འཛམ་གླིང་གི་སྤྱི་ནོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། བདུན་པ། འཛམ་གླིང་གི་སྤྱི་ནོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ། སྤྱིར་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་སྐོར་གྱི་གནད་དོན་འདི་ནི་ཆོས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ཡིན་པས། ཆོས་ཁས་མི་ལེན་པ་མ་ཟད་ལྷ་ཆོས་མེད་པར་སྨྲ་ཞིང༌། ཆོས་དུག་ཏུ་བརྩི་མཁན་ཞིག་ཡིན་ཕྱིན་ཆད་བླ་སྤྲུལ་གྱི་ཡང་སྲིད་སྐོར་ལ་འབྲེལ་བ་གཏན་ནས་མེད་ལ། བླ་སྤྲུལ་གྱི་ཡང་སྲིད་གླེང་བའི་འོས་བབ་ཀྱང་གཏན་ནས་མེད། ཡང་སྲིད་ཅེས་པ་ནི་སྲིད་གཞུང་ཞིག་གི་ལས་བྱེད་བསྐོ་གཞག་བྱེད་པའམ། ཡང་ན་འཐུས་མི་འོས་འདེམས་བྱེད་པ་ལྟ་བུ་མིན་པར། བླ་སྤྲུལ་གྱི་ཡང་སྲིད་ནི་བསམ་བཞིན་དུ་བསྟན་འགྲོའི་དོན་ཆེན་གྱི་སླད་དུ་སླར་ཡང་སྐུ་སྐྱེ་བྱོན་པ་ཞིག་ཡིན་པས་བྱོན་ཡུལ་དང༌། ཡབ་ཡུམ། རིགས་རུས་ཏེ་གཟིགས་པ་ལྔ་སོགས་ལ་གཟིགས་ནས་བྱོན་དགོས་པ་ནི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་ཡིན། འདི་སྐོར་ལ་རྒྱ་ནག་དམར་གཞུང་ལྟ་བུར་ཇུས་མེད་ཇུས་འཁྲི་བྱེད་པའི་འོས་བབ་གཏན་ནས་མེད་པ་འཛམ་གླིང་ཀུན་གསལ་ཡིན།

                ྋགོང་ས་ཏཱ་ལའི་བླ་མ་ཞེས་པ་ནི། འཁྲུངས་རབ་གསོལ་འདེབས་ལས། ‘‘འཕགས་ཡུལ་སོ་དྲུག་གངས་རིའི་ཆོས་རྒྱལ་བཅུ། །པཎ་གྲུབ་བཅུ་བདུན་རྒྱལ་མཆོག་རིམ་བྱོན་སོགས། །’’ཞེས་གསུངས་པ་ལྟར་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ནས་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་བར་དུ་བརྩིས་ནའང་མི་ལོ་ ༦༡༨ དང༌། ྋགོང་ས་ལྔ་པ་ཆེན་པོས་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་ནས་མི་ལོ་ ༣༦༧ བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། རྣམ་པ་གཅིག་ཏུ་ན་སྔར་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐབས་བོད་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དང༌། ཆེན་པོ་ཧོར་གྱི་ཡུལ་ཁག ཧི་མ་ལ་ཡའི་རི་བརྒྱུད་ཁུལ་དུ་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པ་ཙམ་ཞིག་ཡིན།

                འོན་ཀྱང་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནས་བཟུང་འཛམ་གླིང་གི་ནང་པ་སྤྱི་དང༌། བྱེ་བྲག་ཐེག་ཆེན་པ་ཡོངས་ལ་ཁྱབ་པའི་བླ་ན་མེད་པའི་དབུ་ཁྲིད་དུ་གྱུར་བ་དང༌། ཆོས་ལུགས་དང་གྲུབ་མཐའ་རིས་མེད་ཀྱི་བསྟན་པའི་བདག་པོ་དང༌། གོ་ལའི་ཀུན་ཁྱབ་སེམས་འཁུར་ལམ་སྟོན་མཛད་མཁན་གྱི་སྙན་གྲགས་ཅན་གྱི་སྐྱེས་བུ་ཞིག་ཏུ་ཡིད་ཆེས་ཆ་འཇོག་དང༌། འཛམ་གླིང་ཡོངས་ནས་ངོས་འཛིན་དད་མོས་གུས་བརྩི་ཞུ་བཞིན་པ་ལགས་ན། ྋགོང་ས་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་འཁྲུལ་བྲལ་ཞིག་འཛམ་གླིང་འདིའི་ཐོག་ངེས་པར་དུ་བྱོན་དགོས་པ་ནི། ནང་པ་སྤྱི་བྱེ་དང༌། འཛམ་གླིང་གི་སྐྱེ་འགྲོའི་སྤྱིའི་མངོན་འདོད་རེ་སྨོན་དང༌། ཡིད་ཆེས་ཆ་འཇོག་བྱེད་བཞིན་ཡོད་པས་ན། མགོན་པོ་གང་ཉིད་ནས་ཀྱང་ཡང་སྲིད་ཕེབས་རྒྱུའི་ཞལ་བཞེས་ཀྱི་དབུགས་དབྱུང་མཛད་པ་ནི། སྐྱེ་འགྲོའི་ཡིད་གསོས་ཀྱི་བདུད་རྩིར་གྱུར་བ་དང༌། ཡང་སྒོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་དང༌། ད་ལྟའི་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས། འབྱུང་འགྱུར་བོད་གངས་ཅན་ལྗོངས་ཀྱི་མདུན་ལམ་དང་བཅས་པར་ཆོལ་གསུམ་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བརྩི་བཀུར་བྱེད་ཡུལ་ཆོས་སྲིད་གཉིས་ཀའི་རླབས་ཆེན་གྱི་དབུ་ཁྲིད་བླ་ན་མེད་པ་གཅིག་པུ་དེ་ཡིན་པས་ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་དང་བོད་མི་རིགས་ཀྱི་ལས་དབང་དང་གཅིག་ཏུ་འབྲེལ་ཡོད་པས་ངེས་པར་དུ་སྐུ་ཕྲེང་རིམ་པར་བྱོན་དགོས་པ་ཞིག་ཡིན་པས་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབྱུང་འགྱུར་ཡང་སྲིད་ཕེབས་ཕྱོགས་ལམ་སྟོན་ཁ་གསལ་གནང་ཡོད།

       ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་གནས་བབ་འདི་དག་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱིས་གཏན་འཁེལ་བྱས་པ་ཞིག་དང༌། གང་ཉིད་ཀྱི་ལམ་ལུགས་རང་བཞིན་གྱི་གོ་གནས་འདི་དག་ད་ལྟའི་བར་དུ་རྒྱུན་འཁྱོང་ཐུབ་པའི་རྒྱུ་མཚན་ཡང་ཕྱི་དངོས་པོའི་མཐུན་རྐྱེན་ལས་ནང་སེམས་ཀྱི་བཟང་པོའི་མི་གཤིས་ཀྱི་རིན་ཐང་གི་ལྟ་བ་གོང་འཕེལ་གཏོང་རྒྱུ་རྩ་ཆེར་འཛིན་པའི་བོད་འབངས་ས་ཡ་དྲུག་གིས་ཁོང་ལ་བཅངས་པའི་ཡིད་ཆེས་དང་དད་གུས་ལས་བྱུང་བ་ཞིག་ཡིན་པ་ཤིན་ཏུ་གསལ་པོ་ཡིན། རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང༌། ཏཱ་ལའི་བླ་མའི་སྐུ་ཕྲེང་བཅོ་ལྔ་པ་དགོས་དང་མི་དགོས་ནི་བོད་མི་མང་གིས་ཐག་གཅོད་བྱ་རྒྱུ་རེད་ཅེས་ཡང་ཡང་བཀའ་བསྩལ་ཡོད།

                ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་ྋརྒྱལ་བསྟན་སྤྱི་དང༌། གང་གི་གདུལ་ཞིང་དུ་གྱུར་པ་བོད་གངས་ཅན་ལྗོངས་དང༌། གང་གི་གདུལ་བྱར་གྱུར་པ་རང་ཅག་གངས་ཅན་པ་རྣམས་མཉེས་གཤིན་ཐུགས་རྗེས་འཛིན་པའི་ཆེད་མགོན་པོ་གང་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐུགས་བཞེད་སྐོར་བཀའ་སློབ་སྔ་ཕྱིར་གལ་ཆེ་ནན་ཕེབས་རིམ་བསྩལ་གནང་ཡོད་པ་དང༌། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༢༩ ཉིན་བཞུགས་སྒར་དུ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་འཐུས་ཁག་ཅིག་ལ་བོད་འབངས་ཡོངས་ལ་འདུན་པ་ཡོད་ཚེ་འབྱུང་འགྱུར་མགོན་པོ་གང་ཉིད་ཀྱི་སྐུའི་ཡང་སྲིད་ཕེབས་རྒྱུའི་སྐལ་བཟང་ཞལ་བཞེས་སྤྱི་བསྩལ་དང༌། བྱབྱྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབྱུང་འགྱུར་ཡང་སྲིད་ཕེབས་ཕྱོགས་ཐད་གདམས་པའི་ལམ་སྟོན་དུ། ༡༽ དགའ་ལྡན་ཁྲི་པ་ལྟར་བསླབ་པ་བགྲེས་གཞོན་གྱི་ཐོག་ནས་ཏཱ་ལའི་བླ་མའི་ཁྲི་འཛིན་མཁན་ཡོང་མི་ཆོག་པ་མིན་པས་འདི་ཐབས་ཤེས་གཅིག་ཡིན། ༢༽ ཡང་ན་ཡེ་ཤུའི་བླ་ཆེན་གཤེགས་སྐབས་བླ་ཆེན་གྱི་འགན་འཁྱེར་མཁན་གཙོ་བོ་དེ་ཚོའི་ནང་ནས་འོས་བསྡུ་བྱས་ཏེ་བླ་ཆེན་བསྐོ་གཞག་གནང་གི་ཡོད། འདི་འདྲའི་གནས་ཚུལ་ཡང་ཡོང་མ་སྲིད་པ་མིན་ལ་ཡོང་ཆོག་པ་ཡིན། ༣༽ ཡང་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་བར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བདག་པོ་བརྒྱབ་པ་གང་ཞིག་ལ། བདག་པོ་རྒྱག་སྟངས་དེ་ཡང་བླ་མ་གོང་མ་སྐུ་མ་འདས་གོང་བླ་མ་ཁོང་རང་གིས་ངའི་ཡང་སྲིད་འདི་ཡིན་ཞེས་ངོས་འཛིན་གནང་བ་དེ་འདྲ་ཡོང་གི་ཡོད་བྱབྱཅེས་དང༌། ཡང༌། བྱབྱདེ་ལྟར་ཉེ་བའི་ལོ་རྒྱུས་དང་སྔ་མོའི་དུས་སུ་བླ་མ་གོང་མ་སྐུ་མ་འདས་གོང་ནས་སྤྲུལ་སྐུའི་ཡང་སྲིད་ཕེབས་མྱོང་བ་དེ་ལྟར་མ་འདས་སྤྲུལ་སྐུ་ཞེས་པ་ཡོང་ཆོག་པ་འདུག་སྙམ། ངོས་རང་མ་ཤི་གོང་ངའི་ངོས་ནས་ལས་དང་སྨོན་ལམ་དང༌། བསོད་ནམས་གང་ཅིའི་ཆ་རྐྱེན་འཛོམས་པའི་རེ་བ་ཡོད་པ་ཞིག་ལ་འདི་ངའི་མཇུག་སྐྱེལ་མཁན་ཡིན་ཞེས་བརྗོད་ན་བརྗོད་ཆོག་པ་ཡིན། ༤༽ དེ་ཙམ་དུ་མ་ཟད་བླ་མ་གོང་མ་འདས་རྗེས་ཡང་སྲིད་འཚོལ་ཞིབ་བྱེད་པ་འདི་ཡང་དེ་སྔ་ཕན་ཆད་ཀྱི་འགྲོ་སྟངས་དང་ཐབས་ཤེས་ཤིག་རེད་བྱབྱཅེས་བཀའ་བསྩལ་ཡོད་པས། དེ་ནི་སྔོན་གྱི་ནང་ཆོས་ཀྱི་ལམ་སྲོལ་དང༌། དེང་གི་མང་གཙོའི་ལམ་ལུགས། ཡེ་ཤུའི་བླ་ཆེན་བསྐོ་གཞག་གི་ལེགས་ཆ་བླངས་ནས་གསུངས་པ་ཞིག་ཡིན་པས་ལེགས་ཆ་ལས་ཉེས་སྐྱོན་གཏན་ནས་མེད་ལ། དེ་ལས་ཆོས་དུག་ཏུ་བརྩིས་ཤིང༌། ལྷ་ཆོས་མེད་པར་སྨྲ་བའི་གུང་ཁྲན་ཏང་གིས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་སྔར་མེད་གསར་བཟོ་བྱས་པ་དེ་ཉེས་སྐྱོན་གྱི་རང་མཚང་ཆེ་ལ། བྱུང་རབས་དང་ཆོས་ཕྱོགས་ཀྱི་འགྲོ་ལུགས་དང་མི་མཐུན་པར་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་མ་ཡིན་ནམ།

