བདེན་དོན་གྱི་གཟེངས་རྟགས་དང༌ཟབ་གསལ་གསུང་གི་བྱིན་རླབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། བརྒྱད་པ། བདེན་དོན་ལ་འོས་པའི་གཟེངས་རྟགས་དང༌། ཟབ་གསལ་གསུང་གི་བྱིན་རླབས། ༦༠ པ་ནས་བཟུང་ཏཱ་ལས་རྒྱལ་ཁབ་དང་ས་ཁུལ་ ༥༠ ལྷག་ཙམ་དུ་སྐོར་འཁྱམས་ཐེངས་མང་བྱས་ཤིང༌། སྐོར་འཁྱམས་བྱེད་ཐེངས་ཚང་མར་ཏཱ་ལས་ཆོས་སྤེལ་བ་ལས། ཆབ་སྲིད་དང་འབྲེལ་བ་མེད་ཅེས་གསལ་བཤད་བྱེད་ཀྱི་ཡོད།བྱབྱ ཅེས་འཁོད་ཡོད། དེ་ཡང་ཇི་སྐད་དུ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས།།

བདག་ཅག་བསོད་ནམས་སྐལ་བར་ལྡན། །ཞེས་གསུངས་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡངས་པའི་འཛམ་གླིང་གི་མཐའ་དབུས་ཀྱི་སྐྱེ་འགྲོ་ཀུན་ནས་དགའ་དད་གུས་བརྩི་ཆེན་པོས་རླབས་ཆེན་ཆོས་སྲིད་མཛད་འཕྲིན་སྐྱོང་སླད་མགྲོན་འབོད་གདན་ཞུ་གནང་བ་ནི་གནའ་གཏམ་དུ་བདེན་ཡོད་མི་ནི་གང་ལའང་ཐར། བདེན་མེད་མི་ནི་འགྲོ་ས་མེད། ཅེས་པ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བདེན་པ་དང༌། འཚེ་བ་མེད་པ༑ ཡང་དག་པ་བཅས་གཞི་རྩར་འཛིན་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྣམ་གསུམ་གྱི་མཛད་རླབས་བསྐྱངས་དང་སྐྱོང་བཞིན་པ་འདི་ལྟར་ཡིན་པས། གངས་སྡོད་སེང་གེའི་གཡུ་རལ་ངོམ་པ་ལ་ས་འོག་འབུ་སྲིན་གྱི་རིགས་རྣམས་ཡ་མཚན་སྐྱེ་དགོས་དོན་ཅི་ཡང་མེད།

དེ་ཡང་ཕྱི་ལོ་ ༡༩༦༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐཱའི་ལན་ཌི་དང༌། ཉི་ཧོང་ལ་ཆིབས་བསྒྱུར་ཐོག་མར་བཀའ་དྲིན་བསྐྱངས་ཤིང༌། ཕྱི་ལོ་ ༡༩༦༧ ལོ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་ཡོད་དང༌། ཚོགས་སྡེ་མང་པོས་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆིབས་བསྒྱུར་གནང་འགོ་ཚུགས་པ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་ལོ་ངོ་ ༥༠ རིང་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་ཆིབས་བསྒྱུར་གནང་ཞིང༌། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང༌། ཆོས་ལུགས་ཀྱི་སྣེ་ཁྲིད་པ། སྲིད་དོན་པ། ཚན་རིག་པ་གྲགས་ཅན་སོགས་ཀྱི་གཙོས་པའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་འདྲ་མིན་མང་པོས་གདན་ཞུ་དང་བཅས་ཆེ་བསྟོད་ཀྱི་རྣམ་གྲངས་མང་པོས་གུས་བརྩི་བླ་མེད་མཛད་ཡོད།

འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའི་སྲིད་འཛིན་དང༌། སྲིད་བློན། གནད་ཡོད་མི་སྣ་གྲགས་ཅན་ཁག་གིས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ལ་མཇལ་འཕྲད་ཀྱི་གོ་སྐབས་རྩོད་ལེན་གནང་ཡོད་པ་མ་ཟད། འཛམ་གླིང་ཆོས་ལུགས་ཀྱི་དབུ་ཁྲིད་གྲགས་ཅན་ཡི་ཤུའི་བླ་ཆེན་པོབ་ཀྱིས་གཙོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་སྙན་གྲགས་ཅན་གྱི་མི་སྣ་མང་པོས་ཀྱང་མཇལ་འཕྲད་བཀའ་མོལ་ལྷུག་པར་གནང་བ་སོགས་དེང་སྐབས་འཛམ་གླིང་ནང་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་འཛམ་གླིང་མི་དམངས་དུང་ཕྱུར་དྲུག་ཅུ་ལྷག་ཕལ་མོ་ཆེའི་ནང་ཡོངས་སུ་གྲགས་པ་མ་ཟད། ལྷག་པར་དུ་ཕྲག་དོག་གི་དུག་ཆུ་མ་མཐུང་ཞིང་བློ་གཟུ་བོར་གནས་པའི་ཤར་ནུབ་ཀྱི་མཁས་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་འཐོར་བ་རྣམས་ཁྱོད་ཚོའི་རྣ་ལམ་དུ་མ་གྱུར་བ་ནི་ཞེ་སྡང་གི་ལྷུམས་སུ་ཚུད་པའི་ཉེས་པ་ལས་མ་འདས་སོ།།

