གཡོ་སྒྱུ་ཁྲམ་གསུམ་གྱི་བདག་པོ་རྒྱ་ནག་དམར་གཞུང༌།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། དགུ་པ། གཡོ་སྒྱུ་ཁྲམ་གསུམ་གྱི་བདག་པོ་རྒྱ་ནག་དམར་གཞུང༌། དཔྱད་གཏམ་པས་རྩོམ་འཆལ་དེ་དག་ནང་གནའ་བོའི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ནི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་སྡུག་རྩུབ་ཅན་ཞིག་ཡིན་པའི་སྒྲུབ་བྱེད་དུ། ཆབ་སྲིད་ཐད་གཉའ་གནོན་དང༌། བསམ་པའི་ཐད་བྲན་བཀོལ། དཔལ་འབྱོར་ཐད་བཤུ་གཞོག་གཏོང་གི་ཡོད་ཚུལ་བརྗོད་འདུག དེ་ལྟར་ན་གཟུར་གནས་རྣམ་དཔྱོད་ཅན་སུ་འདྲ་ཞིག་ཡིན་ནའང་དོན་དམ་དུ་དུས་རབས་ཉེར་གཅིག་པའི་ནང་དུའང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ལྷག་ཡོད་པ་རང་ཤུགས་སུ་ཚོར་སྲིད་པ་ཡིན། དེ་ནི་ད་ལྟའི་དབང་ཆ་གཅིག་སྡུད་རིང་ལུགས་པ་རྒྱ་ནག་དམར་པོའི་རྒྱལ་ཁབ་དེ་མ་ཡིན་ནམ། དོན་དམ་དུ་རྒྱ་ནག་ནི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཀྱི་གོ་དོན་ཚང་བའི་རྒྱལ་ཁབ་ཅིག་ཡིན།

                ༡ ཆབ་སྲིད་ཐད་གཉའ་གནོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་ནང༌། བྱབྱརྒྱ་ནག་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཡིན་བྱབྱཞེས་བཀོད་ཡོད། དེའི་གོ་དོན་ནི་མི་དམངས་ཀྱི་འོས་ཤོག་འཕེན་པའི་ལམ་ལས་མི་དམངས་འཐུས་ཚོགས་གྲུབ་པ་དང༌། མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བ་དང༌། རྩ་ཁྲིམས་དེས་རྒྱལ་ཁབ་ཀྱི་འཛིན་སྐྱོང་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ཚུལ་བརྗོད་ཡོད་མོད། དོན་དམ་དུ་དབུས་དམར་ཤོག་ཚོགས་པའི་ཏང་གི་དྲུང་ཆེ་རྣམས་རྩ་ཁྲིམས་ཀྱི་སྟེང་དུ་བཞུགས་ཡོད་པས་ཏང་གི་དྲུང་ཆེས་རྩ་ཁྲིམས་ལ་ལས་སླ་པོའི་ཐོག་ནས་ཁ་ལོ་བསྒྱུར་གྱི་ཡོད། དཔེ་མཚོན་ཙམ་ཞུས་ན་རྒྱ་ནག་རྒྱལ་ཁབ་ཀྱི་དབང་ཚད་མཐོ་ཤོས་མི་དམངས་འཐུས་མི་ཚོགས་ཆེན་ནས་འདེམས་བསྐོ་བྱས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་དབང་ཆ་གང་ཡང་མེད་ཅིང༌། དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་དང༌། དབུས་དམག་དོན་ཁང་གི་ཀྲུའུ་ཞིའི་གོ་གནས་ཐོབ་རྗེས་སུ་གཞི་ནས་དབང་ཆ་ཐོབ་ཀྱི་ཡོད། དོན་གནད་འདིས་གང་ཞིག་མཚོན་གྱི་ཡོད་ཅེ་ན། རྒྱ་ཁབ་ཀྱི་རྩ་ཁྲིམས་དང་མི་དམངས་འཐུས་ཚོགས་ལ་དབང་ཆ་གང་ཡང་མེད་པར་རྒྱལ་ཁབ་ཀྱི་དབང་ཚད་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པ་གཅིག་ཁོ་ནར་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད། མཚོན་བྱེད་འདིས་དབུས་ནས་ས་གནས་བར་གང་སར་ཁྱབ་ཡོད་པས། རྒྱ་ནག་རྒྱལ་ཁབ་འདི་ཉིད་བསམ་བློ་གཅིག་དང་ལྟ་བ་གཅིག་ཁོ་ན་སྟེ། ཏང་གི་ཧྲུའུ་ཅིའི་གོ་ས་ནས་ཁ་ལོ་བསྒྱུར་བཞིན་ཡོད་པས་དེ་ནི་ཁྱིམ་རྒྱུད་གཅིག་གིས་རྒྱལ་ཁབ་དབང་བསྒྱུར་བྱས་པ་ལས་ཉེན་ཁ་ཆེ་བ་ཡོད། ཏང་གི་ཧྲུའུ་ཅིས་རྩ་ཁྲིམས་ལ་དབང་བསྒྱུར་བྱས་ཏེ་གཞི་རིམ་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་ལོ་བསྒྱུར་བར་བརྟེན་དོན་དམ་དུ་གཞི་རིམ་མི་དམངས་རྣམས་ནི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་བྲན་གཡོག་རང་ཡིན་པས་ཆབ་སྲིད་ཐད་ནས་གཉའ་གནོན་རང་ཡིན།

