བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས།

སྤྱི་ལོ་ ༢༠༡༤  ལོའི་ཟླ་ ༣ ཚེས་ ༡ ཉིན་ནས་ཚེས་ ༡༥ ཉིན་བར། ༡༽ ཟླ་ ༣ ཚེས་ ༡ ཉིན་གྱི་དགོང་མོར་ཡུན་ནན་ཞིང་ཆེན་ཁུན་མིན་མེ་འཁོར་འབབ་ཚུགས་སུ་གཏུམ་སྤྱོད་འཇིགས་སྐུལ་གྱོད་གཞི་ཚབས་ཆེན་ཞིག་བྱུང་ཞིང༌། སྤྱི་བདེ་པུའུ་ཡིས་ཡུན་ནན་དང༌། ཤིན་ཅང༌། ལྕགས་ལམ་སོགས་ལ་ཡོད་པའི་སྤྱི་བདེ་ལས་ཁུངས་དང་སྲིད་ཁྲིམས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཟླ་ ༣ ཚེས་ ༣ ཉིན་གྱི་ཕྱི་དྲོར་གྱོད་གཞི་རྩད་ཆོད་ཡོད་པ་དང༌། གྱོད་གཞི་དེ་ནི་ཨ་པུ་ཏུའུ་རེ་དབྱི་མུའུ་ ཁཱུར་པན་བྱེད་གཏེ་ཡིན་པ་གཏུམ་སྤྱོད་འཇིགས་སྐུལ་རུ་ཚོགས་ཀྱིས་ཉེས་གསོག་བྱས་པ་རྩད་གཅོད་གསལ་པོ་བྱུང༌། ཚོགས་པ་དེར་ཚོགས་མི་སྐྱེས་པ་ ༦ དང་བུད་མེད་ ༢ བཅས་མི་ ༨ ཡོད་པ་དང༌། གཏུམ་སྤྱོད་འཇིགས་སྐུལ་བྱེད་ས་དེ་རང་དུ་གཏུམ་སྤྱོད་པ་ ༤ སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བསད། གཏུམ་སྤྱོད་པ་བུད་མེད་ ༡ ལ་མེ་མདའ་ཕོག་ནས་འཛིན་བཟུང་བྱས་ཤིང༌། གཏུམ་སྤྱོད་པ་གཞན་དག་ ༣ ཡང་སྔ་རྗེས་སུ་འཛིན་བཟུང་བྱས་པ་རེད་ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༤ ཉིན༽
༢༽ ཟླ་ ༣ ཚེས་ ༣ ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་ཤིང༌། སླད་ཕྱིན་ཉིན་དགུའི་ནང་སྲིད་གྲོས་ཨུ་ཡོན་ ༢༠༠༠ ལྷག་ཙམ་གྱིས་ཆབ་སྲིད་གྲོས་མོལ་དང༌། དམངས་གཙོའི་ལྟ་སྐུལ། སྲིད་གཞུང་སྲིད་གྲོས་བཅས་ཀྱི་འགན་འཁྲི་འཁུར་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐུན་མོང་གི་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་བ་དང༌། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་ཆེད་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བྱ་རྒྱུ་ཡིན་ཚུལ་དང༌།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཕེབས་དགོས་པའི་ཨུ་ཡོན་ ༢༢༢༩ ཡོད་པ་དང༌། དངོས་སུ་ཕེབས་པའི་ཨུ་ཡོན་ ༢༡༧༢ ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་པ་རེད། ཡུས་ཀྲེང་ཧྲིན་གྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚབ་བྱས་ཏེ་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་ཞིང༌། ཁོང་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་བྱས། ཁོང་གིས་ ༢༠༡༣ ལོ་ནི་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱིས་བྱ་གཞག་རྒྱུན་འཛིན་བྱེད་རིང་དང༌། གསར་གཏོད་དང་གསར་གཏོད་བྱེད་རིང་འཕེལ་རྒྱས་གཏོང་བའི་ལོ་གཅིག་ཀྱང་ཡིན། ་་་་་་་་་ ༢༠༡༤ ལོ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལེགས་གྲུབ་ཡོང་བའི་ལོ་དེའང་ཡིན། ་་་་་་་་ ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༣ ཚེས་ ༤ ཉིན༽