མདོར་ན་ཕྱི་ལོ་ ༢༠༠༩ བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག ༦༠ ཙམ་ནང་ཕེབས་བཞུད་བཀའ་དྲིན་བསྐྱངས་ཤིང༌། དེ་དག་ལས་ཨ་རི་ཁོ་ནར་ཐེངས་སུམ་ཅུར་ཉེ་བ་ཞབས་ཀྱིས་བཅགས་གནང་མཛད་ཡོད། ཇི་སྐད་དུ། རྗེ་རིན་པོ་ཆེས་སྟོན་པར་བསྟོད་པ་ལས། ‘‘རི་རབ་ལྟ་བུར་བརྟན་པའི་ཐུགས། །བྱམས་པའི་རླུང་ཤུགས་ཀྱིས་བསྐྱོད་དེ། །ཤིང་བལ་བཞིན་དུ་སྲིད་པ་འདིར། །འགྲོ་བའི་དོན་དུ་གཡོ་བ་ལགས། །’’ཞེས་པ་ལྟར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པའི་ས་ཆེན་པོའི་མཁའ་ཁྱབ་སྐྱེ་འགྲོའི་སླད་དུ་ཕེབས་བཞུད་བསྐྱངས་པ་དེས་གཟུ་བོར་གནས་པའི་འགྲོ་བ་རྣམས་ཀྱང་ནང་ཆོས་ལ་དད་མིན་ལ་མ་བལྟོས་པར་ཡོངས་སུ་མཉེས་ནས་ཇི་སྐད་དུ། ‘‘ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང༌། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །’’ཅེས་ཇི་སྐད་འབྱུང་བ་ལྟར་དགའ་གུས་བསྟོད་གསུམ་གྱིས་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་གཟེངས་རྟགས་དང༌། ཨ་རིའི་གསེར་གྱི་རྟགས་མ། སོག་པོའི་པདྨ་དཀར་པོ་སོགས་འཛམ་གླིང་འདིའི་ཐོག་གི་སྙན་གྲགས་ཅན་གྱི་ཆེ་བསྟོད་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་ཕུལ་ཡོད་ལ། རྒྱལ་སྤྱི་དང་རྒྱལ་ཁབ། མི་རིགས་དང་ཚོགས་པ་ཁག་གིས་རིག་གནས་ཀྱི་སློབ་དཔོན་ཆེན་པོ་དང༌། ཆོས་ཀྱི་སློབ་དཔོན། འགྲོ་བ་མིའི་དེད་དཔོན། རང་དབང་གི་སྒྲོན་མེ། གཙུག་ལག་མཐར་ཕྱིན་སློབ་དཔོན། ཁྱད་འཕགས་ཞི་བདེའི་དབུ་ཁྲིད། འཛམ་གླིང་ས་གཞི་ཆིག་སྒྲིལ། ཆོས་ལུགས་གྲུབ་མཐའི་སློབ་དཔོན། ཁྲིམས་ཀྱི་སློབ་དཔོན། མི་ཆོས་རིག་གནས་ཀྱི་སློབ་དཔོན། སྲིད་འཛིན་གྱི་ཁྱད་འཕགས་རྟགས་མ། སྤྱི་ཚོགས་ཚན་རིག་གི་སློབ་དཔོན་ཆེན་པོ། བྱང་ཆུབ་ཀྱི་གཟེངས་རྟགས་སོགས་བགྲང་དུ་མེད་པའི་འཛམ་གླིང་ཐོག་སྙན་གྲགས་ཅན་གྱི་གཟེངས་རྟགས་དང༌། བྱ་དགའ། ཕྱག་འཁྱེར་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་ཡོད་ལ། སྟོབས་ཆེན་རྒྱལ་ཁབ་ཁག་གི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་མང་པོ་ཞིག་ཀྱང་འབུལ་བཞེས་མཛད་ཡོད། གོང་དུ་མཛད་ཆེན་འདི་དག་བརྗོད་སྐབས་དཔྱད་གཏམ་པ་ཁྱོད་འདྲ་རྣམས་ལ་ཉིན་མོ་ཟས་དང༌། མཚན་མོ་གཉིད་མེད་པར་གྱུར་ན་ཡང་བྱ་ཐབས་བྲལ།

སྔོན་ཟླའི་ནང་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་པོ་ལན་ཌིའི་རྒྱལ་ས་ཝར་སོར་གྱི་གཙུག་ལག་སློབ་གྲྭའི་གཟེངས་རྟགས་དང༌། ཝར་སོར་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་མཛད་པ་དང༌། འཇར་མན་གྱི་མར་བྷར་གཙུག་ལག་སློབ་གྲྭ་ཆེན་མོས་མཁས་དབང་གི་ཕྱག་འཁྱེར་ཡང་འབུལ་བཞེས་གནང་བ་དང༌། དེ་བཞིན་དུ་རྩོམ་འབྲི་བས་རྩོམ་ཡིག་འདི་ཉིད་འབྲི་བཞིན་པའི་སྐབས་སླར་ཡང་གཏམ་བཟང་གཞན་ཞིག་ཐོན་པ་ནི། རིང་མིན་ཨ་རིའི་རང་དབང་གི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་པ་སོགས་ཀྱི་གཏམ་བཟང་གཅིག་མཇུག་གཉིས་མཐུད་དུ་ཐོན་བཞིན་པ་འདི་དག་ཐམས་ཅད་འབྲེལ་ཡོད་རྒྱལ་ཁབ་ཁག་དང༌། གཞུང་དང་གྲོས་ཚོགས། ཚོགས་སྡེ་དང་ཡུལ་མི་སོ་སོའི་འགན་འཛིན་ལྷན་རྒྱས་ནས་མ་སྐུལ་དྭང་བླངས་རང་དབང་འདོད་འདུན་གྱིས་ཕུལ་བ་འབའ་ཞིག་ལས་གཞན་གྱི་བརྒྱུད་སྐུལ་དང༌། ཆབ་སྲིད་ཀྱི་དགོས་མཁོ་སོགས་ཀྱི་དབང་གིས་ཕུལ་བ་ཞིག་གཏན་ནས་མིན་པ་འཛམ་གླིང་ཀུན་གསལ་དང༌། ཀུན་གྱིས་མཐོང་ཆོས་མྱོང་བས་གྲུབ་པ་དེ་ལྟར་ཡིན། སྔོན་གྱི་གཏམ་དཔེར། ཁྲི་གདུགས་ཉི་མ་ཀུན་ལ་མཛེས་ཀྱང༌། བྱ་འུག་པའི་མིག་ལ་དེ་མི་མཛེས། །ཞེས་པ་ལྟར་སྡང་ཟུག་ཕྱོགས་ལྷུང་གིས་བློ་མིག་ལྡོང་པའི་རྒྱ་གཞུང་གིས་དེ་དག་ལ་སྲིད་དོན་གྱི་བྱ་གཞག་ཏུ་བཟུང་སྟེ་སྐྱོན་བརྗོད་བྱེད་པ་ནི་དངོས་དོན་དང་མི་མཐུན་པས་སྙིང་རྗེའི་ཡུལ་ལས་མ་འདས་སོ།།

ྋགོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་དང༌། གཟེངས་རྟགས་འབུལ་བཞེས་མཛད་པ་ནི་གངས་ཅན་པ་རྣམས་དང་འཛམ་གླིང་གི་མི་དམངས་ལ་དགའ་སྤོབས་ཀྱི་གཏམ་བཟང་རེ་ཐོན་སྐབས་རྒྱ་ནག་དམར་གཞུང་གི་སྙིང་ལ་ཟུག་རྔུ་དང་ྋགོང་ས་མཆོག་ལ་མཚན་སྨད་ཤུགས་ཆེ་བྱེད་བཞིན་པ་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡངས་པའི་འཛམ་གླིང་གི་ཞི་བདེའི་ཆེད་དུ་རླབས་ཆེན་གྱི་ཕྱག་ལས་གནང་བཞིན་པའི་གཟི་བརྗིད་དང་ཡོན་ཏན་ལ་འཛམ་གླིང་གི་ཁྱོན་དུ་གདེང་འཇོག་ཤུགས་ཆེ་ཞུ་བཞིན་པ་མ་བཟོད་པར། ‘‘ནུབ་ཕྱོགས་ཀྱི་མ་རུངས་ཁོག་བཅུག་བྱེད་མཁན་སྲིད་ཚོང་པ་ཁག་གཅིག་གིས་ཏཱ་ལ་དང་གཅིག་སེམས་གཅིག་གཏད་བྱས་ཏེ་ཁོ་པར་ཞི་བདེའི་ཕོ་ཉ་དང༌། འགྲོ་བ་མིའི་ཐོབ་ཐང་གི་སྲུང་དམག ཟེར་བའི་མིང་བཏགས་པ་དང་འབྲེལ་ཁོ་པར་ནུའོ་པེར་ཞི་བདེའི་བྱ་དགའ་སྤྲད་ནས་ཁོག་པ་བརྒྱངས་པ་’’ཟེར་བ་སོགས་ལོག་གཏམ་མང་དུ་གླེང་བའི་རྒྱ་གཞུང་གི་བྱེད་སྟངས་འདི་ལ་བརྟེན་ནས་གཞིས་བྱེས་གངས་ཅན་པ་ཡོངས་ཀྱི་སེམས་ལ་བཟོད་བསྲན་མི་ཐུབ་པའི་རྨ་ཁ་བཟོས་ནས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བའི་བར་རང་མི་རིགས་ཀྱི་རང་དབང་བདེན་དོན་གྱི་འཐབ་རྩོད་དེ་ཉིད་རྒྱུན་མི་ཆད་པར་སྙིང་ལ་རུས་པ་བཅུག་པ་ལྟ་བུར་ཡང་འགྱུར་ཡོད་ལ། འཛམ་གླིང་གི་ཁྱོན་ནས་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་གཞུང་གི་བྱེད་སྟངས་དེ་ལ་མ་རངས་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་མ་ཟད། དེ་སྟོན་པ་ལ་འོས་ཤིང་འཚམས་པའི་རྒྱུ་མཚན་ཡང་ཡོད།

