དཔའ་བོའི་འོས་ལངས་ཆེན་མོའི་བྱུང་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། བཅུ་པ། ༣།༡༠ དཔའ་བོའི་འོས་ལངས་ཆེན་མོའི་བྱུང་བ། གངས་ལྗོངས་ཆོལ་གསུམ་གྱི་ས་གནས་གང་དུ་བོད་མིས་ཞི་རྒོལ་གང་ཞིག་བྱུང་ཡང་རྒྱ་གཞུང་ནས་དེ་དག་དྲག་ལམ་དུ་འཁྲིད་ནས་གདུག་རྩུབ་ཆེ་བའི་དྲག་གནོན་དང༌། རང་སྣང་གང་དྲན་དང་ཁྲིམས་ལུགས་བརྩིས་མེད་ཀྱིས་འཛིན་བཟུང་བཙོན་འཇུག་དང༌། སྡུག་སྦྱོང་མནར་གཅོད་བཟོད་པར་དཀའ་བ་བཏང་དང་གཏོང་མུས་མ་ཟད། ཐ་ན་མ་ཉེས་ཁ་གཡོགས་དང༌། ཉེས་མེད་ཁྲིམས་གཅོད་ཚད་ལས་བརྒལ་བ་བཅད་པ། ལས་འགུལ་དེ་དག་གི་འབྱུང་རྐྱེན་སོགས་ཀྱི་ངན་ཁག་ཐམས་ཅད་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཡོག་པ་སོགས་ཁྲིམས་སྒྲིག་དང༌། རྩ་ཁྲིམས་དང་བཅའ་ཁྲིམས་གང་དང་མི་མཐུན་ཞིང༌། མིའི་བཟང་སྤྱོད་ཀྱི་རྒྱ་ལས་ཡོངས་སུ་འདས་པའི་བྱ་ངན་རིམ་པར་སྤེལ་དང་སྤེལ་མུས་ཡིན་ལ། འདིའི་ཐད་སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་སྤང་བླང་ཚུལ་བཞིན་བྱ་རྒྱུ་ལས་ལྡོག་ཏེ་ད་དུང་མུ་མཐུད་ལོག་ལམ་དུ་འཕྱན་བཞིན་ཡོད།               

                རྩོམ་འཆལ་དེའི་ནང༌། བྱབྱལྷ་སར་ཟིང་ཆ་དང་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་གི་དོན་རྐྱེན་ཐེངས་མང་བཟོས་ནས་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་ཉེས་མེད་མང་ཚོགས་ལ་གནོད་འཚེ་བཏང་ནས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པའི་སྐྱོ་ཤས་གྲངས་མེད་བཟོས་ཏེ་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་ཡོད།བྱབྱ ཅེས་བརྗོད་པ་ནི་རྒྱ་གཞུང་རང་ཉིད་ཀྱི་ནམ་མཁར་མི་གཤོང་བའི་སྡིག་ཉེས་དེ་དག་ལས་གཡོལ་ཐབས་ཀྱིས་རང་སྐྱོན་གཞན་ལ་གཡོགས་ཐབས་བྱས་པ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་ནས་བཟུང་གངས་ལྗོངས་ཆོལ་གསུམ་ཁྱོན་ཡོངས་ལ་མ་གྲོས་བསམ་པ་གཅིག་མཐུན་གྱིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་བའི་གྱེན་ལངས་ཆེན་མོ་བྱས་ཏེ་སྐབས་དེར་རྒྱ་གཞུང་ནས་ཉེས་མེད་བོད་འབངས་ ༢༢༣ ལྷག་དམར་གསོད་དང༌། བོད་མི་ཉེས་མེད་ ༢༨༦ ལ་ཁྲིམས་དང་མི་མཐུན་ཞིང་ཚད་ལས་བརྒལ་བའི་ཁྲིམས་གཅོད། སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་སྣ་དགུ་བཏང་བའི་འདྲ་པར་དང༌། བརྙན་པར། དངོས་ཡོད་ཀྱི་གནས་ཚུལ་རྣམས་མི་དཔང་དང་དངོས་དཔང་དུ་མ་ཞིག་གིས་འཛམ་གླིང་ཐོག་དཔང་རྟགས་གསལ་སྟོན་གྱིས་དོན་དངོས་བྱ་ངན་དང་སྤྱོད་ངན་རིམ་པར་ལག་བསྟར་བྱས་ཏེ་ཉེས་མེད་མང་ཚོགས་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པར་གྱོང་གུན་ཚབས་ཆེན་བཟོ་མཁན་ནི་རྒྱ་ནག་དམར་གཞུང་རང་ཉིད་ཡིན་པས་རང་ཉིད་ཀྱི་བྱས་པའི་བྱས་ཉེས་འདི་དག་ལས་ནམ་ཡང་ཐར་ཐབས་ཤིག་ག་ལ་ཡོད།

                དེ་ཡང་ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ ཚེས་ ༡༠ ཉིན་གཞིས་བྱེས་བོད་མི་ཡོངས་ནས་ལོ་སྟར་གསུམ་བཅུའི་དུས་དྲན་གྱི་ཁྲག་དང་མིག་ཆུའི་ལོ་རྒྱུས་དེར་དྲན་གསོ་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་མཛད་པའི་དཔའ་རྟགས་འགྲན་ཟླ་བྲལ་བའི་སྙིང་སྟོབས་ལ་དགའ་མགུ་ཡིད་རངས་ཞུ་བཞིན་པའི་གངས་ལྗོངས་བོད་ཀྱི་རྒྱལ་ས་ལྷ་ལྡན་གཙོ་གྱུར་གྱི་བོད་འབངས་གནས་ཡུལ་ཆོལ་གསུམ་ཁྱོན་ཡོངས་ནས་ལོ་མང་རིང་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་འོག་སྡུག་སྒོམ་བརྒྱབ་སྟེ་ལོ་མང་བསགས་པའི་སྙིང་ནད་ཀྱི་རྒྱ་མཚོ་ཡོངས་སུ་བརྡོལ་ཏེ་བོད་འབངས་སེར་སྐྱ་ཁྲི་ཚོ་མང་པོས་རྒྱ་དམག་དང༌། ཉེན་རྟོག་པའི་མེ་མདའ་དང༌། ལྕགས་ཁྲབ་འཁོར་ལོ་སོགས་ཀྱི་ཁའི་མདུན་དུ་ཞི་བའི་གྱེན་ལངས་ཀྱི་རྔམ་སྟོན་ཁྲོམ་བསྐོར་འཛམ་གླིང་ཐོག་གཡོ་འགུལ་ཐེབས་པ་ཞིག་སྤེལ་བའི་རྒྱུ་རྐྱེན་ཡོངས་རྫོགས་རྒྱ་ནག་དམར་གཞུང་རང་ཉིད་ནས་བསྐྲུན་དང་སྐྲུན་བཞིན་པ་ལགས་ན། འདི་དག་གི་ཉེས་འགན་ཡོངས་རྫོགས་རྒྱ་གཞུང་རང་ཉིད་ནས་འཁུར་དགོས་པ་སྨོས་མེད་ཡིན།

                གངས་ལྗོངས་ཆོལ་གསུམ་བོད་འབངས་རྣམས་ནས་ལས་འགུལ་ཁག་འཚེ་མེད་ཞི་བའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་སྤེལ་ཡོད་པ་སྟེ། ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་པ་དང༌། འཕྲེད་དར་འཕྱར་བ། ཟས་བཅད་ངོ་རྒོལ། སྦྱར་ཡིག་སྦྱོར་བ། ཞི་བའི་གོམ་བགྲོད། ཞིང་ལས་མཚམས་འཇོག རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དྭང་ལེན་མི་བྱེད་པ། སྣུམ་འཁོར་གྱི་སྐྱེལ་འདྲེན་མཚམས་འཇོག ལས་དོན་རུ་ཁག་གི་མདུན་དུ་ཐོན་ཏེ་ངོ་རྒོལ་བྱེད་པ། ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ཁས་ལེན་མི་བྱེད་པ། རྒྱ་གཞུང་གིས་བཙན་གནོན་གདུག་རྩུབ་བཟོད་པར་དཀའ་བས་ལ་ལས་རང་གིས་རང་ལ་གྲི་བརྒྱབ་པ་དང༌། འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་དོར་དགོས་པ་ཡང་བྱུང་ཡོད། མདོར་ན་རྒྱ་གཞུང་གི་དྲག་གནོན་མ་བཟོད་པ་དང༌། རྒྱ་གཞུང་གིས་ཆེད་མངགས་བོད་མིར་བརྫུས་ཏེ་འཁྲུག་རྐྱེན་བསླངས་ནས་ལས་འགུལ་གྱི་ངོ་བོ་གཞན་ལ་བསྒྱུར་ཐབས་དང༌། དྲག་པོའི་ངོ་བོར་བསྒྱུར་བའི་ལས་འགུལ་རེ་ཟུང་ལས། དེ་མིན་ད་བར་བྱུང་བའི་ལས་འགུལ་གྱི་བརྒྱ་ཆ་ ༩༩ ཡོངས་སུ་འཚེ་མེད་ཞི་བའི་ལས་འགུལ་ཤ་སྟག་ཡིན་པས། ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་གི་དོན་རྐྱེན་ཐེངས་མང་བཟོས་ཟེར་བ་ནི་མི་དཀར་ལ་ཞྭ་ནག་གི་དཔེ་ཟླར་གྱུར་ཡོད་པ་མ་ཟད། བོད་ནང་བོད་མིས་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་དང༌། བདེ་སྲུང་དམག་དཔུང་གི་ལྕགས་ཁྲབ་འཁོར་ལོ་བཏང་སྟེ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་གི་དོན་རྐྱེན་རིམ་པར་བཟོས་པའི་ཉེས་འགན་ལས་གཡོལ་ཐབས་བྱས་པ་ཞིག་ཡིན།