                རྒྱ་ནག་ལ་ཆེས་སྤྱིར་བཏང་གི་འདེམས་བསྐོའི་དབང་ཆ་ཡང་མེད་པས་མིའི་ཆབ་སྲིད་ཀྱི་དབང་ཆའི་སྟེང་ནས་བཤད་ན། མིའི་འདེམས་བསྐོའི་དབང་ཆ་འཕྲོག་མི་ཆོག་སྟེ། གལ་སྲིད་མི་ཞིག་གི་འཚོ་བའི་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་དབང་ཆ་ཤོར་ཟིན་ན། དོན་དམ་པའི་ཆབ་སྲིད་ཀྱི་བྲན་གཡོག་ཡིན་པ་ལས་རྩ་བ་ནས་དེང་རབས་ཀྱི་མི་མིན། རྒྱ་ནག་གིས་མིའི་འདེམས་བསྐོའི་དབང་ཆ་འཕྲོག་ཅིང༌། མིའི་འཚོ་གནས་ཀྱི་དབང་ཆ་རྩིས་མེད་དུ་བཏང་བ་དང༌། རྒྱ་ནག་གུང་ཁྲན་ཏང་བཙུགས་ཏེ་ལོ་ངོ་ལྔ་བཅུའི་རིང་ནུབ་ཕྱོགས་ཀྱིས་མཁས་པ་མང་པོས་ཞིབ་འཇུག་བྱས་པ་ལྟར་ན། མི་ལ་གནོད་འཚེ་སྐྱེལ་བ་དང༌། དམར་གསོད་བཏང་བ། ལྟོགས་ཤི་ཐེབས་པ་སོགས་རྒྱ་ནག་གི་མི་གྲངས་སྟོང་ཕྲག་བརྒྱད་བརྒྱ་ལྷག་ཡོད་ལ། སྤྱིར་བཏང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཡིག་འབྲུ་བརྒྱད་པོ་འདི་མིང་དོན་མི་མཚུངས་པའི་རྫུན་གཏམ་ཁོ་ན་ཡིན། ཀྲུང་ཧཱ་མི་དམངས་ཚབ་མཚོན་བྱེད་མི་ཐུབ་པ་དང༌། བདེན་པའི་སྤྱི་མཐུན་མེད་པ་དང༌། རྒྱལ་ཁབ་ཅེས་གསལ་ཡོད་པས་མཐར་གཏུགས་ན་ཁྲམ་པའི་སྲིད་དབང་ཞིག་ཡིན།

                ༢ བསམ་པའི་ཐད་བྲན་གཡོག རྒྱ་ནག་དམར་ཤོག་ཚོགས་པས་བསྐྱངས་པའི་རྒྱལ་ཁབ་ཀྱི་ལས་རིགས་རིམ་པའི་ནང་གཞི་རིམ་ནས་མཐོ་རིམ་བར་གྱི་མི་སྣ་ཡོངས་རྫོགས་དང༌། ཚོགས་པ་ཡོངས་རྫོགས་བསམ་བློ་གཅིག་དང་ཀུན་སྤྱོད་གཅིག་ཁོ་ན་དགོས་ཤིང༌། ཀུན་སྤྱོད་དང་ལྟ་བ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལྟ་སྤྱོད་ཁོ་ན་འཛིན་དགོས་པ་མ་ཚད་གལ་ཏེ་དམར་པོའི་བསམ་བློའི་རྒྱ་ལས་འགལ་ན་མི་དེ་དང་ཚོགས་པ་དེ་རྒྱལ་ཁབ་སྐྱོང་བའི་ལས་རིགས་ནང་བཞུགས་མ་ཐུབ་པ་ཙམ་དུ་མ་ཟད་མི་དེ་རིགས་རང་རྒྱལ་གྱི་ས་ཁོངས་སུ་སྡོད་མ་ཐུབ་པའམ་ཡང་ན་ཁྲིམས་འགལ་གྱི་ངོ་བོའི་ཐོག་ནས་བཙོན་ཁང་དུ་སྡོད་དགོས་པ་ཡང་ཡོང་གི་ཡོད། དེ་ཡང་ཕྱི་ལོ་ ༡༩༦༨ ལོར་རྡོ་སྦིས་དགེ་བཤེས་ཀྱིས་བཙོན་ཁང་དུ། ངས་སྔོན་མ་རྒྱ་དམར་མི་རེད་བསམ་ནས་ཁ་བརྡ་བྱས་པ་ཡིན། ད་ལྟ་བལྟས་ན་མི་མ་རེད་ཅེས་དངོས་མྱོང་གི་སྡོམ་ཚིག་འཇོག་མྱོང་ཡོད་པ་དེ་དོན་ལ་གནས་ཡོད།

                མདོར་ན་ཏང་གི་ཧྲུའུ་ཅིའི་འགོ་ཁྲིད་འགོ་ཏང་དམངས་ཙམ་མ་ཟད་རྒྱལ་ཁབ་ཀྱི་ཆབ་འབངས་ཡོངས་རྫོགས་བློ་སེམས་གཅིག་སྟེ། ཏང་ཤོག་གི་བསམ་བློ་དང་མཐུན་དགོས་པ་དང༌། འདོད་པ་དང་མཐུན་དགོས་པའི་བཙན་བཀའ་གཏོང་གི་ཡོད་པས་གཞི་རིམ་མི་དམངས་ལ་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་པའི་ཕུན་སུམ་ཚོགས་པའི་བསམ་བློའི་རང་དབང་གི་ཐོབ་ཐང་ཡང་ཡོངས་སུ་སྤྱོད་ཐུབ་ཀྱི་མེད་པས་མི་དམངས་ཀྱི་བསམ་བློ་རྒྱལ་མཚམས་བརྒལ་ནས་འགྲོ་མི་ཆོག་པར་དམར་ཤོག་གི་བསམ་པའི་བྲན་དུ་བཀོལ་བཞིན་ཡོད་པས་བསམ་པའི་ཐད་བྲན་བཀོལ་ངོ་མ་དེ་ཡིན།

                ༣ དཔལ་འབྱོར་ཐད་བཤུ་གཞོག རྒྱ་ནག་དམར་པོའི་སྲིད་གཞུང་གིས་ད་བར་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གཞུང་ལུགས་ལག་བསྟར་བྱེད་ཁུལ་ཡིན་ནའང་དོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱས་མིན་ང་ཚོས་ཕྱིར་བལྟ་བྱས་ན། སློབ་དཔོན་ཆེན་པོ་ཀྲའོ་ཏེ་ཧྲིན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་དུས་ཚིགས་བཞིར་དབྱེ་ཡོད་པའི་དུས་ཚིགས་རིམ་པའི་ནང་དང༌། དེ་བཞིན་དེང་སྐབས་ཅན་བཞིའི་དཔལ་འབྱོར་འཛུགས་བསྐྲུན་ལམ་ལུགས་ལག་བསྟར་བྱས་པ་ནས་ནུབ་བསྐྱོད་ཐོན་འབྱེད་ཆེན་མོའི་བར་དཔལ་འབྱོར་ཐད་དབུལ་ཕྱུག་གི་ཁྱད་པར་ཤིན་ཏུ་ཆེ་ཞིང་ཕྱུག་བདག་ནི་མི་སེར་ཚོ་མ་ཡིན་པར་རྒྱ་ནག་གུང་བྲན་ཏང་གི་ཆེས་མཐོའི་དཔོན་རིགས་རྣམས་ཡིན་ཞིང༌། ཁོ་ཚོ་ད་ཆ་མ་རྩ་ཅན་དུ་གྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དྲན་ཡུལ་ན་ལྷག་མེད་དུ་གྱུར་ཡོད་པས་ཁོ་ཚོ་ནི་དཔལ་འབྱོར་རིང་ལུགས་ཀྱི་ཕྱི་པགས་གྱོན་པའི་མ་རྩ་རིང་ལུགས་པ་ཤ་སྟག་ཡིན། རྒྱལ་ཁབ་དང་མི་དམངས་ཀྱི་རྒྱུ་དངོས་ཡོངས་རྫོགས་གུང་བྲན་ཏང་གི་མཐོ་རིམ་དཔོན་རིགས་ཉུང་ཤས་ཀྱི་བང་མཛོད་དུ་བཅུག་ནས་གཞི་རིམ་མི་དམངས་ནང་ཉིན་རེའི་ཟ་བཏུང་གི་འཚོ་བ་མ་རག་པར་དཀྲེས་ལྟོགས་ཀྱིས་ཤི་བ་གྲངས་མེད་བྱུང་དང་འབྱུང་བཞིན་ཡོད་ན་དོན་དུ་དཔལ་འབྱོར་ཐད་བཤུ་གཞོག་རང་ཡིན་པས། ཆབ་སྲིད་ཐད་གཉའ་གནོན་དང༌། བསམ་པའི་ཐད་བྲན་བཀོལ། དཔལ་འབྱོར་ཐད་བཤུ་གཞོག་བཅས་ཀྱི་སྡིག་ཉེས་ཆེན་པོ་གསུམ་པོ་རྒྱ་ནག་དམར་གཞུང་རང་ཉིད་ཀྱི་མགོ་ཐོག་ཏུ་མི་འདོད་དུ་ལྷུང་ཡོད་པས་འདི་ནི་རང་མགོ་ཆུ་འདྲེན་བྱས་པ་ཞིག་ཡིན།