ཡང་ཕྱོགས་གཞན་ཞིག་ནས་གླེང་ན། སྟོབས་ཆེན་རྒྱལ་ཁབ་ཏུ་ཁ་ཕྱོགས་བཞིན་པའི་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་འགོ་གཙོ་མའོ་དང༌། ཏེང་ཞའོ་ཕིང༌། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་རང་མ་གཏོགས་མི་མིན་པ་དང༌། ཨོང་དོ་མ་གཏོགས་ཤ་མིན་པར་རློམ་བཞིན་པའི་རྒྱ་ཡི་མཐོ་རིམ་དཔོན་རིགས་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྟར་འཛམ་གླིང་ཐོག་གི་སྙན་གྲགས་ཅན་གྱི་གཟེངས་བསྟོད་ཕྱག་འཁྱེར་དང༌། མི་སེར་གྱི་ཐོབ་ཐང་སོགས་འབུལ་མཁན་མེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་དང༌། ས་གནས་ཡུལ་གྲུ་ཁག་ཏུ་དགའ་དད་གུས་གསུམ་གྱི་ཐོག་ནས་གདན་ཞུའི་གསོལ་འདེབས་བྱ་མི་མེད་ལ། རྒྱལ་ཁབ་ལ་ལར་མ་གྲོས་མགྲོན་པོར་བསྐྱོད་བཞིན་པ་དང༌། རྒྱལ་ཁབ་རེ་ཟུང་ནས་མགྲོན་འབོད་ཀྱིས་བསྐྱོད་སྐབས། གཡས་གཡོན་རྒྱབ་མདུན་གང་ས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། ཤིན་ཅང་ཡུ་གུར་མི་རིགས་དང་ནང་སོག་རང་བཙན་རྩོད་ལེན་པ། རྒྱ་ནག་གི་མང་གཙོ་དོན་གཉེར་བ། ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཐེ་ཝན་རང་བཙན་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་དང་རྗེས་དེད་བཏང་ནས་མགྲོན་བདག་རྒྱལ་ཁབ་ལའང་མིང་ཆད་ཕོག་སྟེ་མཚན་སྙན་རྫོབ་པ་དང༌། ལྷག་པར་རྒྱ་ནག་གི་དབང་འཛིན་པ་རྣམས་རྒྱལ་ཁབ་གཞན་དང་གཞན་དུ་མཚམས་འདྲིར་གདན་ཞུ་བྱ་རྒྱུའི་དུས་མཚམས་ལ་སླེབས་སྐབས་མགྲོན་བདག་རྣམས་འཚེར་སྣང་ཆེན་པོ་བྱེད་པ་དང༌། ཆེས་མཐོའི་དཔོན་རིགས་འགའ་ཞིག་གིས་ཁོང་ཚོར་ཐུག་འཕྲད་བྱ་རྒྱུར་ཆེད་མངགས་གཡོལ་ཐབས་བྱས་ཏེ་དགོངས་ཞུ་བྱེད་པ་དང༌། ཡང་ན་ཐུག་འཕྲད་བྱས་ཀྱང་ལག་པ་མི་གཏོང་བ་དང༌། སྐད་ཆ་མ་བཤད་པར་སྡོད་ཀྱི་ཡོད་པས། གངས་དཀར་སེང་གེའི་གཡུ་རལ་ལ། ཁྱི་ནག་དོམ་བུའི་རྔ་མས་འགྲན་ག་ལ་ཐུབ།

དེར་བརྟེན་རྒྱ་དཔོན་རྣམས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་མཚམས་འདྲིའི་བྱེད་སྒོ་མཐའ་དག་རྒྱལ་ཁབ་གཞན་དང་གཞན་གྱི་དབུ་ཁྲིད་མཚམས་འདྲིའི་གཟིགས་སྐོར་དང་བསྡུར་ན་སྟབས་བདེ་བ་དང༌། གསང་བ་ཅན། འཚབ་འཚུབ་ཅན་ཤ་སྟག་ཡིན་པ་དང༌། ཧ་རེ་ཧུ་རེའི་ངང་ནས་མཇུག་སྒྲིལ་མི་བྱེད་མཐུ་མེད་དུ་གྱུར་བཞིན་ཡོད་པས་རྒྱལ་སྤྱིའི་ཐོག་གི་སྙན་གྲགས་ཅན་གྱི་བརྙན་འཕྲིན་དང༌། ཚགས་པར། དུས་དེབ་སོགས། རླུང་འཕྲིན་ཁང་སོགས་ཀྱི་གསར་འགྱུར་ལས་རིགས་ཁག་གིས་ཀྱང་རྒྱ་དཔོན་དག་གི་ཉིན་རེའི་ལས་རིམ་གྱི་གནས་ཚུལ་བཀོད་རྒྱུ་ལས་ལྡོག་སྟེ། ཁོང་ཚོར་ངོ་རྒོལ་སྐད་འབོད་དང༌། ཁྲོམ་སྐོར་བྱེད་མཁན་སོགས་ཀྱི་གནས་ཚུལ་གཅིག་མིན་དུ་མར་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་མགྲོན་བདག་རྒྱལ་ཁབ་དེ་དག་ལའང་ངན་པའི་ཞོར་གྱི་རྒྱུག་བརྡུང་ཟེར་བའི་དཔེ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་དང་མང་ཚོགས་ཁྲོད་མཉམ་དུ་སྐྱོན་བརྗོད་དང་མིང་ཆད་ཕོག་གི་ཡོད། དེ་ལྟ་བུའི་ངོ་རྒོལ་གྱི་ཡོ་ལངས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་ཐོས་དཀོན་པའི་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད་ལ། དེང་སྐབས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་གནས་ཚུལ་དང༌། རྒྱའི་དབང་བསྒྱུར་འོག་གནས་པའི་མི་རྣམས་ཀྱི་སྡུག་བསྔལ་རྣམས་ཕྱོགས་བསྡོམས་བྱས་ཏེ་དེབ་གཟུགས་སུ་བཀོད་ཚེ། གཞི་རྒྱ་ཆེ་བའི་ཐོག་བརྩེགས་ཁང་ཆེན་ཞིག་སྐྲུན་ཐུབ་ངེས་ལགས་ན། དེ་ལྟ་བུའི་སྐྱོན་བརྗོད་དང་ངོ་རྒོལ་ཕོག་མཁན་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ད་བར་བྱུང་མྱོང་མེད་པའི་ངོ་རྒོལ་གྱི་ལོ་ཡངས་ཆེ་ཤོས་སུ་བགྲང་ཆོག་པས། དེ་ནི་ས་སྐྱ་ལེགས་བཤད་ལས། རྨ་བྱ་སྤུ་སྡུག་ཡིད་འོང་ཡང༌། །དེ་ཡི་ཁ་ཟས་དུག་ཆེན་ཡིན། །ཞེས་པའི་དཔེ་ལྟར་མ་ཡིན་ནམ། དེ་དང་བསྡུར་ན་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི། དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་ལྟར་བོད་མི་དམངས་ཙམ་མིན་པར། ཡངས་པའི་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་མགོན་པོ་གང་ཉིད་ལ་བཅངས་པའི་ཡིད་ཆེས་དང༌། དད་གུས་ནི་མི་རྣམས་ཀྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་བཞུད་བཀའ་དྲིན་བསྐྱངས་པའི་མཛད་འཕྲིན་དང་བསྡུར་བ་ནི། སྲིན་བུ་མེ་འཁྱེར་གྱིས་ཀུན་ཁྱབ་ཉི་མའི་འོད་ཟེར་ལ་འགྲན་པ་དང་ཅིས་མི་མཚུངས།

