བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས།

བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས། ༡༽ ༡༩༨༥ ལོར་རྒྱ་ནག་ནང་ཁུལ་དུ་བོད་རིགས་ཀྱི་སློབ་གྲྭ༼རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་སའི་བོད་རིགས་སློབ་མའི་སློབ་གྲྭ་ལ་ཟེར། ཡིག་སྒྱུར་པས༽ ༡༢ ཡོད་པ་དང༌། ༢༠༡༠ ལོར་སློབ་གྲྭ་ཁག་ ༢༩ ཏུ་འཕར་ཞིང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཞིང་ཆེན་ ༢༠ ནང་ཁྱབ། དེ་ཡང་ཀོང་ཏུང་ཞིང་ཆེན་ཁོ་ན་ལས་བོད་རིགས་ཀྱི་སློབ་གྲྭ ༤ ལྷག་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཅིག་པའི”སྐབས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན༼གྲོང་ཁྱེར༽ ༢༠ དང་སློབ་གྲྭ་ ༢༨ ཀྱི་ནང“ཞི་ཙང་པན”ཏེ་བོད་རིགས་ཀྱི་འཛིན་གྲྭ་བཙུགས། ནང་ལོགས་ས་ཁུལ་གྱི་གཙོ་གནད་ཆེ་སའི་མཐོ་འབྲིང་སློབ་གྲྭ་ ༥༨ དང༌། མཐོ་སློབ་ ༡༢༠ ཡིས་བོད་རིགས་ཀྱི་སློབ་མ་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད། ད་ལྟ་ནང་ལོགས་ས་ཁུལ་དུ་བོད་རིགས་ཀྱི་སློབ་ཞུགས་སློབ་མ་ ༢༡༨༠༠ ཡོད་པ་དང༌། “ལོ་ལྔ་ཚན་བཅུའི”སྐབས་དང་བསྡུར་ན་སློབ་མ་ ༧༠༠༠ ཇེ་མང་དུ་སོང༌། འབྱུང་འགྱུར“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་ནང་ལོགས་ས་ཁུལ་དུ་ད་དུང་བོད་རིགས་ཀྱི་མཐོ་འབྲིང་སློབ་མ་ ༡༥༠༠༠ དང༌། མཐོ་སློབ་སློབ་མ་ ༡༢༠༠༠ ། བསྡོམས་ ༢༧༠༠༠ བསྡུ་ལེན་བྱེད་རྒྱུ་ཡིན། ཞེས་གནས་ཚུལ་སྤེལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ་ནས། ཟླ་ ༡ ཚེས་ ༢༠ ཉིན༽
༢༽ ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་ལ་མཇལ་འཕྲད་གནང༌། ཞིས་ཅིན་ཕིང་གིས་མཚོ་འགག་ངོགས་གཉིས་ཀྱིས་ངོགས་གཉིས་ཁྱིམ་ཚང་གཅིག་གི་འདུ་ཤེས་ཡིད་ལ་བཅངས་ནས་བབ་བསྟུན་ལས་སྒྲུབ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་ངོགས་གཉིས་ཞི་བདེ་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་མཚོ་འགག་ངོགས་གཉིས་ཀྱི་མི་དམངས་མང་ཚོགས་ལ་ཕན་བདེ་སྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་བསམ་འདུན་མངོན་གྱུར་བྱེད་དགོས། ཞེས་བཤད། ཞིས་ཅིན་ཕིང་གིས་གསུངས་དོན། ལོ་རྒྱུས་དང་དོན་དངོས་ཀྱི་དབང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ཐད་གནད་དོན་གང་མང་དུས་ཚོད་ངེས་ཅན་ཞིག་གི་ནང་ཐག་གཅོད་དཀའ་མོད། འོན་ཀྱང་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པས་གཅིག་མཐུན་གྱི་ཁྲག་དྲོན་དང༌། གཅིག་མཐུན་གྱི་རིག་གནས། གཅིག་མཐུན་གྱི་འབྲེལ་བ། གཅིག་མཐུན་གྱི་བསམ་འདུན་བཅས་ཡོད་པ་འདི་ནི་ངོགས་གཉིས་ཀྱི་ལས་དོན་ཁག་འཕེལ་རྒྱས་གཏོང་བའི་ནུས་ཤུགས་གལ་ཆེན་ཡིན་པ་སྟེ། གཅིག ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་ང་ཚོའི་བར་གྱི་ཤ་དང་རུས་པ་ལྟ་བུའི་འབྲེལ་བ་དེ་སུ་ཞིག་གིས་ཀྱང་མེད་པར་བཟོ་མི་ཐུབ། གཉིས། ངོགས་གཉིས་ཀྱི་སྤུན་ཟླའི་ལས་དབང་གཅིག་ཏུ་འབྲེལ་པས་ཕན་ཚུན་བར་གྱི་སེམས་ཀྱི་མདུད་པ་དཀྲོལ་མི་ཐུབ་པ་མེད། གསུམ། ངོགས་གཉིས་ཀྱི་སྤུན་ཟླས་བློ་སེམས་གཅིག་ཏུ་སྒྲིལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། བཞི། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་བློ་སེམས་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་གྱུར་བྱེད་དགོས། ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༡ ཚེས་ ༢༠ ཉིན༽
༣༽ ཉེ་ཆར་གླིང་ལྔ་ཁྱབ་སྤེལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དབྱིན་བསྒྱུར≪ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ≫ཞེས་པའི་དཔེ་དེབ་ཅིག་པེ་ཅིན་དུ་འགྲེམ་སྤེལ་བྱས། དེ་ཡང་དཔེ་དེབ་འདི་ནི་ལོ་རྒྱུས་ཀྱི་ཡིག་ཆ་གཞིར་བཟུང་སྟེ་ལོ་རིམ་ལོ་རྒྱུས་ཀྱི་སྒྲིག་ལུགས་ལྟར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དེ་ཉིད་ལོ་བརྒྱད་བཅུར་སླེབས་ལ་ཉེ་བའི་སྐུ་ཚེའི་མྱོང་བརྒྱུད་བརྗོད་ཡོད་ལ། འདི་ནི་རྒྱལ་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཞིབ་ཕྲའི་ངང་ཟིན་བྲིས་དང་དཔྱད་བརྗོད་སྤེལ་པའི་ཐོག་མའི་ཆེད་དམིགས་རྩོམ་དེབ་དེ་རེད་ཟེར། དཔེ་དེབ་དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་དང་ཐོག་ཞི་བའི་བཅིངས་འགྲོལ་ལ་བརྩི་བཀུར་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང༌། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞི་ལ་བསྟོད་བསྔགས་གནང་ཡོད་པ་མ་ཟད། ས་ཐག་རིང་པོ་ནས་པེ་ཅིན་དུ་ཕེབས་ཏེ་རྒྱལ་དོན་ཚོགས་འདུར་ཞུགས་པ་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་བདམ་ཐོན་བྱུང་བའི་ལོ་རྒྱུས་བཀོད་ཡོད། དེ་ནས་ཏཱ་ལའི་བླ་མས་བཙན་བྱོལ་ནང་ཐོག་མར་དཀའ་སྡུག་མྱངས་པའི་སྐོར་དང༌། ད་དུང་ཉེ་བའི་ལོ་འགའ་རིང་རྒྱལ་སྤྱིའི་སྟེང་བྱ་སྤྱོད་སྤེལ་པའི་སྐོར་བརྗོད་ཡོད། དུས་མཚུངས་སུ་དཔེ་དེབ་དེའི་ནང་དུ་རྩ་ཆེ་བའི་ལོ་རྒྱུས་ཀྱི་འདྲ་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲི་མངའ་གསོལ་གནང་སྐབས་ཀྱི་སྐུ་པར་ནང་ཚུད་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་བཅས་ཀྱིས་མའོ་ཙེ་ཏུང་ལ་མཇལ་འཕྲད་གནང་བའི་པར་རིས་དང༌། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་དང་བོད་ལྗོངས་ས་གནས་སྲིད་གཞུང་གི་སྐུ་ཚབས་རྣམ་པས་ཀྲུང་ནན་ཧའེ་ནས≪ཆིངས་ཡིག་དོན་ཚན་བཅུ་བདུན་པ≫འཇོག་སྐབས་ཀྱི་འདྲ་པར། མའོ་ཙེ་ཏུང་དང་ཏཱ་ལའི་བླ་མས་ཕན་ཚུན་བཏང་བའི་ཡི་གེ་ཕྱག་བསྟར་མ་སོགས་པར་རིས་བཅུ་གྲངས་འགའ་བཅུག་ཡོད་ཟེར།