                མདོར་ན་འཛམ་གླིང་ཐོག་རྒྱ་གཞུང་ནི་གདུག་རྩུབ་ཅན་ཞིག་དང༌། འཁྲམ་པ་གཡོ་སྒྱུ་ཅན་ཞིག མི་གསོད་ལག་དམར་བ་སོགས་ཚབས་ཆེན་གྱི་ཉེས་ཅན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང༌། རང་གིས་རང་བཀྱག སྐྱག་པས་རྐུབ་བཀྱག་སྟེ་རྒྱ་གཞུང་རང་ཉིད་ནས་རང་ཉིད་ནི་འཛམ་གླིང་ཐོག་གི་ཆེས་མཛེས་སྡུག་ལྡན་ལ་དཀར་གཙང་གི་གཞུང་ཞིག་ཏུ་རློམ་བཞིན་ཡོད་པ་ནི། རང་གིས་རང་ལ་བྱིན་གྱིས་རློབས། རྐང་པས་མགོ་ལ་བྱིན་གྱིས་རློབས། ཞེས་པའི་ངང་ཚུལ་ལས་མ་འདས་སོ།།

                ཡང་དཔྱད་གཏམ་པས། ྋགོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་འདི་ལྟར་བྱས་ཡོད། བྱབྱདད་ལྡན་མང་ཚོགས་གཞན་ལ་རྡུང་རྡེག་གཏོང་བ་སོགས་བྱས་ཏེ་རྫུན་གཏམ་གང་ཡང་ཤོད་པ་དང༌། སྡུག་རིགས་ངན་ཚད་བྱེད་པ། ཁྲིམས་མེད་ལུང་མེད་བྱེད་པ་བཅས་ཀྱི་གོ་འཕང་ཞིག་ཐོབ་ཡོད།བྱབྱ ཅེས་རྩམ་པ་རང་གིས་རྐུས་ཀྱང་རྩམ་ཁུག་གཞན་ལ་གཡོག་སྟེ་བཟང་སྤྱོད་ལ་ཉེས་འཛུགས་བྱས་པ་ནི། མ་དག་སྐྱེ་བོའི་སྣང་ཚུལ་ལ།།

ཤཱཀྱ་ཐུབ་པའང་སྐྱོན་ཅན་ཉིད། །ཅེས་པ་ལྟར་ལས་མ་འདས།

                ལྷག་པར་རྒྱ་གཞུང་གིས་རང་སྐྱོན་ཁས་ལེན་མི་བྱེད་པའི་ཁར་རང་སྐྱོན་གཞན་ལ་གཡོགས་པ་དང༌། བྱ་བ་ཆེ་ཆུང་ལ་མ་བལྟོས་པར་སྐྱག་རྫུན་ཤོད་པ། ལོ་རྒྱུས་ལ་འཁྱོག་བཤད་དང༌། དོན་དངོས་ལ་རྫུན་གཏམ་ཤོད་པ༑ རྒྱ་གཞུང་རང་ཉིད་དང་ལྟ་ཚུལ་མི་མཐུན་པའི་སྟེང་བཙན་གནོན་གདུག་རྩུབ་དང༌། མང་ཚོགས་གཞན་ལ་རྡུང་རྡེག་གཏོང་བ་སོགས་བྱས་པ་མ་ཟད། བྱ་ངན་དེ་དག་གི་ཐོག་ཏུ་རྫུན་གཏམ་གང་ཡང་ཤོད་པ་དང༌། སྡུག་རིགས་ངན་ཚད་བྱེད་པ། ཁྲིམས་མེད་ལུང་མེད་བྱེད་པ་བཅས་ལ་བྱང་ཆུབ་པའི་གོ་འཕང་ཞིག་རྒྱ་གཞུང་རང་ཉིད་ལ་ཐོབ་ཡོད་པ་མ་ཟད། དོན་མེད་སྐྱོན་འཛུགས་ཀྱི་རང་གཤིས་རྗེན་པར་བསྟན་པ་དེས་རང་མགོ་ཆུ་འདྲེན་གྱི་དཔེ་རུ་གྱུར་ཡོད།

                དེ་ཡང་ཐོག་མར་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་ས་ཡོངས་རྫོགས་དྲག་པོས་བཙན་བཟུང་བྱེད་སྐབས་ཉེས་མེད་བོད་འབངས་འབུམ་བཅུ་གཉིས་ལྷག་དམར་གསོད་བཏང་བ་དང༌། རྒྱའི་དཔོན་རིགས་རྣམས་ལ་ལོག་པའི་བློ་གྲོས་ཤར་ཏེ་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྐབས་མི་གྲངས་ ༤༢༠༠༠༠༠ ལྷག་ཙམ་བཀག་ཉར་དང་བཅས་ཚ་འདྲི་བྱས་པ་དང༌། མི་གྲངས་ ༡༧༢༨༠༠༠ ལྷག་ཙམ་རྐྱེན་འདས་སུ་བཏང་བ། མི་གྲངས་ ༡༣༥༠༠༠༠ ལྷག་ཙམ་ཞིག་ལ་གསར་བརྗེར་ངོ་རྒོལ་གྱི་ཉེས་མིང་འོག་སྲོག་ཐོག་གི་ཉེས་ཆད་བཏང་བ། མི་གྲངས་ ༢༣༧༠༠༠ ལྷག་ཙམ་དྲག་པོའི་འཐབ་རྩོད་དང་རྡུང་བརྡེག་གི་ཁྲོད་ནས་དབང་པོ་སྐྱོན་ཅན་བཟོས་པ། ཁྱིམ་དུད་གྲངས་ ༧༡༢༠༠ ལྷག་ཙམ་རྩ་མེད་ཤུལ་མེད་དུ་བཏང་ཡོད།

