ཏཱ་ལའི་བླ་མའི་བཞིན་སྣོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན། ཏཱ་ལའི་དངོས་ནས་མི་གང་འདྲ་ཞིག་ཡིན་པ་ཤེས་དགོས་སམ།
ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་དངོས་ནས་ཕྱི་གསལ་ནང་གསལ་དང༌།
ངོ་ལྐོག་རྒྱབ་མདུན་མེད་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན།
                     རྒྱ་ནག་རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་ཆེ་ཞིང༌། རྒྱ་ནག་དམར་ཤོག་ཚོགས་པ་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་བསམ་བློ་མཁས་པ་ཝང་ལི་ཞུང་གིས། རང་ཉིད་ཕམ་པར་མི་ཐེག་པའི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ལ་གཞིགས་ན། ཞེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་ངོས་འཛིན་གསལ་པོ་བྱས་ཡོད། བསམ་བློའི་འདུ་ཤེས་འཛིན་ཚུལ་འདི་ལྟ་བུའི་འོག་ནས་དེ་རིང་གི་དུས་སུ་བོད་རྒྱའི་དབར་གྱི་གནད་དོན་དེ་རྒྱལ་སྤྱིའི་དཀའ་རྙོག་གི་ངོ་བོར་ལྷག་པ་འདི་ཉིད་བྱུང་བ་ཡིན།

                ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༦ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་གཙོ་འཛིན་ཧུའུ་ཅིན་ཐའོ་ཡིས། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་ཡིན་པའི་གཏམ་བཤད་གནང་ཡོད། ཟླ་བ་ ༣ ཚེས་ ༡༠ ནས་བཟུང་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཉིས་བརྒྱ་ལྔ་བཅུ་ཙམ་ཡོད་པའི་བོད་ཆོལ་གསུམ་གྱི་སེར་སྐྱ་མི་དམངས་དང༌། ལྷག་པར་རྒྱ་ནག་དམར་གཞུང་གིས་བསམ་བློའི་སློབ་གསོ་སྤྲད་པའི་ན་གཞོན་སློབ་ཕྲུག་རྣམས་ནས་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་ལག་ཏུ་གངས་སེང་གིས་བརྒྱན་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང༌། བོད་མིའི་སྐྱིད་སྡུག་མཉམ་མྱོང༌། མང་གཙོ་དང་ཚེ་སྲོག་རླབས་ཆེན་སོགས་བྲིས་པའི་འཕྲེད་དར་འཁྱེར་ཏེ་གཞི་རྒྱ་ཆེ་ལ་དུས་ཡུན་རིང་བའི་ཞི་རྒོལ་གྱེན་ལངས་ཆེན་མོའི་ལས་འགུལ་སྤེལ་ཡོད། ལས་འགུལ་འདིའི་བརྒྱུད་རིམ་ལ་བསམ་གཞིགས་བྱས་ན། བོད་ཀྱི་བརྟན་ལྷིང་ནི་རྒྱ་ནག་གི་བརྟན་ལྷིང་ཙམ་མིན་པར་འཛམ་གླིང་རྒྱལ་སྤྱིའི་བརྟན་ལྷིང་ཞིག་ཀྱང་ཡིན་པའི་ངོ་སྤྲོད་གསལ་པོ་བྱས་ཡོད། འོན་ཀྱང་རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་ལས་འགུལ་དེ་དག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་སྐུལ་སློང་བྱས་པ་ཞིག་ལས་བོད་མི་དམངས་ཡར་ལང་གི་ལས་འགུལ་མིན་ཚུལ་གྱི་སྒྲུབ་བྱེད་ལྟར་སྣང་ལ་བརྟེན་པའི་ལོག་བཤད་ཀྱི་དྲིལ་བསྒྲགས་ལས་སྔར་བཞིན་ཁུངས་འཁྱོལ་ཐབས་བྱེད་པ་ལས། དོན་དངོས་དང་མཐུན་པའི་གནད་དོན་ངོས་འཛིན་དང༌། གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ཐག་གཅོད་ཡོང་བར་དགོས་ངེས་ཀྱི་ཆ་ཤས་ལེན་གྱི་མེད།

བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་ཐད་ྋགོང་ས་མཆོག་གིས་འཛིན་པའི་སྲིད་ཇུས་ནི་ཕྱོགས་གཉིས་ཀའི་བསམ་དོན་འགྲུབ་པའི་ཐབས་ལམ་ལེགས་ཤོས་ཡིན་པ་འཛམ་གླིང་མི་དམངས་ཀྱི་མདུན་དང༌། ལྷག་པར་ཤེས་རིག་རྣམ་པར་བཀྲ་བའི་སྐམ་ས་ཆེན་མོའི་ཤེས་ཡོན་པ་ཚོའི་མདུན་དུ་ཧ་ཅང་གསལ་པོ་ཆགས་ཟིན་ཀྱང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་དག་གིས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཕོངས་འོག་ཏུ་མནན་ཏེ་རྒྱུ་མཚན་བྲལ་བའི་གཏམ་གྱིས་མི་དམངས་རྣམས་རྨོངས་སུ་འཇུག་པའི་བྱ་ཐབས་ཁོ་ན་བེད་སྤྱོད་བྱེད་པར་གཞིགས་ན། དོན་དངོས་སུ་བོད་ཁ་བྲལ་གཏོང་བའི་བྱ་ཐབས་སུས་འཛིན་མིན་ལ་བསམ་རིན་ཡོད་པ་ཞིག་ཡིན།

       ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་བཟུང་བོད་རྒྱའི་བར་གྱི་གནད་དོན་གང་ཞིག་ཡིན་ཡང༌། ཕན་ཚུན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་རྒྱུར་འབད་བརྩོན་དང་ཐུགས་རེ་བཅངས་ཡོད། གནད་དོན་གང་གི་ཐོག་ཏུ་ཡིན་ཡང་ཕྱོགས་གཉིས་ཕན་ཚུན་གྲོས་མོལ་བྱེད་པའི་གཞི་དེར་ཕྱོགས་གཉིས་ཀའི་ངོས་ནས་བསམ་གཞིགས་བྱེད་ས་ཞིག་མེད་ན། གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཅིག་ཡོང་རེ་དཀའ་བར་སོང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་དག་གིས་རྒྱ་ནག་གཅིག་གྱུར་ལ་སྲུང་སྐྱོབ་དང༌། བོད་རྒྱ་ནག་ལས་ཁ་བྲལ་འགྲོ་བའི་ཉེན་ཁར་སེམས་འཚབ་བྱེད་པ་དང༌། བོད་མི་དམངས་ཀྱི་རང་དབང་འཐབ་རྩོད་བྱེད་པའི་དགོས་དོན་སྙིང་པོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། བཟང་པོའི་ལེགས་བྱང་རྣམས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་སྒྲོམ་གཞིའི་ནང་བོད་མི་རིགས་ལ་རང་ཁྱིམ་རང་བདག་ཡོང་བའི་མི་རིགས་ས་གནས་རང་སྐྱོང་གི་དབང་ཆ་ཚད་ལྡན་ཞིག་ཐོབ་ཆེད། ཕྱོགས་གཉིས་ཀའི་ཁེ་ཕན་ལ་གཟིགས་ཏེ་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་གྱི་ཐབས་ལམ་འཛིན་རྒྱུའི་ཟབ་ཡངས་དཀྱེལ་ཆེའི་དགོངས་པ་བཞེས་ཡོད། ལོ་རབས་བདུན་ཅུ་པའི་ནང་རྒྱ་ནག་གི་འགོ་ཁྲིད་གསར་པ་ཏིང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་གྱི་སྲིད་ཇུས་འཛིན་ཅིང༌། བོད་རང་བཙན་མ་གླེང་ན་གནས་ཚུལ་གཞན་གང་ཡིན་ན་ཡང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཐུབ་ཚུལ་བརྗོད་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ནས་ཐུགས་སུ་འཁྲུངས་པའི་དབུ་མའི་ལམ་གྱི་སྲིད་ཇུས་རྣམས་འགྲེལ་བརྗོད་གནང་བ་དང༌། དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་དང༌། ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་གང་ཉིད་ཀྱི་དབུ་མའི་ལམ་གྱི་དགོངས་དོན་གསལ་བསྒྲགས་དང་གསལ་སྟོན་མཛད་པ་ནས་དེ་རིང་བར་ལམ་འདིའི་ཐོག་འགྱུར་བ་སྤུ་ཙམ་མེད་པར་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་ངོ་ལྐོག་རྒྱབ་མདུན་མེད་པར་ཤར་བསྐྱོད་གནང་ཡོད་ཀྱང༌། རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་དེ་ལས་ལྡོག་ཏེ་བོད་དེ་རྒྱ་རབས་ལོ་རྒྱུས་ཀྱི་སྟེང་ནས་རྒྱ་ནག་གི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དགོས་ཚུལ་སོགས་སྒྲུབ་ཐབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་སྣ་ཚོགས་བཏོན་ཏེ། དོན་དམ་པའི་གྲོས་མོལ་བྱ་རྒྱུ་ལས་གཡོལ་ཐབས་ཁོ་ན་བྱེད་ཀྱི་ཡོད།

                རྒྱ་རིགས་རྩོམ་པ་པོ་མཁས་པ་ཚའོ་ཁྲང་ཆིང་གིས། གལ་སྲིད་ལོ་རྒྱུས་ལ་ཞིབ་འཇུག་ཚགས་ནན་བྱས་པ་ཡིན་ན། བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཤིག་མིན་པ་དང༌། དུས་རབས་འདིའི་དཀྱིལ་ཙམ་ལ་རྒྱ་ནག་མི་སེར་སྤེལ་བའི་རིང་ལུགས་པས་བཙན་འཛུལ་བྱས་པ་མ་གཏོགས་ཐོག་མཐའ་བར་གསུམ་དུ་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། འདིའི་ཐད་ང་ཚོས་རྒྱ་ནག་གི་ལོ་རྒྱུས་ཐོག་གི་ཐང་སུང་ཡོན་མིའང་ཆིང་བཅས་གཙོ་ཆེའི་རྒྱལ་རབས་ལྔར་ཕྱི་མིག་རོབ་ཙམ་བལྟས་པས་ཤེས་ཐུབ། ཅེས་གསུངས་ཡོད་པ་ལྟར་འདས་པའི་ལོ་རྒྱུས་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཀྱིས་གསལ་སྟོན་བྱས་ཡོད་པས་སུས་ཀྱང་ནག་སུབ་གཏོང་མི་ཐུབ། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདས་པ་ལས་མ་འོངས་པ་གཙོ་ཆེར་འཛིན་པའི་བྱ་ཐབས་སྤྱད་དེ་མ་འོངས་པར་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་སྒྲོམ་གཞིའི་ནང་མཉམ་གནས་བྱ་རྒྱུའི་གཞན་ཕན་ལྷད་མེད་ཀྱི་དགོངས་པ་བཞེས་ཕྱོགས་ལ་རྒྱ་དམར་དབང་འཛིན་པས་ཤེས་བཞིན་ཁྱད་གསོད་བྱས་ཏེ་ཡིན་རྟོན་རྩ་བ་ནས་བྱེད་ཀྱི་མེད་པས། དོན་དངོས་སུ་བོད་རྒྱ་ནག་ལས་ཁ་བྲལ་དུ་འགྲོ་བའི་སྲིད་ཇུས་འཛིན་མཁན་ནི་རྒྱ་ནག་དམར་པོའི་དབང་འཛིན་པ་ཁོ་རང་ཚོ་ཡིན་པ་ཤིན་ཏུ་གསལ་ལོ།།

