལུང་བསྟན་སོགས་གནང་བར་ཐུགས་དད་ལྷག་པར་བསྐྱེད་དེ་རྒྱ་ཡུལ་དུ་གདན་དྲངས་ཏེ་མཆོད་ཡོན་དུ་བཀུར་ཏེ་ཕན་ཚུན་མཚན་བསྟོད་དང་འཇའ་ས་གསེར་ཐམ་སོགས་ཀྱི་ཆོ་ལོ་འབུལ་རེས་གནང་བ་ནི་མཆོད་ཡོན་གྱི་མཛེས་རྒྱན་ལས། མཚན་བསྟོད་འཇའ་ས་ཕུལ་བ་ཙམ་གྱིས་མངའ་འོག་ཏུ་ཚུད་པ་དང་བདག་ཐོབ་ཀྱི་དབང་ཆ་ཡོད་ཅི་ལ་དགོས། གསེར་ཐམ་གྱི་ཁ་རིས་བརྗོད་ཚིག་ཏུའང༌། ‘‘ནུབ་ཕྱོགས་དགེ་བའི་ཞིང་གི་ྋརྒྱལ་དབང་ས་སྟེང་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛ་དྷ་ར་ཏཱ་ལའི་བླ་མའི་ཐམ་ཀ་’’ཞེས་འཁོད་པའི་བརྗོད་དོན་ནས་གསལ་པོར་རྟོགས་ཐུབ། འོ་ན་ྋགོང་ས་ལྔ་པ་ཆེན་པོས་རྒྱ་ནག་ཆིན་རྒྱལ་པོར་མཛཉུ་ཤྲི་ཞེས་ཆེ་བསྟོད་ཀྱི་མཚན་གནས་གནང་བ་ནས་བཟུང་དེ་སྔོན་ཏཱ་ཅིང་ཞེས་འབོད་པའི་མིང་དེ་བསྒྱུར་ནས་མཛཉུ་གོང་མ་ཞེས་པའི་མིང་དེ་ཆགས་ཡོད། དེ་ལྟར་ཕན་ཚུན་ཆེ་བསྟོད་གུས་བཀུར་མཚོན་བྱེད་དུ་མཚན་གནས་འབུལ་རེས་གནང་བ་ཙམ་གྱིས་གཅིག་ཁོངས་གཅིག་གཏོགས་ཡིན་ག་ལ་དགོས། དེ་ལྟར་དགོས་ན༑ རྒྱ་ནག་བོད་ཁོངས་སུ་གཏོགས་པར་འདོད་དགོས་པ་དང༌། རྒྱ་ནག་གི་བདག་ཐོབ་ཀྱི་དབང་ཆ་ཡང་བོད་ལ་ཡོད་ཅེས་བརྗོད་ན་མི་འགྲིགས་པའི་རྒྱུ་མཚན་ཅི། དེ་བཞིན་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་རུ་སུའི་རྒྱལ་པོས་ཀྱང་མཚན་རྒྱན་ཆེན་པོ་ཕུལ་འདུག་པས་བོད་རུ་སུའི་མངའ་ཁོངས་སུ་གཏོགས་པར་འདོད་དམ་རང་སེམས་རྣལ་དུ་ཕབ་ནས་ལེགས་པར་སོམས་ཤིག

                བོད་ཀྱི་བླ་ཆེན་རྣམ་པར་སོག་རྒྱལ་རིམ་བྱོན་དང༌། རྒྱ་ནག་གོང་མ་སོགས་ནས་ཧོ་ཐོག་ཐུ་དང༌། ནོ་མིན་ཧན་སོགས་ཆོས་ཕྱོགས་ཀྱི་གོ་མིང་འདྲ་མིན་གྱི་མཚན་བསྟོད་ཕུལ་བ་དང༌། འཇའ་ས་དང༌། ཐམ་ག ཆོ་ལོ་སོགས་ཕུལ་བ་ནི། དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ཁབ་དང༌། ཚོགས་སྡེ། སློབ་གྲྭ་སོ་སོས་འཛམ་གླིང་ཞི་བདེའི་དེད་དཔོན་དང༌། ཆོས་ཀྱི་སློབ་དཔོན། འགྲོ་བ་མིའི་དེད་དཔོན། རང་དབང་གི་སྒྲོན་མེ། གཙུག་ལག་མཐར་ཕྱིན་སློབ་དཔོན། ཁྱད་འཕགས་ཞི་བདེའི་དབུ་ཁྲིད། འཛམ་གླིང་ས་གཞི་ཆིག་སྒྲིལ། ཆོས་ལུགས་གྲུབ་མཐའི་སློབ་དཔོན། ཁྲིམས་ཀྱི་སློབ་དཔོན། མི་ཆོས་རིག་གནས་ཀྱི་སློབ་དཔོན་སོགས་གཟེངས་བསྟོད་ཀྱི་མཚན་རྟགས་ཕུལ་བ་དེ་ལྟ་བུ་ཞིག་ཡིན་པ་ཤེས་པར་གྱིས་ལ༑ དེ་ནི་དྲང་པོས་གཞུང་བསྲངས། གསལ་པོས་མཐའ་སྟོན་ནས་དྲང་པོར་བརྗོད་དགོས་པ་ལས། རང་ལ་བདེན་པ་མེད་སྟབས་དོན་དངོས་ཀྱི་སྔོན་བྱུང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ག་ལ་རུང༌།