                ལོ་རབས་བརྒྱད་ཅུ་པའི་ནང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་དྲུག་བཞིའི་དོན་རྐྱེན་གྱི་ཁྲོད་ན་གཞོན་ཤེས་ཡོན་ཅན་མི་གྲངས་ ༥༠༠ ལྷག་ཙམ་དམར་གསོད་དང༌། མི་གྲངས་ ༡༢༠༠ ལྷག་ཙམ་ལ་རྨས་སྐྱོན་བཏང་བ། ལོ་རབས་དགུ་པའི་བཅུ་པའི་ནང་ཆོས་སྐོར་སྒོམ་སྒྲུབ་ཀྱི་ཐོག་ཏུ་དྲག་གནོན་ཚད་ལས་འདས་པ་བྱས་ཏེ་མི་གྲངས་ ༧༠༠ ལྷག་ཙམ་བཙོན་འཇུག་དང༌། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཁྲོད་བོད་མི་ཉུང་མཐར་ ༢༢༣ དམར་གསོད་དང༌། མི་གྲངས་ ༢༨༦ ལྷག་ལ་ཁྲིམས་གཅོད། མི་གྲངས་ ༡༢༩༤ ལྷག་ལ་རྨས་སྐྱོན་ཕོག་པ། མི་གྲངས་ ༦༧༠༥ ལྷག་ཙམ་འཛིན་བཟུང་བཙོན་འཇུག་གིས་རྡུང་བརྡེག་མནར་གཅོད་མི་སྤྱོད་ལས་འདས་པ་བཏང་ཡོད། དེས་ན་མང་ཚོགས་གཞན་ལ་རྡུང་རྡེག་གཏོང་བ་སོགས་བྱས་ཏེ་རྫུན་གཏམ་གང་ཡང་ཤོད་པ་དང༌། སྡུག་རིགས་ངན་ཚད་བྱེད་པ། ཁྲིམས་མེད་ལུང་མེད་བྱེད་མཁན་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་ཡིན་པར་རྒྱ་གཞུང་རང་ཉིད་ཡིན་པ་གོང་གསལ་གྱི་བདེན་པའི་དཔང་རྟགས་དེ་དག་ལས་ཤིག་སེན་ར་འཕྲོད་ཐུབ་པ་ཞིག་ཡིན།

                ཡང་ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༩ འཁོད་པའི་རྒྱ་གཞུང་གི་ལས་བྱེད་རྒན་ཡོལ་འདན་མ་ལགས་ནས་ཨ་རིའི་ཨེ་པོག་དུས་བབས་ཐོག་གདུག་རྩུབ་ཅན་གྱི་དམར་ཤོག་ཚོགས་པའི་དོན་དངོས་ཀྱི་བྱས་ཉེས་འཐེར་འདོན་བྱས་པར། བྱབྱསངས་རྒྱས་ཀྱིས་གུས་པའི་མི་ཚེ་ཧྲིལ་པོའི་རིང་བདེན་པ་ཞིག་ཤོད་རྒྱུའི་གོ་སྐབས་ཤིག་སྤྲད་བྱུང༌། གུས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དངོས་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་བ་དང༌། ཁོ་ཚོས་མི་མང་ས་ཡ་ ༨༠ དམར་གསོད་བཏང་བ་མ་ཟད། ཧཕ་ལོང་ཀུང་རྩ་རླུང་སྒོམ་སྒྲུབ་པ་ ༤༠༠༠༠ ཙམ་གྱི་ལུས་པོའི་ཆ་ཤས་བཙན་བཀོག་བྱས་ཡོད་པར་བཟོད་སྒོམ་མི་ཐུབ་པར་ངའི་ངུ་འབོད་བཀག་ཐབས་མི་འདུག དམར་ཤོག་ཚོགས་པ་དེ་ནི་སྤྱིར་ལྐོག་ཟ་རུལ་སུངས་ཙམ་མིན་པར་མནར་གཅོད་རིང་ལུགས་པ་ཞིག་ཀྱང་རེད་འདུག བོད་ནང་མུ་མཐུད་དམར་ཤོག་ཚོགས་པ་རང་ཉིད་ཀྱིས་གདུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རེད་བྱབྱཅེས་དང༌། བྱབྱགདུག་རྩུབ་ཅན་གྱི་དམར་ཤོག་ཚོགས་པ་དེ་ད་ལྟ་གསོན་འདྲེ་མངོན་སུམ་དུ་གྱུར་ནས་ལས་འབྲས་ཀྱི་ཁྲིམས་གཞིས་ཁོ་པ་ཚོའི་ལས་ངན་ཉེས་ཅན་གྱི་བྱ་བཞག་རྣམས་ལ་རྒྱུ་འབྲས་འཁོར་ངེས་རེད་བྱབྱཅེས་སོགས་ཞིབ་གསལ་གསལ་བསྒྲགས་བྱས་ཡོད་པ་ལས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་ཡིན།