                ཡང་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་བྷུ་ཤུ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་མཇལ་འཕྲད་གྲུབ་རྗེས། ཨ་རིའི་རླུང་འཕྲིན་ཁང་ནས་ྋགོང་ས་མཆོག་ལ་བཅར་འདྲི་ཞུས་པའི་སྐབས་སུ་བཀའ་ལན་གནང་དོན་དུ༑ ‘‘ཕྱི་ལོ་ ༡༩༦༩ ལོའི་ཡོངས་བསྒྲགས་འདུ་འཛོམས་ཤིག་གི་སྐབས། ངོས་ནས་ཏཱ་ལའི་བླ་མའི་ལམ་ལུགས་དེ་མུ་མཐུད་གནས་དང་མི་གནས་བོད་མི་ཡོངས་ཀྱིས་ཐག་གཅོད་ལ་རག་ལས་ཡོད། ཏཱ་ལའི་བླ་མ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་བྱུང་བ་ཡིན་སྟབས། ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་འོག་མེད་པ་ཆགས་འགྲོ་བ་ལས། འགྱུར་བ་འགྲོ་རྒྱུ་མེད་པ་གཏན་ནས་མིན། གལ་སྲིད་བོད་མི་མང་ཆེ་བས་ཏཱ་ལའི་བླ་མའི་ལམ་ལུགས་དེ་མུ་མཐུད་གནས་དགོས་པར་གཟིགས་ན། ཡང་སྲིད་ཕེབས་སྟངས་སྐོར་ཐབས་ལམ་ཁ་ཤས་ཡོད་པ་རེད་སྙམ། གཅིག་བྱས་ན་ཕཱང་ཐི་ཀང་གིས་ཡེ་ཤུའི་ཆོས་བདག་འདེམས་སྟངས་ལ་དཔེ་བླངས་ནས་བོད་ཀྱི་བླ་ཆེན་ཁྲོད་ནས་འདེམས་རྒྱུ། དེ་ཡོང་མི་སྲིད་པ་མིན། ཐབས་ལམ་གཞན་ཞིག་ནི་སྐུ་མ་འདས་གོང་ནས་འདི་ངའི་ཡང་སྲིད་རེད་ཅེས་འདེམས་རྒྱུ། དེ་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་ཞིག་རེད། གལ་སྲིད་བོད་མི་རྣམས་ནས་ད་དུང་སྔོན་མའི་ལུགས་སྲོལ་ལྟར་ཡང་སྲིད་ངོས་འཛིན་བྱ་རྒྱུར་ཐུགས་ཐག་ཆོད་ན༑ འོ་ན་ཡང་སྲིད་ངོས་འཛིན་བྱས་པའི་དམིགས་ཡུལ་ལ་དགོངས་པ་བཞེས་དགོས། ཡང་སྲིད་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་ནི་སྐྱེ་བ་འདིས་བསྒྲུབ་མ་ཚར་བའི་ལས་དོན་ཞིག་སྐྱེ་བ་རྗེས་མས་མུ་མཐུད་བསྒྲུབ་དགོས་པ་ཞིག་རེད། གལ་སྲིད་སྐྱེ་བ་འདིར་བསྒྲུབ་མ་ཚར་བའི་ལས་དོན་ཞིག་སྐྱེ་བ་རྗེས་མ་དེས་གཏོར་བཤིག་བཏང་བ་ཡིན་ན་ཡང་སྲིད་འཁྲུལ་བྲལ་མིན་པ་ཐག་གིས་ཆོད།’’ཅེས་བཀའ་གསལ་ཕེབས་ཡོད།

                ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཕེབས་གསལ། ‘‘ང་རང་བཙན་བྱོལ་ལ་སྡོད་རིང་ངའི་ཚེ་ལ་འགྱུར་བ་ཡོང་གི་རེད་བསམ་གྱི་མི་འདུག འོན་ཀྱང་གལ་སྲིད་ང་ཚོ་བཙན་བྱོལ་ལ་སྡོད་རིང་ངའི་ཚེ་མ་བརྟན་པའི་དབང་དུ་བཏང་ཡང༌། བོད་རྒྱ་ཆེའི་མི་མང་ལ་ངའི་ཡང་སྲིད་མུ་མཐུད་དགོས་མཁོ་ཡོད་པ་དང༌། ཁོང་ཚོས་དགོས་འདུན་བྱས་པ་ཡིན་ན། ངའི་ཡང་སྲིད་དེ་རྒྱ་མིའི་འོག་ཏུ་མིན་པར། འཛམ་གླིང་རང་དབང་ལུང་པ་ཞིག་གི་ནང་ཡོང་རྒྱུ་ཡིན་ཞེས་ངས་ད་ལྟ་ནས་ཚིག་ཐག་བཅད་དེ་གསལ་པོ་ཤོད་རྒྱུ་ཡིན། གང་ཡིན་ཟེར་ན། ཡང་སྲིད་ཡོང་བའི་དགོས་དོན་སྙིང་པོ་ནི། སྐྱེ་བ་སྔོན་མས་འགོ་བཙུགས་པའི་ལས་དོན་གྲུབ་འབྲས་སོན་རྒྱུར་ལུས་པ་དེའི་མཇུག་སྐྱེལ་བར་ཡོང་བ་ཞིག་ཡིན་པར་བརྟེན། སྐྱེ་བ་སྔོན་མས་འགོ་བཙུགས་པའི་ལས་དོན་ལ་གཏོར་བཤིག་གཏོང་མཁན་ཞིག་ནམ་ཡང་ཡོང་ཤེས་ཀྱི་མ་རེད། ལས་དོན་མཇུག་སྐྱེལ་བྱེད་མི་ཐུབ་པའི་ལུང་པ་ཞིག་ནང་སྐྱེས་ན། ཡང་སྲིད་ཡོང་བའི་དགོས་པ་མ་ཚང་བ་རེད། གང་ལྟར་ངའི་ཡང་སྲིད་དགོས་དང་མི་དགོས་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་ཆ་ཚང་བོད་རྒྱ་ཆེའི་མི་མང་ལ་ཡོད་’’ཅེས་བཀའ་ཕེབས་པ་ལྟར་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་སྐོར་གྱི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་བྱེད་སྒོ་ཞིག་དང༌། དེ་ཡང་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་ཆ་ཚང་བོད་རྒྱ་ཆེའི་མི་མང་ལ་ཡོད་པ་ལས། ལྷ་ཆོས་མེད་པར་སྨྲ་བའི་རྒྱ་ནག་དམར་པོའི་གཞུང་ལ་མེད་པ་ཀུན་གསལ་ཡིན་པས་རྒྱས་པར་མ་སྤྲོས་སོ།།