≪ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ≫ཞེས་པའི་དཔེ་དེབ་འདི་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོའི་མཐའ་མཚམས་ལོ་རྒྱུས་ས་རྒྱུས་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་སུང་ཧོང་ཉན་དང༌། ཀྲང་ཡུན་ཕན། ལིས་ཧྲིན་བཅས་ཀྱིས་མཉམ་དུ་རྩོམ་སྒྲིག་གནང་བའི≪ཤམ་བྷ་ལ་ནས་ལམ་བརླག་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བརྗོད་པ≫ཞེས་པའི་ ༢༠༡༡ ལོར་པར་སྐྲུན་བྱས་པའི་རྒྱ་ཡིག་གི་དེབ་དེ་ལས་ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་འགྱུར་ཞུས་པ་ཝང་གོ་ཀྲིན་གྱིས་དབྱིན་ཡིག་ཏུ་ཕབ་བསྒྱུར་བྱས་པ་ཞིག་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། http://www.tibet.cn/news/szxw/201401/t20140122_1969129.htm  ཟླ་ ༡ ཚེས་ ༢༢ ཉིན༽
༤༽ མཚོ་དམག་གིས་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ནས་དམག་མི་གསར་པ་བོད་རིགས་ཀྱི་བུ་མོ་བཅུ་བསྡུ་ལེན་བྱས་པ་རྣམས་ལ་མིག་སྔར་དམག་གསར་སྦྱོང་བརྡར་ལེགས་གྲུབ་བྱུང་བ་དང༌། དེ་དག་ཤར་མཚོ་དམག་གྲུའི་རུ་ཁག་དང༌། ལྷོ་མཚོ་དམག་གྲུའི་རུ་ཁག བྱང་མཚོ་དམག་གྲུའི་རུ་ཁག ལའོ་ཉིན་མཁའ་བསྐྱོད་མ་གྲུ(Aircraft carrier 辽宁舰) བཅས་སུ་ལས་གནས་བགོ་བཤའ་བརྒྱབ་འདུག མིག་སྔར་ལའོ་ཉིན་མཁའ་བསྐྱོད་མ་གྲུའི་སྟེང་དམག་ཞབས་ཞུ་བཞིན་པའི་བོད་རིགས་ཀྱི་བུ་མོ་བཞི་སྟེ། སྔར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་རྒྱལ་མཚན་སྒྲོལ་མ་དང༌། སྔར་པེ་ཅིན་དེང་རབས་དོ་དམ་རིག་པ་སློབ་གྲྭ་ཆེན་མོའི་སློབ་མ་པ་སངས་སྒྲོལ་མ། སྔར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཆོས་དབྱངས་ལྷ་མོ་དང་དབྱངས་ཅན་ཆོས་འཛོམས་བཅས་ཡིན་པ་རེད། འདི་དག་ལས་ཆབ་མདོའི་བུ་མོ་རྒྱལ་མཚན་སྒྲོལ་མས་མེ་བསོད་སྦྱོང་བརྡར་དང༌། ཟགས་འགོག ཐུམ་རྒྱག ཐག་པར་མདུད་པ་རྒྱག་པ། འགོག་སྲུང་སོགས་ཀྱི་དངོས་སྤྱོད་སློབ་ཚན་དཔྱད་ཞིབ་གནང་སྐབས་སྦྱངས་འབྲས་ཨང་དང་པོ་བླངས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༢ ཚེས་ ༨ ཉིན༽
༥༽ ལྷོ་ཆུ་བྱང་འདྲེན་གྱི་ལས་གཞིའི་ནང་ཤར་ཐིག་དང་བར་ཐིག་ལས་གཞི་སྔ་ཕྱིར་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་ཆུ་གཏོང་འགོ་བཙུགས་ཚར་ཡོད་མོད། འོན་ཀྱང་ ༢༠༠༢ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི≪ལྷོ་ཆུ་བྱང་འདྲེན་ལས་གཞིའི་སྤྱིའི་འཆར་འགོད≫ནང་གཏན་འབེབས་བྱས་པའི་ ༢༠༡༠ ལོར་ནུབ་ཐིག་ལས་གཞི་ལས་འགོ་བརྩམས་དགོས་ཞེས་པ་ད་དུང་རྩོམ་ཐུབ་མེད་པས། རྒྱལ་ཡོངས་ཀྱི་ལས་རིགས་ཁག་གིས་དེར་དོ་སྣང་རྒྱ་ཁྱབ་གནང་གི་ཡོད་པ་དང་ནུབ་བརྒྱུད་མི་དམངས་ཀྱིས་མགོ་བཏེག་རྟིང་བཀྱགས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ཟེར། དེ་ཡང་ལྷོ་ཆུ་བྱང་འདྲེན་གྱི་ནུབ་ཐིག་ལས་གཞི་ཟེར་བ་ནི་ཡར་ཀླུང་གཙང་པོའི་ཆུ་ལྷོ་ནུབ་ཕྱོགས་ཀྱི་རྒྱལ་མོ་རྔུལ་ཆུ་དང༌། རྫ་ཆུ། འབྲི་ཆུ། ཉག་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཅས་སུ་འབྲེལ་མཐུད་བྱས་ཏེ་སི་ཁྲོན་རྔ་བའི་ཧྥིན་ཧྲུའེ་ལིན༼སྒྲི་བསྒྱུར༽བརྒྱུད་རྨ་ཆུའི་ནང་བཞུར་དུ་འཇུག་རྒྱུ་དང༌། འདིའི་ཆུ་འདྲེན་བསྡོམས་གྲངས་སྨ་ཊ་གྲུ་བཞི་ལྷམ་པ་དུང་ཕྱུར་ ༢༠༠༦ ཡིན་ཚུལ་བཤད། གཞན་ད་དུང་ཉག་ཆུའི་འགྲམ་གྱི་མཐོ་ཚད་རྒྱ་མཚོ་ངོས་ནས་སྨ་ཊ་ ༣༥༨༤ མཚམས་སུ་རི་ལ་ཕུག་ལམ་བཞི་བརྒྱབ་སྟེ་དཀར་ལྷ༼སྒྲ་བསྒྱུར༽རི་བོ་ནས་མཚོ་བོད་ལྕགས་ལམ་བརྒྱུད་གདོང་ལ་རི་བོ་བརྒལ་ཏེ་ཀེ་ལོ་སྨ་ཊ་ ༡༡༠༠ བརྒྱུད་མཚོ་སྔོན་ན་གོར་མོར་དྲངས་རྗེས་ཆུ་བོ་དེ་གཉིས་སུ་བགོས་ནས་གཅིག་ཤིན་ཅང་གི་ལྷོ་ཕྱོགས་ས་ཁུལ་དང༌། ཅིག་ཤོས་དེ་རྨ་ནུབ་དོག་ལམ་ས་ཁུལ་དུ་འདྲེན་རྒྱུ་རེད། དེའི་ཆུ་འདྲེན་བསྡོམས་གྲངས་སྨ་ཊ་གྲུ་བཞི་ལྷམ་པ་དུང་ཕྱུར་ ༤༠༠ ཡིན་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༢ ཚེས་ ༡༤ ཉིན༽
༦༽ ཉེ་ཆར་མི་དམངས་དྲ་བའི་གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་དོན་ལྟར་ན། སི་ཁྲོན་དཀར་མཛེས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལོ་འདིའི་ནང་སྐྲུན་འགོ་འཛུགས་རྒྱུ་ཡིན་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༢ ཚེས་ ༢༠ ཉིན༽
༧༽ ཟླ་ ༢ ཚེས་ ༢༡ ཉིན་གྱི་དགོང་མོར་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སུའེ་ཡིས་ཀྲུང་གོར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་བྱེད་ལས་འཛིན་ཁང་ནཱར་མཇལ་འཕྲད་གནང་སྟེ། ཨ་རིའི་སྲིད་འཛིན་ཨའོ་པ་མ་ཡིས་ཀྲུང་གོས་ངོ་རྒོལ་ཚབས་ཆེན་བྱས་པ་སྣང་མེད་དུ་བསྐྱུར་ཏེ་ཨུ་ཚུགས་ཀྱིས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་པར་ཁ་རྡུང་དྲག་པོ་བཏང་ཟེར།
ཀྲང་ཡེ་སུའེ་ཡིས་ཨ་རིའི་ནོར་འཁྲུལ་གྱི་བྱ་སྤྱོད་འདིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་མ་ཟད། ཨ་རིའི“བོད་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་ཅེས་པའི་ཁས་ལེན་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང༌། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་པ། ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་བྱས་པ་བཅས་ཡིན་པས། ཀྲུང་གོའི་ཕྱོགས་ནས་ཨ་རིའི་བྱ་སྤྱོད་འདིར་ངོ་རྒོལ་མཐའ་གཅིག་ཏུ་ནན་པོ་བྱེད་ཀྱི་ཡིན་ཞེས་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༢ ཚེས་ ༢༢ ཉིན༽
༨༽ བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་གཞི་གྲངས་ལྟར་ན། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གཙོ་བོ་བོད་ལྗོངས་སུ་ན་ནིང་དབྱར་རྩྭ་དགུན་འབུ་ཀེ་ལོ་ ༥༣༧༠༠.༦༥ བཏུས་ཤིང༌། ལོ་གོང་མའི་དུས་མཉམ་དང་བསྡུར་ན་ ༥༠% འཕར་འདུག་ཟེར། དེ་ཡང་ན་ནིང་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གཙོ་བོ་ས་ཁུལ་དག་ཏུ་ཆར་ཆུ་འཛོམས་པ་དང་གནམ་གཤིས་ལོ་སྔོན་མ་ལས་བཟང་ཞིང་དབྱར་རྩྭ་དགུན་འབུའི་སྐྱེས་སའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་སྟབས་ཐོན་ཚད་ལོ་སྔོན་མ་ལས་མང་དུ་ཕྱིན་པ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༢ ཚེས་ ༢༤ ཉིན༽