                རྒྱ་ནག་གི་སྲིད་བློན་ཝུན་ཅའ་སྦའོ་ཡིས་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་བརྫུས་པའི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་སྐུད་ཡོད་བརྙན་འཕྲིན་གྱི་གསར་འགོད་པས་སྟོན་པའི་དྲི་བར་ལན་འདེབས་བྱེད་སྐབས། བྱབྱཉེ་དུས་བོད་ནང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཕྱི་རྒྱལ་དུ་ཡོད་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་གཞུང་གི་འཆར་གཞི་དང་དམིགས་ཡུལ་ཡོད་པ། ཞིབ་ཚགས་ངང་ཇུས་འགོད་བྱས་པའི་རྡུང་བཅོག་འཕྲོག་སྲེག་གི་མི་གསོད་ཟིང་སློང་གི་དོན་རྐྱེན་ཞིག་ཡིན་པར་བཤད་པ་དང་ཆབས་ཅིག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མེས་རྒྱལ་ཁ་ཕྲལ་གཏོང་མཁན་རེད་བྱབྱ ཅེས་གཞི་མེད་སྐྱོན་འཛུགས་བྱས་ཡོད། རྒྱ་གཞུང་ནས་དོན་དངོས་ཁས་ལེན་མི་བྱེད་པར་དོན་རྐྱེན་དེ་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ནས་བརྒྱུད་བསྐུལ་བྱས་ཚུལ་དང༌། ཁ་བྲལ་བ་ཆེས་ཉུང་ཤས་ཀྱིས་བསླངས་པའི་གནས་ཚུལ་ཞིག་ལ་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་མོད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་བཞུགས་སྒར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ནང་གི་གསར་འགོད་པ་མི་གྲངས་བརྒྱ་སྐོར་ཞིག་ལ་བཅར་འདྲིའི་གོ་སྐབས་གསོལ་བསྩལ་གནང་སྐབས་སུ་བཀའ་གནང་གསལ། བྱབྱབར་ལམ་བོད་ནང་ངོ་རྒོལ་བྱུང་བ་དེ་དག་ངོས་ནས་ངན་སྐུལ་བྱས་པ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་སྟབས། སྐྱོན་འཛུགས་དེ་དག་ལ་གུས་བཀུར་འོས་པའི་རྒྱལ་སྤྱིའི་ཚོགས་སྡེ་དེའི་ནང་རྒྱ་གཞུང་གི་སྐུ་ཚབ་ཀྱང་ཡོད་པ་ཞིག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། དེ་ལྟ་བུའི་ཚོགས་སྡེ་དེས་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་མིན་པར་དེའི་ཕྱི་རོལ་དུ་ཡོད་པའི་བོད་ས་ཡོངས་རྫོགས་དང༌། དེ་བཞིན་རྒྱ་གར་ནང་བརྟེན་གཞི་བྱས་པའི་དབུས་བོད་མིའི་འཛིན་སྐྱོང་དང་བཅས་པར་གནས་ཚུལ་རྟོག་ཞིབ་ཏུ་བསྐྱོད་དགོས་པ་ཡིན་བྱབྱ ཞེས་དང༌། ཡང་ྋགོང་ས་མཆོག་ནས་བྱབྱདེང་བོད་ནང་བོད་ཀྱི་རིག་གཞུང་རྩ་གཏོར་འགྲོ་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་གིས་དགོན་སྡེ་ཁག་གི་ནང་དུ་ནང་ཆོས་སློབ་གཉེར་བྱེད་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་པར་བརྟེན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ཞིབ་འཇུག་དགོས་པ། ྋགོང་ས་མཆོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་གནང་བ་ལས། རང་བཙན་རྩོད་གནང་གི་མེད་བྱབྱ ཅེས་བཀའ་སྩལ་ཡོད་ལ། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ ཉིན་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བའི་སྐབས་སུ་བཀའ་ཕེབས་གསལ། བྱབྱཉེ་ཆར་བོད་ནང་གི་གནས་ཚུལ་ལ་བཞག་ན། རྒྱ་ཕྱོགས་ནས་བོད་པས་འཚེ་བ་བྱེད་ཀྱི་འདུག་ཅེས་ཤུགས་ཆེན་པོ་ཤོད་ཀྱི་འདུག དེ་ལྟར་ཤོད་པ་ནི་དྲག་གནོན་བྱེད་རྒྱུའི་རྒྱུ་མཚན་ཆགས་ཀྱི་ཡོད་པས་ཡིན། ང་ཚོས་སྐབས་དེར་འཛམ་གླིང་སྤྱི་ཡོངས་ལ་རེ་བསྐུལ་བྱས་པ་སྟེ། བོད་ནང་གི་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱེད་མཁན་མི་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རོགས་ཞེས་བརྗོད་པ་ཡིན། བོད་ནང་ཟང་ཟིང་བྱུང་བ་དེ་དག་རྒྱ་ཕྱོགས་ནས་ང་ཚོ་རྒྱ་གར་ནས་བསྐུལ་བ་རེད་ཅེས་ཤོད་ཀྱི་འདུག དེ་ཚོའི་གྲས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས། མཐའ་མ་རྒྱ་ནག་གཞུང་གི་རྒྱ་མི་ལས་བྱེད་ཞིབ་འཇུག་བྱེད་པར་ཡོང་ན་ང་ཚོས་ཨང་གསར་བྱས་ཏེ་བསྡད་ཡོད། ང་ཚོའི་ཡིག་སྣོད་ཁག་ལ་བལྟས་ཆོག་ལ། བོད་ནས་གསར་འབྱོར་ཡོང་མཁན་ལ་ངས་སྐད་ཆ་བཤད་པའི་སྒྲ་འཇུག་གིས་འཁོར་ཐག་ཀྱང་ཉན་ཆོག་གི་རེད་ཅེས་ཡོངས་གྲགས་འབོད་སྐུལ་བྱས་པ་ཡིན། ང་ཚོའི་ངོས་ནས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་འཛམ་བུ་གླིང་གིས་ཤེས་པ་ཞིག་དང༌། ང་ཚོ་བོད་པ་ཚོས་ཀྱང་ཤེས་པ་ཞིག་བཟོས་བསམ་གྱི་ཡོད་ཀྱང༌། ད་ལྟ་བོད་ནང་ཕྱི་མི་གཏོང་གི་མེད། དེའི་བར་ན་ཁོང་ཚོས་ཧ་ཅང་འཁྲབ་ཀྱི་ཡོད་པའི་གནས་ཚུལ་འདུག་བྱབྱཅེས་བཀའ་བསྩལ་ཡོད་ལ། གསར་འགོད་པས་ཀྱང་རྒྱ་གཞུང་ལ་ཡོད་པའི་དཔང་རྟགས་ཁུངས་སྐྱེལ་བྱེད་དགོས་པའི་འབོད་བསྐུལ་བྱས་ཀྱང་དཔང་རྟགས་ཁུངས་བཙན་དང༌། གནས་ལུགས་རྒྱུ་མཚན་ཤོད་རྒྱུ་ཅི་ཡང་མེད་པས། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་དེའི་རང་མཚང་རྡོལ་ཟིན་ལ། སྦྲུལ་མདུད་སྦྲུལ་བཤིག་དང༌། སྦྲུལ་གྱི་མདུད་པ་རང་གྲོལ་དུ་ཕྱིན་ཡོད། ལྷག་པར་དེའི་དཔང་རྟགས་ཡིན་ཁུལ་གྱི་སི་ཊས་སི་སྦག་གི་གསུང་བཤད་དང༌། ཞི་བའི་དོན་ཚན་ལྔའི་སྐོར་བརྗོད་པ་ནི་འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང༌། །ཞེས་གསུངས་པ་དང་ཅིས་མི་མཚུངས།

                དེ་བཞིན་བཙན་བྱོལ་བོད་གཞུང་ནས་ཀྱང་བོད་ནང་བྱུང་བའི་ངོ་རྒོལ་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་གཞུང་གི་ངན་སྐུལ་བྱས་སྐོར་སྐྱོན་འཛུགས་བྱས་པ་དེར་རྒྱུ་མཚན་ལྡན་པའི་ཁུངས་སྐྱེལ་བྱ་དགོས་པ་མ་ཟད། ད་ཆ་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང༌། ཡུལ་སྐོར་སྤྲོ་འཆམ་པས་མཚོན་ཕྱི་རྒྱལ་གྱི་མི་གཅིག་ཀྱང་མ་ལྷག་པར་རྒྱ་ནག་གི་ས་གནས་ཉེན་རྟོག་མི་སྣས་ཕྱིར་སློག་བྱས་ཟིན་སྟབས། རྒྱལ་སྤྱིའི་ཐོག་ནས་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་པ་དང༌། ཕྱི་རྒྱལ་གསར་འགོད་པ་བོད་ནང་བཏང་ནས་དངོས་ཡོད་གནས་སྟངས་གསལ་བསྒྲགས་བྱེད་དགོས་པའི་རེ་བ་གནང་ཡོད་ཀྱང༌། རྒྱ་གཞུང་ནས་རང་གནོང་གིས་རྒྱལ་སྤྱིའི་རྟོག་ཞིབ་པ་དང༌། གསར་འགོད་སོགས་ཀྱི་རང་དབང་གཏན་ནས་སྤྲད་མེད་པ་དེས་གང་ཞིག་མཚོན་ནམ་ཞེ་ན༑ བོད་ནང་བྱུང་བའི་ཞི་རྒོལ་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་གདུག་རྩུབ་མི་སྤྱོད་ལས་འདས་པ་བྱས་པ་རྣམས་སྦས་སྐུང་དང༌། དོན་དངོས་ལ་འཁྱོག་བརྗོད་དང༌། ལོག་འགྲེལ་བྱས་ཏེ་རྒྱ་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་བྱ་ངན་རྣམས་ཕྱིར་གྱར་མི་ཡོང་བའི་ཆེད་དུ་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན།

                འཛམ་གླིང་ཐོག་གི་ཡུལ་ལུང་གང་དུ་སོང་ཡང་ཐེངས་འདིའི་དོན་རྐྱེན་ནི་རྒྱ་གཞུང་རང་ཉིད་ནས་མ་འགྲིག་པར་ངོས་འཛིན་གནང་མཁན་ཤ་སྟག་ལས། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་མ་འགྲིག་པར་བརྗོད་མཁན་གཏན་ནས་མེད། ཐ་ན་རྒྱ་རིགས་ཀྱི་བློ་གཟུ་བོར་གནས་པའི་མཁས་དབང་རྣམ་པས་ཀྱང་ བྱབྱང་ནི་ཧན་མི་རིགས་ཡིན་པར་ངོ་ཚ་བཞིན་ཡོད་བྱབྱཅེས་གསུང་ཤོར་ཡོད། ལྷག་པར་དྲང་བདེན་ལ་དགའ་ཞིང༌། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་འཇོག དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་དྲི་མས་མ་གོས་པའི་གཟུར་གནས་བློ་ལྡན་རྣམས་ཀྱིས་ཀྱང་ཚད་མཐོ་བའི་ཐོག་ནས་བོད་པར་རྒྱབ་སྐྱོར་བྱེད་བཞིན་པ་འདིས་མིའི་སེམས་ཁམས་མཚོན་ཐུབ་པ་མ་ཟད། བཅོས་མིན་སེམས་ཀྱི་འཆར་སྣང་ཡང་མཚོན་ཐུབ་པས་བདེན་པ་སུ་ལ་ཡོད་པ་ཀུན་གསལ་ཡིན་པས་རྒྱ་གཞུང་ནས་ལྐུགས་པའི་རང་རྟགས་མུ་མཐུད་བསྟན་དགོས་དོན་མེད།