                དཔྱད་གཏམ་པས། ‘‘བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་འགྲོ་ལུགས་དེའི་བརྗིད་ཉམས་ལྡན་པའི་རྒྱུད་འཛིན་བྱེད་པའི་ལམ་ལུགས་དེ་ཡང་ཏཱ་ལས་ཁ་ནས་གང་ཐོན་བཤད་དེ་རང་ཉིད་འཚོ་གནས་བྱེད་པའི་སྐབས་སུའང་ཚེ་འཕོ་ཐུབ་པ་དང༌། ཡང་སྲིད་དེ་བུ་མོ་ཆུང་ཆུང་གཅིག་ཡིན་བཟོ་ཡོད་པའམ། ཡང་ན་བོད་ཀྱི་མི་མ་ཡིན་པ་ཞེས་བཤད་ཡོད།’’ ཅེས་བརྗོད་པ་ནི། ནང་ཆོས་ཀྱི་གནས་ལུགས་ལྟ་ཅི༑ དེའི་ཁ་ཕྱོགས་ཙམ་ཡང་མི་ཤེས་པའི་དམར་པོའི་འགོ་ཁྲིད་མི་སྣའི་རྒྱུན་ལྡན་རང་བཞིན་གྱི་སྨྱོ་ལབ་འབའ་ཞིག་ཡིན་པས་དེ་ལ་ཡ་མཚན་དགོས་དོན་མེད་ལ། སུས་ཀྱང་ཁས་ལེན་དང་ཆ་འཇོག་དེ་བས་བྱེད་མི་སྲིད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་སྤྲུལ་སྐུའི་བྱུང་རབས་ཀྱི་ལོ་རྒྱུས་ཐོག་ཆོས་སྲིད་གཉིས་ཀའི་འགན་འཁུར་གནང་མཁན་གྱི་སྤྲུལ་སྐུའི་གནས་བབས་མཐོ་ཤོས་ཡིན་པ་མ་ཟད། རྒྱ་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཟེར་བའི་ནང་དུ། ‘‘ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རྣམ་གཉིས་ནི་བོད་བརྒྱུད་ནང་བསྟན་གྱི་ཆེས་ཆེ་ཤོས་ཀྱི་ཡང་སྲིད་མ་ལག་གཉིས་དེ་ཆགས་ཡོད་’’ཚུལ་བཀོད་ལ། དོན་དམ་དུའང་ནང་ཆོས་ཀྱི་ལམ་སྲོལ་ལྟར་ྋགོང་ས་མཆོག་ནས་སྐུའི་ཡང་སྲིད་ཀྱི་སྔ་ཕྱིའི་ལོ་རྒྱུས་ལ་ཆེད་བསྡོམས་ཀྱི་ལམ་སྟོན་དང༌། འབྱུང་འགྱུར་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ལམ་སྟོན་སྔ་ཕྱིར་བསྩལ་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་ཀྱི་ལམ་སྲོལ་དང༌། ཡུན་རིང་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན། བོད་མིའི་མངོན་འདོད་སོགས་དང་ཡོངས་སུ་མཐུན་པ་དང༌། དཔྱད་གཏམ་པས་བརྗོད་པ་ལྟར་གཟི་བརྗིད་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་འགྲོ་ལུགས་རྒྱུད་འཛིན་བྱེད་པའི་ལམ་ལུགས་སོགས་དང་ཡོངས་སུ་མཐུན་པ་ཞིག་ཡིན།

                  ལྷག་པར་ཕྱི་ལོ་ ༢༠༠༧ ཟླ་ ༡༡ ནང་ྋགོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས། མ་འདས་སྤྲུལ་སྐུ་སོགས་ཀྱི་སྐོར་བཀའ་སློབ་ཕེབས་པར་དེ་མ་ཉིད་དུ་རྒྱ་ཕྱོགས་ནས་ལུང་རིགས་དང༌། བོད་ཀྱི་སྲོལ་རྒྱུན་གྱི་གནས་ལུགས་དང་ཡོངས་སུ་འགལ་བའི་ཏཱ་ལའི་བླ་མའི་བྱེད་ཕྱོགས་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་འགལ་ཡོད་ཅེས་སྐད་ངན་གྱི་འཆལ་གཏམ་སྤེལ་ཡོད། ྋགོང་ས་མཆོག་གི་ཡང་སྲིད་སྐོར་གྱི་མངའ་དབང་ནི་བོད་གངས་ཅན་པ་རྣམས་དང༌། ྋགོང་ས་ྋསྐྱབས་མགོན་པོ་ཆེན་པོ་མཆོག་ཉིད་ལ་ཡོད་པ་ལས། ཆོས་མེད་རིང་ལུགས་དང་ལྷག་པར་ཆོས་དུག་ཏུ་འཛིན་མཁན་གྱི་རྒྱ་ནག་དམར་གཞུང་ལ་བདག་དབང་དང་ཇུས་གཏོགས་མེད་པ་ནི་སྐྱེ་འགྲོ་སུས་བལྟས་ཀྱང་ཤེས་སླ་བ་ཞིག་ཡིན།