༣༽ ཟླ་ ༣ ཚེས་ ༥ ཉིན་ BBC རྒྱ་ཡིག་དྲ་ཚུགས་ནས་རྒྱ་དམར་གྱི་དཔོན་རིགས་ཟུར་པ་ཞིག་གིས། པེ་ཅིང་གིས་ཏཱ་ལའི་བླ་མ་ཕྱིར་བོད་ནང་དུ་ཕེབས་བཅུག་དགོས་ཞེས་འབོད་སྐུལ་གནང་འདུག དེ་ཡང་རྒྱ་དམག་བོད་དུ་ནང་འདྲེན་བྱེད་མཁན“བོད་པ་དམར་པོ”ཞེས་རྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕུན་ཚོགས་དབང་རྒྱལ་གྱིས། པེ་ཅིང་གིས་ཏཱ་ལའི་བླ་མ་ཕྱིར་བོད་ནང་དུ་ཕེབས་བཅུག་དགོས་ཞེས་འབོད་སྐུལ་གནང་འདུག གཟའ་འཁོར་འདིའི་ནང་ཧོང་ཀོང་གི་དུས་རབས་གསར་པ་དཔེ་སྐྲུན་ཁང་ཞིག་གིས་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི≪འདྲ་མཉམ་མཐུན་སྒྲིལ་གྱི་བཤུལ་ལམ་རིང་པོ།≫ཞེས་དཔེ་དེབ་འདི་པར་བསྐྲུན་བྱེད་རྒྱུ་ཡིན་ཞིང༌། དེབ་དེའི་ནང་མི་ཧང་སངས་དགོས་པ་ཞིག་ནི། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་དྲན་སྐུལ་བྱས་དོན། མི་རིགས་ཀྱི་སྲིད་ཇུས་ནི་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་དང་དབང་ཆ་ལ་སྲུང་སྐྱོང་བྱེད་རྒྱུ་རྨང་གཞི་བྱེད་དགོས་པ་ཡིན། གལ་ཏེ་དེ་ལས་ལྡོག་ན་ཁ་གཏད་དུ་ལངས་རྒྱུའི་གནད་དོན་འབྱུང་གི་རེད། པེ་ཅིང་གིས་ཐའེ་ཝན་གྱི་དབུ་ཁྲིད་པར་སྤྱོད་ཚུལ་འཛིན་སྟངས་ནང་བཞིན་ཏཱ་ལའི་བླ་མར་ཡང་དེ་ལྟར་སྤྱོད་ཚུལ་བཟུང་སྟེ་འདས་པའི་སྡང་འཛིན་རྣམས་མེད་པར་བཟོས་ན་མཇུག་མཐར་བོད་རྒྱ་མི་རིགས་གཉིས་ཞི་བདེ་མཉམ་གནས་ཡོང་བ་ལས་བོད་དུ་ཟིང་ཆ་ལངས་ཀྱི་མ་རེད། ཡིན་ནའང་པེ་ཅིང་སྲིད་གཞུང་ཏཱ་ལའི་བླ་མ་འཚོ་བཞུགས་ཀྱི་སྐབས་འདིར་འབད་བརྩོན་མ་གནང་པར་བསྡད་ན། རྗེས་སུ་ཏཱ་ལའི་བླ་མ་མ་བཞུགས་པའི་སྐབས་སུ་ཆག་སྒོ་སྔར་ལས་ཆེ་བ་ཡོང་ངེས་ཡིན། ཁོང་གིས་ད་དུང་མེ་མདའ་མེ་སྒྱོགས་དང་མི་དམངས་ཤོག་སྒོར་ཁོ་ནས་བོད་ལ་བརྟན་ལྷིང་བརྗེ་སྤྲོད་བྱེད་ཐུབ་ཀྱི་མ་རེད་ཅེས་རྒྱ་དམར་གཞུང་གི་མི་རིགས་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས། དེ་བཞིན་ཁོང་གིས་ཀྱང་ཀྲུང་གོའི་དབུ་ཁྲིད་པར་ཐ་ཚིག་སྒྲོག་དོན། བཙན་རྒྱལ་གྱི་བསམ་བློ་ཡོད་མི་རུང༌། དེ་མིན་མང་ཚོགས་དང་གདོང་གཏུག་འབྱུང་རྒྱུ་ཇེ་མང་ནས་ཇེ་མང་དུ་འགྲོ་གི་རེད། ཅེས་གསུངས་འདུག ཕུན་དབང་གི≪འདྲ་མཉམ་མཐུན་སྒྲིལ་གྱི་བཤུལ་ལམ་རིང་པོ།≫ཞེས་པའི་དཔེ་དེབ་འདི་ནི་ཁོང་གི་ཆབ་སྲིད་ཀྱི་ཐུགས་འདུན་དང་ཞལ་ཆེམས་ཀྱང་ཡིན་ཞེས་གནས་ཚུལ་སླེལ་འདུག ༼ཆ་འཕྲིན་འབྱུང་ཁུངས། BBC རྒྱ་ཡིག་དྲ་ཚུགས་ནས། ཟླ་ ༣ ཚེས་ ༥ ཉིན༽
༤༽ པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་བཞིན་པའི་ཨུ་ཡོན་རིན་ཆེན་རྒྱལ༼མཚོ་སྔོན༽་དང་ཀྲང་ཀྲོའུ་ཕིང་གཉིས་ཀྱི་ཚོགས་ཆེན་དུ་གྲོས་གཞི་ཞིག་བཏོན་ཏེ་རྒྱལ་ཁབ་ཀྱིས་ལྷོ་ཆུ་བྱང་འདྲེན་གྱི་ནུབ་ཐིག་ལས་གཞི་མགྱོགས་སུ་འགོ་འཛུགས་དགོས་པ་བཤད་འདུག དེ་ཡང་ལྷོ་ཆུ་བྱང་འདྲེན་གྱི་ནུབ་ཐིག་ལས་གཞི་མགྱོགས་སུ་འགོ་འཛུགས་ཐུབ་པ་བྱུང་ན། དེ་ནི་ནུབ་བརྒྱུད་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་དང༌། ཤར་ནུབ་ས་ཁུལ་བར་གྱི་ཧེ་བག་ཆུང་དུ་གཏོང་བ། ཤིན་ཅང་དང་བོད་བརྟན་ལྷིང་ཡོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཚུལ་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ནས། ཟླ་ ༣ ཚེས་ ༥ ཉིན༽