                ད་དུང་དེ་ལས་གདུག་རྩུབ་ཆེ་བའི་དཔང་རྟགས་དགོས་ན། ཕྱི་ལོ་ ༢༠༠༢ ལོར་རྒྱལ་སྤྱིའི་སྲོག་ཁྲིམས་ངོ་རྒོལ་མཐུན་ནས་ཟླ་ ༦ ཚེས་ ༢༨ ཉིན་ཕ་རན་སིའི་རྒྱལ་ས་པའེ་རི་སིར་དེ་སྐོར་གྱི་སྙན་ཐོ་ཁག་གཉིས་འདོན་སྤེལ་གནང་བའི་ནང༌། ཕྱི་ལོ་ ༢༠༠༡ ལོར་འཛམ་གླིང་ཐོག་ཁྱོམ་བསྡོམས་མི་གྲངས་ ༤༧༠༠ ལྷག་ལ་སྲོག་ཁྲིམས་ཕོག་སྟེ་དམར་གསོད་བཏང་ཡོད་པའི་ནང་དུ་ཨེ་ཤ་ཡ་ཁོ་ནའི་ནང་མི་གྲངས་ ༤༤༥༢ ཡོད་ཅིང༌། ཆ་བསྙོམས་ལྟར་ན་རྒྱ་ནག་སྲིད་གཞུང་གིས་ཉིན་གཅིག་ནང་མི་གྲངས་ ༢༠༦ སྲོག་ཐོག་བཏང་བའི་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད་འདུག གྲངས་ཐོ་འདི་དག་ནི་རྒྱ་གཞུང་གིས་ཁྲིམས་ཐོག་ནས་སྲོག་ཐོག་བཏང་བ་ཤ་སྟག་ཡིན་པ་ལས། དེ་ཁོངས་བཀག་ཉར་དང༌། གདུག་སྦྱོང་མནར་གཅོད་ཀྱིས་ཚ་འདྲིའི་སྐབས་དང༌། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་མ་བྱས་པ། བཙོན་ཁང་སོགས་སུ་འདས་གྲོངས་ཕྱིན་པའི་མི་འབོར་རྣམས་ཚུད་མེད་པས་མང་ཚོགས་ལ་རྡུང་རྡེག་གཏོང་བ་དང༌། རྫུན་གཏམ་ཤོད་པ། སྡུག་རིགས་ངན་ཚད། ཁྲིམས་མེད་ལུང་མེད་བྱེད་མཁན་དེ་རྒྱ་གཞུང་རང་ཉིད་ཡིན་པས་ཉེས་སྐྱོན་དེ་དག་ལས་ནམ་ཡང་གཡོལ་མི་ཐུབ།

                ད་དུང་དཔང་རྟགས་དགོས་ན། སོག་པོའི་རྒྱལ་པོ་གོ་ཏན་ཁང་གིས་ལོ་སྐོར་བཅུ་གཉིས་རེའི་མཚམས་སུ་ལོ་ངོ་དགུ་ཡན་ཆད་ལོན་པའི་བྱིས་པ་འབུམ་ཕྲག་ལྷག་རེ་རྒྱ་མཚོར་འདེད་བཞིན་པ་དང༌། ཧི་ཏི་ལར་གྱིས་འཇིའུ་མི་རིགས་ས་ཡ་དྲུག་ལ་ཉེ་བ་མེ་དོང་དུ་བཅུག་པ། མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་ཟེར་བའི་སྔ་རྗེས་སུ་རྒྱ་རིགས་ས་ཡ་བཞི་བཅུ་ལས་བརྒལ་བ་དང༌། བོད་མི་འབུམ་བཅུ་གཉིས་དམར་གསོད་དང་མུག་ཤི་ཐེབས་བཅུག་པས་འཛམ་གླིང་ཐོག་ལག་དམར་བ་ཨང་གསུམ་པ་དེ་རྒྱ་དཔོན་མའོ་ཡིན་པ་འཛམ་གླིང་ཐོག་ཡོངས་གྲགས་ལྟར་ལགས་ན། སྡུག་རིས་ངན་ཚད་བྱེད་མཁན་དང༌། ཁྲིམས་མེད་ལུང་མེད་བྱེད་མཁན་རྒྱ་དཔོན་རང་ཉིད་ཡིན་པ་སྨོས་ག་ལ་དགོས།

                རྩོམ་འཆལ་དེའི་ནང༌། བྱབྱཁོ་པས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ལ་སྐྱབས་བཅོལ་ཏེ་རྒྱལ་འཚོང་ཁེ་གཉེར་གྱིས་ཆབ་སྲིད་ཀྱི་མ་རྩ་ཡོང་ཐབས་བྱེད་པ།བྱབྱ ཅེས་དཔྱད་གཏམ་པས་མུན་ནག་མདའ་འཕེན་ཙམ་ལས་དོན་དངོས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་སུ་དང་སུ་ཡིན་གྱི་རྒྱལ་ཁབ་རྣམས་ཀྱི་མིང་ཡང་སྨོས་པའི་བློ་སྤོབས་རྙེད་མེད། དེ་ཡང་ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ཐེངས་དང་པོའི་ཐོག བྱབྱརང་རེ་རྒྱ་གར་དུ་བྲོས་འབྱོར་བ་རྣམས་ནས་ད་ཕན་ལོ་གཅིག་འཁོར་ཉེའི་རིང་ལས་དོན་དེ་ལྟར་སྒྲུབ་ཨེ་ཡོད་ཅེ་ན། ད་ཕན་རྒྱ་དམར་ནས་མི་བདེན་བདེན་བརྫུ་དང༌། མི་བཟང་བཟང་རྒུའི་དྲིལ་བསྒྲགས་མང་པོ་བྱས་ཏེ་འཛམ་གླིང་གི་མི་མང་པོ་ཐེ་ཚོམ་ཅན་དུ་བསྒྱུར་བ་དེར་ང་ཚོས་རྒྱ་དམར་གྱི་བརྫུན་ཕུགས་གསལ་པོར་བརྟོལ་ཏེ་ད་ཆ་འཛམ་གླིང་གི་མི་མང་རྣམས་ནས་རྒྱ་དམར་ལ་པང་དུ་དུག་སྦྲུལ་བྱུང་བའམ་སྐྱུག་ནད་ཅན་གྱི་ཟས་མཐོང་བ་ལྟ་བུའི་འདུཤེས་སྐྱེས་ཏེ་རྒྱ་དམར་མི་ཡི་གྲལ་མཐར་རིམ་འབུད་བྱེད་བཞིན་པ་ཡིན་ཅིང༌། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། རང་རེས་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་སྐབས། རྒྱབ་སྐྱོར། བར་གནས། ངོ་རྒོལ་བྱེད་མཁན་ཕྱོགས་གསུམ་ལས། རང་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་དང༌། རྒྱ་དམར་ལ་རྒྱབ་སྐྱོར་བྱེད་མཁན་དམར་པོའི་རྒྱལ་ཁབ་དགུ་ལས་མེད་པ་དེས་གསལ་པོ་བསྟན་པ་རེད་ཅེས་གསུངས་པ་ལྟར་ཡིན།

                ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་འཕྲོག་བྱས་རྗེས་ྋགོང་ས་མཆོག་གིས་བོད་མི་གཞིས་བྱེས་ཀུན་གྱི་ཁེ་ཕན་གྱི་མགྲིན་ཚབ་འཐུས་མི་མཛད་དེ། བོད་དོན་ཐོག་ཐུགས་ཁུར་བརྒྱ་ཕྲག་ལྷུར་བཞེས་མཛད་པས་ཨ་རི་སོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་བར་མཛའ་འབྲེལ་རིམ་བྱུང་ལ་བརྟེན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང༌། ཨ་ཕ་རོ་ཤི་ཡན་ཚོགས་འདུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན། ཡོ་རོབ་མཐུན་ཚོགས་སྤྱི་མཐུན་རྒྱལ་ཁབ་ཁག་གི་གྲོས་ཚོགས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས། འཇར་མན་གྲོས་ཚོགས། སུད་སི་གྲོས་ཚོགས། ཨོ་སི་ཊི་ལི་ཡའི་གྲོས་ཚོགས། བྷེལ་འཇམ་གྲོས་ཚོགས། ཨི་ཊ་ལི་གྲོས་ཚོགས། སི་པན་ཁྱབ་ཁོངས་སྦ་སིག་གྲོས་ཚོགས། ཁེ་ཎ་ཌའི་གྲོས་ཚོགས། ལི་ཐུ་ནི་ཡའི་གྲོས་ཚོགས། འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། ལམ་སེམ་སྦག་གྲོས་ཚོགས། ལི་ཐུ་ནི་ཡའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལྷན་ཚོགས། ཨ་རིའི་པེར་ས་བ་ཡ་ཊི་ཡ་ན་ཞེས་པའི་ཡེ་ཤུའི་ཆོས་ཚོགས་ཀྱི་ཚོགས་ཆེན། ཨ་རིའི་ཡེ་ཤུའི་ཆོས་ཚོགས་ཀྱི་ཚོགས་ཆེན་སོགས་ཕྱི་ལོ་ ༡༩༥༩ ལོ་ནས་ ༢༠ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང༌། ཆོས་སྲིད་ལྷན་ཚོགས་ཀྱི་སྐབས་སོ་སོར་བོད་དོན་སྐོར་གྲོས་ཆོད་ཁག ༥༨ དང༌། བོད་དང་འབྲེལ་བའི་བདེ་དོན་ཁྲིམས་མཐུན་ཡིག་ཆ་ཁག ༦ བཅས་འཇོག་གནང་མཛད་པའི་སྙིང་པོར། རྒྱལ་རབས་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ལུགས་འོག་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང༌། དེང་སྐབས་རྒྱ་ནག་གི་བཙན་བཟུང་འོག་ཚུད་པའི་ཡུལ་གྲུ་ཞིག་ཡིན་པ། བོད་མི་རིགས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་གཏན་འབེབས་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངེས་པར་དགོས་ལུགས་སོགས་དང༌། ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དེ་བོད་ཀྱི་གཞུང་ངོ་མ་ཡིན་པ། རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་སྐུ་ཚབ་དང་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཞི་འགྲིགས་གྲོས་མོལ་འགོ་འཛུགས་བྱེད་དགོས་པ། བོད་མིར་དྲག་གནོན་བྱེད་པ་དང་བོད་ནང་བོད་མི་རྣམས་གྲངས་ཉུང་མི་རིགས་ལ་འགྱུར་ཐབས་སུ་རྒྱ་རིགས་ཁྱོན་ཆེ་གནས་སྤོ་གཏན་སྡོད་བྱེད་པ། བོད་མིའི་ཆོས་དང་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་བརྩིས་མེད་རྡོག་རོལ་ཏུ་གཏོང་བ་བཅས་མཚམས་འཇོག་བྱེད་དགོས་པ། ྋགོང་ས་ཏཱ་ལའི་བླ་མས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཁས་ལེན་གྱིས་མཐུན་འགྱུར་ཞུ་དགོས་པ། ཁོར་ཡུག་བདག་གཅེས་སྲུང་སྐྱོབ་བྱེད་དགོས་པ་སོགས་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་གཉིས་ཀའི་ད་ལྟའི་དཀའ་ངལ་གནས་སྟངས་དང་དགོས་འདུན་བཅས་དྲང་བདེན་གསལ་པོར་བརྗོད་ཡོད།

རྒྱལ་སྤྱིའི་ཐོག་ནས་བོད་དོན་གྲོས་ཆོད་ཡིག་ཆ་སྣ་མང་བཞག་པ་དེ་དག་གིས་བོད་དོན་འདི་ཉིད་རྒྱལ་སྤྱིའི་དཀའ་རྙོག་གི་གནད་དོན་ཞིག་ཏུ་ངོས་འཛིན་གནང་བ་ཆབས་ཅིག འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་ཙམ་གྱི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པའི་ཁར། རྒྱབ་སྐྱོར་ཚོགས་པ་འགའ་ཞིག་ལ་འཐུས་མི་ཉིས་བརྒྱ་བརྒལ་ཡོད་པ་ཁོང་རྣམ་པས་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་འགྲོ་གླེང་དང་འབྲེལ་བདེན་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད། ཕྱོགས་མཚུངས་ཨུ་རུ་སུ་དང༌། ཨར་ཅན་ཊི་ན། ནིའུ་ཛི་ལན་ཌི་སོགས་རྒྱལ་ཁབ་ཁག ༦༠ ནང་ཡོད་པའི་རྒྱལ་སྤྱིའི་ཚོགས་པ་འདྲ་མིན་ནང་ནང་ཆོས་དང་རིག་གཞུང༌། ཚན་རིག་སོགས་ཆེད་མཁས་མི་སྣ་སྙན་གྲགས་ཅན་དུ་མས་བོད་དོན་སྐོར་ཤེས་རྟོགས་དང༌། དོ་སྣང་ཇེ་ཟབ་ཏུ་སོང་བར་བརྟེན་ཆེད་མངགས་བོད་དོན་ལས་འགུལ་བྱེད་མཁན་རྒྱབ་སྐྱོར་ཚོགས་པ་ ༣༨༠ ལྷག་བཙུགས་ཡོད་པ་དང༌། ཨ་རི་དང་ཁེ་ཎ་ཌ། ཨོ་སི་ཊོ་ལི་ཡ། ནིའུ་ཛི་ལན་ཌི། སུད་ཌན་སོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། མཐོ་སློབ། འབྲིང་རིམ་སློབ་གྲྭ་བཅས་ཀྱི་ནང་སློབ་ཕྲུག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ༤༥༠ ལྷག་ཡོད་པ་རྣམས་ནས་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་སྐོར་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཚོགས་ཁག ༩༠༠ ཙམ་ཚུགས་ཡོད་པ་དེ་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་ཉམས་ཞིབ་སློབ་སྦྱོང་གནང་བ་དང་འབྲེལ་བོད་དོན་ལ་ཤ་ཚའི་རྒྱབ་སྐྱོར་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་སོགས་ཀྱིས་ད་ཆ་བོད་དོན་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།

