བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་ཁྱབ་བསྒྲགས།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་༢༠༠༩ཟླ་༡༡ཚེས་༢༠ཉིན་སྤེལ། ཟླ་འདིའི་ཚེས་༡༨ནས་༡༩དབར་ཨི་ཊ་ལའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་བོད་མི་རྣམས་དང་༧གོང་ས་མཆོག་གིས་དགོངས་ཚུལ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང༌། མ་འོངས་པར་བྱེད་སྟངས་འདྲ་མིན་གྱི་ལམ་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུའི་གྲོས་ཆོད་ཁྱབ་བསྒྲགས་ཡིག་ཆ་ཞིག་གསར་དུ་འགྲེམས་སྤེལ་བྱས་ཡོད་འདུག་པས་མ་ཚད། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་ཡང་བྱས་ཡོད་འདུག 

དེ་ཡང་ཚོགས་བཅར་བ་ཡོངས་ཀྱིས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་གྱི་འབྲེལ་མོལ་རྒྱུན་མཐུད་བར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། འབྲེལ་མོལ་ཕྱི་གསལ་ནང་གསལ་ཡོང་སླད་རྒྱལ་ཁབ་གསུམ་པའི་འདུམ་འགྲིག་པ་དགོས་ཚུལ་གྱི་དགོངས་ཚུལ་ཡང་བཏོན་ཡོད་འདུག་ལ། གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དག་གིས་རྒྱ་གཞུང་ལ་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་གུས་བརྩི་དང༌། མ་འོངས་པར་ྋགོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་གཞན་གྱི་དབུ་ཁྲིད་དང་མཇལ་མོལ་གནང་སྐབས་རྒྱ་ཕྱོགས་ནས་དགའ་མོས་ཀྱི་རྣམ་འགྱུར་སྟོན་པར་ནན་སྐུལ་གནང་དགོས་ལུགས་ཀྱི་རེ་སྐུལ་ཞུས་ཡོད་འདུག

གྲོས་ཆོད་ཀྱི་མཐའ་མའི་བསྟན་བྱ་གཙོ་བོ་ནི། བོད་དོན་ཐད་གཏན་འཇགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་དྲ་བའི་འབྲེལ་མཐུད་མ་ལག་ཞིག་གསར་འཛུགས་གནང་དགོས་ཤིང༌། དྲ་ལམ་དེས་བོད་དོན་ཐད་ཀྱི་སྲིད་བྱུས་ཁག་སྟངས་འཛིན་དང༌། བོད་ནང་དུ་གཟིགས་སྐོར་བཀོད་སྒྲིག གཞིས་ལུས་བོད་མི་དང་བཙོན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་འཚོལ་སྒྲིག བོད་རྒྱ་མི་རིགས་དབར་འབྲེལ་ལམ་གསར་འཛུགས། བོད་རྒྱའི་སྐུ་ཚབ་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གླེང་སྟེགས་བཀོད་སྒྲིག་བྱེད་ཕྱོགས་སྐོར་རེད་འདུག

ཐེངས་འདིའི་ཚོགས་བཅར་བ་རྣམས་ཀྱིས་ཟླ་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་སྐོང་ཚོགས་མ་གནང་སྔོན། བོད་ནང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ཐད་ཡོངས་ཁྱབ་གཏོང་ཡིག་ཅིག་འགྲེམས་སྤེལ་བྱེད་རྒྱུ་ཁས་ལེན་གནང་ཡོད་འདུག

གྲོས་ཆོད་ཡིག་ཆའི་དགོངས་དོན་ཆ་ཚང་གཤམ་གསལ། ༡༽ངོ་སྤྲོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པ་དེ་ཨི་ཊ་ལའི་རྒྱལ་ས་རོམ་དུ་ཟླ་འདིའི་ཚེས་༡༨ནས་༡༩དབར་སྐོང་འཚོགས་གནང་ཡོད་པ་དང༌། ཚོགས་ཆེན་གྱི་དགོངས་དོན་གཙོ་བོ་ཁག་ནི། བོད་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང༌། འཚོ་བའི་གོམས་གཤིས་སྲུང་སྐྱོང་བྱེད་པའི་ཐོབ་ཐང་ཁེ་དབང་སྲུང་སྐྱོབ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་དང་ལམ་སྟོན་འོག་གི་འཚེ་མེད་ཞི་བའི་འཐབ་རྩོད་དང༌། བོད་མི་རིགས་ལ་རྒྱབ་སྐྱོར་སྔར་ལས་སྲ་བརྟན་དུ་གཏོང་བ། གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ལྷན་ཁང་ཁག་གིས་བོད་ནང་གི་དཀའ་སྡུག་ཆེ་བའི་གནས་བབས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ནང་གསལ་སྤེལ་དང༌། བོད་མི་རིགས་ཀྱི་ཁེ་དབང་ལ་ཕན་འབྲས་ལྡན་པའི་སྲིད་བྱུས་གཏན་འབེབས། ཐེངས་སྔོན་མའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་གྱི་གྲོས་ཆོད་དང་ལས་འཆར་ཁག་བསྐྱར་ཞིབ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཐད་འབད་བརྩོན་དང༌། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ནི་དགོངས་བྱ་ནི་རྒྱ་རྒོལ་མ་ཡིན་པར། ཁྲིམས་མཐུན་དང་དྲང་བདེན་ལ་རྒྱབ་སྐྱོར་དང༌། བོད་རྒྱ་མི་རིགས་གཉིས་ཀྱིས་ཞི་བདེ་མཉམ་གནས་ཐུབ་པའི་གཉིས་ཕན་གྱི་ལམ་ཞིག་འཚོལ་ཐུབ་པར་ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་ཡོད་པ་སོགས་རེད་འདུག

