གསུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་པའི་གསུང་འཕྲིན།

༄༅།།དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང༌། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ཁྱབ་ཏུ་བྱུང་བའི་ཞི་རྒོལ་བྱེད་མཁན་ཕལ་མོ་ཆེ་ཕྱི་ལོ་༡༩༥༩རྗེས་སུ་སྐྱེས་འཚར་བྱུང་བའི་ན་གཞོན། རང་དབང་བོད་ཀྱི་གནས་བབ་མྱོང་ཚོར་མེད་མཁན་ཡིན་ནའང༌།བོད་ཀྱི་རྩ་དོན་ཐོག་ལྷག་བསམ་འགྱུར་མེད་མི་རབས་ནས་མི་རབས་རྒྱུན་གནས་ཡོད་པ་ནི་སྤོབས་པ་སྐྱེ་གཞི་དང༌། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་སྙིང་སྟོབས་འཕེལ་རྐྱེན་ཞིག་ཏུ་གྱུར་ཡོད།སྐབས་དེར་རྐྱེན་ལམ་དུ་སོང་བ་དང༌། སྡུག་སྦྱོང་མནར་གཅོད་མྱོང་མཁན་རྣམས་ཀྱིས་མཚོན་ད་བར་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ཤོར་མཁན་དང༌། སྡུག་སྦྱོང་མྱོང་མཁན་ཚང་མར་རྗེས་དྲན་དང་མཆོག་གསུམ་གསོལ་འདེབས་བྱེད་དགོས།

ཕྱི་ལོ་༡༩༤༩ཙམ་ནས་རྒྱ་དམར་གྱི་དྲག་ཤུགས་དཔུང་སྡེས་བོད་བྱང་ཤར་དང༌།ཤར་ཕྱོགས་ནས་མདོ་སྟོད་སྨད་རིམ་འཛུལ་གྱིས་༡༩༥༠ནང་བོད་དམག་ལྔ་སྟོང་བརྒལ་བ་རྐྱེན་འདས་ཕམ་ཉེས་བྱུང་རྗེས་དངོས་ཡོད་གནས་ཚུལ་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་གཏོང་རྒྱུའི་སྲིད་བྱུས་བདམས་ཏེ་ཕྱི་ལོ་༡༩༥༡ལོར་གྲོས་མཐུན་དོན་ཚན་བཅུ་བདུན་དང་ཟུར་ཡིག་བཅས་བཞག་པ་དང༌། དེ་ནས་བཟུང་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཚུད་མོད།བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང༌།གོམས་གཤིས་བཟང་པོ་བཅས་སྲུང་སྐྱོབ་བྱ་རྒྱུའི་འགན་ལེན་གྲོས་མཐུན་ནང་གསལ་བཀོད་བྱས་ཡོད། ཕྱི་ལོ་༡༩༥༤།༥༥ལོར་པེ་ཅིང་དུ་མའོ་ཙེ་ཏུང་གིས་དབུས་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་དབུ་ཁྲིད་ཕལ་མོ་ཆེར་འབྲེལ་གཏུགས་ཀྱིས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་བཅས་རྒྱུན་འཛིན་ཐོགསྤྱི་ཚོགས་དང་དཔལ་འབྱོར་གྱི་ཡར་རྒྱས་ཡོང་ཐབས་སྐོར་ཞིབ་མོལ་སྐབས་དབུ་ཁྲིད་སྤྱི་དང༌།ཁྱད་པར་མའོ་ཙེ་ཏུང་གིས་གྲོས་མཐུན་ནང་གསལ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མ་དགོས་པར་རང་སྐྱོང་ལྗོངས་འཛུགས་རྒྱུ་དང༌། དེའི་ཆེད་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་འོས་སོགས་ལམ་སྟོན་དང་ཁས་ལེན་བཟང་པོ་ཐོབ།འོན་ཀྱང་ཕྱི་ལོ་༡༩༥༦ཙམ་ནས་གཡོན་ཐལ་ཅན་གྱི་སྲིད་བྱུས་བྱུང་སྟེ་གོང་རིམ་གྱི་ཁས་ལེན་རྣམས་ས་གནས་སུ་དོན་འཁྱོལ་མ་བྱུང་བའི་ཐོགམདོ་སྟོད་སྨད་དུ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་དངོས་ཡོད་གནས་ཚུལ་དང་མ་འཚམས་བཞིན་ཨུ་ཚུགས་དབང་ཡོད་ཀྱིས་ལག་བསྟར་བྱས་འབྲས་སུ་ཟིང་འཁྲུགས་དང་གཏོར་བཤིག་ཚབས་ཆེ་བྱུང་བའི་ཤུགས་རྐྱེན་དང༌། བོད་དབུས་ཁུལ་དུ་ཡོད་པའི་རྒྱ་མིའི་ལས་བྱེད་རྣམས་ཀྱིས་ཀྱང་གྲོས་མཐུན་ནང་འཁོད་རྣམས་དབང་ཤེད་ཀྱིས་བསམ་བཞིན་བརྡལ་བཤིག་བཏང་བས་མཚོན་བཙན་ཤུགས་ཇེ་ཆེར་སོང་རྐྱེན་མཐའ་དོན་ཕྱི་ལོ་༡༩༥༩ཕྱི་ཟླ་༣ཚེས་༡༠ཉིན་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་མ་བྱས་ཐབས་མེད་དུ་གྱུར་ཅིང༌།དུས་མཚུངས་ངོས་རང་བཀའ་ཤག་གིས་མཚོན་བོད་གཞུང་གི་ལས་ཞབས་ཧྲག་བསྡུས་མཉམ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་དགོས་བྱུང༌།དེ་སྐབས་བོད་ནང་དྲག་གནོན་ཚད་མེད་བྱུང་སྟེ་ཟླ་ཤས་ནང་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང༌།འཇུ་བཟུང་བཙོན་འཇུག་ཚབས་ཆེན་བྱུང་སྐབས་བོད་མི་འབུམ་ལ་ཉེ་བ་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་བཅས་བསམ་ཡུལ་ལས་འདས་པའི་གོད་ཆགས་ཇི་བྱུང་ད་ལྟའང་བོད་མི་རྣམས་ཀྱི་དྲན་ཡུལ་དུ་གསལ་བཞིན་ཡོད།