ཡང་དཔྱད་གཏམ་པས། ‘‘ཆོས་གོས་གྱོན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་དུག་གསུམ་གྱིས་སྦགས་པ་དང་ཁུངས་མེད་ཆོས་གནོད་ཀྱི་སྡུག་མཐར་སོན་པའི་གནས་སུ་སླེབས་ཡོད།’’ ཅེས་བཀོད་པ་དེ་དོན་ལ་གནས་སམ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དམ་པ་ཁྲོམ་ལན་ཌོ་སེ་མཆོག་གིས། ‘‘འཛམ་གླིང་གི་ལོ་རྒྱུས་ནང་མིའི་བཟང་སྤྱོད་ཀྱིས་ཕོངས་པར་བརྟེན་ནས་ཅི་བྱ་གཏོལ་བྲལ་གྱི་དུས་སྐབས་སུ། ནང་པའི་དགེ་འདུན་དཀྱུས་མའི་བརྟུལ་ཞུགས་ཅན་གྱི་སྐྱེས་བུ་འདི་ནི་འཛད་མཐའ་མེད་པའི་བཟང་སྤྱོད་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་’’ཅེས་དང༌། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང༌། འཇིའུ་མི་རིགས་ཀྱི་སྙན་གྲགས་ཅན་གྱི་མི་སྣ་སྐུ་ཞབས་ཨེ་ལི་ཝི་སལ་མཆོག་གིས། ‘‘ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བློ་གྲོས་ཕ་མཐར་སོན་ཞིང༌། དམན་ལ་ལྷག་པར་བརྩེ་བའི་བརྟུལ་ཞུགས་ཀྱི་གོ་ཆ་བཙན་པོས་ཐོག་མར་མི་གཞན་གྱི་བདེ་སྡུག་གཙོ་བོར་འཛིན་ཏེ། རང་ཉིད་ཀྱི་ཉམས་བཞེས་དང༌། དེ་དག་གཞན་ལ་བསླབ་བྱའི་ཕྱག་བསྟར་གནང་སྟེ་འཛམ་གླིང་ཐོག་ཉམ་ཐག་པའི་མི་མང་གི་ྋསྐྱབས་མགོན་ཞིག་དང༌། དད་མོས་མི་འདྲ་བའི་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་མཛའ་མཐུན་གྱི་འབྲེལ་ཟམ་གཏོད་མཁན་གྱི་གཙོ་འཛིན་རླབས་ཆེན་ཞིག་ཏུ་གྱུར་ཡོད་’’ཅེས་གསུངས་པ་དང༌། གཞན་ཡང་ཨ་རིའི་གྲོས་ཚོགས་གོང་མའི་མཁྱེན་ལྡན་མ་ཌིན་ནིའ་ཧཕན་སེ་ཊིན་གྱིས། ‘‘རང་རེའི་འཛམ་གླིང་འདི་རྩོད་རྙོག་དང་འཐབ་རྩོད་ཀྱིས་ཁེངས་ཡོད་ཀྱང༌། ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདི་རང་གི་རྒྱལ་མཚམས་ལས་བརྒལ་དུ་བཅུག་ནས་ང་ཚོར་རེ་བ་དང་ཁྱད་དུ་འཕགས་པའི་བློ་སྟོབས་སྤེལ་བཞིན་ཡོད་’’ཅེས་གསུངས་པ་ལྟར་རང་ཡུལ་རྒྱ་ལག་ཏུ་ཤོར་བའི་བཙན་བྱོལ་དུ་གྱར་བའི་ནང་པའི་དགེ་སློང་ཞིག་ལ་འཛམ་གླིང་མི་དམངས་དང༌། སྙན་གྲགས་ཅན་གྱི་མི་སྣ། སྟོབས་ཆེན་རྒྱལ་ཁབ་ཁག་གི་མཐོ་རིམ་དཔོན་རིགས་སོགས་ནས་དེ་ལྟ་བུའི་དད་པ་དང་ཡིད་ཆེས། གུས་བཀུར་དང་གདེང་འཇོག བཅོས་མིན་གྱི་དགའ་བསུ་ཐོབ་དོན་གང་ཞེ་ན། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་འཛམ་གླིང་གི་གར་སྟེགས་ཐོག་བླ་ན་མེད་པའི་མཛད་འཕྲིན་སྐྱོང་བཞིན་པ་ཐམས་ཅད་བདེན་དོན་ཡིན་པ་དང༌། བདེན་དོན་གྱི་བྱ་བ་དེ་ཉིད་སྒྲུབ་པའི་ཐབས་ལམ་ཡང་མཐའ་གཅིག་ཏུ་འཚེ་མེད་ཞི་བར་གཞི་བཅོལ་བ་ལས་བྱུང་བ་ཞིག་ཡིན་པས། དཔྱད་གཏམ་པས་བརྗོད་པ་བཞིན་‘‘སྡུག་མཐར་སོན་པའི་གནས་སུ་སླེབས་ཡོད་’’མེད་འཛམ་གླིང་མཁས་བླུན་ཀུན་གྱིས་བསམ་པ་ཙམ་གྱིས་མཁྱེན་རྟོགས་ཐུབ་པ་ཞིག་ཡིན།