༢༽འཚོལ་ཞིབ་མཇུག་འབྲས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པའི་སྟེང་བོད་དོན་དང་འབྲེལ་བའི་གནས་ཚུལ་གསར་རྟོགས་བྱུང་བ་ཁག་ཅིག་ནི། ཕྱི་ལོ་༢༠༠༥ལོའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་བཞི་བ་ནས་ད་ལྟའི་བར། རྒྱ་གཞུང་གིས་བོད་མི་རིགས་ཀྱི་སྒང་ལ་ཡ་ང་སྡུག་རྩུབ་ཆེ་བའི་སྲིད་བྱུས་ལག་ལེན་བསྟར་གྱིན་པ་དང༌། ཏཱ་ལའི་བླ་མ་དང་ཁོང་གི་རང་སྲིད་རང་སྐྱོང་འཐབ་རྩོད་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་གྱིན་པའི་དབང་གིས་བོད་ནང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པ། སྔར་ལོར་བོད་མི་རིགས་ཀྱིས་སྨྲ་བརྗོད་རང་དབང་དང༌། ཆོས་ལུགས་དད་མོས་རང་དབང༌། འདུ་འཛོམས་རང་དབང་སོགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྤྱད་དེ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱ་གཞུང་གིས་དྲག་པོ་སྒོ་ནས་ཡ་ལན་སྤྲད་པར་བློ་འཚུབ་སྐྱེས་པ། རྒྱ་གཞུང་གིས་རྒྱལ་སྤྱིའི་ཚད་ལྡན་གྱི་ཁྲིམས་སྲོལ་སྣང་མེད་སྒོས་བོད་མི་སྲོག་ཐོག་ཏུ་བཏང་བར་ཁོང་ཁྲོ་ཚད་མེད་ལངས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་བསྟན་པའི་ཁྲིམས་སྲོལ་དང་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་ཀྱི་ལས་ཁུར་གནང་སྟེ། རྒྱ་ནག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོགས་མི་འགན་ཁུར་ཅན་ཞིག་བྱེད་པ། རྒྱ་ནག་གིས་རྒྱལ་སྤྱིའི་ཚད་ལྡན་ཁྲིམས་སྲོལ་དང༌། ཆོས་ལུགས་དང་སྨྲ་བརྗོད་ཀྱི་རང་དབང་ལ་གུས་བརྩི་གནང་སྟེ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང༌། དེ་བཞིན་ཡུལ་སྲོལ་གོམས་གཤིས་དང་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཁེ་དབང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྡན་པ་ངོས་འཛིན་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་མནར་གཅོད་ངོ་རྒོལ་ལྷན་ཁང༌། དེ་བཞིན་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདོན་སྤེལ་གནང་བའི་རྒྱ་གཞུང་གིས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཡིག་ཆའི་དགོངས་དོན་ངེས་རྟོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས། རིག་གཞུང་གཅེས་གཉེར་ཐོབ་ཐང་ཐད་ཀྱི་གྲོས་མཐུན་དོན་ཚན་ཁག་ལ་མོས་མཐུན་རྒྱབ་སྐྱོར་ཡོད་པའི་ས་ཡིག་བཀོད་ཡོད་ཀྱང༌། དེ་ལག་ལེན་དུ་བསྟར་གྱིན་མེད་པའི་རྐྱེན་གྱིས་བོད་མི་རིགས་རྒྱ་གཞུང་གི་སྲིད་བྱུས་ལ་བློ་མོས་ཚིམ་ཐབས་ཡོང་གིན་མེད་པ་ཤེས་རྟོགས། བཙན་བྱོལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བའི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ཡར་རྒྱས་གོང་སྤེལ་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་སླད་དུ་མཐུན་སྦྱོར་རྒྱབ་སྐྱོར་མུ་མཐུད་གནང་དགོས་པ། བཙོག་རླངས་ཀྱི་ཁྱབ་ཚད་དང༌། དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་གཏེར་ཁ་གང་བྱུང་སྔོག་འདོན་དང༌། འབྲོག་སྡེ་ཁག་གི་གནས་ཡུལ་གསར་སྤོ་བྱེད་ཀྱིན་ཡོད་སྟབས། བོད་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཉམས་ཆགས་སུ་འགྲོ་བཞིན་པའི་ཐད་བློ་འཚུབ་སྐྱེས་བཞིན་པ། རྒྱ་གཞུང་གིས་བོད་མཐོ་དབུས་མཐོ་སྒང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ཐད་བཟུང་བའི་སྲིད་བྱུས་ཀྱིས་ཨེ་ཤ་ཡའི་གླིང་ཕྲན་ཐོག་གི་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང༌། གནམ་གཤིས་འགྱུར་ལྡོག་ཐད་ཀྱི་སྲིད་བྱུས་ཁག་བདེ་ལེགས་ངང་སྤེལ་བར་བོད་མི་རིགས་ཀྱི་ཉམས་མྱོང་དང་ཐེ་བ་མཁོ་གལ་ཆེ་བ་ངོས་འཛིན་བྱེད་པ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་བོད་མི་རིགས་ཀྱི་འཚོ་གནས་ལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གི་རྒྱུ་དངོས་ཀྱི་མཐུན་སྦྱོར་རོགས་རམ་མཁོ་ཞིང༌། ཁྱད་པར་དུའང་རྒྱ་གར་གཞུང་མང་གཉིས་ཀྱི་རོགས་འདེགས་ཤིན་ཏུ་མཁོ་བ་ངོས་འཛིན་གནང༌། བོད་རྒྱའི་འབྲེལ་མོལ་ཕྱི་གསལ་ནང་གསལ་དང་ནུས་པ་ཐོན་ཕྱིར། རྒྱལ་སྤྱིའི་ལྟ་རྟོག་དང་ལམ་སྟོན་ནི་མེད་དུ་མི་རུང་བ་ངོས་འཛིན། ྋགོང་ས་མཆོག་གིས་ལྷག་བསམ་ཟོལ་མེད་སྒོས་གཉིས་ཕན་དབུ་མའི་ལམ་ནས་བོད་དོན་བདེན་མཐའ་སེལ་ཐབས་གནང་གིན་ཡོད་པ་ལས། བོད་རང་བཙན་རྩོད་ལེན་གནང་གིན་མེད་པ། ྋགོང་ས་མཆོག་གི་སྐུ་ཚབ་ཀྱིས་རྒྱ་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད་པའི་ནང་ྋགོང་ས་མཆོག་གི་དགོངས་བཞེས་གསལ་སྟོན་གནང་ཡོད་པ་བཅས་རེད་འདུག