                ཡང་རྩོམ་འཆལ་དེའི་ཡང༌། བྱབྱཐ་ན་དྲག་ཤུགས་སོགས་ནང་བསྟན་ནང་བྱེད་མི་རུང་བའི་གདུག་རྩུབ་ཆེ་བའི་བྱ་ཐབས་སྤྱོད་པ་དང་འཁྲུག་ཟིང་བཟོས་ནས་འགྲོ་བར་གནོད་འཚེ་གཏོང་གི་ཡོད། བོད་དུ་ཐོན་པའི་གཏུམ་སྤྱོད་ཀྱི་དོན་རྐྱེན་མང་པོ་ཁོ་པ་དང་འབྲེལ་བ་ཡོད་པས་ཉེས་འགན་ལས་ཐར་ཐབས་བྲལ་ཡོད།བྱབྱ ཅེས་མ་ཉེས་ཁ་གཡོགས་དང༌། ནག་མེད་ཉེས་འགེལ་ཁོ་ན་བྱེད་བཞིན་ཡོད་ལ། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འགྱུར་མཉམ་བསྒྲགས་ནང༌། ལྷ་སའི་ ༣།༡༤ ཡི་བརྡུང་གཅོག་འཕྲོག་བསྲེག་བྱེད་པའི་དྲག་ཤུག་དོན་རྐྱེན་སྐོར་གྱི་དངོས་འབྲི་པར་གཞི་ཟེར་བའི་བརྙན་ཕབ་ཅིག་ཀྱང་ཡོངས་གྲགས་ཐོག་བཏོན་པ་དང༌། དེའི་ཕྱི་ཉིན་ནས་བཟུང་བརྙན་ཕབ་ཀྱི་ངོ་བཤུས་འོད་སྡེར་ཁག་གཉིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱལ་སྤྱིའི་རྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་རྒྱ་ཆེ་བྱས་པ་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རྒྱ་ནག་རྒྱལ་ཡོངས་ནང་བོད་མིས་རྒྱ་ནག་མི་རིགས་ལ་དགྲ་འཛིན་བྱས་ཏེ་ཕྱི་ཟླ་ ༨ ནང་པའི་པེ་ཅིང་དུ་འཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་ལ་གཏོར་བཤིག་གཏོང་གི་འདུག་ཅེས་རྒྱ་མིའི་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས་ཏེ་རྒྱ་བོད་མི་རིགས་དབར་འཁོན་འཛིན་དང་དཀྲུག་ཤིང་བསླངས་ནས་ད་རེས་བོད་ནང་བྱུང་བའི་བོད་མིའི་ཞི་བའི་སྐད་འབོད་དེ་རྒྱ་ནག་གཞུང་གི་དྲག་གནོན་བྱེད་པའི་དགོས་དབང་དང་བཀོད་སྒྲིག་ལྟར་ཁྲིམས་འགལ་གྱི་བརྡུང་གཅོག་འཕྲོག་བསྲེག་གི་གཏུམ་སྤྱོད་ཀྱི་དོན་རྐྱེན་ཞིག་ལ་བསྒྱུར་ཐབས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་སོགས། རང་སྐྱོན་ཐལ་མོས་བཀབ་ནས། མི་སྐྱོན་མཛུབ་མོས་འདྲུ་ཐབས་བརྩོན་པ་ནི་སྙིང་རྗེའི་གནས་དང༌། བརྟག་དཔྱད་ཞིབ་འཇུག་གང་ཡང་མ་བྱས་པར་སྨྱོན་པའི་འཆོལ་ལབ་ལས་མ་འདས་སོ།།

                ཡང་རྩོམ་འཆལ་དེའི་ཡང༌། བྱབྱདུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་བཟུང་ལྷ་སར་ཐོན་པའི་ཟིང་ཆ་དང་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཚང་མ་ནི་ཏཱ་ལས་གསོ་སྦྱོང་བྱས་པའི་ཁྲིམས་འགལ་གྲྭ་བཙུན་དེ་དག་གིས་འགོ་འཁྲིད་ནས་བྱས་པ་ཞིག་རེད་བྱབྱཅེས་དང༌། བྱབྱཁ་བྲལ་རིང་ལུགས་པ་ཆེས་ཉུང་ཤས་ཤིག་རེད་བྱབྱཅེས་སོགས་བདེན་དོན་དང༌། གནས་ལུགས་དང་བྲལ་བའི་ལོག་གཏམ་མང་དུ་སྨྲས་ཡོད། དེ་ཡང་ཞི་རྒོལ་ནང་འཛུལ་ཞུགས་གནང་མཁན་ལ་མཚོན་ན། གྲྭ་བཙུན་སྔགས་གསུམ་དང༌། སྤྱི་ཚོགས་ཐོག་གནས་བབ་དང་གུས་བརྩི་ལྡན་པའི་བླ་སྤྲུལ་དང༌། མཁན་པོ་དགེ་བཤེས། ཞིང་འབྲོག་བཟོ་གསུམ། དགེ་རྒན་དང་སློབ་ཕྲུག གཞུང་གི་ལས་བྱེད་པ་དང་ལས་བཟོ་བ། གུང་ཁྲན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད། སྨན་པ་དང་སྒྱུ་རྩལ་བ། གྲོང་མི་དང་གྲོང་གསེབ་པ། ལོ་རྒན་བརྒྱད་ཅུ་ཡོལ་བ་དང་ན་ཆུང་ལོ་ན་ ༡༢ ཀྱང་མ་སོན་པ། འབྱོར་ལྡན་ཕྱུག་པོ་དང་འབྱོར་མེད་དབུལ་པོ་སོགས་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་གྱིས་མཉམ་བཞུགས་བྱས་ཡོད་ལ། ཞི་རྒོལ་ཞི་རྒྱ་ཆེ་བའི་སྐབས་སུ་མི་གྲངས་ ༡༠༠༠༠ ལྷག་འཛོམས་ཡོད་པ་དང༌། ཉུང་བའི་སྐབས་སུ་བོད་མི་གཅིག་ལས་མེད་པའང་བྱུང་ཡོད་པས། ཞི་རྒོལ་གྱི་ས་ཆའི་ཁྱབ་ཁོངས་ལ་མཚོན་ནའང༌། བོད་རང་སྐྱོང་ལྗོངས་དང༌། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའི་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་མདོར་ན་གངས་ལྗོངས་ཆོལ་གསུམ་ཁྱོན་ཡོངས་དང༌། རྒྱ་ནག་གི་ས་གནས་ཁག་ཏུའང་བོད་མིས་ཞི་རྒོལ་བྱས་ཡོད་པ་དང༌། ཞི་རྒོལ་བྱུང་བའི་ཐེངས་གྲངས་ལ་མཚོན་ནའང་བརྒྱ་ཕྲག་མང་པོ་ཞིག་བྱུང་ཡོད་པས། གྲྭ་བཙུན་རེ་ཟུང་གིས་འགོ་ཁྲིད་ནས་བྱས་པ་ཙམ་མིན་པར་ལོ་ངོ་ལྔ་བཅུ་ལྷག་རིང་རྒྱ་གཞུང་གི་སྲིད་ཇུས་ངན་པའི་འོག་བོད་འབངས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བ་མཚོན་ཐུབ་པ་མ་ཟད། དོན་རྐྱེན་འདིའི་རྒྱུ་རྐྱེན་ཡོངས་རྫོགས་རྒྱ་ནག་དམར་གཞུང་རང་ཉིད་ནས་བསྒྲུབས་པ་ཞིག་ཡིན།

                ཡང་རྩོམ་འཆལ་དེ་ཉིད་ཀྱི་ནང༌། བྱབྱདུས་རབས་ ༢༠ ལོ་རབས་ ༨༠ པའི་དུས་མཇུག་ནས་བཟུང་ལྷ་ས་ས་ཁུལ་དུ་ཟིང་ཆ་དང་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཐེངས་མང་སྔ་རྗེས་སུ་ཐོན་ཡོད། དཔང་རྟགས་མང་པོ་ཞིག་གི་ཐོག་ནས་དེ་དག་ཚང་མ་ནི་ཏཱ་ལའི་རུ་ཚོགས་ཀྱིས་ངན་བཀོད་བྱས་པ་དང་ས་ཁོངས་ཕྱི་ནང་གི་ཁ་ཕྲལ་སྟོབས་ཤུགས་དང་ངན་པ་ལག་སྦྲེལ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད་བྱབྱཅེས་ཁ་པོ་ཆེ་སྒྲོག་པའམ། བདེན་པ་གཡག་ཙམ་མེད་པར་ཧམ་པ་རི་ཙམ་བཤད་པ་ཞིག་ལས་བདེན་དོན་གྱི་གནས་ལུགས་རྒྱུ་མཚན་ཤོད་རྒྱུ་མེད་པ་དང༌། རྫུན་བཟོ་དང་ཁག་དཀྲི་མ་བྱས་པའི་དཔང་རྟགས་མིག་སྟོན་བྱ་རྒྱུ་མེད། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་གནས་དོན་གང་ཞིག་ཡིན་ཡང་དེ་ཉིད་ཁག་དཀྲི་བྱེད་ས་ཞིག་ཐབས་འཚོལ་བྱས་ནས་མ་ཉེས་ཁག་གཡོགས་བྱེད་བཞིན་ཡོད། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་དང༌། ཕྱི་ལོ་ ༡༩༨༧ ནས་བཟུང་བོད་མིའི་ཞི་རྒོག་ཁག་དང༌། ཧཕ་ལུང་ཀུང་ཆོས་འཁོར་སྒྲུབ་སྒྲུབ་ཚོགས་པ། རྒྱ་རིགས་མང་གཙོ་དོན་གཉེར་བའི་དྲུག་བཞི་དོན་རྐྱེན། ཡུ་གུར་མི་རིགས་དང་སོག་པོའི་རང་བཙན་དོན་གཉེར་བ། ས་བྱི་ཞི་རྒོལ་ཆེན་མོ་སོགས་ལས་འགུལ་གྱི་རིགས་ཚང་མར་རྒྱ་གཞུང་ནས་མིང་འདོགས་རེ་དང༌། མ་ཉེས་ཁ་གཡོགས་རེ། ལེ་ཁག་དཀྲི་ས་རེ་བཟོས་ཡོད་པ་ལས་རྒྱ་གཞུང་རང་ཉིད་ཀྱི་སྲིད་ཇུས་ངན་པའི་འོག་ནས་བྱུང་བར་ངོས་ལེན་མ་བྱས་ཁར། ད་དུང་མིག་ལྡན་གཡང་མཆོངས་དང༌། གཡོ་སྒྱུ་ཧམ་གསུམ་གྱིས་གཞན་མགོ་བསྐོར་བའི་ལས་ལ་བརྩོན་བཞིན་ཡོད།