ལྷག་པར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང༌། ལྷད་མེད་ཀྱི་མི་གཤིས། དྭངས་གཙང་གི་ཀུན་སྤྱོད། རྩེར་སོན་གྱི་མཁྱེན་རླབས། བདེན་དོན་གྱི་སྙིང་སྟོབས། ཡང་སྒོས་འཛམ་གླིང་ཞི་བདེ་ཡུན་གནས་དང༌། ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་དང༌། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་འཛམ་གླིང་ནང་ཁྱབ་སྤེལ་བཅས་ཐུགས་འཁུར་འབད་བརྩོན་རྒྱུན་བསྲིངས་གནང་དང་གནང་མུས་ཀྱི་རྨད་དུ་བྱུང་བའི་མཛད་བཟང་དག་ལས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཉིད་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་ཀྱི་དབུ་ཁྲིད་དང༌། འཛམ་གླིང་ཞི་བདེའི་དེད་དཔོན། མཁའ་ཁྱབ་སྐྱེ་དགུའི་མགོན་སྐྱབས། རིས་མེད་བསྟན་པའི་མངའ་བདག མིའི་རིགས་ཀྱི་བསམ་པའི་གཙོ་འཛིན་འཁྲུལ་མེད་དུ་གྱུར་ཡོད་པས། ‘‘སྡུག་མཐར་སོན་པའི་གནས་སུ་སླེབས་ཡོད་’’ཅེས་པ་ནི་ཕྲག་དོག་ཁྲག་གིས་སྨྱོས་པའི་འཆོལ་གཏམ་ཞིག་ལས་མ་འདས་སོ།།

ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟླུམ་གཟུགས་གོ་ལའི་ཞི་བདེ་དང་མཐུན་སྒྲིལ། དྲང་བདེན་དང་འཚེ་བ་མེད་པ། འདྲ་མཉམ་དང་རང་དབང་བཅས་ཀྱི་ཐོག་ལམ་སྟོན་གནང་བ་ནི་རང་དབང་དང་བྱམས་བརྩེ་ཆེ་ཤོས་ཤིག་དང༌། གང་གི་གསུང་ཚིག་རེ་རེ་ཡང་འགྱུར་མེད་བདེན་དོན་འབའ་ཞིག་ཡིན་པས། གསུང་ཚིག་གཅིག་གིས་ཀྱང་ཚིག་ཁྲི་སྟོང་གི་གོ་ཆོད་པ་ཐུབ་པ་སོགས་ཁྱད་ཡོན་འབུར་དུ་ཐོན་པ་མ་ཟད། སྐབས་གསུམ་པ་ལས། ‘‘ཁྱོད་ཞལ་མཐོང་བའི་མོད་ལ་མི་བསྲུན་ཡིད། །ཉེས་བརྒྱའི་འཆིང་བ་ཀུན་ནས་ལྷོད་པར་གྱུར། ། ’’ཞེས་གསུངས་པ་ལྟར་བྱམས་བརྩེའི་འཛུམ་ཞལ་སྡང་བའི་དགྲ་བོས་མཇལ་ཡང་བསམ་ངན་སྦྱོར་རྩུབ་ཞི་ཞིང་ཡིད་ལ་དགའ་སྤྲོ་འཕེལ་བ་དང༌། དགོད་སྒྲས་ཁེངས་པའི་གསུང་སྒྲ་རྣ་བར་ལྷུང་བའི་མོད་ལ་ཡིད་ཀྱི་སྡུག་བསྔལ་མ་ལུས་རང་སར་ཞི་བ་སོགས་ནད་བརྒྱ་འཇོམས་པའི་སྨན་མཆོག་དང༌། གདུང་བ་སེལ་བའི་བདུད་རྩི་ཞིག་དང་ཀུན་ནས་མཚུངས་པས། འདི་ལྟ་བུའི་བསམ་པའི་གཙོ་འཛིན་ཞིག་འཛམ་གླིང་འདིའི་ཐོག་ད་བར་བྱུང་མྱོང་མེད་པ་ཞིག་ཡིན་པ་ལས། ‘‘སྡུག་མཐར་སོན་པ་’’ཞིག་ག་ལ་ཡིན།