                དེ་ལྟར་ན་དཔྱད་གཏམ་པས་རང་གིས་མཛུབ་མོ་གཅིག་གཞན་ན་བཙུགས་སྐབས་མཛུབ་མོ་བཞི་རང་ཉིད་ལ་བཙུགས་བཞིན་ཡོད་པ་དེ་ཤེས་པར་གྱིས་ལ། མཛུབ་མོ་གཅིག་པོ་དེ་ཡང་ནང་དུ་བཀུག་ནས་མནོ་བསམ་ལེགས་པར་བཏང་ན། དཔྱད་གཏམ་པ་རང་ཉིད་ནས་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གཉིས་ལས་བྱུང་བའི་བོད་མིའི་འབྱུང་ཁུངས་གཏིང་བརྗེད་དུ་སོང་བ་དང༌། གངས་ལྗོངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་ཆོས་བཞིན་སྐྱོང་བའི་བོད་རྒྱལ་ཁབ་ཆེན་པོར་དྲིན་ལན་ལོག་འཇལ་བྱས་ཏེ། རང་ཉིད་ཀྱི་མེས་པོའི་སྤྱོད་ལམ་མཐའ་དག་གཏིང་བརྗེད་ཀྱིས་རྒྱལ་འཚོང་ཁེ་གཉེར་བྱས་ཏེ་རྒྱ་ནག་དམར་གཞུང་གི་རྒྱུག་ཁྱིར་ཞུགས་པ་དང༌། མི་དམངས་ཤོག་སྒོར་གྱི་བྲན་གཡོག་ཏུ་ཚུད་ནས་སྨྱུག་རྩེ་གར་གཏད་ཀྱི་རང་དབང་ཙམ་ཡང་མེད་པར་ད་དུང་དཔྱད་གཏམ་པའི་མིང་གནས་འཛིན་པ་ཙམ་ལས་དཔྱད་གཏམ་པ་ཞིག་ལ་ཚང་དགོས་པའི་འོས་ཆོས་དང་བྲལ་ཞིང༌། རང་ཉིད་བོད་མིའི་རིགས་སུ་སྐྱེས་པའི་འབྱུང་རྩ་བརྗེད་ནས། གངས་ཅན་ལྗོངས་སུ་འཚོ་བའི་ཆོས་རྒྱལ་བཙན་པོ་རིམ་བྱོན་གྱི་མེས་རྒྱལ་ལ་རྒྱབ་གཏོད་བྱས་ཏེ། བོད་མི་ཞིག་ལ་རང་ཉིད་ཀྱི་མེས་རྒྱལ་ཡང་མི་དགོས་པ་དང༌། ཐ་ན་མེས་རྒྱལ་གྱི་ས་ཆ་དང་བདག་དབང་ཡོངས་རྫོགས་རྒྱ་གཞུང་ལ་དབང་ཚུལ་གྱི་ལོ་རྒྱུས་ལ་འཁྱོག་བཤད་སོགས་ནམ་མཁར་མི་གཤོང་བའི་སྡིག་ཉེས་བསགས་པས། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྐྱོང་བའི་བོད་མི་རྣལ་མ་ཞིག་ཡིན་པ་གླེང་ཐབས་མེད་ལ། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལ་ལོག་འཇལ་བྱས་པས་ན། མི་ཞིག་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡང་འཛོམས་ཀྱི་མེད་པ་བཅས་ཀྱི་ཉེས་པ་འདི་དག་ནི་ཁོ་བོས་དཔྱད་གཏམ་པར་གཞི་མེད་སྐྱོན་འཛུགས་བྱས་པ་ཞིག་མིན་པར། དེ་ནི་དཔྱད་གཏམ་པས་ྋགོང་ས་ཏཱ་ལའི་བླ་མར་གཞི་རྩ་བྲལ་ཞིང་ཁུངས་མེད་སྐྱོན་འཛུགས་བྱས་པ་རྣམས་དཔྱད་གཏམ་པ་རང་ཉིད་ཀྱི་མགོ་ཐོག་ཏུ་མི་འདོད་བཞིན་དུ་ལྷུང་བའི་རང་སྐྱོན་ཤ་སྟག་ཡིན་ནོ།།   །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།