                ཕྱི་ལོ་ ༡༩༨༧། ༡༩༨༨། ༡༩༨༩ བཅས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རིམ་ཅན་དུ་བྱུང་བ་རྣམས་རྒྱ་གཞུང་གིས་གདུག་རྩུབ་བཙན་ཤེད་དང༌། ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོའི་གསུམ་ལྔའི་དོན་རྐྱེན་སྐབས་དྲག་པོའི་ཁྲིམས་བརྒྱ་བསྡམས་པ་སོགས་ངན་དགུ་ཚང་བའི་སྡུག་སྦྱོང་བཏང་ཡོད་ལ། སྐབས་དེར་རྒྱའི་དབང་འཛིན་པ་ཚོས་ཉེས་ཁག་ཡོངས་རྫོགས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀལ་ཏེ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། ད་ལན་ཡང་རྒྱ་གཞུང་ནས་གཞུང་འབྲེལ་ཐོག་སྐྱོན་འཛུགས་བྱེད་གཞི་ཁག་ཚང་མ་མཎི་བགྲང་བ་ལྟར་བསྐྱར་བཟླས་ཡང་བཟླས་བྱས་ཡོད་པས་འདི་ནི་གནས་ཚུལ་གསར་པ་གང་ཡང་མིན།

                དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་ ༡༩༥༩ བར་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་ནི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཐོབ་ཐང་དང་རང་ས་རང་སྲུང་གི་ཐོབ་ཐང་སྲུང་སྐྱོབ་ཆེད་ཡིན་པ་དང༌། ཕྱི་ལོ་ ༡༩༥༩ ནས་ ༡༩༨༧ བར་གྱི་ལས་འགུལ་ཁག་ནི་རྒྱ་གཞུང་ནས་ཕ་བསད་ནས་བུ་ཕྲུག་བྲོ་འཁྲབ་ཏུ་བཅུག་པ་དང༌། ཁྱོ་གའི་མགོ་བོ་བཅད་ནས་ཆུང་མའི་སྐེ་ལ་བསྐོན་ནས་འཐབ་རྩོད་བྱེད་པ། བླ་མ་བཀྲོངས་སྐབས་སློབ་མར་འཐབ་རྩོད་བྱེད་དུ་བཅུག་པ། ཕ་མ་གསོད་སར་ཕྲུ་གུ་དང་བུ་ཕྲུག་གསོད་སར་ཕ་མ་ལྟ་རུ་འཇུག་པ། རྩ་ཆེའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་གཉའ་བར་བུད་མེད་རྟ་བཞོན་ཚུལ་དུ་བྱེད་བཅུག་པ་སོགས་བསམ་བརྗོད་ལས་འདས་པའི་བྱ་ངན་བགྲང་གིས་མི་ལངས་པ་ལག་བསྟར་བྱས་ཏེ་རྒྱ་གཞུང་ནས་མི་ཡུལ་དམྱལ་བ་གསོན་པོར་བསྐྲུན་པའི་གནས་ཚུལ་དེ་དག་གི་འཁོན་ལན་སངས་ཆེད་དང༌། ཕྱོགས་གཞན་ཞིག་ནས་རང་དབང་སླར་གསོའི་བསམ་བློ་དང་མ་འབྲེལ་བ་ཞིག་གཏན་ནས་མེད།

                དེ་ཡང་རྒྱ་གཞུང་ནས་ཉེས་མེད་བོད་འབངས་རྣམས་ལ་ཁྲིམས་གཅོད་གཏོང་སྟངས་ལ་ཆ་བཞག་ན། མི་གསོན་པོའི་ལུས་ལ་སྲིན་བལ་དཀྲིས་པའི་ཐོག་ས་སྣུམ་བྱུག་སྟེ་མེར་བསྲེགས་གཏོང་བ་དང༌། ཆུ་འཁོལ་ཤོ་བ། མགོ་པགས་བཤུ་བ། མི་ལ་ལྕགས་གཟེར་རྒྱག་པ། གསོན་པོར་ས་སྦས་གཏོང་བ༑ ལུས་ཀྱི་ཟུངས་ཁྲག་བཙགས་པ། ཉེས་བརྡུང་བཏང་སྟེ་ནད་གཅོང་བཟོ་བ༑ ལྕམ་ཤིང་ལ་གནམ་ཐག་བརྒྱབ་སྟེ་འོག་ནས་མེ་བཏང་སྟེ་དྲི་བ་ལེན་པ། སི་པན་མེར་བསྲེགས་ཏེ་བདུག་པ། དེ་བཞིན་རྐང་པ་གནམ་ལ་བཏགས་ཏེ་མགོ་བོ་ཐུར་དུ་འཕྱང་བཞིན་པའི་ཐག་པར་སྒྲིམ་བརྒྱབ་སྟེ་བསྐོར་བ་གྲངས་མེད་འཁོར་བཅུག་སྟེ་མིག་ཧྲིལ་ཕྱིར་ཐོན་པ། ལུས་གཅེར་བུར་དགུན་དུས་འཁྱགས་རོམ་ནང་ངལ་རྩོལ་དུ་བཙན་དེད་བྱས་པ། མིའི་ལུས་སྤོ་ལོ་འཕེན་པ་ལྟར་ཕར་ཚུར་ལན་མང་འཕངས་ཏེ་གསོད་བཅུག་པ། ལྕེ་དང༌། ནུ་མ་གཅོད་པ། བོད་མིའི་ལུས་སྲོག་རྒྱ་རིགས་སྨན་པའི་ལག་རྩལ་སྦྱོང་བརྡར་ཆེད་དུ་ལག་རྩེད་བྱེད་པ། གསོན་ཁྲག་འདོན་པ། ས་དོང་ཐོག་ཚད་གཉིས་ཙམ་ནང་མི་མང་བསྡེབས་བཅུག་བྱེད་པ། གསོན་སྦས་བྱས་པ་སོགས་དུས་རབས་དང་མི་འཚམས་ཤིང༌། མི་སྤྱོད་ལས་ཡོངས་སུ་འདས་པའི་འཛམ་གླིང་འདིར་བྱུང་མྱོང་མེད་པའི་ཁྲིམས་གཅོད་འདྲ་མིན་སྣ་ཚོགས་བཏང་སྟེ་ཕྱི་ལོ་ ༡༩༧༩ ཕན་ཆད་དུ་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་ཙམ་བསད་པ་དང༌། ཕྱི་ལོ་ ༡༩༨༧ ནས་ ༢༠༠༧ བར་གྱི་ཞི་བའི་སྐད་འབོད་སྐབས་དང་འཛིན་བཟུང་བཙོན་འཇུག་སོགས་ཀྱི་དབང་ལས་བརྒྱ་ཕྲག་བརྒལ་བ་རྣམ་པ་སྣ་ཚོགས་ཀྱིས་བསད་པ་དང༌། ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཉུང་མཐར་བོད་མི་ ༢༢༣ དམར་གསོད་བྱས་ཡོད།