༩༽ ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་གཞོན་པ་སྐལ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མ་དངུལ་སྒོར་དུང་ཕྱུར་ ༡༢.༤ བཏང་སྟེ་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༤ ཉིན་རྨང་བཏིང་བའི་མཚོ་སྔོན་མགོ་ལོག་ཁུལ་རྟ་བོ་གནམ་གྲུ་ཐང་དེ་ ༢༠༡༦ ལོར་སྤྱོད་འགོ་ཚུགས་རྒྱུ་ཡིན་ཚུལ་བཤད། ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༢ ཚེས་ ༢༥ ཉིན༽
༡༠༽ ཟླ་ ༢ ཚེས་ ༢༤ ཉིན་ཕྱི་འབྲེལ་པུའུ་ཡི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་སྔོན་ཨ་རིའི་ཕྱོགས་ཀྱིས་སྤྱི་དམངས་ཀྱི་བདེ་འཇགས་དང༌། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་སྒྲུབ་འགན་ཁུར་བའི་རྒྱལ་དོན་འགོ་འཛིན་གཞོན་པ་ཞིའུ་ཨེར“བོད་ཀྱི་གནད་དོན་གྱི་དམིགས་བསལ་བར་སྡུམ་པ”གསར་པར་བསྐོ་བཞག་གནང༌། ཀྲུང་གོས་དོན་དེར་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་ཅེས་དྲི་བ་དྲིས་པས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གང་ཞིག་གིས“བོད་ཀྱི་གནད་དོན”ཞེས་པར་བརྟེན་ནས་ཀྲུང་གོ་སྲིད་གཞུང་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིས་བསྐོས་པའི“བོད་ཀྱི་གནད་དོན་གྱི་དམིགས་བསལ་བར་སྡུམ་པ”ཞེས་པར་ཐོག་མ་ཉིད་ནས་ཁས་ལེན་བྱེད་མྱོང་མེད་ལ་ཕྱིན་ཆད་ཀྱང་ཁས་ལེན་གཏན་ནས་བྱེད་མི་སྲིད། ཅེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༢ ཚེས་ ༢༥ ཉིན༽
༡༡༽ ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དྲ་ཚུགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ ༢ ཚེས་ ༢༡ ཉིན་འཚོགས་པའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལས་བྱེད་པའི་ཚོགས་འདུའི་ཐོག་ནོར་བུ་རྒྱལ་མཚན་གྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་དང༌། ཏང་ཨུད་རྒྱུན་ཨུ། ཏང་ཨུད་ཨུ་ཡོན། སློབ་གཙོ་གཞོན་པ་བཅས༼ནས་གནས་དབྱུང་བཏང་འདུག༽ཀྱི་འགན་ཁུར་རྒྱུ་མིན་པ་གཏན་འབེབས་བྱས་པ་དང༌། བློ་མཐུན་ཕན་ཅིན(边境)ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅིར་བསྐོ་བཞག་བྱས་པ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༢ ཚེས་ ༢༥ ཉིན༽
༡༢༽ ཟླ་ ༢ ཚེས་ ༢༤ ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུ་དང་ཀྲུང་ཧྭའི་སྲོལ་རྒྱུན་བཟང་སྤྱོད་དར་སྤེལ་གཏོང་རྒྱུའི་སྐོར་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གསུམ་པ་བྱས་ཟེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུ་དེ་བློ་སེམས་གོང་བུ་སྒྲིལ་བ་དང་རྨང་རྩ་གཉིས་བརྟན་བྱ་རྒྱུའི་རྨང་གཞིའི་ལས་གཞིར་བཟུང་ནས་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་བཟང་སྤྱོད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཞིང༌། མི་རྣམས་ཀྱིས་སྤྱོད་བཟང་ལ་དང་དོད་དང༌། སྤྱོད་བཟང་ལ་བཀུར་བ། སྤྱོད་བཟང་སྲུང་བ་བཅས་བྱ་རྒྱུ། བླ་ན་མེད་པའི་སྤྱོད་བཟང་དང་ཕུགས་བསམ་བརྩོན་གཉེར་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་སྤྱོད་བཟང་གི་རྨང་གཞི་སྲ་བརྟན་རྒྱུན་ཆད་མེད་པར་གཏོང་དགོས། ཞེས་ནན་བཤད་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༢ ཚེས་ ༢༦ ཉིན༽