                རྩོམ་འཆལ་དེའི་ནང༌། ‘‘ཏཱ་ལས་ཁ་ནས་གང་ཐོན་བཤད་དེ་རང་ཉིད་འཚོ་གནས་བྱེད་པའི་སྐབས་སུའང་ཚེ་འཕོ་ཐུབ་པ་དང་ཡང་སྲིད་དེ་བུ་མོ་ཆུང་ཆུང་གཅིག་ཡིན་བཟོ་ཡོད་པའམ་ཡང་ན་བོད་ཀྱི་མི་མ་ཡིན་པ་ཞེས་བཤད་ཡོད་’’ཅེས་ལུང་འདྲེན་གྱི་མ་ཡིག་ལ་བཟོ་བཅོས་དང༌། དོན་དངོས་ལ་འཁྱོག་བཤད་ཀྱིས་ལོག་འགྲེལ་འདི་ལྟར་བྱས་ཡོད་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་ཉིད་ནས། རང་ཉིད་འཚོ་གནས་བྱེད་པའི་སྐབས་སུའང་ཚེ་འཕོ་ཐུབ་ཚུལ་གསུངས་པའི་ཁུངས་ལུང་རྒྱུ་མཚན་དང༌། བདེན་དོན་དཔང་རྟགས་ཅི་ཞིག་ཡོད། དོན་དངོས་དཔྱད་གཏམ་པས་གོ་བ་ལོག་སྒྲུབ་ཀྱིས་དངོས་དོན་མ་འདས་སྤྲུལ་སྐུར་ལོག་འགྲེལ་བྱས་པ་ཞིག་ཡིན་པ་སྨོས་ཅི་དགོས། མ་འདས་སྤྲུལ་སྐུ་ཞེས་པ་ནི་རང་ཉིད་འཚོ་གནས་བྱེད་པའི་སྐབས་སུ་ཚེ་འཕོས་ཐུབ་པའི་དོན་མིན་པར། སྐུ་ཐོག་འདི་ཉིད་སྐུ་མྱ་ངན་ལས་མ་འདས་གོང་རང་ཉིད་ཀྱི་མ་འོངས་ཡང་སྤྲུལ་རང་གིས་ངོས་འཛིན་གཏན་འཁེལ་བྱེད་ཀྱི་ཡོད་པ་དེའི་མིང་ལ་སྔ་རབས་ལོ་རྒྱུས་ནང་མ་འདས་སྤྲུལ་སྐུ་ཞེས་བརྗོད་ཀྱི་ཡོད་ལ། མ་འདས་སྤྲུལ་སྐུ་ཞེས་པ་དེ་ཡང་སྔོན་གྱི་ལོ་རྒྱུས་ཐོག་བྱུང་མྱོང་བ་ཞིག་ཡིན་པ་ལས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྔར་མེད་གསར་གཏོད་བྱས་པ་ཞིག་མིན་ཞིང༌། དེ་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་གསལ། ‘‘ཡང་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་བར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བདག་པོ་བརྒྱབ་པ་གང་ཞིག་ལ༑ བདག་པོ་རྒྱག་སྟངས་དེ་ཡང་བླ་མ་གོང་མ་སྐུ་མ་འདས་གོང་བླ་མ་ཁོང་རང་གིས་ངའི་ཡང་སྲིད་འདི་ཡིན་ཞེས་ངོས་འཛིན་གནང་བ་དེ་འདྲ་ཡོང་གི་ཡོད། དཔེར་ན་དེ་གོང་ཏི་ཛུ་ཁུལ་དུ་གཏེར་སྟོན་གྱི་བླ་མ་ཡག་པོ་ཞིག་ཡོད་པ་ཁོང་མ་གཤེགས་གོང་ཁོང་རང་གི་སྤུན་མཆེད་ལྟ་བུ་ཞིག་ལ་ཕྲུ་གུ་གྲུང་པོ་ཞིག་ཡོད་པ་འདི་ངའི་ཡང་སྲིད་ཡིན་ཞེས་ངོས་འཛིན་ཐག་གཅོད་གནང་ཡོད། རྗེས་སུ་ཕྲུ་གུ་དེ་ཡང་བླ་མ་གོང་མའི་ཀུན་སྤྱོད་ཇི་ལྟ་བ་བཞིན་བྱེད་མཁན་ཞིག་ཆགས་འདུག་བྱབྱཅེས་དང༌། ཡང་བྱབྱདེ་ལྟར་ཉེ་བའི་ལོ་རྒྱུས་དང་སྔ་མོའི་དུས་སུ་བླ་མ་གོང་མ་སྐུ་མ་འདས་གོང་ནས་སྤྲུལ་སྐུའི་ཡང་སྲིད་ཕེབས་ཡོང་མྱོང་བ་དེ་ལྟར་མ་འདས་སྤྲུལ་སྐུ་ཞེས་པ་ཡོང་ཆོག་པ་འདུག་སྙམ། ངོས་རང་མ་ཤི་གོང་ངའི་ངོས་ནས་ལས་དང་སྨོན་ལམ་དང༌། བསོད་ནམས་གང་ཅིའི་ཆ་རྐྱེན་འཛོམས་པའི་རེ་བ་ཡོད་པ་ཞིག་ལ་འདི་ངའི་མཇུག་སྐྱེལ་མཁན་ཡིན་ཞེས་བརྗོད་ན་བརྗོད་ཆོག་པ་ཡིན་’’ཞེས་གསུངས་པ་ལས། རང་ཉིད་འཚོ་གནས་བྱེད་པའི་སྐབས་སུའང་ཚེ་འཕོ་ཐུབ་ཚུལ་ནམ་ཡང་གསུངས་མེད་ན༑ དེ་ནི་དཔྱད་གཏམ་པའི་ཁུངས་མེད་ཀྱི་གཏམ་འཆལ་འབའ་ཞིག་ཡིན་པ་རྟོགས་ཐུབ་པ་འདི་ལྟར་ཡིན།

                སྔོན་བྱུང་གི་རྒྱལ་རབས་ཆོས་འབྱུང་ཁག་ལ་ལྟ་ཀློག་ཞིབ་འཇུག་གིས་གཟུར་གནས་ཀྱི་བློ་གྲོས་དང་ལྡན་པའི་ཐོག་ནས་དཔྱད་གཏམ་སྤེལ་དགོས་པ་ལས། དོན་དངོས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང༌། རང་གི་ཞེ་འདོད་ལྟར་ཁུངས་ལུང་རྒྱུ་མཚན་གང་ཡང་མེད་པར་ཁ་ནས་གང་ཐོན་སྨྱོན་པའི་འཆོལ་ལབ་ལྟ་བུ་མང་དུ་སྨྲ་བར་དཔྱད་གཏམ་པའི་མིང་མི་ཐོབ་ལ། དེ་ནི་དཔྱད་གཏམ་པའི་མཚན་ཉིད་མ་ཚང་བས་དཔྱད་གཏམ་པའི་ཞབས་འདྲེན་ཞིག་ལས་མ་འདས།