                ཕྱི་ལོ་ ༡༩༥༥ ལོ་མཇུག་ནས་འགོ་བརྩམས་ཏེ་བོད་ཤར་ཕྱོགས་ས་ཁུལ་ལ་དམངས་གཙོ་བཅོས་སྒྱུར་ཟེར་བའི་ལས་འགུལ་སྤེལ་ཏེ་དགོན་པ་གྲྭ་ཚང་བསྟོར་བཅོམ་དང༌། བླ་མ་དགེ་འདུན་མི་དཔོན་ཆེ་ཁག་སོགས་བསད་བཟུང་བཙོན་འཇུག དགོན་པའི་ས་ཞིང་བཙན་འཕྲོག རྩ་ཆེའི་སྐུ་གསུང་ཐུགས་རྟེན་བསྟོར་བཅོམ། མི་མང་རྣམས་ལ་ཉེས་བརྡུང་འཐབ་འཛིང་བྱེད་པ་སོགས་བཙན་དབང་གདུག་རྩུབ་ཚབས་ཆེན་བྱས་པ་མ་ཚད། སངས་རྒྱས་བཅོམ་ལྡན་འདས་ལ་རང་ཉིད་ལོག་སྤྱོད་པ་ཡིན་ལུགས་ཁྱབ་བསྒྲགས་བྱས་ཏེ་བོད་མིའི་སྙིང་ལ་མདའ་གཟེར་བ་ལྟ་བུའི་ཁོང་སྐྲན་བཟོས་པ་དང༌། ཕྱི་ལོ་ ༡༩༥༩ ལོར་བོད་ཆོལ་གསུམ་ཡོངས་རྫོགས་དྲག་པོས་བཙན་བཟུང་བྱས་རྗེས་བོད་ཀྱི་ཕྱི་རོལ་དུ་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་སྣ་ཚོགས་བེད་སྤྱད་དེ་བོད་མི་དམངས་རྣམས་མངའ་བདག་ཆེན་པོ་གསུམ་གྱི་འོག་ནས་བཅིངས་དཀྲོལ་ཐོབ་སྟེ་རྒྱལ་ཁབ་ཀྱི་བདག་པོར་བསྒྱུར་ཚུལ་དང༌། ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཐུབ་སྟེ་སྔར་མེད་བདེ་སྐྱིད་ཀྱི་འཚོ་བར་ལོངས་སྤྱོད་ཚུལ། བོད་ནང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་བཏང་ཚུལ་དང༌། འཕུར་མཆོངས་ལྟ་བུའི་འགྱུར་ལྡོག་ཕྱིན་ཚུལ། གུང་ཁྲན་ཏང་དང་བཅིངས་དཀྲོལ་དམག་ལ་བོད་མི་དམངས་ནས་སངས་རྒྱས་དངོས་ལ་ངོས་འཛིན་གྱིས་དགའ་བསུ་ཞུ་ཚུལ་སོགས་རྦད་དེ་དཀར་ནག་ཕྱིན་ཅི་སློག་སྟེ་རྫུན་གཏམ་འབའ་ཞིག་གི་ཐོག་ནས་འཛམ་གླིང་གི་མི་དམངས་རྣམས་མགོ་བོ་རྨོངས་སུ་འཇུག་ཐབས་ཆབ་སྲིད་ཀྱི་ཟློས་གར་འཁྲབ་པ་ལས། དོན་དངོས་ཐོག་བོད་འབངས་རྣམས་ཀྱི་བློ་དང་མི་འཚམས་པའི་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བཤད་དེ་ས་ཞིང་ཐོན་སྐྱེད་ལེགས་པ་དང༌། ཤིང་འབྲས་ར་བ་ལེགས་པ། ཕྱུགས་ལུག་དཀར་ནག་ཤ་ཤེད་རྒྱས་པ། རྩ་ཡུལ་ལེགས་པ་གང་ཡིན་བཅས་རྒྱལ་གཉེར་ཞིང་ར་དང༌། རྒྱལ་གཉེར་ཤིང་འབྲས་ར་བ། རྒྱལ་གཉེར་ཕྱུགས་ར་ཟེར་བ་བཤད་དེ་ངལ་རྩོལ་ཉིན་གཅིག་བྱེད་མི་དགོས་པ་དང༌། ཐོབ་ཐང་སྣེ་གཅིག་མེད་བཞིན་དུ་རྒྱ་ནག་དམར་གཞུང་ལ་དབང་བ་བྱས་པ་དང༌། མི་ལོ་སྟོང་ཕྲག་དུ་མའི་རིང་རྒྱལ་རབས་དང་མི་རབས་བླ་རབས་ཕ་མེས་བརྒྱུད་དང་བཅས་པས་དཀའ་བ་ཁྱད་བསད་དང༌། ངལ་བ་དྭང་ལེན་གྱི་ཐོག་འབད་བསྒྲུབས་གསོག་འཇོག་བྱས་པའི་བོད་གཞུང་དང༌། རིས་མེད་དགོན་སྡེ། བླ་བྲང༌། མི་དྲག མང་ཚོགས་འབྱོར་ལྡན་དང་བཅས་པའི་མཁར་དབང་དངོས་ནོར་ཡོངས་རྫོགས་དང༌། སྣ་མང་གི་གཏེར་ཁ་ཁག སྨན་རྫས། རི་དྭགས། བལ་རྔ༑ པགས་རིགས། མཚོ་དང མཚེའུའི་ནང་གི་དངོས་ནོར་དང༌། སྲོག་ཆགས་ཀྱི་རིགས། ཞིང་འབྲོག་གི་ཐོན་སྐྱེད། མདོར་ན་ཤ་མར་ཐུད་གསུམ་དང༌། ཤིང་ཆ་ཡན་ཆད་ཧམ་འཕྲོགས་ཇག་བཅོམ་དང༌། བཤུ་གཞོག་གིས་རྒྱ་ནག་ཏུ་འོར་འདྲེན་དང་ཕྱི་རྒྱལ་ལ་ཚོང་བསྒྱུར་བྱས་ཡོད།

                  བོད་མི་རྣམས་ངོ་ལྐོག་གཉིས་ནས་དམར་གསོད་དང༌། སྡེབ་གསོད་བཏང་བ། འཚོ་བ་མ་སྤྲད་པར་ལྟོགས་ཤི་དང༌། རྒྱུ་མ་སྐམ་སྟེ་ཤི་འཇུག་པ། ཉིན་མཚན་བར་མེད་ངལ་རྩོལ་ཚད་ལས་བརྒལ་བ་བཙན་བསྐུལ་བྱས་ཏེ་སྒལ་རྨ་སོགས་མིའི་ཤ་རུས་ཁྲག་གསུམ་གྱིས་མི་ལྡེང་པའི་ཤི་རྐྱེན་བཟོས་པ། འཚོ་ལས་འགོ་མ་ཐུག་པར་སྡུག་ཤི་རྒྱག་བཅུག་པ། མི་ལ་དུད་འགྲོའི་འདུ་ཤེས་ཀྱིས་གཉའ་ཤིང་བརྒྱབ་སྟེ་ཞིང་རྨོ་བ། སྒེར་ཐ་དྲུད་འཐེན་གྱིས་ས་རྡོ་འོར་འདྲེན། ཆུ་འཐག་རྡོ་འཁོར་འཐེན་བཅུག་པ། བོད་རྒྱ་ནག་གི་ཆ་ཤས་ཟེར་བའི་ཡིག་ཆ་བརྫུས་མ་བཟོས་ཏེ་སློབ་སྦྱོང་དང་འབྲེལ་དབང་མེད་ཁས་ལེན་བྱེད་བཅུག་སྟེ་ས་ཡིག་ལེན་པ། ཉེས་པ་རྩ་བ་ནས་མེད་ཀྱང་ནག་མེད་ཉེས་འགེལ་དང་འབྲེལ་ཡིན་མིན་དག་བསྐྱེལ་བྱེད་ས་མེད་པར་ཁས་ལེན་བྱེད་བཅུག་པ་སོགས་མི་མང་གི་ལུས་ཀྱི་འགྲོ་སྡོད་ཀུན་སྤྱོད་དང༌། ངག་གི་སྨྲ་བརྗོད། ཡིད་ཀྱི་བསམ་ཚུལ་བཅས་སྒོ་གསུམ་གྱི་རང་དབང་ཡོངས་རྫོགས་བཙན་འཕྲོག་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བྱས་ཏེ་ལྟ་བ་མིག་གིས་མི་བཟོད་པ་དང༌། བསམ་པ་ཡིད་ཀྱིས་མི་ལངས་པའི་དཀའ་སྡུག་མྱོང་དགོས་བྱུང་བའི་བྱེད་པོ་རྒྱ་གཞུང་རང་ཉིད་ཡིན་པས་ནམ་མཁར་མི་བཤོང་བའི་ཉེས་པ་འདི་དག་ལས་ནམ་ཡང་ཐར་ཐབས་མེད།               

                གཞན་ཡང་ཕ་མ་བུ་ཕྲུག་དང༌། བཟའ་ཚོ་ཁ་ཕྲལ་ཐག་རིང་དུ་གཏོང་བ་དང༌། དམར་པོའི་ལྟ་སྤྱོད་སློབ་པ། རྙིང་གཏོར་གསར་འཛུགས་དང༌། རིག་གནས་གསར་བརྗེ་ཟེར་བའི་དར་ཆ་འཁྱེར་ནས་བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་དང་བཟང་པོའི་ལེགས་བྱང༌། བོད་མིའི་ཡུལ་སྲོལ་གོམས་གཤིས་དང་བཟང་པོའི་ཁྱད་ཆོས་ཚང་མ་རྩ་མེད་བཟོས་པ་སོགས། མདོར་ན་བོད་རིགས་ཀྱི་འགྲོ་སྟངས་མིང་ཚིག་བརྡ་དག་ཐམས་ཅད་གཏོར་བཤིགས་བཏང་བ་དང༌། བོད་མི་ཚོར་འགྲོ་འདུག་དང༌། གཏམ་བརྗོད་སོགས་ཀྱི་རང་དབང་ལྟ་ཅི། རང་ལུས་རང་ལ་མི་དབང་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་བཙན་འཕྲོག་བྱས་ཏེ་བོད་ཡུལ་གངས་ཅན་ལྗོངས་དེ་དམྱལ་བའི་ཡུལ་ཁམས་ཤིག་དང༌། བོད་མི་དམངས་རྣམས་དམྱལ་བའི་སེམས་ཅན་ཞིག་ཏུ་བསྒྱུར་བ་འདི་ནི་གུང་ཁྲན་ཏང་གི་སྤྲད་པའི་ལོ་ལྔ་བཅུའི་རིང་གི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་དཀྲོལ་ཐོབ་པའི་ཕན་ཐོགས་དང༌། ལྷ་ཡུལ་དང་མཉམ་པའི་བདེ་སྐྱིད་ངོ་མ་ཟེར་བ་དང༌། བོད་མི་དམངས་རྣམས་རྒྱལ་ཁབ་ཀྱི་བདག་པོར་བསྒྱུར་ཚུལ་བརྗོད་པའི་དོན་དངོས་འདི་ལྟར་ཡིན། ད་དུང་ཞིབ་ཕྲ་ཤེས་པར་འདོད་ན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་མཛད་པའི་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང༌། ཆབ་སྲིད་བཙོན་པའི་ལོ་རྒྱུས་ཀྱི་དེབ་ཕྲེང་དག་ལ་ཞིབ་དཔྱད་བྱས་ན་རྨོངས་གཉིད་ལས་ཡོངས་སུ་བསད་པར་འགྱུར་རོ།།

