བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར།

tibetan flags

བོད་ཀྱི་རྒྱལ་རྟགས། འཛམ་གླིང་གི་ཡང་རྩེར་ཆགས་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རྟགས་འདི་ཉིད་དུས་ནམ་ཞིག་ལ་རྒྱལ་རྟགས་སུ་གཏན་འབེབས་མཛད་པ་སོགས་ཀྱི་བྱུང་རབས་ཞིབ་ཕྲ་འཁོད་པའི་ལོ་རྒྱུས་དེབ་ཐེར་གྱི་རིགས་ད་བར་ཁོ་བོའི་མིག་ལམ་དུ་མ་མཇལ་ཡང༌། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རྟགས་ཀྱི་མཚོན་དོན་ནི། ཀ༽ རབ་དཀར་གངས་རི་མཐོན་པོ་གསུམ་མུ་འབྲེལ་དུ་ཡོད་པ་ནི། རང་ཅག་ཁ་བ་རི་པ་རྣམས་ཀྱི་གནས་ཡུལ་ཐམས་ཅད་གངས་རིའི་ར་བས་ཡོངས་སུ་བསྐོར་ཞིང༌། གངས་རིའི་མུ་འཁྱུད་དང་གངས་དཀར་གྱི་ཚོམ་བུས་མཛེས་པ་སྟེ། གངས་ལྗོངས་བོད་ཆོལ་ཁ་གསུམ་དུ་གྲགས་པའི་ཡུལ་གྱི་བཀོད་པ་མཚོན་པ་དང༌། ཁ༽ གངས་རིའི་མདུན་ངོས་སུ་གཡུ་རལ་མཆེ་སྡེར་བརྗིད་པའི་མི་འཇིགས་གདོང་ལྔ་སྟེ་གངས་སེང་རྣམ་པར་འགྱིངས་པ་ཆ་ནི། ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་རྒྱལ་སྲིད་མཚོན་པ་ཡིན།

ག༽ གཡུ་རལ་གྱིས་རབ་ཏུ་བརྗིད་པའི་གངས་སེང་གཉིས་ཀྱིས་རྩིབས་བརྒྱད་ཀྱི་འཁོར་ལོ་མཉམ་འདེགས་བྱེད་པ་ནི། ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་གང་གི་ཐད་ལའང་ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ལ་མཁས་པ་གཙོ་བོར་གྱུར་པའི་བོད་མི་ཕོ་མོ་ཡོངས་ཀྱི་སྙིང་སྟོབས་མཉམ་བསྐྱེད་ཀྱི་ནུས་ཤུགས་ལྡན་པའི་བོད་མང་གཙོའི་གཞུང་གིས་བོད་ཡུལ་ཁྱོན་ལ་མངའ་དབང་བསྒྱུར་བའི་ཆོས་སྲིད་གསེར་གྱི་འཁོར་ལོ་དགུང་མཐོར་འདེགས་པ་མཚོན་པ་དང༌། ང༽ འཁོར་ལོའི་རྩིབས་ཀྱི་ནང་དུ་ནོར་བུ་དགའ་འཁྱིལ་ཁ་དོག་གསུམ་ལྡན་གྱིས་བརྒྱན་པ་ནི། གངས་ཅན་པ་ཡོངས་ཀྱི་དུས་རྟག་ཏུ་བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་དང༌། ལྷག་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བརྩེ་བ་གཅིག་ཏུ་འདུས་པ་འཕགས་མཆོག་སྤྱན་རས་གཟིགས་དང༌། ཐུགས་ཀྱི་མཁྱེན་པ་གཅིག་ཏུ་འདུས་པ་རྗེ་བཙུན་འཇམ་དཔལ་དབྱངས། མཐུ་སྟོབས་ནུས་པ་གཅིག་ཏུ་འདུས་པ་དཔལ་ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་མགོན་པོའི་ཐུགས་རྗེ་དང་བཀའ་དྲིན་སྙིང་དབུས་སུ་འཆང་བ་མཚོན་པ་ཡིན།

ཅ༽ དར་དཀར་ཡུག་གཅིག་གིས་བརྒྱན་པ་ནི། རང་ཅག་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་བཅས་བོད་ཆོལ་གསུམ་ཁྱོན་ཡོངས་ཀྱི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་དར་གྱི་རྒྱུ་སྤུན་ལྟ་བུའི་འབྲེལ་བ་དམ་ཞིང་ཟབ་ལ། དམ་ཚིག་གཙང་མ་དར་དཀར་ཡུག་གཅིག་གིས་མཚོན་པ་དང༌། ཆ༽ ཀུན་གསལ་ཡངས་པའི་མཁའ་ལ་ཉི་མ་དང་ཟླ་བས་མཚན་པ་ནི། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་སྐྱོང་ཐབས་ཀུན་སྙོམས་ཉི་མ་དང་འདྲ་བས་རིས་སུ་མ་ཆད་པའི་བོད་འབངས་རྣམས་ལ་རང་དབང་བདེ་སྐྱིད་ཀྱི་སྣང་བ་ཐོབ་པ་དང༌། སྤྲིན་བྲལ་ཟླ་བ་དང་མཚུངས་པའི་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཡོངས་ཁྱབ་ཏུ་དར་ཞིང༌། སྐྱེ་བོའི་རྒྱུད་ཀྱི་རྨོངས་མུན་གྱི་ཚ་གདུང་སེལ་བ་ལ་བརྟེན་ནས་བོད་ཀྱི་སྐྱེ་འགྲོ་ཐམས་ཅད་ཉིན་མཚན་ཀུན་ཏུ་རང་དབང་ཞི་བདེའི་དཔལ་ལ་སྤྱོད་པར་མཚོན་པ་ཡིན།