                ལྷག་པར་ལོ་ངོ་ལྔ་བཅུའི་ནང་བོད་དོན་དེ་ཉིད་རྒྱལ་སྤྱི་ཅན་དུ་གྱུར་ཏེ་འཛམ་གླིང་ཐོག་རང་དབང་དང་དྲང་བདེན་ལ་དགའ་ཞིང༌། ཞི་བདེ་དང་མང་གཙོར་མོས་པའི་རྒྱལ་ཁབ་དང༌། ཚོགས་སྡེ། རྒྱ་ཆེའི་མང་ཚོགས་བཅས་ནས་བོད་དོན་བདེན་པའི་གནས་ཚུལ་ལ་བདེན་པའི་རྒྱབ་ལངས་ཀྱིས་འཛམ་གླིང་ཐོག་བོད་དོན་རྒྱབ་སྐྱོར་བ་ཆར་རྗེས་ཀྱི་མྱུ་གུ་ལྟར་འཕེལ་རྒྱས་ཀྱིས་བདེན་པ་ལ་རྒྱལ་ཁ་ཐོབ་ལ་ཉེ་བའི་གནས་སུ་སོན་པ་འདི་ལྟར་ཡིན་ལ། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་ཀྱི་རྒྱལ་ཁབ་དེ་ཕྱི་རྒྱལ་རྒྱལ་ཁབ་གཞན་སུ་ལ་བཙོང་པ་ཡིན་ནམ། ཡང་ན་ཕྱི་རྒྱལ་བཙན་རྒྱལ་རྒྱ་བསྐྱེད་རིང་ལུགས་པ་རྒྱ་ནག་དམར་གཞུང་གིས་དྲག་པོའི་བཙན་གནོན་གྱིས་བོད་དེ་མ་བདག་བདག་བཟུང་བྱས་པ་གང་ཡིན་གྱི་རྒྱུ་མཚན་ངེས་པར་གསལ་རྟོགས་དགོས་གལ་ཆེ།

                ཡང་རྩོམ་འཆལ་དེའི་ནང༌། བྱབྱགྲྭ་པ་ཁག་གཅིག་རྒྱ་གར་དུ་དཔེ་ཆ་སྦྱོང་བར་ཡོང་རྒྱུར་ཡིད་འགུག་བྱས་ནས་བོད་ཁུལ་དུ་ཁ་ཕྲལ་སྟོབས་ཤུགས་ཀྱི་ངོ་ཚབ་གསོ་སྐྱོང་བྱ་རྩིས་བྱས་ཡོད།བྱབྱ ཅེས་འཁོད་ཡོད། གངས་ལྗོངས་ཆོས་ལྡན་ཞིང་དུ་དོན་གྱི་བདག་པོ་གངས་ཅན་པ་རྣམས་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པ་དང༌། ཡར་རྒྱས་གཏོང་བ། ཆོས་དད་རང་མོས། རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་རང་ཉིད་ནས་ཐག་གཅོད་བྱེད་པ། རང་གི་ལས་དོན་རང་གིས་བྱེད་པ། རང་གི་འདོད་མོས་ཇི་ཡོད་ཁེངས་ཐུབ་པ་བཅས་ཀྱི་ཐོབ་ཐང་གཏན་ནས་མེད་པ་དང༌། སྔར་དགོན་སྡེ་དྲུག་སྟོང་ལྷག་ཙམ་གཏོར་བཤིགས་བཏང་བའི་ཁྲོད་ནས་འགའ་ཞིག་ཉམས་གསོ་བྱས་ཏེ་ཆོས་དད་རང་མོས་ཡིན་ཞེས་འུར་སྒྲོག་བྱེད་བཞིན་ཡོད་ཀྱང༌། དགོན་པའི་ནང་གི་ཆོས་བྱེད་རབ་བྱུང་རྣམས་ལ་ཆོས་ཀྱི་འཆད་ཉན་དང༌།  མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང༌། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱེད་པ་ལ་འགོག་རྐྱེན་སྣ་མང་བཟོ་བཞིན་ཡོད་པ་དང༌། ལྷག་པར་གྲྭ་བཙུན་རྣམས་ལ་ཆབ་སྲིད་སློབ་གསོ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བཙན་གནོན་གྱི་ལས་འགུལ་རིམ་པར་སྤེལ་བ་ལས། དོན་དམ་མདོ་སྔགས་གཞུང་ལུགས་རབ་འབྱམས་རྒྱ་མཚོར་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རང་དབང་གི་གོ་སྐབས་དང་མཐུན་རྐྱེན་མེད་སྟབས་འཕགས་ཡུལ་ཆོས་ཀྱི་ཞིང་སར་རེ་བའི་མིག་འབུར་བལྟས་ཤིང༌། འཕགས་ཡུལ་རང་དབང་ལུང་པར་ཤེས་ཡོན་ཀྱི་བསྟི་གནས་དང༌། མཁས་པའི་འབྱུང་གནས་སོགས་ཀྱི་མཚན་སྙན་གྱི་གྲགས་པས་ཡིད་དབང་ཡོངས་སུ་འཕྲོགས་ཏེ་དཀའ་བ་ཁྱད་སད་དང་ངལ་བ་དྭང་ལེན་གྱིས་རང་སྲོག་རྒྱ་ཡི་འབེན་ལ་བཙུགས་ནས་བཙན་བྱོལ་གྱི་ལམ་བུར་མི་ཞུགས་ཐབས་མེད་དུ་གྱུར་པ་ནི་རྒྱ་ནག་དམར་གཞུང་རང་ཉིད་ཀྱི་བྱས་ཉེས་ལས་བྱུང་བ་ཞིག་ཡིན།