                དེ་ལྟར་ཕྱི་ལོ་ ༡༩༤༩ ནས་ ༡༩༨༧ བར་གྱི་ལས་འགུལ་ཁག་ནི་རྒྱ་གཞུང་ནས་མི་ཡུལ་དམྱལ་བ་གསོན་པོར་བསྐྲུན་པའི་གནས་ཚུལ་དེ་དག་གི་འཁོན་ལན་སངས་ཆེད་དང༌། ཕྱི་ལོ་ ༡༩༨༧ ནས་ ༢༠༠༨ བར་གྱི་ངོ་རྒོལ་ཁག་ནི་རྒྱ་གཞུང་ནས་སྔར་གྱི་ནོར་འཁྲུལ་ལ་ཡོ་བསྲངས་གཙང་མ་ཞིག་མ་བྱས་ཁར། དཔལ་འབྱོར་གྱི་བསླུ་བྲིད་ལ་བརྟེན་ནས་བོད་མི་དང་བོད་ཡུལ་གཉིས་ཀ་རྩ་མེད་བཟོ་བའི་འཆར་གཞི་རིམ་པར་ལག་བསྟར་བྱས་པ། གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ལ་རྒྱ་གཞུང་ནས་དོན་ཕན་ལྡན་པའི་ཡ་ལན་མ་སྤྲད་པ། བོད་མི་རྣམས་ལ་གཞི་རྩའི་སྨྲ་བརྗོད་དང༌། ཆོས་དད་རང་དབང༌། འགྲོ་སྡོད་འཚོ་གནས་སོགས་ཀྱི་རང་དབང་བཙན་འཕྲོག དྲག་གནོན་གདུག་རྩུབ་རིམ་པར་བྱས་པ་དང༌། ལྷག་པར་ཟིང་འཁྲུག་ལྷིང་འཇགས་ཟེར་བ་དང༌། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། མི་དམངས་སྤྱི་ཁང༌། རིག་གནས་གསར་བརྗེ། དམག་ཁྲིམས་བསྡམས་པ། རྒྱལ་གཅེས་ཆོས་གཅེས། ཆབ་སྲིད་ཀྱི་སློབ་གསོ། རྡུང་རྡེག་ཚ་ནན། དྲག་བརྡུང༌། བཙན་དབང་གི་བོད་མིའི་སྐྱེ་སྒོ་བཀག་པའི་འཆར་ལྡན་བུ་བཙའ་སོགས་ཀྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་དུ་སྤེལ་བའི་ཁྲོད་བཙན་གནོན་དང༌། གདུག་རྩུབ་ཚབས་ཆེའི་འོག་བོད་འབངས་རྣམས་སླར་ཡང་དམྱལ་བ་གཉིས་པ་ཞིག་མི་ཡུལ་དུ་མྱོང་བ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཀྱིས་བོད་པ་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བཅུག་པའི་ཉེར་ལེན་ལས་བྱུང་བས། དུས་རབས་ ༢༠ ལོ་རབས་ ༨༠ པའི་དུས་མཇུག་ནས་སྔ་རྗེས་སུ་བྱུང་བའི་ཞི་རྒོལ་ཁག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གིས་ངན་བཀོད་བྱས་པ་ཡིན་མིན་གཟུར་གནས་ཀུན་གྱི་ཤེས་གསལ་དང༌། མིག་ལྡན་ཡོངས་ནས་མཐོང་གསལ་ཡིན་པས་དེ་ནི་གཞི་རྩ་མེད་པའི་སྐྱོན་འཛུགས་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་ཡིན།

                ཡང་རྩོམ་འཆལ་དེའི་ནང༌། བྱབྱཏཱ་ལས་ལུས་ལ་ཆོས་གོས་གྱོན་པ་དང་ལག་ཏུ་ཕྲེང་བ་འཁྱེར་ནས་ཁ་གདངས་ཚད་ལ་རང་ཉིད་ནི་སྟོན་པའི་རྗེས་འཇུག་པ་ཞིག་ཡིན་ཞེས་བརྗོད་རུང་དད་ལྡན་མང་ཚོགས་ལ་བརྩི་མཐོང་མི་བྱེད་པ་དང༌། མེས་རྒྱལ་དགྲར་འཛིན་པ།བྱབྱ ཞེས་བདེན་རྫུན་ཕྱིན་ཅི་སློག་པ་དང༌། དཀར་ནག་གོ་ལྡོག་གིས་རྫུན་གཏམ་ཚད་ལས་བརྒལ་བ་བཤད་ཡོད། བོད་མིའི་རང་དབང་གི་འཐབ་རྩོད་ཀྱི་ལས་འགུལ་སྐོར་ལ་རྒྱ་དཔོན་ཀྲང་ཆི་ལི་ཡིས། བྱབྱད་ལྟ་ང་ཚོས་ཏཱ་ལའི་རུ་ཚོགས་དང་ཁྲག་དྲི་བྲོ་བའི་འཐབ་རྩོད་དྲག་པོ་བྱེད་སྒང་ཡིན་པ་དེ་ནི་དགྲ་དང་རང་ཕྱོགས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་བྱབྱཞེས་བཤད་ཡོད་པས་དོན་དངོས་སུས་སུ་ལ་དགྲར་འཛིན་པ་དང༌། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་མཁན་དེ་སུ་ཞིག་ཡིན་མིན་མིག་མཐོང་ལག་ཟིན་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ནི། མཐའ་ཡས་འགྲོ་ཀུན་ལ་ཉེ་རིང་མེད་པར་ཀུན་སྙོམས་ཉི་མ་ལྟ་བུའི་གཟིགས་པས་བསྐྱངས་དང་སྐྱོང་མུས་ཡིན་པ་མ་ཟད༌། ལྷག་པར་གང་ཉིད་དགྲར་འཛིན་མཁན་དག་ལའང༌། རྒྱལ་སྲས་ཞི་བ་ལྷས། བྱབྱཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱིས། །ཉོན་མོངས་དང་འབྲེལ་གང་ཟག་མིན། །བྱབྱཞེས་གསུངས་པ་དང༌། བདག་ཉིད་ཆེན་པོ་གཱན་དྷིའས། བྱབྱསྡིག་པ་ལ་ཞེན་ལོགས་བྱེད་པ་མ་གཏོགས། སྡིག་ཅན་ལ་ཞེན་ལོགས་བྱེད་མི་རུང་བྱབྱཞེས་གསུངས་པ་ལྟར་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་ལ། ལྷག་པར་བོད་འབངས་ཐོག་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་གདུག་རྩུབ་བྱེད་མཁན་གྱི་རྒྱའི་དབང་འཛིན་པ་རྣམས་ལའང་དགྲ་བོའི་འདུ་ཤེས་གཏན་ནས་མི་འཛིན་པར་མཐར་ཐུག་གྲོགས་སུ་འགྱུར་བའི་ཐུགས་སྨོན་རིམ་པར་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་ལྗགས་རྩོམ་མཛད་པའི་བདེན་གསོལ་སྨོན་ཚིག་ཏུའང༌། བྱབྱམི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། །བྱབྱཞེས་གསུངས་པ་ལྟར་བོད་འབངས་སློབ་ཆུང་གི་སློབ་མ་ཡན་ནས་ཚིག་དེ་བཏོན་ནས་ཉིན་ལྟར་སྨོན་ལམ་འདེབས་བཞིན་པ་ཀུན་གསལ་ཡོངས་གྲགས་ཡིན་པས་རྒྱ་གཞུང་གི་བརྗོད་བབ་འདི་དག་ནི་གཞི་མེད་ཁུངས་བྲལ་ཡིན་པ་ས་རིས་ཐང་གསལ་ཡིན་ལ། ལྷག་པར་བསུབ་ཐབས་མེད་པའི་བདེན་དོན་རྣམས་རྒྱ་གཞུང་ནས་མངོན་སུམ་འཛེམ་བག་མེད་པར་རྡོག་རོལ་གཏོང་བ་དང༌། རང་སྣང་གང་ཤར་གྱིས་འཁྱོག་བཤད་བྱེད་པ། རང་འདོད་བཞིན་གཡོ་བཅོས་བྱེད་ཀྱི་ཡོད་པ་འདི་དག་གི་ཐོག་ནས་རྒྱ་གཞུང་གི་རྫུན་གཡོའི་རང་བཞིན་དམར་རྗེན་དུ་ཐོན་ཡོད།

                དཔྱད་གཏམ་པས། བྱབྱལྷ་སའི་ ༣། ༡༤ དོན་རྐྱེན་བརྙན་ཕབ་ཅེས་པ་རྫུན་བཟོ་བྱས་ནས་ཡོངས་བསྒྲགས་བྱས་ཏེ་མཐོང་ཐོས་རྙོག་བཟོ་བྱེད་པ་དང་ཉེས་པ་གཡོལ་ཐབས་བྱ་རྒྱུའི་རེ་ངན་བཅངས་ཡོད།བྱབྱ ཅེས་རང་དཔེ་གཞན་ལ་བཀབ་ནས་གཞི་མེད་སྐྱོན་འཛུགས་བྱས་ཡོད། དེ་ཡང་ཆོལ་གསུམ་བོད་མིའི་ཞི་བའི་ངོ་རྒོལ་ནི་ལོ་རྒྱུས་ཐོག་བརྗེད་ཐབས་མེད་པའི་དུས་ཚིགས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་དབུ་འཛུགས་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་ཟླ་ ༣ ཚེས་ ༡༡།༡༢།༡༣ བཅས་ཀྱི་ཞི་རྒོལ་ནི་དུས་ཀྱི་མཚམས་ཚིགས་སུ་མ་བཟུང་བར། ༣། ༡༤ ཞེས་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ནི་དོན་རྐྱེན་ཞིག་གི་ཚབ་མཚོན་ཉིན་མོར་འདེམས་པ་དང༌། ཞི་རྒོལ་གྱི་མིང་ལའང་ ༣།༡༤ ཞེས་མིང་བཏགས་པ་དེར་གནད་འགག་ཧ་ཅང་ཆེན་པོ་ཞིག་ཡོད། དེ་ཡང་ཉིན་གསུམ་རིང་བོད་མི་རྣམས་ཀྱིས་མཐའ་གཅིག་ཏུ་ཞི་བའི་ཐབས་ལམ་ཐོག་བསྐྱོད་བཞིན་པའི་ངོ་རྒོལ་དེར་ཡ་ང་སྙིང་རྗེ་མེད་པར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ། མང་ཚོགས་ཀྱི་སེམས་ཀྱི་རྨ་ཁ་ཇེ་ཆེར་བཏང་བ་ནས་བརྡུང་གཅོག་འཕྲོག་སྲེག་གི་འཚེ་བའི་ལམ་དུ་དེད་པའི་ཉིན་ནི་ཚེས་ ༡༤ ཉིན་ཡིན་པས་དེ་ཉིན་གྱི་གནས་ཚུལ་ངོ་མའི་ཡོང་ཁུངས་དང༌། འཕེལ་རིམ་ངོ་མ་འགེབས་པའི་སླད་རྒྱ་ནག་གཞུང་གིས་བརྫུན་བཟོ་བྱས་པའི་བྱབྱལྷ་སའི་ ༣།༡༤ དངོས་དོན་གླེང་བ་བྱབྱཞེས་དོན་རྐྱེན་དངོས་རྫུན་བཟོ་དང༌། འཁྱོག་བཤད་ལྷུ་བསྒྲིགས་བྱས་པའི་དཔར་རིས་དང་གནས་ཚུལ་མང་པོ་ཞིག་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ཤུགས་ཆེའི་དྲིལ་བསྒྲགས་དང༌། བོད་མིའི་ཞི་རྒོལ་ལ་ལོག་འགྲེལ་གྱི་རྩོམ་ཡིག་དང་གཏམ་བཤད་ཉིན་མཚན་མེད་པར་སྒྲོག་སྟེ་དོན་དངོས་ལ་ལོག་བཤད་ཀྱིས་ཉེས་པ་ལས་གཡོལ་ཐབས་བྱེད་ཀྱི་ཡོད་པས་ ༣།༡༠ ལས་འགུལ་དངོས་དོན་རྫུན་བཟོ་བྱས་ནས་ཡོངས་བསྒྲགས་བྱས་ཏེ་མཐོང་ཐོས་རྙོག་བཟོ་བྱེད་པ་དང་ཉེས་པ་ལས་གཡོལ་ཐབས་བྱ་རྒྱུའི་རེ་ངན་བཅངས་མཁན་དེ་རྒྱ་གཞུང་རང་ཉིད་ཆགས་ཡོད།