༡༣༽ ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་བསམ་པའི་ཀུན་སྤྱོད་འཛུགས་སྐྱོང་གི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་ལས་དོན་ལ་གཙིགས་མཐོང་བྱེད་པ་དང༌། ཀུན་སྤྱོད་ཁྱབ་ཁོངས་ཀྱི་ལྷུ་ལག་ཞན་སར་དམ་འཛིན་ཤུགས་ཆེར་བྱས་པས། ན་སོ་དར་ལ་མ་བབས་པའི་མིའི་བསམ་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་གྲུབ་འབྲས་ཐོབ་ནས་སྤྱི་ཚོགས་ཀྱིས་ཁས་ལེན་དང༌། ཁྱིམ་བདག་བློ་ཡིད་ཚིམ་པ། ཕྲུ་གུར་ཕན་པ་ཐོབ་པ་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་ཐོབ་ཡོད་ཟེར། འབྱུང་འགྱུར་ན་སོ་དར་ལ་མ་བབས་པའི་མིའི་བསམ་པའི་ཀུན་སྤྱོད་ཀྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་སློབ་གསོ་དང༌། རྒྱལ་གཅེས་རིང་ལུགས། མི་རིགས་མཐུན་སྒྲིལ། བཀའ་དྲིན་ཚོར་བ་སོགས་ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་གཞོན་ནུ་ལོ་ཆུང་དག་གི་ཡང་དག་པའི་འཇིག་རྟེན་ལྟ་བ་དང༌། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་སྣེ་ཁྲིད་ཡག་པོ་བྱེད་རྒྱུ་ཞེས་གནས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ནས། ཟླ་ ༢ ཚེས་ ༢༦ ཉིན༽
༡༤༽ ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་སྤེལ་བའི་གཞི་གྲངས་ལ་གཞིགས་ན། ༢༠༡༣ ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཁྱོན་བསྡོམས་མི་ཐེངས་ཁྲི་ ༧༩༨.༩༤ ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་ ༨༢.༡༦ མངོན་གྱུར་བྱས། ཡུལ་སྐོར་ལས་རིགས་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང༌། ལས་ཞུགས་ལ་སྐུལ་འདེད་བྱེད་པའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༢ ཚེས་ ༢༦ ཉིན༽
༡༥༽ ཟླ་ ༢ ཚེས་ ༢༦ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་འདུ་པས་ཚོགས་ཆུང་ཁག་བགོས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་གནང་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་བསྡུར་བྱས་པ་དང༌། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ནང་ཞུགས་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༢ ཚེས་ ༢༧ ཉིན༽