                དེ་བཞིན་བོད་ནང་དུ་ཆོས་བྱེད་གྲྭ་བཙུན་རྣམས་ལ་དོན་དམ་གྱི་ཆོས་ཕྱོགས་སློབ་གཉེར་བྱེད་པར་དཀའ་ཚེགས་དུ་མ་ཞིག་བརྒྱུད་དགོས་པ་དང་གཅིག རྒྱ་གཞུང་གི་ད་ལྟ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཡོད་ལུགས་ཇི་ལྟར་བསྒྲགས་ཀྱང༌། དོན་ལ་བོད་རིགས་ལས་བྱེད་རྣམས་ཆོས་བྱེད་པའི་རང་དབང་དང་ཐོབ་ཐང་མེད་པ་མ་ཟད། ཐ་ན་རང་གི་ཕ་མ་བུ་ཕྲུག་ཤི་རྐྱེན་བྱུང་བའི་འུ་ཐུག་ཐབས་ཟད་ཀྱི་སྐབས་སུའང་ནང་དུ་དགེ་འདུན་པ་གདན་ཞུ་མི་ཆོག་པ་དང༌། དགོན་པར་བསྙེན་བཀུར་ཞུ་མི་ཆོག་པ། སྐུ་ཕུང་གི་མདུན་དུ་མཆོད་མེ་ཞིག་ཀྱང་ཕུལ་མི་ཆོག་ལ། དེ་བཞིན་མ་འོངས་སོན་རྩར་གྱུར་པའི་སློབ་ཕྲུག་རྣམས་བོད་ཀྱི་དུས་ཆེན་སྐབས་སློབ་ཕྲུག་རྣམས་ཕྱག་འཚལ་སྐོར་སྦྱོང་བྱེད་མི་ཆོག་པ་དང༌། དགོན་པར་ཆོས་མཇལ་དུ་བསྐྱོད་པ་དང༌། གླིང་སྐོར་སོགས་སུ་ཕ་མས་འཁྲིད་མི་ཆོག་པ་སོགས་ཁྱིམ་བདག་བསྐོང་འགུག་གིས་བཙན་བཀའ་བཏང་བ་དང༌། གལ་ཏེ་གནས་ཚུལ་དེ་རིགས་ལྷགས་ཚེ་སློབ་གྲྭ་ནས་ཕྱིར་ཕུད་དང་ཉེས་ཆད་གཅོད་རྒྱུའི་ཁྱབ་བསྒྲགས་བྱེད་པ་དང༌། རྒྱ་ཆེའི་མང་ཚོགས་རྣམས་བོད་ཀྱི་ཐུན་མོང་མ་ཡིན་པའི་དུས་ཆེན་སོགས་སུ་བསང་གསོལ་དར་འཛུགས་བྱེད་མི་ཆོག་པ་དང༌། ཚོང་པ་རྣམས་ལ་དེ་སྐབས་ཁྲོམ་སྟོན་པ་ལས་ཚོང་ཁང་སྒོ་བརྒྱབ་མི་ཆོག་པ་དང༌། སྒོ་བརྒྱབ་ན་ཉེས་ཆད་འགེལ་རྒྱུ་ཡིན་ཚུལ་གྱི་ཉེན་བརྡ་གཏོང་བ་སོགས་ཀྱི་གོང་རིམ་གྱི་བཙན་བཀའ་རྣམས་ཨུ་ཡོན་ལྷན་ཁང་སོ་སོ་དང༌། སྒོ་ར་རེ་རེ་བཞིན་ཁྱབ་བསྒྲགས་རིམ་པར་བྱེད་བཞིན་པ་བཅས་མདོར་ན་བོད་ཀྱི་ཆོས་བྱེད་དགེ་བཙུན་དང༌། ལས་བྱེད། དགེ་སློབ། རྒྱ་ཆེའི་མང་ཚོགས་མང་པར་རང་དབང་གི་ཆོས་དད་བྱེད་པའི་ཐོབ་ཐང་མེད་པར་བརྟེན། ས་ག་ཟླ་བ་ལྟ་བུར་གླིང་བསྐོར་དུ་བསྐྱོད་དགོས་ཚེ་ཡང་ན་མཚན་བགྲོད་བྱེད་པ་དང༌། བདལ་གཏོང་རླངས་འཁོར་གླས་ཏེ་མོ་གྲའི་ནང་དུ་འཛུལ་ནས་གླིང་བསྐོར་ལ་བསྐྱོད་དགོས་པའི་གནས་ཚུལ་བྱུང་བ་རྣམས་ནི་ངོས་རང་གི་མིག་མཐོང་ལག་ཟིན་གྱི་དངོས་ཡོད་གནས་ཚུལ་ཤ་སྟག་ཡིན་པ་ལས། རྒྱ་གཞུང་ལ་མི་དགའ་བའི་ཐོག་ནས་གཞི་མེད་སྙོན་འཛུགས་བྱས་པ་ཞིག་གཏན་ནས་མིན། དེས་ན་འཕགས་ཡུལ་རང་དབང་ལུང་པར་སློབ་གཉེར་དུ་མི་ཡོང་ཐབས་མེད་ཀྱི་གནས་སུ་གྱར་དུ་འཇུག་མཁན་སུ་ཡིན་ནམ། དེ་ནི་ཁ་མངར་ལྐུགས་པའི་སེམས་ལ་གསལ། བྱམས་སྡང་བྱིས་པའི་ཡིད་ལ་ཡོད་ཅེས་པ་དང་ཡོངས་སུ་མཚུངས་པ་ཡིན།

                མདོར་ན་དཔྱད་གཏམ་པ་རང་ཉིད་དང༌། རྒྱའི་དབང་འཛིན་པ་ཙམ་མིན་པར་ཁ་ནང་དུ་ཕྱོགས་ནས་རྒྱ་བོད་གཉིས་ཀའི་མི་དམངས་ས་ཡ་དྲུག་དང༌། དུང་ཕྱུར་བཅུ་གསུམ་གྱི་ཁེ་ཕན་ལ་བལྟོས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཡོངས་ཀྱི་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་ཐོབ་ཐང་དོར་ནས་གཉིས་སྨན་དབུ་མའི་ལམ་ནས་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་གསུངས་པ་ནི། ཐ་མའི་ཐག་གཅོད་ཀྱི་དགོངས་བཞེད་ཟབ་མོ་ཞིག་ཡིན་པས་དེ་ལུགས་བཀའ་དགོངས་དྭང་ལེན་བྱས་ཚེ་ཕྱིས་མ་དྲགས་ཀྱང་སྔ་སྐྱོན་མེད་པ་མ་ཟད། ད་ཆ་རང་རེ་རྒྱ་བོད་གཉིས་ཀྱི་རང་གཞན་གཉིས་ཕན་དང༌། དམངས་ཀྱི་འདོད་བློ་དང་མཐུན་པར་ཕྱི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་དགེ་མཚན་ཁྱད་པར་ཅན་ཡོད་པས་གསེར་དང་མཚུངས་པའི་གོ་སྐབས་དང༌། རིན་ཐང་ཅན་གྱི་ནོར་བུ་དེ་ཆུད་ཟོས་སུ་མ་ཕྱིན་པར་གང་མྱུར་དོན་ཕན་ལྡན་པའི་བརྡ་ལན་བྱ་གལ་ཆེའོ།།   །།

རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།