ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༠ཚེས་༣༡ཉིན་སྤེལ། ད་ལོའི་སྤྱི་ཟླ་༡༠ཚེས་༢༠ཉིན་རྒྱ་ནག་གཞུང་གིས་ལྷ་ས་རུ་བོད་མི་བློ་བཟང་རྒྱལ་མཚན་དང་སྤེན་སྐྱིད་སོགས་ཀྱིས་ན་ནིང་ལྷ་ས་རུ་ངོ་རྒོལ་བྱས་ཡོད་པའི་ཉེས་འཛུགས་འོག་སྲོག་ཁྲིམས་བཅད་ཡོད་པ་དེར་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཟླ་འདིའི་ཚེས་༢༩ཉིན་སྐྱོན་བརྗོད་བྱས་ཡོད་འདུག

ཉེ་ཆར་རྒྱལ་ཁབ་༢༧གྱི་སྐུ་ཚབ་ཡོད་པའི་སུའེ་ཌི་དུ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས་བསྒྲགས་གཏམ་སྤེལ་གསལ། སྤྱིར་དྲག་ལས་སྤེལ་མཁན་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་དང་ཁྲིམས་ཆད་གཅོད་རྒྱུར་ཐོབ་ཐང་ཡོད་པ་དེར་གུས་བརྩི་ཡོད། འོན་ཀྱང་ང་ཚོས་དུས་རྒྱུན་དུ་གནད་དོན་གང་འདྲ་ཞིག་ཡིན་རུང་སྲོག་ཁྲིམས་ཀྱི་ཆད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟར་སྔ་བཞིན་རྩ་འཛིན་བྱ་རྒྱུ་ཡིན་ཞེས་དང༌།

ཡང་ཁོང་ཚོས་རྒྱ་ནག་གཞུང་གིས་དབང་འཛིན་པ་ཚོས་བཙོན་པ་རྣམས་ལ་ཚབ་ཆེའི་ཁྲིམས་ཆད་ཉུང་དུ་གཏོང་དགོས་པ་དང༌། ན་ནིང་ལྷ་ས་རུ་ཟིང་འཁྲུག་སྐབས་སུ་རྒྱ་ནག་གཞུང་གིས་བོད་མི་མང་པོར་སྲོག་ཁྲིམས་ཀྱི་ཆད་པ་བཀལ་ཡོད་པ་རྣམས་ཡོངས་སུ་ཕྱིར་བསྡུ་བྱེད་དགོས། དེ་ལྟར་ཡོང་བར་གོམ་པ་དང་པོ་ཁྲིམས་ཆད་དུས་འགྱངས་ཀྱི་ཚོགས་པ(Moratorium)ཞེས་པ་ཞིག་འཛུགས་དགོས་པ་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༦༢།༡༤༩དང་༦༣།༡༦༨ནང་གསལ་བཞིན་ལག་བལྟར་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག གོང་གི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ༢༧གྱི་ཚོགས་མིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དེར་ཐོར་ཁེས་དང་ནོར་ཝེ་སོགས་གཞན་རྒྱལ་ཁབ་ཁག་བཅུ་གྲངས་ཤིག་གིས་ཀྱང་མོས་མཐུན་དང་རྒྱབ་སྐྱོར་གནང་ཡོད་འདུག དེ་རྗེས་རེས་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མའོ་ཀྲའོ་ཞུན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ་ཡོབ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་སྐྱོན་བརྗོད་ལ་ལན་འདེབས་བྱས་པར། ཁོང་གིས་རྒྱ་ནག་གི་ཞིབ་དཔྱད་དང་ཁྲིམས་ཆད་ནི་དྲང་བདེན་དང་ཕྱི་གསལ་ནང་གསལ་ཞིག་ཡིན་པས། ང་ཚོས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བསྒྲགས་གཏམ་ལ་མཐའ་གཅིག་ཏུ་དགག་པ་རྒྱག་རྒྱུ་ཡིན་ཞེས་དང༌།  ཡང་ཁོང་གིས་འདི་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་རྒྱ་ཁབ་སུ་ཞིག་གིས་ཀྱང་དེ་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཅེས་བཤད་ཡོད་འདུག

དབྱིན་ཇི་ནི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ནང་དུ་མེད་པས་བསྒྲགས་གཏམ་འདིའི་ནང་དུ་ཚུད་མེད་ནའང༌། ཁ་ཉིན་རེས་གཟའ་ཟླ་བ་ཉིན་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག དབྱིན་ཇིའི་གྲོས་ཚོགས་ནང་བོད་མི་སྲོགས་ཁྲིམས་ཀྱི་ཆད་པ་ཕོག་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པའི་སྐོར་དབྱིན་གཞུང་གིས་ངོས་ནས་འབོད་སྐུལ་དང་གསལ་པོ་བཟོ་དགོས་པ་རེད་ཅེས་གྲོས་འཆར་སྟོན་ཡོད་འདུག་ལ།

དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཧི་རུད་ཀོ་ཧིན་གྱིས། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༩ཟླ་༡༠ཚེས་༢༠ཉིན་ལྷ་ས་རུ་བོད་མི་བློ་བཟང་རྒྱལ་མཚན་ལགས་དང་ལོ་ཡག་སོགས་དམར་གསོད་བཏང་ཡོད་པ་དེར་བློ་ཕམ་དང་ཁོང་ཚོར་ཁྲིམས་ཞིབ་གང་འདྲ་ཞིག་བྱུང་ཡོད་མེད་ཐེ་ཚོམ་ཡོད་ཅེས་དང༌། ཡང་ཁོང་གིས་གནས་ཚུལ་ཁག་གཅིག་ནང་རྒྱ་ནག་གཞུང་གི་བོད་མི་བཞི་སྲོག་ཐོག་བཏང་ཡོད་པ་གསལ་ཡོད་ཀྱང༌། རྒྱ་ནག་གཞུང་གིས་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་ལས་སྲོག་ཁྲིམས་བཅད་མེད་ཚུལ་བཤད་བཞིན་ཡོད་པ་དང༌། གཞན་བོད་མི་གཉིས་ཀྱི་གནད་དོན་གསལ་པོ་ཤེས་རྟོགས་ཡོང་སླད་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་ལ་འབྲེལ་གཏུག་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།