                དཔྱད་གཏམ་པས། བྱབྱཡང་སྲིད་དེ་བུ་མོ་ཆུང་ཆུང་གཅིག་ཡིན་བཟོ་ཡོད་པའམ། ཡང་ན་བོད་མི་མ་ཡིན་པ་བྱབྱཞེས་པ་ལྟར་དཔྱད་གཏམ་པའི་ཞེ་འདོད་ལྟར་ན། ཡང་སྲིད་བུ་མོ་དང་བོད་མི་མ་ཡིན་པ་ཞིག་ཏུ་འཁྲུངས་སྲོལ་མེད་པ་དང་འཁྲུངས་མི་ཆོག་པ་ཞིག་ཡིན་ནམ། དེ་ལྟར་འདོད་ན་མངོན་སུམ་ལ་བསྙོན་པ་ཡིན་པས་ལོ་རྒྱུས་ཀྱི་ཁུངས་ལུང་དང་བཅས་སྤྲོས་པས་ཆོག་ལ༑ དེ་ཡང་ྋགོང་ས་མཆོག་ནས་བསྩལ་བའི་བཀའ་སློབ་དངོས་ནི། ‘‘མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་དང༌། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་གནས་རྒྱུ་དང༌། དེའི་མཇུག་མཐུད་མཁན་ཡང་སྔོན་ཆད་ཀྱི་འགྲོ་སྟངས་ལྟར་ཡང་སྲིད་ངོས་འཛིན་གྱི་ཐོག་ནས་ཡོང་དགོས་པ་ཞིག་གལ་སྲིད་ཆགས་ཀྱི་ཡོད་པ་ཡིན་ན། མ་འོངས་པའི་ཡང་སྲིད་དེ་ཡང་དེའི་ཚེ་དེའི་དུས་ཀྱི་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་གལ་སྲིད་བུད་མེད་ཀྱི་རྟེན་ཞིག་ལ་ཡོང་བ་ཡིན་ན། བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་ཡོད་ཚེ་ཏཱ་ལའི་བླ་མ་བུད་མེད་ཀྱི་རྟེན་ལ་ཡོང་གི་རེད་ཅེས་བཤད་ཡོད་ལ༑ ཡོང་ཡང་ཆོག་པ་ཡིན། གོང་དུ་བརྗོད་པ་བཞིན་ཡང་སྲིད་ཕེབས་པའི་དགོས་པ་རྒྱུ་མཚན་གཙོ་བོ་སྐུ་གོང་མ་དེས་ལས་ཀ་འགོ་འཛུགས་གནང་བའི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་པའི་ཞབས་འདེགས་ཞུ་རྒྱུ་དེའི་རྒྱུན་མཐུད་པའི་དོན་དུ་ཡང་སྲིད་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་དེའི་ཚེ་དེའི་དུས་ཀྱི་གནས་སྟངས་ལ་བུད་མེད་རྟེན་གྱི་ཡང་སྲིད་ཅིག་བྱུང་ན་ཕན་ཐོགས་ཆེ་བ་ཡོད་ཚེ་བུད་མེད་ཀྱི་རྟེན་ལ་ངེས་པར་དུ་ཡོང་གི་རེད། དཔེར་ན༑ སྟོན་པ་བཅོམ་ལྡན་འདས་ཀྱི་ནང་པའི་གཞུང་ནང་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་སེང་གེ་རྒྱལ་རིགས་སུ་འཁྲུངས་ཤིང༌། གང་ཡིན་ཞེ་ན་དེའི་ཚེ་དེའི་དུས་སུ་རྒྱ་གར་གྱི་ཡུལ་སྲོལ་ནང་རྒྱལ་རིགས་དེ་གཙོ་ཆེ་བ་ཆགས་ཡོད།

                མ་འོངས་པར་འབྱུང་འགྱུར་གྱི་སངས་རྒྱས་བྱམས་པ་དེ་བྲམ་ཟེའི་རིགས་སུ་ཕེབས་ཀྱི་ཡོད། གང་ཡིན་ཞེ་ན་དེའི་ཚེ་དེའི་དུས་སུ་བྲམ་ཟེའི་རིགས་གཙོ་ཆེ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་རིགས་ལ་ཕེབས་དང་བྲམ་ཟེའི་རིགས་ལ་ཕེབས་སྤྱི་ཚོགས་ལ་གང་ཞིག་ཕན་ཐོགས་ཆེ་བ་དང༌། གང་ཞིག་བསྟན་པ་དང་འགྲོ་བའི་དོན་དག་ལ་ནུས་པ་ཆེ་བ་ཡོང་གི་ཡོད་པ་འདིའི་གནས་ཚུལ་ལ་གཟིགས་ཏེ་སྐབས་རེ་རྒྱལ་རིགས་ལ་ཕེབས་པ་དང༌། སྐབས་རེ་བྲམ་ཟེའི་རིགས་ལ་ཕེབས་ཀྱི་ཡོད་པ་གསུངས་ཡོད། དཔེ་འདི་བཞིན་མ་འོངས་པར་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཡོད་པ་དེ་དང་འབྲེལ་བའི་ཐོག་ནས་ཡང་སྲིད་ཕེབས་རྒྱུའི་རྣམ་འགྱུར་ཞིག་ཡོང་གི་ཡོད། དཔེར་ན། ྋརྒྱལ་དབང་སྐུ་ཕྲེང་ནང་ཆ་བཞག་ན་སྔར་དེའི་ཚེ་དེའི་དུས་སོག་པོའི་འབྲེལ་བ་གལ་ཆེན་པོ་ཆགས་ཡོང་དུས་ྋརྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་རིགས་ཀྱི་སྲས་སུ་འཁྲུངས་པ་ཡོད། ཁོང་ནི་བོད་པ་མིན་པར་སོག་པོ་ཡིན་ཡང་དེ་ྋརྒྱལ་བའི་ཡང་སྲིད་ལ་མ་བརྩིས་པ་བྱས་མེད། དེར་བརྟེན་འགྲོ་སྟངས་གནས་ཚུལ་དེ་འདྲ་ཡོང་གི་ཡོད་ཅེས་དང༌། མ་འོངས་པར་ཡང་སྲིད་དེ་གལ་སྲིད་བུད་མེད་ཀྱི་རྟེན་ལ་བྱུང་ན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཡོང་གི་ཡོད་ཚེ་དེ་བས་ཀྱང་ཡོང་གི་རེད་’’ཅེས་སྔོན་གྱི་བྱུང་རབས་ལོ་རྒྱུས་དང༌། དགོས་པ་རྒྱུ་མཚན། ཁུངས་ལུང་དཔེ་དང་བཅས་བཀའ་གསལ་བསྩལ་བ་ལས་ལྷག་གསལ་འགྲེལ་དགོས་པ་མ་མཐོང་ཡང༌། དཔྱད་གཏམ་པའི་ཤེས་འཇོན་གྱི་གནས་ཚད་དམན་སྟབས། ཡང་བསྐྱར་མཛུབ་མོ་རི་སྟོན་གྱི་ཚུལ་དུ་དཔེ་མཚོན་དང་བཅས་བཀོད་པ་ལ། བོད་ཀྱི་རྒྱལ་རབས་ཆོས་འབྱུང་གི་དེབ་ཐེར་ཁག་ཏུ་འཁོད་པ་ལྟར། སྤྱིར་བོད་གངས་ཅན་གྱི་ལྗོངས་འདི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་བཟུང་ནས་ད་ལྟ་བར་དུ་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་སྤྲུལ་གྱི་བཀོད་པ་རྒྱལ་པོ་དང༌། བློན་པོ། བྱང་ཆུབ་སེམས་དཔའ། བཙུན་མོ། བླ་མ། མཁས་དབང༌། གྲུབ་ཐོབ། གཏེར་བཏོན། ཆབ་འབངས། ཐ་ན་བྱ་རི་དྭགས་དང༌། གཟིངས་དང་ཟམ་པ་ཚུན་ཆད་ཀྱི་རྣམ་པ་བསྟན་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་འབངས་སྐྱོང་བའི་དོན་དུ་གང་ལ་གང་འདུལ་གྱི་རོལ་པ་མཐའ་ཡས་པ་ཞིག་བཞེས་པ་དེ་དག་སྤྱན་རས་གཟིགས་ཀྱི་ཆེ་ནུས་འདོན་པའི་ཆེད་དུ་མིན་པར་བོད་རྒྱ་ཆེའི་མི་མང་གི་བདེ་དོན་ཕན་ཐོགས་ཁོ་ནའི་ཆེད་དུ་གང་དང་གང་འདུལ་བ་ལ་དེ་དང་དེའི་རྣམ་པར་བསྟན་པ་ཞིག་ཡིན་པས་མ་འོངས་སྐུ་ཕྲེང་བཅོ་ལྔ་པ་དེ་ཡང་བུད་མེད་ཀྱི་རྟེན་ལ་ཡོང་མི་ཆོག་པ་ཅིག་ཞིག་ཡོད།