གསུམ་པའི་ཚེས་བཅུ་ནས་བཟུང་དེ་རིང་བར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་རྒྱ་ཆེའི་མི་དམངས་རྣམས་ཀྱིས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་བར་དམར་པོའི་དབང་འཛིན་པ་ཚོས་དྲག་སྤྱོད་པའི་མིང་བཏགས་ཏེ་ཉམ་ཆུང་བོད་མིའི་སྟེང་དུ་ཁྲག་དྲི་བྲོ་བའི་དྲག་གནོན་མི་བཟོད་པ་བྱས་ཤིང༌། ད་དུང་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་རྒྱ་ནག་དམར་གཞུང་གིས་བོད་རྒྱ་ཆེའི་མི་དམངས་ཚོར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་སྡུག་སྦྱོང་མནར་གཅོད་ཚད་ལས་པ་བཏང་བའི་སྡུག་བསྔལ་མི་བཟོད་པའི་རྣམ་འགྱུར་ཕྱིར་མངོན་པ་རྣམས་ནག་སུབ་བཏང་སྟེ། ལས་འགུལ་དེ་དག་ཏཱ་ལའི་ཁ་བྲལ་རིང་ལུགས་པས་ངན་སྐུལ་བྱས་པའི་མི་ཉུང་ཤས་ཤིག་གིས་སྤེལ་བ་ལས། བོད་རྒྱ་ཆེའི་མི་དམངས་རྣམས་རྒྱ་གཞུང་གི་འཛུགས་བསྐྲུན་བྱས་པའི་བོད་གསར་གྱི་བདེ་སྐྱིད་ལ་བློ་ཡིད་ཚིམས་ཏེ་གནས་ཡོད་ཚུལ་སོགས་འཁྱོག་བཤད་ཁོ་ན་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་དང༌། ཤིག་སེན་ར་སྤྲོད་དུ་ཡོད་པ་འདི་ལྟར་ཡིན་ལ། ཀླད་རྙིང་མཁྲེགས་འཛིན་རིང་ལུགས་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་ཆིངས་རྒྱ་ལས་ཐོན་ཏེ་ཆེས་མཐོ་ས་ཞིག་ནས་བསམ་ཚེ་ད་གཟོད་ཁྱེད་ཀྱིས་ཞི་རྒོལ་གྱེན་ལངས་ཀྱི་ལས་འགུལ་ཆེན་མོའི་རྒྱུ་རྐྱེན་འཚོལ་ཐུབ་སྙམ།

                ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་ནས་དེ་རིང་བར་ལོ་ངོ་ལྔ་བཅུ་ལ་ཉེ་བའི་རིང་བོད་རྒྱ་ཆེའི་མི་དམངས་སྤྱི་དང༌། ལྷག་པར་ཞིང་འབྲོག་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ལ་ཕན་པའི་འཛུགས་བསྐྲུན་གྱི་བྱ་གཞག་གང་ཞིག་བསྒྲུབས་ཡོད་མེད་ལ་ཞིབ་འདང་ཞིག་རྒྱབ་ཚེ་མི་ལོ་བཞི་བཅུ་ལྷག་གི་རིང་བོད་ཀྱི་ས་ཐོག་ཏུ་ཕྱི་དངོས་པོའི་འཛུགས་སྐྲུན་སྣ་ཚོགས་ཤིག་བྱས་ཡོད་པ་དེ་དག་ཞིབ་ཚགས་ཀྱི་ཐོག་ནས་བལྟས་ན། ཞིང་འབྲོག་མང་ཚོགས་དེ་དག་ངོ་མཚར་གྱི་འཛུགས་བསྐྲུན་དེ་དག་ལ་ལྟད་མོ་ལྟ་མཁན་ཞིག་དང༌། དེ་དག་ལ་ལོངས་སྤྱོད་བྱེད་པོ་སྦྱིན་བདག་གཞན་ཞིག་ཡིབ་ནས་ཡོད་པ་ལྟ་བུའི་ཚོར་སྣང་སྐྱེ་སྲིད་ཅིང༌། ལྷག་པར་འཛུགས་བསྐྲུན་དེ་ཚོའི་སྣང་བརྙན་ལ་བལྟས་ཚེ། རིག་གཞུང་བཙན་འཛུལ་གྱི་རྣམ་པ་ཧ་ཅང་གི་གསལ་པོར་མཐོང་ཐུབ་ལ། ཕྱི་རྒྱལ་མགོ་སེར་ཡུལ་སྐོར་བ་ཙམ་མིན་པར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་ཡུལ་སྐོར་བ་ཚོར་ཡང་དེ་ལྟ་བུའི་ཚོར་སྣང་བྱུང་བའི་ཡུལ་སྐོར་ཟིན་ཐོ་མང་པོ་ང་ཚོས་མཐོང་ཐུབ་པ་ཡིན།