སྔ་ལོ་ཨ་རི་དང༌། འཇར་མན། དབྱིན་ཡུལ། སི་པན། ཨི་ཊ་ལི༑ ཕ་རན་སི་བཅས་ནུབ་ཕྱོགས་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་དྲུག་གི་ནང་དུ་རྒྱལ་སྤྱིའི་སྟེང་གི་མཚན་སྙན་ཆེ་ཤོས་ཀྱི་དབུ་ཁྲིད་སུ་ཞིག་ཡིན་མིན་འདམ་ག་བྱས་པའི་མཐའ་མའི་གྲུབ་དོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྒྱ་ཆ་ ༧༨ དང༌། འཇར་མན་གྱི་དབུ་ཁྲིད་ཨན་ཅི་ལ་མལ་ཁེལ་ལ་བརྒྱ་ཆ་ ༥༤ དབྱིན་ཇིའི་དབུ་ཁྲིད་ཀྲོ་ནིའི་བི་ལི་ལ་བརྒྱ་ཆ་ ༥༡ ཡི་ཤུའི་བླ་ཆེན་པོབ་ལ་བརྒྱ་ཆ་ ༤༨ ཕ་རན་སིའི་དབུ་ཁྲིད་ནི་ཀོ་ལ་ས་ཀོ་ཛི་ལ་བརྒྱ་ཆ་ ༤༥ བཅས་རིམ་བཞིན་བསྩལ་བའི་བརྒྱ་ཆའི་ཐོག་གུང་ཁྲན་ཏང་གི་དབང་འཛིན་པ་ཚོའི་དྲི་མ་ཙམ་ཡང་མེད་པའི་རྒྱུ་མཚན་ཅི། མཁས་དབང་དེ་དག་གི་དབུས་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་དབུ་ཁྲིད་བླ་ན་མེད་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་སླར་ཡང་ཕུལ་བྱུང་དབུ་ཁྲིད་མི་སྣ་གཅིག་པུ་དེར་འདེམས་ཐོན་བྱུང་ཡོད་པས། དེ་ནི་མཁས་པས་མཁས་པ་དང༌། དཔའ་བོས་དཔའ་བོ་མཐོང༌། །ཞེས་པ་ལྟར་མཁས་པ་མཁས་པའི་ནང་ནས་མཛེས་པར་གྱུར་ཡོད་པས། ‘‘ཆོས་གོས་གྱོན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་དུག་གསུམ་གྱིས་སྦགས་པ་དང་ཁུངས་མེད་ཆོས་གནོད་ཀྱི་སྡུག་མཐར་སོན་པའི་གནས་སུ་སླེབས་ཡོད།’’ ཅེས་བརྗོད་པ་ནི་རྒྱ་གཞུང་གི་དཔོན་རིགས་རྣམས་དང་དཔྱད་གཏམ་པ་རང་ཉིད་དང་བཅས་པ་ལྟག་ཁུང་ལ་ཉི་མ་ཤར་ཡང༌། དཔྲལ་བར་ནམ་མི་ལངས་པའམ། ཡང་ན་མ་རིག་ལིང་ཏོག་གིས་བསྒྲིབས་པ་མིན་ན་གང་ཞིག་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་རྒྱང་རིང་བའི་རླབས་ཆེན་གྱི་དགོངས་པ་དང་དུས་རབས་གསར་པའི་འཕེལ་ཕྱོགས་དང་མཐུན་པའི་མཚན་ཉིད་རིགས་པའི་ལམ་སྟོན་གྱི་བཀའ་སློབ་རྣམས་ནི་དངོས་པོའི་ཤེས་རིག་གི་འགྲན་རྩོད་ནང་ཡིད་ཐང་ཆད་པའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་ཚང་མའི་སེམས་ཁམས་ཀྱི་ཞིང་སར་རེ་བའི་ཕུགས་བསམ་གྱི་མྱུ་གུ་འབུས་པ་དང༌། བདེ་སྐྱིད་ཀྱི་རྩ་བ་ཚུགས་བཞིན་པ་མིག་མཐོང་ལག་ཟིན་གྱི་བླ་ན་མེད་པའི་གྲུབ་འབྲས་ལ་བརྟེན་ནས་གཟེངས་བསྟོད་ཕྱག་འཁྱེར་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་པ་མ་ཟད། དཔེར་ན། ཉིད་ཀྱི་ཕྱག་དེབ་ཁག་གི་ཞལ་བྱང་ཙམ་ཞིག་དཔེ་མཚོན་དུ་དྲངས་ན། མི་སྡེའི་སྤྱི་ཚོགས་དང་ཀུན་ཁྱབ་སེམས་འཁུར་ཞེས་དང༌། ཟབ་གསལ་གསུང་གི་ཉིང་ཁུ། སེམས་ཀྱི་ཞི་བདེའི། ལམ་གཙོའི་སྒྲོན་མེ། བྱམས་བརྩེའི་ནུས་སྟོབས་སོགས་ཚིག་འཇམ་ལ་དོན་སྙིང་ཟབ་པ་ཤ་སྟག་ཡིན་པས། མགོན་པོ་གང་གིས་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་སེམས་འཁུར་ལ་སྨན་པའི་ལམ་སྟོན་གྱི་བཀའ་སློབ་བདེ་སྐྱིད་ཀྱི་སྒྱུ་རྩལ་དང༌། སྟོང་ལོ་གསར་པའི་ཀུན་སྤྱོད་སོགས་རྒྱལ་ཁབ་ཁག་གི་དཔེ་མཛོད་ཁང་ནང་རིན་ཐང་ཆེ་ཤོས་དང༌། འགྲོ་རྒྱུགས་ཆེ་ཤོས། ཀློག་པ་པོ་མང་ཤོས། དཔར་གྲངས་མང་ཤོས་བྱ་ཡུལ་གྱི་དེབ་གྲལ་དུ་སོན་ཡོད། ལྷག་པར་ནིའུ་ཡོག་དུས་བབ་སྟེང་བརྩམས་སྒྲུང་མ་ཡིན་པའི་མིང་གྲགས་ཅན་གྱི་དེབ་གྲངས་བཅུ་དྲུག་ཁྲོད་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕྱག་དེབ་གྲངས་གཉིས་ཡོད་ཅིང༌། མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ཡོད་པའི་ནང་བརྒྱ་ཆ་དགུ་བཅུ་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་ཡིན་པའི་རྒྱལ་ཁབ་འདིར་ནང་བསྟན་ལ་དད་མཁན་འབུམ་གཅིག་ལས་མེད་ཀྱང༌། ྋགོང་ས་མཆོག་བརྩམས་ཆོས་གཉིས་ཚོང་རྒྱུགས་ཆེ་བའི་དེབ་གྲལ་དུ་སླེབས་ཟིན་པས། ཁོང་གི་བསམ་བློ་འཛམ་གླིང་ཀུན་ལ་ཤུགས་རྐྱེན་ཐེབས་པའི་འགོ་བརྩམས་ཟིན་པ་ཡིན།