༣༽ལས་འགུལ། བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ལ་རྒྱབ་སྐྱོར་དང༌། འབྲེལ་མོལ་དེའང་ྋགོང་ས་མཆོག་གི་སྐུ་ཚབ་ཀྱིས་རྒྱ་གཞུང་ལ་སྤྲད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་དགོངས་དོན་གཞིར་རྩར་འཛིན་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྲིད་གཞུང་ཁག་གིས་རྒྱ་གཞུང་ལ་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་ནན་སྐུལ་གནང་དགོས་པའི་རེ་སྐུལ་འདོན་པ། བོད་རྒྱ་གཉིས་ཀྱི་འབྲེལ་མོལ་བསྐྱར་མཐུད་དང་འབྲེལ་མོལ་ཕྱི་གསལ་ནང་གསལ་ཡོང་སླད། རྒྱལ་ཁབ་གསུམ་པའི་འདུམ་འགྲིག་པ་དགོས་གལ་ཆེ་བ་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ངོས་འཛིན་གནང་བར་སྐུལ་འདེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་མི་སེར་དང་ཆབ་སྲིད་ཀྱི་ཐོབ་ཐང་ཁེ་དབང་ངོས་ལེན་བརྩི་འཇོག་བྱེད་པར་རེ་སྐུལ། ྋགོང་ས་མཆོག་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་དང་འཇལ་མོལ་གནང་སྐབས། ྋགོང་ས་མཆོག་ལ་བརྩི་མཐོང་ལྡན་པའི་བསུ་ཕེབས་ཡོང་ཐབས་སླད། འབྲེལ་ཡོད་ཀྱི་གཞུང་དང་ཚོགས་པ་ཁག་གིས་ལས་དོན་སྒྲུབ་པ། མཐའ་མར་བོད་དོན་རྒྱབ་སྐྱོར་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་དྲ་བའི་མ་ལག་ཁག་མཁྱེན་གསལ་ཡོང་བ་སོགས་སོ། 

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རེ་བར་གནས་ཚུལ་གསར་འགོད་གནང་དུས་
གསར་འགྱུར་གྱི་ནང་དོན་ཚང་མ་མཐོང་སླད་
ཡིག་སྟར་འཕྲེད་ལ་རིང་པོ་མིན་པར་
གཞུང་འབེབས་མང་ཙམ་གནང་རོགས་།
དྲ་ཚིགས་འདི་ནི་དཔེ་མི་སྲིད་པའི་ཡག་པོ་འདུག གཞིས་བྱེས་བོད་མིའི་གནས་ཚུལ་དངོས་ཤེས་རྟོགས་ཐུབ་རྒྱུའི་སྐར་ཁུང་ལྟ་བུ་གྲུབ་འདུག་པས་འབྲེལ་ཡོད་མི་སྣས་ངལ་བར་མ་བཟོད་པར་མཐུན་རྐྱེན་སྐྲུན་པར་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་ཞུ་འདོད་།



བརྗོད་གཞི་གཞན་ཁག་ལ་གཟིགས།