                རྒྱའི་རྩོམ་པ་པོ་ཝང་ལི་ཞུང་གིས། གོང་དཀར་གནམ་ཐང་གི་ཉེ་འགྲམ་ཆུ་ཤུལ་གྲོང་བརྡལ་དུ་འཛུགས་བསྐྲུན་བྱས་པའི་ཐང་ཆེན་དེའི་བཟོ་བཀོད་ལ་བལྟས་ན། འཛུགས་བསྐྲུན་བྱེད་པོ་རང་ཉིད་ཕྱུག་བདག་ཡིན་པ་གཞན་ལ་ངོམ་རྒྱུ་ཙམ་གྱི་ཆེད་དུ་ཡིན་པ་ལས། དེའི་ཉེ་འཁོར་གྱི་ཉམ་ཆུང་མི་དམངས་དང་གཞི་རྒྱ་ཆེ་བའི་འཛུགས་བསྐྲུན་དེ་དག་གི་བར་འབྲེལ་བ་གང་ཡང་མེད་པ་དང༌། ཐ་ན་འཛུགས་བསྐྲུན་དེ་དག་མིའི་ཆེད་དུ་བཟོས་པ་ཞིག་ཡིན་པའང་བརྗོད་དཀའ་ཚུལ་འགྲེལ་བརྗོད་གནང་འདུག

                དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས། རང་སྐྱོང་ཁུལ་གྱི་ཁྲིམས་ལུགས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང༌། རང་གཞུང་སྲུང་སྐྱོབ། ཆོས་ལུགས་ཀྱི་དད་པ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་སོགས་མཛེས་ཤིང་ལྟ་ན་སྡུག་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཡོད་ཀྱང་དོན་དམ་ལག་ལེན་བསྟར་མེད། དཔེར་ན། ཁྲིམས་ཡིག་ནང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གྲངས་ཉུང་མི་རིགས་དེ་དང་དེའི་སྐད་ཡིག་གཞུང་ཡིག་ཏུ་སྤྱོད་དགོས་པ་སོགས་གསལ་ན་ཡང༌། དོན་དངོས་སུ་རྒྱ་རིགས་ཆེན་པོའི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས་བོད་ཀྱི་ས་ཐོག་ཏུ་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པ་དང༌། བོད་སྐད་དང་བོད་ཡིག་ལ་བཅོས་སྒྱུར་བྱས་ཏེ་ལྷད་ཅན་དུ་བཟོས་པ། མདོར་ན་བོད་ཡིག་ནི་དུས་རབས་གསར་པའི་སྤྱི་ཚོགས་ནང་དགོས་མཁོ་མེད་ཚུལ་སོགས་བརྗོད་དེ་བོད་མི་རིགས་ཀྱི་སྲོག་རྩར་གྱུར་པའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་ཡོད།

                དེ་བཞིན་ཁྲིམས་ཡིག་ཏུ་ཆོས་ལུགས་དད་པ་དང༌། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་དགོས་པ་སོགས་འཁོད་ཀྱང༌། ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱེད་མཁན་སློབ་གཉེར་བ་དང༌། ཆོས་རིག་གི་ལྟེ་གནས་རིས་མེད་དགོན་སྡེ་ཁག་ཏུ་དོན་མེད་ཉེས་འགེལ་བྱས་ཏེ་དོ་དམ་བཀག་ཉར་བྱེད་པ་དང༌། རང་གི་རྩ་བའི་བླ་མར་དད་པ་བྱེད་པ་བཀག་བསྡོམས། དགོན་པའི་འཛིན་སྐྱོང་དོ་དམ་དང༌། དགེ་འདུན་པའི་སྒྲིག་ཁྲིམས་དོ་དམ་སོགས་ཀྱི་ལས་འགན་སྤྱི་བདེ་མི་སྣར་སྤྲོད་པ། དགོན་པའི་ནང་དུ་གུང་ཁྲན་རིང་ལུགས་པའི་རྒྱལ་གཅེས་ཆོས་གཅེས་སློབ་གསོ་བཙན་ཐབས་སུ་སྤེལ་ཏེ་གནས་བཟོད་མི་བདེ་བ་བཟོས་པ་སོགས་དང༌། བོད་རིགས་ལས་བྱེད་པས་གཞུང་འབྲེལ་དུས་ཆེན་སོགས་ལ་བོད་ཆས་གྱོན་པར་མཐོང་ཆུང་དང༌། བོད་ཆས་མི་གྱོན་པར་བཙན་སྐུལ་བྱས་པ། ཆོས་ལུགས་ཀྱི་བྱེད་སྒོར་འཛུལ་ཞུགས་མི་ཆོག་པ། གནས་མཇལ་དང་བསང་གསོལ་འདུ་འཛོམས་སོགས་ལ་བཀག་འགོག་བྱེད་པ། མི་ལོ་བཞི་བཅུ་ལྷག་གི་རིང་དེང་རབས་དང༌། གསར་གཏོད། བོད་གསར་འཛུགས་བསྐྲུན་སོགས་ཀྱི་ཐ་སྙད་འོག་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་བསམ་བརྗོད་ལས་འདས་པ། རྩ་ཆེའི་རི་དྭགས་མང་པོ་རྩ་སྟོང་དུ་བཏང་བ། དྭངས་གཙང་ལྷད་མེད་ཀྱི་མཐོ་སྒང་དུ་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་འཇོག་བྱེད་པ། ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་ལས་འགུལ་ཁྲོད་དུ་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་དང༌། རྩྭ་ཐང་ལ་གཏོར་བཤིགས་ཚད་མེད་བཏང་སྟེ་ཁོ་ཚོའི་འཚོ་གནས་ལ་དོ་ཕོག་བྱུང་བར་སྣང་མེད་དུ་བཞག་པ། བོད་རིགས་ན་གཞོན་སློབ་གྲྭ་བ་ཚོར་རྒྱ་རིགས་དང་འདྲ་མཉམ་གྱི་ཚད་མཐོའི་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་ཚོད་འཛིན་བྱས་ཏེ་ལས་རིགས་ཆུང་ཚགས་འདྲ་མིན་ནང་བཞུགས་སུ་བཅུག་པ་སོགས་མདོར་བསྡུས་ན། མི་ལོ་ལྔ་བཅུ་ཙམ་གྱི་རིང་བོད་མི་རིགས་ཀྱི་སྲོག་དང་འདྲ་བའི་གཅེས་ནོར་ཆོས་དང་རིག་གཞུང་བཟང་པོའི་ལེགས་བྱང་རྣམས་གཏོར་བཅོམ་ཚད་མེད་བཏང་བ་དང༌། བོད་ཀྱི་ཆོས་རིག་གཞུང་གི་ལྟེ་གནས་དགོན་སྡེ་སྟོང་ཕྲག་དྲུག་ཙམ་གཏོར་བཤིགས། རང་རིགས་སྤུན་ཟླ་འབུམ་ཕྲག་བཅུ་གཉིས་ཙམ་དམར་གསོད་བཏང་བ། བོད་ཀྱི་ས་བདག་བོད་མི་རྣམས་རང་ཡུལ་དུ་མི་སེར་སྤེལ་ཡུལ་ཞིག་དང༌། གྲངས་ཉུང་མི་རིགས་ཤིག་ཏུ་གྱུར་པའི་རྐྱེན་གྱིས་རང་ཡུལ་རང་སྤྱོད་ཀྱི་ཐོབ་ཐང་ཞན་པ་བཅས་ཀྱི་ངན་འབྲས་སུ་ཆོལ་གསུམ་བོད་རིགས་སྤུན་ཟླ་རྒན་དར་གཞོན་གསུམ་གཅིག་ཏུ་བསྒྲིལ་བའི་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་འདི་བྱུང་བ་གསལ་པོ་ཡིན།

                རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང༌། རྫོང་དང་བཟོ་ཚོགས་འདྲ་མིན་ནང་ཏང་གི་དྲུང་ཆེའི་ལས་འགན་ཁུར་མྱོང་མཁན་རྩོམ་པ་པོ་ཝང་རོང་ཝང་གིས། བོད་མི་རྣམས་ཀྲུང་གུང་ལ་ཁོང་ཁྲོ་ཟ་ཤོས་ནི་ཀྲུང་གུང་གི་བོད་ལ་དྭ་ཕྲུག་དང་ཡུག་མོ་མང་པོ་ཞིག་འཕར་སྣོན་བྱས་པ་དེ་ཕུད། བཅིངས་གྲོལ་དམག་དང༌། དམར་སྲུང་དམག་གིས་བོད་ས་ཡོངས་རྫོགས་ཀྱི་དགོན་སྡེ་ཧ་ལམ་ཆ་ཚང་རྩ་གཏོར་བཏང་བ་དེ་རེད། ཅེས་གསུངས་པ་ལྟར་དམར་པོའི་དབང་འཛིན་པ་རང་ཉིད་ཀྱིས་ལག་བསྟར་བྱས་པའི་སྲིད་ཇུས་ཀྱི་ངན་འབྲས་ལས་ཏཱ་ལའི་ཁ་བྲལ་བའི་ངན་སྐུལ་མིན་པ་གསལ་པོ་ཡིན།

                པེ་ཅིང་མཐོ་སློབ་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་ཏིང་ཙི་ལིན་གྱིས། རྒྱ་དམར་དབང་འཛིན་པས་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་རྟག་ཏུ་ཁུངས་མེད་ཀྱི་རིགས་པ་ལྟར་སྣང་བཀོད་དེ་རྒྱལ་ཁབ་ཀྱི་གཅིག་གྱུར་ནི་ཚང་མ་ལས་གལ་འགངས་ཆེ་བ་དང༌། མི་དམངས་ཀྱི་རང་དབང་དང་ཐོབ་ཐང་བཤད་རིན་མེད་པར་བརྩི་གི་ཡོད། ཅེས་གསུངས་པ་བཞིན་དོན་དངོས་སུ་རྒྱ་དམར་དབང་འཛིན་པས་རྒྱ་ཆེའི་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་ལ་བརྩི་འཇོག་མེད་པ་དང༌། ལྷག་པར་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་སྤུ་ཙམ་མི་བྱེད་པའི་ངན་འབྲས་ཡིན་པ་གསལ་པོར་མཐོང་ཐུབ།

                ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་ངོས་ལ་འགན་ཁུར་ཆེན་པོ་གསུམ་ཡོད། དེ་ནི་ངོས་རང་འགྲོ་བ་མི་ཞིག་ཡིན་པས་འཇིག་རྟེན་འདི་ཞི་བདེ་དང༌། འཚེ་བ་མེད་པའི་ལམ་ལ་སྐུལ་འདེད་གཏོང་རྒྱུ་དང༌། ཆོས་ལུགས་ཀྱི་མི་སྣ་ཞིག་ཡིན་པས་འཛམ་གླིང་གི་ཆོས་ལུགས་འདྲ་མིན་རྣམས་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ཡོང་བར་སྐུལ་འདེད་ཀྱིས་ཆོས་ལུགས་ཕན་ཚུན་དབར་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ། བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་བོད་བར་གྱི་དཀའ་རྙོག་གནད་དོན་དེ་འཚེ་བ་མེད་པ་དང༌། གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་བཅས་ཀྱི་ཐོག་ལྷག་བསམ་ཟོལ་མེད་དང༌། ངོ་ལྐོག་རྒྱབ་མདུན་མེད་པར་ཧུར་བརྩོན་གནང་གི་ཡོད་པ་འཛམ་གླིང་གི་མི་མང་སྤྱི་དང༌། བྱེ་བྲག་རྒྱ་རིགས་ཤེས་ཡོན་ཅན་རྣམས་ཀྱིས་གསལ་པོར་ཤེས་ཀྱི་ཡོད་པས། ཁོང་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ངོ་ལྐོག་རྒྱབ་མདུན་མེད་པའི་བཀའ་སློབ་ཉན་རྒྱུར་དགའ་ཞེན་བྱེད་པ་དང༌། ཁོང་ལ་མཇལ་ཁ་ཞུ་རྒྱུ་ནི་རང་ཉིད་ཀྱི་མི་ཚེའི་དོན་ཆེན་ཞིག་དང་གཟི་བརྗིད་ཅིག་དང༌། མི་ཚེའི་རིན་ཐང་དང་བདེ་སྐྱིད་ཆེ་ཤོས་ཤིག་ཏུ་བསམ་གྱི་ཡོད།

                ཁོང་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་བཞེད་ཟབ་མོར་འཛམ་གླིང་འདིའི་གྲགས་ཅན་དང༌། གྲགས་ཅན་མ་ཡིན་པའི་སྐྱེ་འགྲོ་ཡོངས་ཀྱིས་དགའ་མོས་ཆེན་པོ་བྱེད་པ་ཙམ་དུ་མ་ཟད་འཛམ་གླིང་ཐོག་ཆེས་སྙན་གྲགས་ཆེ་བའི་ཞི་བདེའི་གཟེངས་རྟགས་དང༌། ཨ་རིའི་གསེར་གྱི་རྟགས་མ། སོག་པོའི་པདྨ་དཀར་པོ་སོགས་གཟེངས་རྟགས་འདྲ་མིན་དང༌། སློབ་དཔོན་ཆེན་མོ༑ འབུམ་རམས་པ། པཌཎི་ཏ་སོགས་ཀྱི་མཚན་བསྟོད་གྲངས་ལས་འདས་པ་ཕུལ་བ་དང༌། ལྷག་པར་སྔར་ལོ་ཨ་རིའི་ལོ་རྒྱུས་ནང་ཆེས་སྙན་གྲགས་ཆེ་བའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟེངས་བསྟོད་བྱ་དགའ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་སྐབས། ནོར་སྦེལ་ཞི་བདེའི་དེད་དཔོན་ཆེན་མོ་སྐུ་ཞབས་ཨེ་ལི་ཝི་སལ་མཆོག་ནས། དེ་རིང་འཛམ་གླིང་གི་ཕྱོགས་གང་སའི་མི་མང་ས་ཡ་མང་པོར་བསྔགས་བརྗོད་ཐོབ་ཅིང༌། ཆེས་སྙན་གྲགས་ཅན་གྱི་ཨ་རིའི་གསེར་གྱི་གཟེངས་རྟགས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕུལ་གནང་བ་ནི་ཨ་རིའི་རྒྱལ་ཁབ་ནས་འཛམ་གླིང་ཐོག་གི་དྲང་བདེན་གྱི་འཐབ་རྩོད་མཐའ་དག་ལ་རྒྱབ་སྐྱོར་གྱི་མཚོན་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ཅེས་གསུངས་པ་ལྟར་དེ་ཉིན་འཛམ་གླིང་མི་མང་ས་ཡ་མང་པོར་སྤྲོ་སེམས་འཁོལ་བའི་ངང་ནས་འཚམས་འདྲིའི་སྨོན་ཚིག་འདོན་པ་སོགས་ལ་ལྟ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་ངོ་ལྐོག་རྒྱབ་མདུན་ཅན་ཞིག་མིན་པ་དང༌། བདེན་པའི་འཐབ་རྩོད་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཞར་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ཡིན།

                རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་ཀླད་རྙིང་མཁྲེགས་བཟུང་དང༌། ཕུགས་བསམ་མེད་པའི་གཏམ་གྱི་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྒྲོ་སྐུར་གྱི་མཚན་སྨད་དང༌། གཞི་མེད་ཀྱི་ཉེས་འགེལ་བྱེད་པ་ནི་དོན་དངོས་སུ་འཛམ་གླིང་དྲང་བདེན་གྱི་སྟེགས་བུའི་སྟེང་དུ་རྒྱ་ནག་དབང་འཛིན་པ་རྣམས་ངོ་གནོང་སྐྱེ་དགོས་པ་དང༌། རྒྱལ་ཁབ་ཀྱི་ཆེ་མཐོང་ལ་གནོད་རྒྱུ་ལས་གཞན་གང་ཡང་མིན།