                 ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༦ ཉིན་ྋགོང་ས་མཆོག་ནས་དེང་གི་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་བའི་སྐབས་སུ་བཀའ་ཕེབས་གསལ། བྱབྱམི་མང་གི་ངོ་རྒོལ་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ནས་འགོ་ཚུགས་ཡོད་ཀྱང༌། རྒྱ་ཕྱོགས་ནས་ཚེས་བཅུ་དང༌། བཅུ་གཅིག བཅུ་གཉིས། བཅུ་གསུམ་བཅས་ཀྱི་གནས་ཚུལ་མི་ཤོད་པར། ཚེས་བཅུ་བཞི་ནས་བཤད་ཀྱི་འདུག གོང་གསལ་ཉིན་བཞིའི་ངོ་རྒོལ་གྱི་སྐབས་སུ་ཕལ་ཆེར་འཚེ་བའི་ལམ་ལ་ཕྱིན་ཡོད་ཀྱང༌། དེ་སྐོར་རྒྱ་ཕྱོགས་ནས་བཤད་ཀྱི་མི་འདུག ཚེས་བཅུ་བཞིའི་ཉིན་གྱི་གནས་ཚུལ་ཡོང་སྟངས་སྐོར་ལ་ཁག་གཅིག་གིས་བརྗོད་པར་གཞིགས་ན༑ རྒྱ་མིའི་ལས་བྱེད་གཡས་གཡོན་ས་ཁུལ་ནས་མི་དེ་འདྲ་ལྷ་སའི་ནང་དབོར་ནས། དེ་དག་ལ་བོད་ཆས་གཡོགས་ཏེ་ཟང་ཟིང་བཟོ་རུ་བཅུག་པ་རེད་ཅེས་བརྗོད་ཀྱི་འདུག དཔེར་ན། རྒྱ་ཕྱོགས་ནས་ཟླ་བ་ ༣ ཚེས་ ༡༤  དོན་རྐྱེན་ཞེས་མེ་བརྒྱབ་པ་སོགས་ཟང་ཟིང་བྱུང་ལུགས་རྟག་པར་འཕྱར་ཡོང་གི་འདུག དེར་བརྟེན་ང་རང་ཚོ་བོད་པའི་དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་བྱབྱཞེས་བཀའ་བསྩལ་ཡོད་པས། རྒྱ་གཞུང་ནས་དོན་དམ་ལས་འགུལ་གྱི་དོན་རྐྱེན་དངོས་ལ་འཁྱོག་བཤད་དང༌། ངོ་བོ་གཞན་ལ་བསྒྱུར་ཐབས་བྱེད་པ། དག་ཐབས་མེད་པའི་ཉེས་པ་ལས་གཡོལ་ཐབས་བྱེད་བཞིན་པ་དངོས་ར་འཕྲོད་ཡོད་པས། རྒྱ་གཞུང་གིས་བཤད་པ་ལྟར། གནད་དོན་འདི་བཞིན་ཁ་ཕྲལ་རིང་ལུགས་པ་ཉུང་ཤས་ཤིག་དང༌། མི་ངན་རེ་ཟུང་གི་མགོར་གཡོག་ས་ཞིག་མི་རྙེད་པར་གྱུར་ཡོད།

                ཆབ་སྲིད་ཉམས་ཞིབ་པ་དང༌། སྤྱི་ཚོགས་ཉམས་ཞིབ་པ་ཚོ་ལྟར་ན༑ ད་རེས་ཀྱི་བོད་མིའི་ཞི་བའི་ལས་འགུལ་འདིར་བོད་རིགས་མི་རེ་ངོ་རེ་ནས་རང་ཉིད་ཀྱི་འགན་འཁྲི་ཁུར་དུ་འཁྱེར་བའི་རྣམ་པ་ཞིག་ཕྱི་གསལ་ནང་གསལ་གྱིས་མངོན་ཡོད་པས། རྒྱ་ནག་གཞུང་གིས་དམར་གསོད། འཛིན་བཟུང༌། བཙོན་འཇུག དམ་དྲག་སོགས་མཐར་ཐུག་པའི་དྲག་སྤྱོད་གང་སྤྱད་ཀྱང་རྩ་མེད་བཟོ་བའི་རེ་བ་མེད་པའི་ངོས་ཤིག་གླེང་གིན་ཡོད་པ་ནི་དངོས་དོན་དུ་གྱུར་ཡོད་པས་འདི་ནི་རང་ཁ་སྦར་མོས་ཁེབས་ཀྱང༌། མི་ཁ་འཕྱ་རས་མི་ཁེབས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

                རྒྱ་ནག་གཞུང་གི་ལོ་རྒྱུས་ཐོག་མི་དམངས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་སྐབས། བྱབྱརྒྱ་གཞུང་གི་གསང་བའི་ལས་བྱེད་དང༌། ཉེན་རྟོག་མི་སྣ་ཁག་གཅིག་ལ་མི་དམངས་ནང་གཡོ་བརྫུས་བྱེད་དུ་བཅུག་ནས་གང་སར་བརྡུང་གཅོག་འཕྲོག་བསྲེག་གི་བྱ་ངན་སྤེལ་ཏེ་དྲག་གནོན་བྱེད་པའི་ཁ་དཀྲི་བཏགས་གཞི་བཟོས་ཏེ་རྒྱ་གཞུང་གི་དམག་དཔུང་དང༌། ཉེན་རྟོག་མི་སྣ་ཆེད་གཏོང་གིས་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱེད་མཁན་གྱི་མི་དམངས་རྣམས་ལ་མི་སྤྱོད་ལས་འདས་པའི་དམར་གསོད་གཏོང་གི་རེད་བྱབྱཅེས་རྒྱ་ནག་ཀུད་ཀྲའོ་ཞིང་ཆེན་གྱི་ཁྲིམས་ལུགས་ལས་དོན་པ་སླད་འོ་ཧྲའོ་ཡོན་དང༌། དེ་བཞིན་གསར་འགོད་པ་དྲན་ཝིན་ཅན། གཞན་ཡང་དྲྭ་རྒྱའི་རྩོམ་ཡིག་སྤེལ་མཁན་མུའུ་ཅན་ཁང་སོགས་ནས་རྒྱ་ནག་གཞུང་གི་དངོས་བདེན་མིན་པའི་བརྙན་འཕྲིན་པར་གཞི་དྲིལ་བསྒྲགས་བྱས་པར་སྐྱོན་བརྗོད་བྱས་ཡོད་ལ། སྔར་ལོ་རབས་བརྒྱད་ཅུ་པའི་ནང་བྱུང་བའི་དོན་རྐྱེན་ཁག་གི་སྐབས་སུ་རྒྱ་གཞུང་གི་དམག་མིར་གྲྭ་ཆས་གཡོག་ནས་ཞི་བའི་སྐད་འབོད་དེ་དྲག་པོའི་ངོ་བོར་བསྒྱུར་ཐབས་ཀྱི་བྱ་ངན་སྤེལ་ཡོད་ལ། ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་ངོ་རྒོལ་གྱི་སྐབས་སུ་ཡང་སྔར་ལམ་ལྟར་རྒྱ་གཞུང་ནས་རྫུན་བཟོ་བྱས་པའི་བརྙན་འཕྲིན་པར་གཞི་དེའི་ནང་བོད་མི་རེད་ཟེར་བའི་གཞོན་སྐྱེས་ཁག་ཅིག་གི་ལག་ཏུ་རྡོ་དང༌། གྲི་བཙུགས་པ། ཁང་པར་མེ་བརྒྱབ་པ་སོགས་དྲག་སྤྱོད་ཀྱི་པར་རིགས་མང་པོ་ཞིག་བསྟན་ཡོད་ཀྱང༌། པར་ནང་གི་མི་དེ་དག་བོད་མི་མ་ཡིན་པར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་རྣམས་བོད་མིར་རྫུས་ནས་ཞི་བའི་ངོ་རྒོལ་དེ་ཉིད་དྲག་པོའི་ལམ་དུ་འཁྲིད་ཐབས་བྱས་པའི་ངན་ཇུས་ཡིན་པ་མིག་མཐོང་ལག་ཟིན་བྱུང་ཡོད། དེ་ཡང་ཐའེ་ལན་ཌི་ནས་ཡིན་པའི་རྒྱ་མོ་ཞིག་གིས། བྱབྱརྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཞིག་ཡིན་ཁུལ་གྱི་ལག་ཏུ་གྲི་འཁྱེར་ནས་མི་ལ་དྲག་སྤྱོད་བྱས་པ་མིག་མཐོང་ལག་ཟིན་བྱུང་བྱབྱཞེས་བརྗོད་ཡོད། དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་རྒྱལ་ཁོངས་ཐའེ་ལན་ཌི་ནས་ཡིན་པའི་རྒྱ་མོ་ཞིག་ལྷ་སར་ཞི་རྒོལ་བྱུང་སྐབས་ཕྱི་རྒྱལ་གྱི་མི་སྣ་དང་མཉམ་དུ་བདེ་འཇགས་ཀྱི་སྲུང་སྐྱོབ་དྭང་ལེན་གྱི་ཆེད་ལྷ་སའི་ཉེན་རྟོག་ལས་ཁུངས་སུ་གབ་སྡོད་བྱེད་སྐབས། ལག་ཏུ་གྲི་རིང་པོ་ཞིག་འཁྱེར་བའི་དྲག་སྤྱོད་པ་གཅིག་དང༌། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཚོ་ཁག་ཅིག་ཉེན་རྟོག་ལས་ཁུངས་སུ་འཁྲིད་ཡོང་བ་མིག་གིས་མཐོང་བྱུང་ཞིང༌། དེ་རྗེས་ལག་ཏུ་གྲི་འཁྱེར་བའི་མི་དེས་བོད་མིའི་ཆས་གོས་དེ་གར་ཕུད་དེ་ཉེན་རྟོག་པའི་སྒྲིག་ཆས་དེ་གར་གྱོན་པ་མཐོང་བྱུང་ཡང༌། མི་དེ་མོ་རང་གིས་ངོ་ཤེས་པའི་རྒྱ་མི་ཞིག་ཡིན་པ་བརྗོད་འདུག་པ་དང༌། དེའི་ཕྱི་ཉིན་ཐའེ་ལན་ཌི་ནས་ཡིན་པའི་རྒྱ་མོ་དེ་དང་ཕྱི་རྒྱལ་བ་རྣམས་ལྷ་ས་ནས་ཁ་བྲལ་དུ་བཅུག་སྟེ་ལྡི་ལིར་འབྱོར་རྗེས་ སྐྱསྐྱསྐྲ གསར་འགྱུར་ཐོག་གནས་ཚུལ་དེ་ཕྱིར་བསྒྲགས་ཐེར་འདོན་བྱས་ཡོད་པས་དོན་དངོས་ལྷ་སར་ཟིང་ཆ་དང་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་གི་དོན་རྐྱེན་ཆེད་དུ་བཟོས་ནས་ཉེས་མེད་མང་ཚོགས་ལ་གནོད་འཚེ་བཏང་ནས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་པའི་ནག་ཉེས་དེ་ཉིད་རྒྱ་གཞུང་རང་ཉིད་ནས་འཁྱེར་དགོས་པ་ལས་གཞན་ལ་གཡོག་ཐབས་ཅི་ལ་ཡོད།