༥༽ རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྟན་གོ༼མཚོ་སྔོན༽་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་འབོད་སྐུལ་གནང་དོན། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་ཁྲོད་མ་དངུལ་ཆད་སྐྱོན་བྱུང་བའི་གནད་དོན་མྱུར་དུ་ཐག་གཅོད་ཡོང་བར་ཤུགས་རྒྱབ་སྟེ་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང༌། དམངས་འཚོ་ལེགས་བཅོས། ས་ཁུལ་འཕེལ་རྒྱས་བཅས་བར་ཀྱི་འགལ་ཟླ་དག་ཕན་ནུས་ལྡན་པའི་ངང་ཐག་གཅོད་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་གཙང་བཅོས་ཡོང་བར་སྐུལ་འདེད་བྱེད་དགོས་ཞེས་བཤད་འདུག བསྟན་གོས་ད་དུང་ངོ་སྤྲོད་བྱས་དོན་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་སློབ་གསོའི་གྲོན་དངུལ་ནང་ཚུད་ཀྱི་གཞན་ཡུལ་དུ་སློབ་གྲྭ་འཛུགས་པ་དང༌། ཞིང་འབྲོག་པར་ནུས་རྩལ་སྦྱོང་བརྡར། སྐྱེ་ཁམས་གནས་སྤོས་ཡུལ་མིར་འབུད་ཤིང་མཁོ་སྤྲོད། སྐྱེ་ཁམས་གནས་སྤོས་ཡུལ་མིའི་ལས་ལམ་གསར་འབྱེད་ལ་སོགས་རྣམ་གྲངས་ ༡༡ ཐད་ཀྱི་ཞིབ་ཕྲའི་ཁ་གསབ་སྲིད་ཇུས་ལག་བསྟར་ནང༌། ལོ་རེར་མ་དངུལ་སྒོར་དུང་ཕྱུར་ ༥༠ དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཀྲུང་དབྱང་གིས་རང་ཞིང་༼མཚོ་སྔོན་ཞིང་ཆེན༽ལ་གནང་བའི་ཁ་གསབ་མ་དངུལ་རྣམས་ཕུད་ད་དུང་མ་དངུལ་ཆད་ཁོངས་སྒོར་དུང་ཕྱུར་ ༣༠ ཡོད་པས། སྐྱིན་ཚབ་དང༌། ཁ་གསབ། རོགས་དངུལ་སོགས་ཁ་བཤད་ལག་བསྟར་བྱེད་ཐབས་བྲལ་བའི་དབང་གིས་སྐྱེ་ཁམས་བདེ་འཇགས་དང་ལས་གཞི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་འདུག གནད་དོན་འདི་མྱུར་དུ་སེལ་ཐབས་བྱེད་དགོས། ཞེས་གསུངས་འདུག ༼ཆ་འཕྲིན་འབྱུང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ནས། ཟླ་ ༣ ཚེས་ ༥ ཉིན༽
༦༽ ཟླ་ ༣ ཚེས་ ༥ ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་ཤིང༌། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ ༣༠༠༠ ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དང་ལེན་བྱས་ཟེར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་འཐུས་མི་ ༢༩༨༣ ཞུགས་དགོས་ཀྱི་ཡོད་པ་དང༌། ཚེས་ ༥ ཉིན་གྱི་ཚོགས་འདུར་འཐུས་མི་ ༢༩༣༢ ཞུགས། འཐུས་མི་ ༥༡ ཞུགས་མེད་པ་དང༌། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་པ་ཡོད་ཟེར། ཀྲང་ཏི་ཅང་གིས་ཚོགས་འདུར་གཙོ་སྐྱོང་གནང་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༣ ཚེས་ ༦ ཉིན༽
༧༽ ཟླ་ ༣ ཚེས་ ༩ ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་ད་སྐུལ་དཔུང་སྡེས(ད་ལྟ་དམག་སྐུལ་དང་ལེན་གྱི་རྒྱུན་ཉར་དམག་དཔུང)བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ་སྐུལ་ཁྲིད་དམག་སྦྱོང་བྱེད་སྒོ་སྤེལ་བ་དང༌། ཐེངས་འདིའི་བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ་སྐུལ་ཁྲིད་དམག་སྦྱོང་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་ད་སྐུལ་དཔུང་སྡེའི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ཀྱི་གློ་བུར་དོན་རྐྱེན་ཐག་གཅོད་དང་དངོས་འཐབ་ནུས་པའི་ཐད་ཀྱི་ཕྱོགས་བསྡུས་ཞིབ་བཤེར་ཞིག་ཡིན་པ་དང༌། དེང་