ཉེ་བའི་ཆར་རྒྱ་ནག་དམར་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་བོད་རིགས་པ་མཁས་ཅན་ཞེས་པ་མི་གྲངས་སུམ་བརྒྱ་བཅུ་ཙམ་ཆེད་སྐོང་བྱས་ཏེ་བོད་ནང་བྱུང་བའི་ཞི་རྒོལ་དོན་རྐྱེན་ཐད་ཡིག་འབྲུ་ཁྲི་སུམ་ཅུ་ལྷག་གི་དགག་རྒྱག་རྩོམ་ཡིག་སྤེལ་དགོས་པའི་ལས་འགུལ་བརྩམས་ཏེ་བོད་རྒྱ་མི་རིགས་གཉིས་དབར་མི་མཐུན་འགལ་བ་ཆེད་བཟོས་ཀྱི་ལས་འགུལ་སྤེལ་ཡོད། སྤྱིར་རྒྱ་ནག་དམར་གཞུང་ནས་དཔེ་ཆ་བ་གླེན་པ་འགའ་ཞིག་རྒྱུ་དངོས་ཀྱིས་བསླུས་པ་དང༌། གྲགས་ཅན་མཁས་པ་ལ་ལར་བཙན་བསྐུལ་བྱས་ཏེ་བོད་ཀྱི་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་དང༌། དངོས་ཡོད་གནས་ཚུལ་འགེབས་སྲུང༌། མི་བདེན་རྫུན་བསྒྲིགས་ཀྱི་གཏམ་འཆལ་སྤེལ་དུ་འཇུག་སྟེ་རང་ཉིད་རྒྱལ་ཐབས་བྱེད་པ་ནི་རྒྱུན་གཏན་གྱི་བྱ་འགུལ་ཞིག་ཡིན།

                སློབ་དཔོན་ཆེན་མོ་ཏིང་ཙི་ལིན་གྱིས། རྒྱ་དམར་དབང་འཛིན་པས་བོད་ལ་དབང་སྒྱུར་དང༌། བོད་མིའི་ངོ་རྒོལ་ལ་དྲག་གནོན། བོད་ལ་འཛིན་པའི་སྲིད་ཇུས་ལུགས་མཐུན་ཡིན་པ་མཚོན་ཆེད་ལོ་རྒྱུས་ཉམས་ཞིབ་པ་འགའ་རེར་བོད་ཀྱི་ལོ་རྒྱུས་ཆ་ཚང་རྫུན་བཟོ་བྱེད་དུ་བཅུག་ཏེ་ལོ་ནས་ལོ་བསྟུད་དེ༑ མི་རྣམས་ལ་བོད་ཀྱི་བདག་དབང་གནའ་དུས་ནས་རྒྱ་ནག་ལ་ཡོད་ལུགས་ཀྱི་རྒྱ་ནག་དཔོན་རིགས་ཚོའི་ལྟ་བ་ལ་དག་འབུད་བྱས་ཏེ་བོད་ཀྱི་བདག་དབང་སུར་གཏོགས་ཀྱི་གནད་དོན་ཐད་བསམ་ཚུལ་མི་མཐུན་པའི་རིགས་ལ་བཙན་གནོན་དང༌། བོད་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐབ་དང༌། སྤྱི་ཚོགས་ཆབ་སྲིད་ལམ་ལུགས་འདེམས་རྒྱུའི་དབང་ཆ་བཙན་འཕྲོག་བྱས་ཡོད། ཅེས་གསལ་པོར་གསུངས་ཡོད།

                ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་ཡོངས་ལ་འབོད་བསྐུལ་གྱི་གསུང་འཕྲིན་ཞིག་བསྩལ་བའི་ནང༌། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ་ཡང་ན་བོད་རིགས་དང་རྒྱ་རིགས་དབར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་གང་ཡང་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་ཀྱི་ཡིན་ཞེས་དང༌། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུགས་རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་བཏབ་སྲིད་པ་འདིར་ངོས་རང་སེམས་ཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག་ཅེས་གསུངས་ཡོད།

                རྒྱ་ནག་གི་ཁྲིམས་ལུགས་སློབ་དཔོན་ཡུས་ཧའོ་ཁྲེང་གིས་ཆབ་སྲིད་ཀྱི་ལམ་ཁ་བཟང་ཤོས་ནི་མཐུན་ཐབས་བྱ་རྒྱུ་དེ་ཡིན་པ་ལས། ཁ་གཏད་དུ་ལངས་རྒྱུ་དེ་མིན་པ་རེད། ཅེས་གསུངས་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་དག་གིས། ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྷག་བསམ་ཟོལ་མེད་ཀྱི་གཉིས་སྨན་ལམ་སྟོན་ལ་ཆེ་མཐོང་ཕུལ་ཏེ་ཁོང་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་ཡོང་བ་བྱ་རྒྱུ་གལ་ཆེན་དུ་འཛིན་དགོས་པ་ཡིན། རྩོམ་པ་པོ་ཝང་ལི་ཞུང་གིས། ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཞེས་གསུངས་པ་ལྟར་གལ་ཏེ་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་སྐབས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་འབད་བརྩོན་མ་བྱས་པར་གཡོལ་ཐབས་བྱས་ཚེ། བློ་ཡུལ་དུ་མི་ཤོང་བའི་མཇུག་འབྲས་ངན་པ་ཐོན་སྲིད་པ་ནི་ད་ལྟའི་ཞི་རྒོལ་འདི་ལས་གསལ་པོར་ཤེས་ཐུབ་སྙམ།