                ཡང་རྩོམ་འཆལ་དེའི་ནང༌། བྱབྱབོད་མིའི་ལས་འགུལ་དེ་རྡུང་གཅོག་འཕྲོག་སྲེག་བཅས་ཀྱིས་གཙོ་བོ་བྱེད་པའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ཅིག་ཡིན་པ་དང་དེས་ལྷ་སའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཛུགས་སྐྲུན་ལ་གྱོང་གུན་ཧ་ཅང་ཚབས་ཆེན་བཟོས་ཡོད་པ་མ་ཟད་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལའང་ཤུགས་རྐྱེན་ངན་པ་ཐད་ཀར་ཐེབས་ཡོད།བྱབྱ ཅེས་པ་ནི་རང་མགོ་སྦར་མོས་མ་འཐུབ་པར། མི་མགོ་དར་གྱིས་གཏུམ་རྒྱུའི་རེ་ངན་བཅངས་པ་ཞིག་ཡིན། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་འབངས་རྣམས་ཀྱི་ལག་ཏུ་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་དང༌། མངོན་འདོད་ཀྱི་དགོས་འདུན་འཁོད་པའི་འབོད་ཚིག་འཕྲེད་དར། འཚེ་མེད་ཞི་བའི་སྐད་འབོད་བཅས་ལག་པ་སྟོང་པ་གནམ་དུ་བསྒྲེང་བར་གཏུམ་སྤྱོད་ཀྱི་དྲག་རྒོལ་གྱི་མིང་འདོགས་བྱེད་མཁན་ནི་འཛམ་གླིང་འདིའི་ཐོག་རྒྱ་ནག་དམར་གཞུང་ལས་གཞན་སུ་ཡང་མེད། འོ་ན་ཞི་བའི་ངོ་རྒོལ་ཐོག་དྲག་པོའི་བཙན་གནོན་གྱིས་དེང་དུས་ཀྱི་མེ་མདའ་དང༌། ལྕགས་ཁྲབ་འཁོར་ལོ། དུག་རླངས་ཅན་གྱི་འབར་མདེལ་ལྡན་པའི་རྒྱ་གཞུང་གི་ཉེན་རྟོག་པ་དང༌། དྲག་པོའི་དམག་དཔུང་གིས་ཉེས་མེད་བོད་འབངས་བརྒྱ་ཕྲག་མང་པོ་དམར་གསོད་བྱས་པ་སོགས་ལ་མིང་འདོགས་ཇི་ལྟར་བྱེད་དགོས་སམ། ལྷག་པར་ྋགོང་ས་མཆོག་ནས་བོད་ནང་གི་མི་དམངས་ལ་དྲག་པོའི་ལམ་དུ་གཏན་ནས་འགྲོ་མི་ཉན་པའི་ཐུགས་རེ་དང་འབོད་སྐུལ་གནང་བ་དེ་ཡང་དྲག་རྒོལ་དུ་བསྒྲུབ་ན། དེ་ལས་མཚང་ཆེ་བ་ཅིག་ཞིག་ཡོད། ཚུལ་འདིར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས། ཞི་མིས་བྱི་བ་བཟུང་ནས་ལག་མཐིལ་དུ་བཅུག་པའི་སྐབས་སུ་བྱི་བས་རང་སྲོག་སྐྱོབས་ཆེད་འཕག་འཚག་བརྒྱབ་པས་བྱི་ལར་སྡེར་འབྲད་འདྲ་བྱས་ན། དེ་ལ་བྱི་བས་ཞི་མིར་དྲག་རྒོལ་བྱས་པར་ཇི་ལྟར་བརྩི་ཞེས་གསུངས་པ་ལྟར་ཡིན།

                མདོར་ན་རྒྱ་གཞུང་གིས་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་དང༌། དྲག་ཤུགས། གདུག་རྩུབ་ཆེ་བའི་བྱ་ཐབས་སྤྱོད་པ་དང༌། འགྲོ་བར་གནོད་འཚེ་གཏོང་བ་ཟེར་བ་སོགས་ནི་མི་ངན་གྲལ་འགོར་བཞག་ན། རྫུན་གྱི་འཁོར་ལོ་བསྐོར་ཞེས་པའི་དཔེ་ལས་མ་འདས་ལ། ཞི་བའི་སྐད་འབོད་ཐོག་རྒྱ་གཞུང་ནས་དམག་མི་དང༌། དྲག་ཆས་ཉེན་རྟོག་པ་བཏང་སྟེ་ཉེས་མེད་བོད་འབངས་དམར་གསོད་དང༌། འཛིན་བཟུང་བཙོན་འཇུག གདུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད། གོ་མཚོན་གྱིས་གནོན་ཞིང་ཧམ་པས་ཟ་རྒྱུ་ལས་བྱ་ཐབས་གཞན་མེད་སྟབས། སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དང༌། རྒྱུན་གཏན་ཅན་དུ་གྱུར་ཚུལ་བརྗོད་དེ་དྲག་པོའི་དམག་དཔུང་དང༌། སྤྱི་བདེ་ཉེན་རྟོག་པ་སོགས་ལ་གཟེངས་བསྟོད་ལེགས་སོ་དང༌། གོང་རིམ་རྒྱ་དཔོན་ནས་ལྟ་སྐོར་ཐུག་འཕྲད་བྱེད་བཞིན་པ་དེ་ཉིད་ཞྭ་དཔེ་ལྷམ་འགེབ་བྱས་ཏེ་བྱབྱཟིང་ཆ་དང་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་མཇུག་འགྲིལ་རིམ་བཞིན་ཏཱ་ལས་གཟེངས་བསྟོད་སྐུལ་འདེབས་བྱེད་པ་དང་འབྲེལ་ཁ་ཕྲལ་རིང་ལུགས་པ་ཚོར་ཡང་འབད་བསྐྱར་འབད་བྱེད་དགོས་པའི་རེ་བའང་འདོན་གྱི་ཡོད།བྱབྱ ཅེས་འུ་ཐུག་ཐབས་ཟད་ངང་རྫུན་གྱི་ཐོག་ཏུ་རྫུན་གྱི་ལྷན་པ་བརྒྱབ་ནས་རྫུན་གྱི་ཕུང་པོ་བསྒྲིགས་ཏེ་དཔྱད་བརྗོད་སྤེལ་བ་ནི་གན་རྐྱལ་སློག་ནས་གཅིན་པ་བཏང་བ་དང་ཡོངས་སུ་མཚུངས་པའམ་བསྐྱར་དུ་ར་སུག་སྐེ་ལ་བཏགས་ནས་རྐུན་མ་ང་མིན་གྱི་དཔེ་ལྟར་གྱུར་ཡོད།

                རྫུན་ལ་བདེན་པའི་ལན་སྨྲས་ན་རྒྱལ་ཁ་བདེན་པར་ཡོད་ཅེས་རང་བསྟོད་མ་བྱས་ཀྱང༌། བདེན་གཏམ་ལ་རྒྱལ་ཁ་ཡོད་པ་དཔྱོད་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ན། དཔྱད་གཏམ་པས་རྒྱ་ནག་དམར་གཞུང་གིས་འགོ་གཙོའི་འདོད་ལུགས་སུ་བྱས་ནས་ལྟག་ཆོད་ཀྱི་ཕུང་པོ་མང་དུ་བསྒྲིགས་ཤིང༌། ལྷག་པར་དུ་རྩོམ་འཆལ་གྱི་བརྗོད་དོན་ཕལ་མོ་ཆེ་བསྐྱར་ཟློས་ཡང་ཟློས་ཡིན་པས་ཁོ་བོ་ཅག་གིས་དེ་དག་ལ་དོ་གལ་ཆུང་བས་རེ་རེ་བཞིན་དགོག་པའི་ངལ་བ་མ་བྱས་པར་འདིར་རགས་པ་ཙམ་ཞིག་སྨྲས་པ་འདིས། དཔྱད་གཏམ་པའི་རྫུབ་རྐུབ་བརྡོལ་མི་ཐུབ་པ་ཞིག་མེད་སྟབས་འདིར་རྩོམ་འཆལ་དེ་དག་ལ་དགག་ལན་རགས་ཙམ་བརྗོད་ཟིན་པ་མ་ཟད་འདིར་ཚིག་མཐར་ཆགས་སུ་དགག་པ་བྱས་མེད་ལ། ཡིག་ནོར་དང་བཅས་ཕྲ་ཞིབ་ནས་དགག་ན་གླེགས་བམ་ཆེན་པོར་ལོང་བས་ཡིག་ཚོགས་ལ་འཇིགས་ཤིང༌། དགོས་གལ་ཆུང་བས་འདི་ཙམ་ལས་མ་སྤྲོས་སོ།།   །།

 

 བདེན་པ་རྒྱལ་གྱུར་ཅིག

རྩོམ་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང༌། བསྟན་འཛིན་ཕན་བདེ།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།