ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་འགྲོ་བ་མིའི་ཐོབ་ཐང་གླེང་བ།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༧ཉིན་སྤེལ། རེས་གཟའ་ཟླ་བ་ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་ཧི་ལ་རོད་ཁི་ལི་ཊོན་གྱིས་གྲངས་ཉུང་མི་རིགས་བོད་དང་ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་རྣམས་ཀྱིས་འཛམ་གླིང་གི་དཔལ་འབྱོར་དང་སྲ་བརྟན་ལ་འབད་བརྩོན་དང་ཤུགས་སྣོན་རྒྱག་དགོས་པའི་སྐོར་སོགས་གྲོས་འཆར་བཏོན་ཡོད་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་སྲིད་གཞུང་གི་ངོས་ནས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་དེ་ཚོ་སྲུང་སྐྱོབ་དང༌། རྒྱ་ནག་ནང་དམངས་གཙོ་དང་མཐུན་པའི་བཅོས་སྒྱུར་བྱེད་དགོས་པའི་ནན་སྐུལ་དང་བསྒྲགས་གཏམ་སྤེལ་ཡོད་འདུག

ཁོ་མོས་ང་ཚོའི་ཡང་དག་པའི་ལྟ་བའི་ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་བརྗོད་དགོས་པ་རེད། ལྷག་པར་དུ་རྒྱ་ནག་དང་ཨུ་རུ་སུ་ནི་གལ་གནད་ཆེ་བའི་རྒྱལ་ཁབ་ཤིག་ཆགས་ཀྱི་ཡོད་པ་རེད་ཅེས། ཨོ་བྷ་མའི་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་འཆར་ཐོག་འགྲེལ་བརྗོད་བྱས་ཡོད་འདུག

ཁོ་མོས་མུ་མཐུད་ནས་བརྗོད་དོན། ཧ་ཅང་གི་ཉེན་ཚབས་ཆེ་བའི་འཛམ་གླིང་གི་དཔལ་འབྱོར་དང༌། འཕྲོད་སྟེན། གནམ་གཤིས་ཚ་དྲོད་ཀྱི་འགྱུར་ལྡོག དེ་བཞིན་འཛམ་གླིང་བདེ་འཇགས་ཐད་བྱང་ཀོ་རི་ཡ་དང༌། དབྱི་རན་བཅས་སོགས་ཀྱི་གནད་དོན་དེ་རྒྱ་ཁབ་དེ་ཚོ་དང་མཉམ་འབྲེལ་བྱེད་དགོས་པ་རེད།

ཨ་རིའི་ངོ་ནས་རྒྱ་ནག་དང་ཨུ་རུ་གཉིས་ལ་ངེས་དོན་གྱི་འབྲེལ་ལམ་བཟོ་རྒྱུ་རེ་མོས་དང༌། མ་ཚད་མ་འོངས་པར་རྒྱལ་ཁབ་དེ་གཉིས་དང་ལྷན་དུ་ཁ་ཞེ་གཉིས་མེད་ཀྱི་གྲོས་བསྡུར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་འདུག

ཡང་ཁོ་མོས་རྒྱ་ནག་དུ་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད། ཨ་རིའི་ངོས་ནས་མ་འོངས་པར་རྒྱ་ནག་གི་མི་སེར་ཚོར་སོ་སོ་རང་ངོས་ནས་སྨྲ་བརྗོད་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་ཐུབ་རྒྱུ་དང༌། དེ་བཞིན་ཁྲིམས་ཀྱི་སྒྲོམ་གཞི་ནང་སྤྱི་ཚོགས་དང་ཆོས་ལུགས་ཁག་གི་གནད་དོན་གོང་འཕེལ་ཡོང་བ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།