                རྒྱ་ནག་དམར་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཝེ་ཅིང་ཧྲིན་གྱིས། བཙོན་ཁང་ནས་བོད་ཀྱི་གནད་དོན་སྐོར་ཏིང་ཞའོ་ཕིང་ལ་བཏང་བའི་ཕྱག་བྲིས་ནང༌། འཁྱོག་བཤད་དང་བཟོ་བཅོས་མིན་པའི་དངོས་ཡོད་གནས་ཚུལ་ཤེས་ཐུབ་པ་བྱས་ན་མཐའ་མའི་གོ་སྐབས་མི་ཤོར་བ་དང༌། ཨུ་རུ་སུ་དང༌། ཡོ་ཀོ་སི་ལོ་ཝེ་ཡ་ལྟ་བུའི་མཇུག་འབྲས་ཀྱང་སྔོན་འགོག་བྱེད་ཐུབ་ཅེས་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་བོད་རིགས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས། ཉེ་སྔོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིན་ཐའོ་ལ་ཕུལ་བའི་འཕྲིན་ཡིག་ནང༌། ཐའེ་ཝན་གྱི་དངོས་ཡོད་གནས་ཚུལ་ལ་དཔེ་བཞག་ན་ཕྱི་འདོམས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་ཞིང༌། གལ་སྲིད་ཅང་ཅིན་གོའི་གོ་མིན་ཏང་གིས་སྲིད་འཛིན་རིང་ཐག་གཅོད་བྱུང་བ་ཡིན་ན་དེ་རིང་ཁྲེང་ཧྲུའུ་བན་གྱིས་དམངས་གཙོ་སྐུལ་འདེད་ཏང་ཐའེ་ཝན་རང་བཙན་སྟོབས་ཤུགས་ཀྱི་རྙོག་དྲ་འདི་ལྟ་བུ་ཡོང་མི་སྲིད། དེ་ནི་ང་ཚོས་རང་ནོངས་བསམ་ཞིབ་ནན་པོ་བྱེད་པ་དང༌། བསླབ་བྱ་ནན་པོ་ལེན་དགོས་པ་ཞིག་རེད། ཅེས་གསུངས་པ་ལྟར་རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་ཟབ་མོར་ཆེས་མཐོའི་གདེང་འཇོག་མཛད་དེ་གནད་དོན་ཐག་གཅོད་ཡོང་བའི་འབད་བརྩོན་ངོ་ལྐོག་མེད་པར་བྱས་ན། བོད་རྒྱ་ནག་ལས་ཁ་བྲལ་འགྲོ་བར་སྲུང་སྐྱོབ་དང༌། རྒྱ་ནག་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཐུབ། གལ་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་འཚོ་གཞེས་ཀྱི་སྐབས་འདིར་བོད་དོན་ཐག་གཅོད་གཙང་མ་ཡོང་བའི་འབད་བརྩོན་མ་བྱས་པར། དེ་ལས་ལྡོག་ཏེ་ྋགོང་ས་ྋསྐྱབས་མགོན་པོ་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུ་བ་དང༌། གཞི་མེད་ཉེས་འགེལ་སྣ་ཚོགས་བྱས་ཏེ་དུས་འདའ་བར་བྱས་ན། དེ་ནི་ཕུགས་བསམ་མེད་པ་དང༌། ངན་རུལ་གྱི་བྱ་སྤྱོད་ཡིན་པས་མཐར་རང་ཉིད་ཕུང་རྒྱུ་ནི་ཆོས་ཉིད་ལས་མ་འདས་སོ།།

རྒྱ་ནག་དམར་པོའི་དབང་འཛིན་པ་ཚོས་ལག་སྟར་བྱེད་བཞིན་པའི་ད་ལྟའི་སྲིད་ཇུས་འདིས་མཐར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནག་ཉེས་ཅན་ཞིག་ཏུ་གྱུར་རྒྱུ་ལས་ལྡོག་ཏེ་རྒྱ་ནག་རྒྱལ་ཁབ་ལ་གྲངས་ཉུང་མི་རིགས་རྣམས་ཡིད་ཆེས་བརླག་པ་ཙམ་དུ་མ་ཟད་རྒྱ་ནག་མི་དམངས་རྣམས་ཀྱང་མཐར་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བརླག་པའི་རྒྱུར་འགྲོ་བ་གསལ་པོ་ཡིན། རྒྱ་རིགས་རྩོམ་པ་པོ་ལི་གའོ་ཐའེ་ཡིས། ང་ཚོ་རྒྱ་ནག་པ་ཞིག་ལ་མཚོན་ན་ཆེས་སྐྱོ་བ་སྐྱེ་དགོས་པ་ཞིག་དང༌། ཡིད་ཐང་ཆད་དགོས་པ་ཞིག་ནི་རྒྱ་དམར་ནས་རང་གཅིག་པུའི་དབང་འཛིན་གྲལ་རིམ་གྱི་ཁེ་ཕན་ཁོ་ནར་མངོན་པར་ཞེན་པ་དང༌། གཞན་ལ་ཁྱད་གསོད་བྱེད་པ། གླེན་རྨོངས་ཕྱོགས་ལྷུང་དུ་གྱུར་པ། ལྟ་ངན་མཁྲེགས་འཛིན་ཅན་དང་རྗེས་ལུས་ཀྱིས་ཕོངས་པ༑ བསམ་ཆུང་ངན་རུལ་དུ་གྱུར་པ། ཐལ་དྲགས་པ་བཅས་ཀྱི་དབང་འཛིན་པ་ཚོས་ཏཱ་ལའི་བླ་མ་མཆོག་ལ་ཚུལ་མིན་ངོ་རྒོལ་དང༌། ངན་སྨྲས་ཚབས་ཆེ་ཞུས་ཏེ་དངོས་འབྲེལ་ཡིད་ཐང་ཆད་པའི་རྒྱ་ནག་མི་མང་གི་གྲངས་འབོར་དེ་བས་ཇེ་མང་དུ་བཏང་ཡོད། ཅེས་ཧ་ཅང་ཡིད་ཐང་ཆད་པའི་སྒོ་ནས་གསལ་པོ་གསུངས་འདུག་པ་བཅས་སོ།།    །། རྩོམ་པ་པོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།