༡༦༽ ཟླ་ ༢ ཚེས་ ༢༡ ཉིནྋགོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཨའོ་པཱ་མ་མཇལ་འཕྲད་གནང་རྗེས་རྒྱ་ནག་གཞུང་གི་ཤིན་ཧྭ་གསར་འགྱུར་ཁང་གཙོ་བྱས་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུྋགོང་ས་མཆོག་ལ་སྐྱོན་མིན་སྐྱོན་བརྗོད་ཀྱི་སུན་འབྱིན་རྩོམ་ཡིག་གང་མང་སྤེལ་འདུག དེ་ཡང་ཤིན་ཧྭ་གསར་འགྱུར་ཁང་གི་ཅི་ཞོན་ཞེས་པས། ཏཱ་ལའི་བླ་མས་བསྐོར་འཚོང་བྱེད་བཞིན་པའི“དབུ་མའི་ལམ”ཞེས་པ་དོན་དངོས་ཐོག་ཅི་ཞིག་རེད་དམ། ཞེས་པ་དང༌། ཤིན་ཧྭ་གསར་འགྱུར་ཁང་གི་དྲ་ཐོག་ཏུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་ལན་ཞང་མིན་ཞེས་པས། ཏཱ་ལའི་དང་ཨ་རི་གཉིས་ཀྱིས་ཀྲུང་གོར་རྒོལ་པའི་བཞད་གད་སློང་བའི་ཟློས་གར་བསྐྱར་དུ་འཁྲབ་སྟོན་བྱས། ཞེས་དང༌། མི་དམངས་ཉིན་རེའི་ཚགས་པར་ནས། ཁ་དན་ཚིག་ལ་མི་གནས་ན་ཨ་རི་རང་ཉིད་ཀྱི་ཁེ་ཕན་ལ་གནོད་ཀྱི་རེད། ཅེས་དང༌། ཤིན་ལང་དྲ་བ་ནས་ཀྲུང་ཤིན་གསར་འགྱུར་ཁང་གི་གསར་འགོད་པ་ཧྲི་ཡན་ཞེས་པས། ཏཱ་ལའི་བླ་མས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་དང་དཔུང་རོགས་འགུགས་གཏོང་བྱེད་མི་དགོས། བོད་ཀྱི་གནད་དོན་ཐད་གྲོས་མོལ་གྱི་སྒོ་ཆེན་ཐོག་མཐའ་བར་གསུམ་དུ་ཕྱེས་བསྡད་ཡོད། ཅེས་པ་ལ་སོགས་སྔོན་བཞིན་ཚིག་རོ་རྙོག་བཤད་གང་མང་བྱས་འདུག ༼ཆ་འཕྲིན་འབྱུང་ཁུངས། གོང་གསལ་དྲ་ཚུགས་ཁག་ནས། ཟླ་ ༢ ཚེས་ ༢༢ ༢༣ ༢༥ བཅས་སུ༽
༡༧༽ ཟླ་ ༢ ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཁྲིན་ཆོན་ཀུའོ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཉིས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་འགན་འཛིན་དབྱང་ཁྲུང་ཧུའེ་དང་མཇལ་འཛོམས་བྱས། དེ་ཡང་ཀྲུང་དབྱང་གི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བས་ཀྲུང་དབྱང་གི་བླང་བྱ་ལྟར་བོད་རང་སྐྱོང་ལྗོངས་ཏང་ཨུད་ལ་དམ་པོར་བརྟེན་ནས་ལས་དོན་སྤེལ་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང༌། བསམ་འཆར་རྒྱ་ཆེར་ངང་ཉན་པ། གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བྱེད་པ། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་མཉམ་དུ་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པར་དམ་འཛིན་ཡག་པོ་དང་ནན་པོ་བྱས་ཏེ་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན། ང་ཚོས་རེ་བར་རང་སྐྱོང་ལྗོངས་ཀྱིས་ཕྱོགས་གཅིག་ནས་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོར“ཕྱིར་མིག་ལྟ་བའི”ལས་དོན་ཡག་པོ་སྒྲུབ་པ་དང༌། དུས་མཚུངས་སུ་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་ཏན་ཏིག་ངང་ཡག་པོ་སྤེལ་དགོས། ཕྱོགས་གཞན་ཞིག་ནས་གཅིག་ལྕོགས་ལྟ་རྟོག་གི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དེ་བོད་ཀྱི་སྒྱུར་བཅོས་དང༌། འཕེལ་རྒྱས། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་མ་ཐེབས་པ་བྱེད་དགོས། ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༢ ཚེས་ ༢༨ ཉིན༽
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༤ ལོའི་ཟླ་ ༣ ཚེས་ ༡ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།