ཇ༽ མཐའ་སྐོར་མུ་ཁྱུད་གསེར་གྱི་མདོག་ཅན་གྱིས་བསྐོར་བ་ནི༑ གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཁྱོན་ལ་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་ཐ་སྙད་སོ་སོར་ཡོད་པ་དེ་ལྟར་ཡང༌། བོད་ཡུལ་གཅིག་ཏུ་བོད་ཀྱི་ཆབ་འབངས་གཅིག་ཉིད་ཁོར་ཡུག་གཅིག་གི་ནང་དུ་གོང་བུ་གཅིག་ཏུ་སྒྲིལ་བཞིན་གནས་པའི་མཚོན་རྟགས་བཅས་སོ།།   །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
ཡག་པོ་འདུག་བོད་ལ་རྒྱལ་རྟགས་ཡོད་པ་དེ་རིང་མ་གཏོགས་ཤེས་མ་སོང་།
མཛེས་སྡུག་ལྡན་པའི་བདོ་ཀྱི་རྒྱལ་དར་འདི་ནི། མི་སྟོང་ཕྲག་བརྒལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁུངས་ལྡན་དང་འབྲེལ་བ་ཡོད་པའི་རྒྱལ་དར་ཞིག་ཡིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས། བོད་ཁམས་ཡོངས་རྫོགས་ཆབ་སྲིད་ཆིག་སྒྲིགས་བཟོས་སྐབས་ནས། བོད་ཀྱི་རྒྱལ་རྟགས་དང་རྒྱལ་དར་དུ་སེངྒེ་བཀོད་ནས་དམག་གི་རུ་དར་འཁྱེར་སྲོལ་ཡོད་པ་དེ་ཉིད། ཚོན་མདོག་ཙམ་མ་གཏོགས་ལོ་རབས་ཉི་ཤུའི་གོང་བར་བརྒྱུན་གནས་ཡིན་ལ། ལོ་རབས་ཉི་ཤུ་པའི་ནང་བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། དེང་དུས་འཛམ་གྶིང་སྤྱི་སྲོལ་ལྟར། སྔར་ཡོད་གཞི་བཞག་ཐོག་རིའི་བཀོད་ཅུང་ཙམ་ཁ་སྣོན་དང་བོད་ཀྱི་དར་དུ་གཏན་འབེབས་གནང་བ་ཞིག་རེད། རྒྱལ་དར་ འདི་ནི་རྒྱ་ནག་དམར་པོའི་རྒྱལ་དར་ལས་བྱུང་སྔ་བ་དང་། ཤར་གླིང་རྒྱལ་ཁབ་ཁག་གི་ཚོགས་འདུས་ཐོག་རྒྱལ་ཁབ་གཞན་གྱི་རྒྱལ་དང་མཉམ་དུ་སྒྲིངས་མྱོང་ཡོད་པའི་རྒྱལ་དར་ཞིག་ཡིན། དེ་མིན་ད་བར་ལོས་རྒྱུ་དང་། དེབ་ཐེར་སོགས་ཞིབ་ཕྲ་མ་མཐོང་ཟེར་བ་ནི། རང་གི་དེ་ཉིད་སྟོན་པར་ཟད་དོ།། །།
2 ༢༨༢༠༡༡༠༩༤༩
ངས་གོ་བ་ཞིག་ལ་་་བོད་ཀྱི་རྒྱལ་དར་འདི་་་་མདོ་སྨད་ཀྱི་མཁས་དབང་ཆེན་པོ་་་བདེ་བ་གཞུང་གི་དམིགས་སུ་བཀར་བའི་རྒྱུ་མཚན་གྱིས་སྐུ་མ་བཞུགས་པའི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་གསར་བཟོ་མཛད་པ་ཐོས།། དཔྱད་པ་འཚལ།
1 ༠༡༢༠༡༠༡༦༤༥
དར་ཆ་འདི་དུས་རབས་དང་སྤྱི་ལོ་གང་གི་ནང་དུ་བཟོས་པ་དང་། བཟོ་མཁན་ཚོགས་པ་ཞིག་གམ་མི་སྒེར་ཡང་ན་གཞུང་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།