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་པར་བྱེད་པའི་སྐུལ་སློང་ཞིག་ཀྱང་ཡིན་ཟེར། དམག་སྦྱོང་ནང་ཞུགས་མཁན་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྤྱི་བདེའི་ད་སྐུལ་དཔོན་དམག་ཡོངས་ཀྱི་སྙིང་སྟོབས་ཆེ་ལ་དཔའ་སྟོབས་རྒྱས་ཤིང༌། ཁྲབ་ལྡན་འཁོར་ལོ་དང་དམིགས་བསལ་འཁོར་རིགས་སོགས་སྤུས་ལེགས་སྒྲིག་ཆས་རེ་རེ་ལས་དམག་སྦྱོང་ནང་ཞུགས་མཁན་དཔུང་སྡེའི་རྔམ་བརྗིད་དང་ཤེས་དཔལ་ལྡན་པའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་མ་ཟད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དཔའ་ཉམས་ཆེན་པོ་དང་དད་སེམས་བརྟན་པོ་བསྟན་ཡོད་ཚུལ་བརྗོད་འདུག ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༣ ཚེས་ ༡༡ ཉིན༽
༨༽ ཟླ་ ༣ ཚེས་ ༡༠ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲིན་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ཚོགས་འདུའི་ནང་ཞུགས་སྐབས་འདས་པའི་ལོ་གཅིག་གི་རིང་བོད་ལྗོངས་ཀྱི་ལས་དོན་ཁག་ཚང་མར་གྲུབ་འབྲས་གསར་པ་ཐོན་ནས་དཔལ་འབྱོར་ལེགས་ཤིང་མྱུར་བར་གོང་འཕེལ་དུ་སོང་བ་དང༌། སྤྱི་ཚོགས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡིན་པའི་རྣམ་པ་བཟང་པོ་ཤར་ཡོད་ཅེས་བསྟན། བོད་ལྗོངས་ཀྱི་ལས་དོན་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་ཁྱོན་ཡོངས་དང་འབྲེལ་བ་ཆེན་པོ་ཡོད་པ་དང༌། མི་རིགས་ཁག་བར་མཐུན་སྒྲིལ་འཆམ་མཐུན་ཡོང་པར་བྱ་རྒྱུ་དང་འབྲེལ་བ་ཆེན་པོ་ཡོད་ལ། རྒྱལ་ཁབ་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བའང་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གསར་པ་དང་བླང་བྱ་གསར་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱེད་པ་དང༌། “རྒྱལ་ཁབ་ལེགས་སྐྱོང་བྱེད་དགོས་ན་ངེས་པར་དུ་མཐའ་མཚམས་ལེགས་སྐྱོང་བྱེད་དགོས་པ་དང༌། མཐའ་མཚམས་ལེགས་སྐྱོང་བྱ་དགོས་ན་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱ་དགོས”ཞེས་འཐབ་ཇུས་ཀྱི་བསམ་བློ་སེམས་ལ་བརྟན་པོར་ངེས་ནས་ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང༌། ཡུན་རིང་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་འགུགས་ཐབས་བྱེད་པ། རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་མཐའ་འཁྱོངས་དང༌། ཕྱོགས་བསྡུས་ཀྱི་འཐབ་ཇུས་ལག་བསྟར་དང་རྩ་ལག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ལྗོངས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བ་དང་རྒྱུན་མཐུད་ངང་བརྟན་ལྷིང་དུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཛིན་ཧུར་ཐག་བྱེད་པ་དང༌། ལས་བྱེད་པ་དང་མང་ཚོགས་ཁྲིད་སྟོན་བྱས་ཏེ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བཏོན་པའི“དབུ་མའི་ལམ”ཞེས་པ་དང་“ཚད་མཐོའི་རང་སྐྱོང”ཞེས་པའི་ངོ་བོ་དང་གནོད་སྐྱོན་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པ་དང༌། ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བར་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོང་ནས་བསྒྱུར་བཅོས་ཟབ་སྤེལ་དང༌། སྲིད་ཇུས་དང་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་དམ་འཛིན་ཡག་པོ། ཐབས་བརྒྱ་ཇུས་སྟོང་གིས་སློབ་གསོ་དང་ལས་ཞུགས་ལ་སྐུལ་སྤེལ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཏན་ཏིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་དགོས། ཞེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༡ ཉིན༽
༩༽ ཟླ་ ༣ ཚེས་ ༩ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པདྨ་འཕྲིན་ལས་ཀྱིས་གསར་འགོད་པ་ཞིག་གིས་ ༢༠༡༣ ལོར་བོད་ལྗོངས་ཀྱི་དགེ་འདུན་པ་ ༡༠༠ ལྷག་རང་སྲེག་བཏང་བ་རེད་ཅེས་དྲི་བར་ལན་འདེབས་སྐབས། ཁོས་མིག་སྔར་བོད་ལྗོངས་སུ་དགོན་སྡེ་ ༡༧༠༠ ལྷག་དང་དགེ་འདུན་པ་ ༤༦༠༠༠ ལྷག་ཡོད་པའི་ནང་དགེ་འདུན་གཅིག་གིས་ཀྱང་རང་སྲེག་བྱས་མེད་པ་མ་ཟད། ད་དུང་བོད་ལྗོངས་ཀྱི་མང་ཚོགས་གཅིག་གིས་ཀྱང་རང་སྲེག་བྱས་མེད་ཅེས་བཤད། ཨ་རིའི་སྲིད་འཛིན་ཨའོ་པཱ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བའི་སྐོར་ལ་ལན་འདེབས་སྐབས། པདྨ་འཕྲིན་ལས་ཀྱིས་འཛམ་གླིང་སྟེང་མི་སུ་ཞིག་གམ་ཡང་ན་ཚོགས་པ་གང་ཞིག་གིས་རྣམ་པ་གང་རུང་སྟེང་ཏཱ་ལར་མཇལ་འཕྲད་གནང་བ་དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཡིན་པས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་དོན་དེར་ཁ་རྡུང་དྲག་པོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཁོས་ད་དུང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་རེའི་ཟླ་དགུ་པ་ནི“མི་རིགས་མཐུན་སྒྲིལ་གྱི་ཟླ་བ”ཞེས་གཏན་ཁེལ་བྱས་ཡོད། སྐབས་དེར་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ངོ་མ་གང་མང་ཁྱབ་བསྒྲགས་བྱ་རྒྱུ་ཡིན། དེར་བརྟེན་སུས་ཀྱང་ཏཱ་ལར་ཐུག་འཕྲད་བྱས་ནའང་བོད་ཀྱི་གནས་བབ་ལ་ཤུགས་རྐྱེན་ཐེབས་ཀྱི་མ་རེད། ཅེས་ཚིག་ངན་སྤེལ་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༠ ཉིན༽
༡༠༽ ཟླ་ ༣ ཚེས་ ༡༠ ཉིན་ཞིས་ཅིན་ཕིང་གིས་ཁ་དན་གནང་བ་ལྟར་ཨ་རིའི་སྲིད་འཛིན་ཨའོ་པཱ་མ་ལ་ཞལ་པར་སྐྱོན་རེས་གནང་ཞིང༌། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་ཨ་བར་གྱི་འབྲེལ་བ་དང་དེ་བཞིན་ཝུའུ་ཁི་ལན་གྱི་གནས་བབ་སྐོར་དགོངས་འཆར་བརྗེ་རེས་གནང་བ་རེད་ཟེར། ཞིས་ཅིན་ཕིང་གིས་ན་ནིང་ངས་སྲིད་འཛིན་ཨའོ་པཱ་མ་དང་ཐུག་འཕྲད་ཐེངས་གཉིས་བྱས་ཏེ་ངོས་འཛིན་གཅིག་མཐུན་རབ་དང་རིམ་པ་བྱུང་བ་དང༌། ཀྲུང་ཨ་བར་གྱི་འབྲེལ་བ་རྒྱལ་ཁབ་ཆེ་གྲས་བར་གྱི་འབྲེལ་བ་འཛུགས་སྐྱོང་བྱེད་པའི་དུས་རིམ་གསར་པར་འཕེལ་བའི་སྐུལ་སྤེལ་བཏང་བ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་འབོད་བརྩོན་ཆེན་པོ་བྱས་ཏེ་རྒྱལ་ཁབ་ཆེ་གྲས་བར་གྱི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་དང༌། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་སེམས་ཁུར་གལ་ཆེན་བརྩི་འཇོག་དང་ལྟ་རྟོག