གཞན་ཡང་ྋགོང་ས་མཆོག་གི་ཕྱག་དེབ། སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པ་དེ་ཉིད་ཨ་རིའི་མཐོ་རིམ་སློབ་གྲྭའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གཞིར་འདམས་པ་དང༌། སློབ་གྲྭའི་དཔེ་མཛོད་ཁང་གི་འབྲེལ་ཡོད་དབུ་ཁྲིད་ཀྱིས་གསུངས་པར་གཞིགས་ན། ད་ལྟའི་དུས་རབས་འདིར་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དེ་ནི་མི་སྒེར་སོ་སོའི་ཉིན་རེའི་མི་ཚེའི་བདེ་སྐྱིད་ཡོང་བར་ཕན་ཐོག་ཡོད་ལ། སྐྱེ་བོ་ཀུན་མཛའ་མཐུན་མཉམ་གནས་ཡོང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་ང་ཚོས་འདིའི་བརྗོད་གཞིར་བཟང་སྤྱོད་ཀྱི་སློབ་གཞི་འདམ་ག་བྱས་པ་ཡིན་ལ། བཟང་སྤྱོད་དང་འབྲེལ་བའི་དཔེ་དེབ་ལེགས་ཤོས་ནི་ཏཱ་ལའི་བླ་མ་མཆོག་གིས་བརྩམས་གནང་མཛད་པའི་དཔེ་དེབ་ལས་ལྷག་པ་ཞིག་འཛམ་གླིང་ནང་མི་འདུག་ཅེས་ཚིག་ཐག་ཆོད་པོས་གསུངས་ཡོད་པས་སྡུག་མཐར་སོན་ཞེས་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་དཔེ་ལྟར་ཡིན།།

འོན་ཀྱང་མའོ་ཙེ་ཏུང་གི་དཔེ་དེབ་ཀྱི་ནང་དོན་ལྟ་བུར་མཚོན་ན་གཤིན་རྗེ་ཆོས་རྒྱལ་གྱི་བཀའ་ལྟར་གསོད་གསོད་རྒྱོབས་རྒྱོབས་འབའ་ཞིག་ཡིན་པས། དེ་ལྟ་བུའི་མི་གསོད་ཁྲག་སྦྱོར་དང༌། མིའི་རིགས་སྐྱོ་གར་གྱི་ལམ་ལོག་ཏུ་འདྲེན་པའི་དེབ་འཆལ་དེ་རིགས་ནི་དེང་སྐབས་རྒྱལ་སྤྱིའི་དྲག་སྤྱོད་ཤོག་ཁག་གིས་བལྟས་ན་ལས་དེ་མིན་སུ་ལའང་དགོས་པ་མེད། མདོར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་དུ་ཤུགས་རྐྱེན་ཆེ་ཤོས་དང༌། ངེས་པ་དོན་ལྡན་གྱི་གླིང་བཞིའི་གཙོ་འཛིན་གཅིག་ཏུ་གྱུར་པ་མ་ཟད། ད་དུང་མཚན་ཉིད་རིགས་པའི་སློབ་དཔོན་ཆེན་མོ་དང༌། སེམས་ཁམས་རིགས་པའི་སློབ་དཔོན་ཆེན་མོ་སོགས་མཁས་པའི་མཚན་གནས་དང༌། གཟེངས་བསྟོད་ཕྱག་འཁྱེར་བརྒྱ་ཕྲག་མང་པོ་ཐོབ་ཡོད་པ་ནི་བོད་ཀྱི་གཏམ་དཔེར། རྟ་ཕོ་གྲལ་དུ་བཞག་ན། གོང་ཐང་མི་ཡིས་བརྒྱབ་པའི་དཔེ་ལྟར་ཡིན་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་དང༌། གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་ལ་རྣམ་རྟོག་ངན་པའི་རྒྱུད་དཀྲུགས་ནས་ཞེ་སྡང་དང༌། ཕྲག་དོག གཡོ་སྒྱུ༑ འཁྱོག་བཤད། རྫུན་གཏམ་སོགས་དོན་མེད་དོན་ལོག་གི་གཏམ་བཤད་དང༌། དགོས་མེད་ཀྱི་རྩོད་པ། དོན་མེད་ཀྱི་གླེང་རྙོག་ཆེད་བཟོས་བྱས་ནས་རྒྱ་གཞུང་རང་ཉིད་ཀྱི་བྱ་ངན་རིམ་པར་བརྩམས་པའི་ཉེས་སྐྱོན་རྣམས་རྒྱལ་སྤྱིའི་ཐོག་ཁྲོམ་བསྒྲགས་དུ་འགྲོ་བཞིན་ཡོད་སྟབས་ངོ་ཚ་ཁ་སྐྱེངས་ཀྱིས་འཛམ་གླིང་ཀུན་ལ་བསླུ་བྲིད་ཀྱི་ལས་ངན་བརྩམས་པ་ཞིག་ཡིན་པས་འདིའི་འབྲས་བུ་རིང་མིན་གཟུགས་ཅན་བཞིན་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་མངོན་པར་ཐེ་ཚོམ་མ་མཆིས་སོ།།    །།
རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བྲིས་པ་ངོ་མ་ཡག། ངས་ཁྱེད་གཉིས་ལ་མངོན་པར་བསྟོད་དོ།



བརྗོད་གཞི་གཞན་ཁག་ལ་གཟིགས།