ཡང་སྔར་ཤུགས་གསེབ་རྗེ་བཙུན་སྐུ་ཞབས་ཞེས་སྙན་གྲགས་ཅན་དེ་ཉིད་ཀྱི་ཡང་སྲིད་དུ་དེང་ལྷ་སའི་རྒྱང་བསྒྲགས་ལས་ཁུངས་སུ་ཡོད་པའི་རྡོ་རྗེ་རབ་བརྟན་རིན་པོ་ཆེ་མཆོག་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ངོས་འཛིན་ཡོད་ལ། དེ་བཞིན་སྔར་རྗེ་བདག་ཉིད་ཆེན་པོའི་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་ཡང་སྲིད་དུ་ཤིང་བཟའ་སྤྲུལ་སྐུ་ངོས་འཛིན་མཛད་པ་སོགས་མང་དུ་མཆིས་པ་རྣམས་ལྟ་རྒྱ་ཆུང་བས་མ་མཐོང་བའམ། ཐོས་རྒྱ་ཆུང་བས་མ་ཐོས་པ་ཡིན་ནམ། ཡང་ན་ཤེས་བཞིན་དུ་ནག་མེད་ནག་འགེལ་དང་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ལས་མ་འདས་པས་གང་ཡང་མི་ཤེས་ཤིང༌། ཅི་ཡང་མི་འཇོན་པར་ཁ་ནས་གང་ཐོན་ཤོད་མཁན་དེ་སུ་ཞིག་ཡིན་མིན་ས་རིས་ཐང་གསལ་དུ་གྱུར་བ་འདི་ལྟར་ཡིན།

                མདོར་ན་དགེ་བསྙེན་ཕ་མ་དང༌། དགེ་སློང་ཕ་མ་གཉིས་བཅས་སངས་རྒྱས་ཀྱི་འཁོར་རྣམ་བཞི་ཞེས་ཕོ་མོ་འདྲ་མཉམ་དུ་ཡོད་པ་དང༌། དེ་བཞིན་དུ་དགེ་ཚུལ་ལ་ཡང་ཕ་མ་གཉིས་དང༌། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ། གཤེགས་པ་གཤེགས་མ། རྣལ་འབྱོར་ཕོ་མོ་སོགས་ཕོ་མོ་འདྲ་མཉམ་དུ་ཆོས་ལུགས་ཀྱི་མིང་དང་ཡོན་ཏན་དང༌། གོ་ས་དང༌། སློབ་སྦྱོང་སོགས་ཀྱི་དབང་ཆ་ཡོད་པ་དང་ཕོ་མོ་འདྲ་མཉམ་ཡིན་པ་ལྟར་བླ་སྤྲུལ་ངོས་འཛིན་ལ་ཕོ་མོ་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་འདྲ་མཉམ་ཡིན། དེ་ཡང་བུད་མེད་ཀྱི་སྤྲུལ་སྐུའི་ཐོག་མར་གྱུར་ཞིང༌། གོ་གནས་མཐོ་ཤོས་ཡར་འབྲོག་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ་ནས་ད་ཡོད་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་བར་ཡིན་ཞིང༌། དེ་བཞིན་ཨ་མདོའི་གུང་རི་མཁའ་འགྲོ་མ་དང༌། གཞན་ཡང་ལ་སྟོད་བྲག་དཀར་རྗེ་བཙུན་མ་དང༌། ཤུག་གསེབ་རྗེ་བཙུན་མ། རྒྱལ་རྩེ་རྒྱང་རོ་དཔལ་སྡིངས་རྗེ་བཙུན་མ། རྒྱལ་ཡུམ་ཨོ་རྒྱན་བུ་འཁྲིད་སྐྱེ་ཕྲེང་རིམ་བྱོན་སོགས་བུད་མེད་བླ་སྤྲུལ་མང་དག་ཅིག་བྱོན་མྱོང་ཡོད་པ་རྒྱལ་རབས་ལོ་རྒྱུས་ཐོག་གསལ་བར་འཁོད་པ་ཞིག་ཡིན་པ་ལས། སྔར་བྱུང་རབས་ཐོག་བྱུང་མྱོང་མེད་པ་ཞིག་མིན་ལ། མགོན་པོ་གང་ཉིད་ནས་གསུངས་པ་ལྟར་ཏཱ་ལའི་བླ་མའི་ཡང་སྤྲུལ་ཡང་བུད་མེད་ཅིག་ཡོང་མི་ཆོག་པ་ག་ལ་ཡོད།