ཕན་ཚུན་གླེང་མོལ་དང༌། ཡིད་ཆེས། མཉམ་ལས་བཅས་བྱེད་ཤུགས་ཆེར་གཏོང་བཅས་བྱས་ནས་ཀྲུང་ཨའི་བར་གྱི་འབྲེལ་བ་རྒྱུན་མཐུད་ལ་སྐྱོན་དང་བྲལ་ཞིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང༌། ངས་མི་རིང་བར་སྲིད་འཛིན་ཨའོ་པཱ་མ་དང་ཡང་བསྐྱར་ཐུག་འཕྲད་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ། ཉེ་དུས་སྐུ་ཉིད་ཀྱི་ལྕམ་སྐུ་ཞབས་སྨི་ཆེལ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཞེས་གནས་ཚུལ་སྤེལ་འདུག ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༡ ཉིན༽
༡༡༽ ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཚང་མ་ལེགས་གྲུབ་བྱུང་སྟེ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་པ་རེད་ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༣ ཚེས་ ༡༢ ཉིན༽
༡༢༽ ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་ཧོང་ཀྲེན་ཧུང་གིས། མིག་སྔར་སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་མཁར་གནའ་གྲོང་བསྐྱར་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་བཟོས་ཟིན་ཞིང༌། འཆར་གཞིའི་ནང་མ་དངུལ་སྒོར་དུང་ཕྱུར་ ༡༢ གཏོང་རྒྱུ་དང༌། ༢༠༡༤ ལོའི་ལོ་མཇུག་བར་གྲོང་མིའི་སྡོད་ཁང་གཞི་རྩའི་ཆ་ནས་བསྐྱར་བསྐྲུན་བྱས་ཚར་རྒྱུ་ཡིན་པ་དང༌། དུས་ཡུན་ལོ་གསུམ་ནང་གནའ་གྲོང་ཡོངས་ཀྱི་བསྐྱར་བསྐྲུན་ལས་ཀ་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བཤད་འདུག བཤད་ཚུལ་ལྟར་ན་རྡོ་མཁར་གནའ་གྲོང་གི་བསྐྱར་བསྐྲུན་ལས་དོན་སྒྲུབ་སྐབས་ལོ་རྒྱུས་ལ་བརྩི་འཇོག་གང་ལེགས་དང༌། མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་གང་ལེགས། དམངས་སྲོལ་གོམས་གཤིས་ལ་བརྩི་འཇོག་གང་ལེགས་བཅས་བྱས་ཏེ་སྔོན་མ་བཞིན་བསྐྱར་བསྐྲུན་བྱས་ནས་གནའ་གྲོང་སྔར་ལྟར་ཡོང་བར་བྱ་རྒྱུ་ཡིན་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༢ ཉིན༽
༡༣༽ ཉེ་ཆར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བོད་ཀྱི་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་མི་སྣ་དབང་གྲགས་ཅན་གདན་ཞུ་བྱས་ནས་བྲིས་པའི་བོད་ཀྱི་ཆོས་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་ཚོགས་ཏེ≪བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས་དཔེ་ཚོགས≫ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང༌། དཔེ་ཚོགས་འདི་ལ་དེབ་བརྒྱད་ཡོད་པ་སྟེ། གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད་དང༌། སྙིང་མ་པའི་གྲུབ་མཐའ་སྤྱི་བཤད། བཀའ་བརྒྱུད་པའི་གྲུབ་མཐའ་སྤྱི་བཤད། བཀའ་གདམས་པའི་གྲུབ་མཐའ་སྤྱི་བཤད། ཞི་བྱེད་པའི་གྲུབ་མཐའ་སྤྱི་བཤད། ཇོ་ནང་པའི་གྲུབ་མཐའ་སྤྱི་བཤད། ས་སྐྱ་པའི་གྲུབ་མཐའ་སྤྱི་བཤད། དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད། ཅེས་སོ། ། དཔེ་ཚོགས་འདིའི་ནང་དོན་དང༌། ཕན་ནུས། འབྲི་སྟངས་སོགས་གང་གི་ཆ་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ ༢༠༡༣ ལོར་རྒྱལ་ཁབ་པར་བསྐྲུན་གྱི་ཐེབས་རྩའི་ལས་གཞིའི་རོགས་སྐྱོར་ཐོབ་པ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༢ ཉིན༽
༡༤༽ བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིས་ཟླ་ ༣ ཚེས་ ༡༠ ཉིན་ཚོགས་ཆེན་ལ་གྲོས་གཞི་ཁྱོན་ ༣༥ ཕུལ་བ་དང༌། དེ་ཡང་གཙོ་བོ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང༌། དམངས་འཚོ་ལེགས་བཅོས་འགན་ལེན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང༌། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཚུད་ཡོད་ཚུལ་བཤད།
གྲོས་གཞི་ཚོགས་ཆུང་གི་འགན་ཁུར་བ་པེ་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྟེང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་ཤོས་དང་དཀའ་གནད་ལ་འཐུས་མི་ཚོས་དོ་ཁུར་ཆེན་པོ་དང་མཉམ་སྡེབ་ཐོག་མཚོན་པར་བྱས་ཡོད། སྔར་ལོ་དང་འདྲ་བར་དམངས་འཚོ་ནི་སྔར་བཞིན་འཐུས་མི་ཚོས་དོ་ཁུར་བྱེད་བཞིན་པའི་གླེང་ཆ་མང་ཤོས་ཡིན་ལ་འཐུས་མིས་བཏོན་པའི་གྲོས་གཞིའི་ཁྲོད་བསྡུར་ཚད་ཆེན་པོ་ཟིན་ཡོད་ཟེར། མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ལ་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་དང༌། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ནི་འཐུས་མི་ཚོས་དོ་ཁུར་བྱེད་པའི་གཙོ་གནད་གཞན་ཞིག་ཡིན། དཔེར་ན། ≪ནུབ་གློག་ཤར་འདྲེན་མཐུད་འབྲེལ་ནུས་རྒྱུ་རྟེན་གཞི་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི≫དང༌། ≪བོད་ཀྱི་འགག་སྒོ་རིམ་པ་གཉིས་པའི་འཕེལ་རྒྱས་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་སྐོར་ཀྱི་གྲོས་གཞི།≫ ≪བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་པས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི≫ནང་ཚུད་ཀྱི་ནུས་རྒྱུ་དང༌། འགག་སྒོ། འགྲིམ་འགྲུལ། སྣོད་བཅུད་སྲུང་སྐྱོང༌། འཕྲིན་གཏོང༌། ཆུ་བེད་སོགས་རེད་འདུག ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་ནས། ཟླ་ ༣ ཚེས་ ༡༢ ཉིན༽
༡༥༽ རིག་གནས་པུའུ་ཡིས་མངག་གཏོང་བྱས་པ་ལྟར་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐེང་གིས་སྒྲིག་འཛུགས་བྱས་པའི་མཚོ་སྔོན་བོད་རིགས་གླུ་གར་ཚོགས་པ་ཉེ་ཆར་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་དང་སམ་ཧྥིང་སམ་སི་ཁོ་བཅས་ལ་སོང་སྟེ་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་རིམ་སྟར་སྤེལ། མཚོ་སྔོན་བོད་རིགས་ཀྱི་གདོད་མའི་གླུ་གར་སྒྱུ་རྩལ་གྱིས་རང་ཞིང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྔར་ལས་ལྷག་པར་འགྲེམ་སྟོན་དང་ཁྱབ་བསྒྲགས་བྱས་ཡོད་ཅེས་གནས་ཚུལ་སྤེལ་འདུག ༼ཆ་འཕྲིན་འབྱུང་ཁུངས། ནུབ་མཚོ་གྲོང་ཁྱེར་གྱི་ཚགས་པར་ནས། ཟླ་ ༣ ཚེས་ ༡༢ ཉིན༽