                ཡང་དཔྱད་གཏམ་པས། བྱབྱབོད་ཀྱི་མི་མ་ཡིན་པ་བྱབྱཞེས་བཤད་ཡོད། ཅེས་བརྗོད་པ་ལའང་ཁུངས་ལུང་རྒྱུ་མཚན་གང་ཞིག་འདུག་གམ། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་འདོད་པ་དང༌། རེ་ངན་ཁོག་བཅངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་སྐོར་གྱི་ཁྲིམས་སྲོལ་སྔ་ཕྱི་རིམ་པར་གཏན་འབེབས་བྱས་པའི་ཡིག་ཆའི་ནང་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་བོད་དང་རྒྱ་ནག་གང་རུང་དུ་འཁྲུངས་དགོས་པ་དང༌། དེ་ཡང་རྒྱ་ནག་དམར་གཞུང་ནས་ཁྲིམས་སྲོལ་གསར་པ་གཏན་འབེབས་ཀྱིས་བདག་དབང་ཡོད་ཚུལ་སོགས་ཁུངས་མེད་མང་དུ་གླེང་ནས་དོན་དམ་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེ་ཉིད་རྒྱ་གཞུང་གིས་བཙན་གནོན་དང་དྲག་ཤུགས་ཀྱི་བཀོལ་སྤྱོད་ཀྱི་འོག་ནས་ཆབ་སྲིད་ཀྱི་ལག་ཆར་བེད་ལོག་སྤྱོད་རྒྱུའི་རེ་ངན་ཁོག་བཅངས་ཀྱི་དགོས་དམིགས་དངོས་སུ་གསལ་བ་ཞིག་ཡིན་པ་དངོས་ར་འཕྲོད་ཡོད། དེ་ཕྱིར་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་བྷུ་ཤུ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་མཇལ་འཕྲད་གྲུབ་རྗེས། ཨ་རིའི་རླུང་འཕྲིན་ཁང་ནས་ྋགོང་ས་མཆོག་ལ་བཅར་འདྲི་ཞུས་པའི་སྐབས་སུ་བཀའ་སྩལ་དོན་དུ། བྱབྱྋགོང་ས་མཆོག་ནས་གལ་སྲིད་ངོས་བཙན་བྱོལ་ཁྲོད་མེད་པ་ཆགས་ན། ངོས་ཀྱི་ཡང་སྲིད་བོད་ཕྱི་ལོགས་སུ་སྐྱེས་རྒྱུ་ཡིན་པ་སྔོན་མ་ནས་གསལ་པོ་བརྗོད་མྱོང༌། སྤྲུལ་སྐུའི་ཡང་སྲིད་ནི་རྦད་དེ་ཆབ་སྲིད་རང་བཞིན་གྱི་བྱ་བ་མིན་ཞིང༌། རྒྱ་ནག་གཞུང་གིས་བྱ་བ་ཐམས་ཅད་ཆབ་སྲིད་ཐོག་ནས་བསམ་བློ་གཏོང་གི་ཡོད་ལ། ཆོས་ལུགས་ཕྱོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གཏན་ནས་བྱེད་སྲོལ་མེད་བྱབྱཅེས་བཀའ་བསྩལ་བ་ལྟར་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ནི་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་གལ་ཆེའི་གནས་ཚུལ་ཞིག་ཡིན་ནའང༌། གུང་ཁྲན་རིང་ལུགས་པས་ཆོས་དུག་ཏུ་བརྩིས་ཤིང༌། ལྷ་ཆོས་མེད་པར་སྨྲ་བས་ཆོས་ལུགས་ཀྱི་ལམ་སྲོལ་དང༌། དེའི་རྒྱུ་རྐྱེན་སོགས་ལ་བསམ་གཞིགས་གཏན་ནས་མེད་པར་ཆབ་སྲིད་དང་ངན་གཡོ་ཁོ་ནའི་ཐོག་ནས་བསམ་བློ་བཏང་སྟེ་དོན་དམ་དུ་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ཁག་ལ་བརྩིས་མེད་རྡོག་རོལ་དུ་གཏོང་གི་ཡོད།

                  ‘‘བོད་ཀྱི་མི་མ་ཡིན་པ་’’ཞེས་བཤད་ཡོད་ཅེས་སྐྱོན་འཕེན་ན་ཡང༌། ྋརྒྱལ་མཆོག་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་པོ་ནང་སོག་ཏུ་སྐུ་འཁྲུངས་པ་དང༌། ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་དེང་རྒྱ་གར་གྱི་མངའ་ཁོངས་མོན་ལ་འོག་ཏུ་འཁྲུངས་པ་རྣམས་དང༌། ཡང་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ངག་དབང་འཇིགས་མེད་གྲགས་པ་བོད་ལྷོ་ཁར་སྐུ་འཁྲུངས་པའང་བོད་དང༌། རྒྱ་གར། སོག་པོ༑ འབྲུག་གཞུང་བཅས་ཚང་མས་ཡང་སྲིད་དུ་ངོས་འཛིན་མཛད་པ་ཡོངས་གྲགས་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་རྣམས་སྦང་བསྐུང་རྩིས་མེད་དུ་གཏོང་བར་འདོད་དམ། དེ་ནི་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་ཁྲིམས་སྲོལ་གསར་པ་གཏན་འབེབས་བྱས་པའི་ནང་དུ། ‘‘ཕྱི་རྒྱལ་དུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཐམས་ཅད་ངོས་ལེན་མི་བྱེད་པ་’’ཟེར་བ་དང༌། ཡང་‘‘ཕྱི་རྒྱལ་རྒྱལ་ཁོངས་སུ་ཡོད་པའི་ད་ཡོད་སྤྲུལ་སྐུ་ངོས་ལེན་མི་བྱེད་པ་’’ཟེར་བ་སོགས་ཀྱི་ངན་ཇུས་ལྟར་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཕྱི་རྒྱལ་རང་དབང་ལུང་པར་སྐུ་འཁྲུངས་ན་ངོས་ལེན་མི་བྱེད་པར་རྒྱ་ནག་དམར་གཞུང་རང་ཉིད་ནས་ཆབ་སྲིད་ཀྱི་དགོས་མཁོར་ཡང་སྲིད་རྫུན་མ་ངོས་འཛིན་བསྐོ་གཞག་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ཏེ་བོད་དང་བོད་མི་རིགས་དང་བཅས་པ་རྩ་གཏོར་ཤུལ་མེད་དུ་བཟོ་རྒྱུའི་ཇུས་ངན་བཤམས་པའི་རང་མཚན་མངོན་སུམ་དུ་ཐོན་པ་ཞིག་ཡིན་པ་ར་འཕྲོད་ཐུབ་པ་ཡིན།།    །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།