༡༦༽ བོད་རང་སྐྱོང་ལྗོངས་ཀྱི་ལྕགས་ལམ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱིང་ཡུས་ལིན་གྱིས་ངོ་སྤྲོད་བྱེད་དོན་ལྟར་ན། མིག་སྔར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ལ། འཆར་གཞི་བཞིན་བྱས་ན་ལོ་འདིའི་ནང་ལྷ་གཞིས་ལྕགས་ལམ་ལེགས་གྲུབ་བྱུང་མ་ཐག་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གྱི་འགོ་རྩོམ་རྒྱུ་ཡིན་ཞེས་བཤད། ལྷ་ས་ནས་ཉིང་ཁྲིའི་བར་ཁྱོན་ཡོངས་ལམ་ཐག་ཀེ་ལོ་སྨི་ཊ་ ༤༣༣ ཡོད་པ་དང༌། ལྕགས་ལམ་གསར་སྐྲུན་ཀེ་ལོ་སྨི་ཊ་ ༤༠༢ དང༌། ཁྱོན་འབབ་ཚུགས་ཆེ་ཆུང་ ༣༤ ལས་འབབ་ཚུགས་ཆེ་གྲས་ཁག་ ༩ བཅས་འཛུགས་སྐྲུན་བྱེད་དགོས་ཤིང༌། མེ་འཁོར་བཏང་བའི་མགྱོགས་ཚད་ཆུ་ཚོད་རེའི་ནང་ཀེ་ལོ་སྨི་ཊ་ ༡༦༠ ཡི་འཆར་གཞི་བཏིང་ཡོད་ཅེས་བཤད་འདུག ༼ཆ་འཕྲིན་འབྱུང་ཁུངས། 拉萨市政府网站 www.lasa.gov.cn ཟླ་ ༣ ཚེས་ ༡༢ ཉིན༽
༡༧༽ ཟླ་ ༣ ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན། ༼ཡིན་ནའང་བརྒྱུད་ལམ་ཁག་ཏུ་བོད་དོན་དང་འབྲེལ་བའི་དྲི་བ་དྲིས་ལན་ཐོན་མི་འདུག༽ ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༣ ཚེས་ ༡༣ ཉིན༽
༡༨༽ བྱིས་པའི་སློབ་གསོ་ནི་རྨང་གཞིའི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང༌། མི་རིགས་སློབ་གསོ་ཧྲིལ་པོའི་འགོ་འཛུགས་ས་ཡང་ཡིན་པ་མ་ཟད། བྱིས་པ་ཚོའི་གཞི་རྩའི་གཙང་སྤྲའི་གོམས་གཤིས་ཆགས་པ་དང༌། སྐད་ཆ་བཤད་པའི་ནུས་པ་ལྡན་པ། རྒྱལ་ཁབ་དང་མི་རིགས་ལ་གཅེས་པའི་བསམ་བློ་ལྡན་པ། རྒྱལ་དམངས་ཀྱི་སྤྱི་པའི་སྤྱོད་བཟང་ལྡན་པ། སློབ་སྦྱོང་བྱེད་འདོད་ཆེ་བ་བཅས་གསོ་སྐྱོང་བྱས་ཏེ་བྱིས་པ་ཚོའི་བསམ་པའི་བཀོད་ཤུགས་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུའི་གནད་འགག་གི་དུས་རིམ་ཞིག་ཀྱང་ཡིན། བྱིས་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་བྱིས་པ་ཚོའི་ལུས་སེམས་ཕྱོགས་ཡོངས་ནས་སྐྱོན་བྲལ་ངང་ལེགས་འཕེལ་ཡོང་བ་དང༌། རྒྱལ་དམངས་ཀྱི་བྱང་ཚད་སློབ་གསོ་སྲ་བརྟན་དང་མཐོར་འདེགས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅུས་ཧུང་ཧྭ་ཡིས་ཐེངས་འདིའི་ཚོགས་ཆེན་ཐོག་བཏོན་པའི་གྲོས་གཞིའི་ནང༌། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སློབ་གསོའི་སློབ་དེབ་རྩོམ་སྒྲིག་དང་བཅོས་སྒྲིག་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་པ་དང༌། མིག་སྔར་གྲངས་ཉུང་མི་རིགས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོའི་སློབ་ཚན་མང་ཆེ་བ་གཙོ་རྒྱུན་རིག་གནས༼འདི་རྒྱའི་རིག་གནས་ཞེས་པའི་དོན་ཡིན། ཡིག་སྒྱུར་པས༽ཀྱི་ཤུགས་རྐྱེན་ཐེབས་པས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲོད་ཀྱི་རིག་གནས་གྲུབ་ཆ་ཕུལ་བྱུང་ཅན་མང་པོ་གང་འོས་སུ་མཚོན་མེད་པ་རེད། གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སློབ་གསོར་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་མཚོན་ཐབས་བྱ་དགོས་ཤིང༌། མི་རིགས་གང་ཉིད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ་ཡིན་ན་བྱིས་པའི་སློབ་གསོ་ད་གཟོད་སྐྱེ་འཕེལ་གྱི་ནུས་ཤུགས་ལྡན་ངེས་ཡིན། ཞེས་གྲོས་གཞི་བཏོན་གནང་འདུག མི་དམངས་དྲ་བ་ནས། ཟླ་ ༣ ཚེས་ ༡༤ ཉིན༽
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྒྱུར་སྒྲིག་བྱས།
༢༠༡༤ ལོའི་ཟླ་ ༣ ཚེས་ ༡༥ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།