དེ་ནས་བཟུང་བོད་ནང་ཟིང་འཁྲུག་ལྷིང་འཇགས་ཟེར་བ་དང༌།དམངས་གཙོའི་བཅོས་བསྒྱུར།གྲལ་རིམ་འཐབ་རྩོད།མི་དམངས་སྤྱི་ཁང༌།རིག་གནས་གསར་བརྗེ།དམག་ཁྲིམས་བསྡམས་པ་སོགས་དང༌།ཉེ་དུས་རྒྱལ་གཅེས་ཆོས་གཅེས་དང་རྡུང་རྡེག་ཚ་ནན་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་ནང་བཙན་གནོན་གདུག་རྩུབ་ཚབས་ཆེའི་འོག་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་གིས་མི་གྲངས་འབུམ་ཚོ་མང་པོ་དུས་མིན་རྐྱེན་ལམ་དུ་ཕྱིན་པ་དང༌།རྒྱལ་བསྟན་བཤད་སྒྲུབ་ཀྱི་བྱ་བ་རྩ་ཆད།དགོན་སྡེ་ལྷ་ཁང་སོགས་ཆོས་དང་རིག་གཞུང་གི་བསྟི་གནས་སྟོང་ཕྲག་མང་པོ་རྩ་སྟོར།གནའ་བོའི་སྒྱུ་རྩལ་གྱི་བཟོ་བཀོད་གཏོར་བཤིགརང་བྱུང་གི་འཐོན་ཁུངས་ཁག་གང་བྱུང་བསྔོག་འདོན་དང༌།ནགས་ཚལ་གཅོད་འབྲེགབདག་ཏུ་མ་བཟུང་བའི་འབྲོང་དང་གཙོད་སོགས་གྲངས་མེད་བསད་པ།ཁོར་ཡུག་འབགས་བཙོག་བཟོས་པ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་བརྗོད་ཀྱིས་མི་ལངས་པ་ཞིག་བྱུང་དང་ཡོང་བཞིན་པའི་མུར་ལོ་གྲངས་ལྔ་བཅུ་འདས་ཤིང༌།ད་ལྟའང་བོད་རིགས་རྣམས་འཇིགས་སྣང་དང༌།རྒྱ་གཞུང་གི་དབང་འཛིན་པ་རྣམས་དྭོགས་ཟོན་གྱིས་གནས་དགོས་པ་བཅས་མདོ་དོན་བོད་མིས་མི་རབས་ནས་མི་རབས་བརྒྱུད་དེ་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་རིག་གཞུང༌།སྐད་ཡིགབོད་མིའི་ངོ་བོ་དང་བཅས་པ་རྩ་མེད་དུ་འགྲོ་ལ་ཉེ་བའི་གནས་སུ་སླེབས་ཏེ་བོད་རིགས་རྣམས་སྲོག་ཆད་ཕོག་པའི་ནག་ཅན་དང་འདྲ་བར་གནས་ཡོད།གོང་གསལ་བོད་མིའི་དཀའ་སྡུག་དེ་དག་པཎ་ཆེན་སྐུ་གོང་མས་ཕྱི་ལོ་༡༩༦༢ལོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང༌།ཕྱི་ལོ་༡༩༨༩ལོར་དགོངས་པ་རྫོགས་ཁར་གཞིས་རྩེར་གནང་བའི་གསུང་བཤད་དུ་རྒྱ་དམར་དབང་བསྒྱུར་གྱིས་བོད་ལ་གྱོང་གུན་ཇི་ཙམ་བྱུང་བ་དེ་ནི་ཁེ་ཕན་ཇི་བྱུང་ལས་ཧ་ཅང་མང་བ་ཡོད་ཅེས་གསུངས་པ་སོགས་བོད་རིགས་གཟུར་གནས་སྙིང་སྟོབས་ཅན་དུ་མས་དུས་ནས་དུས་སུ་ར་སྤྲོད་གསལ་པོ་བྱས་ཡོད།དེ་བཞིན་ཕྱི་ལོ་༡༩༨༠ལོར་དམར་ཤོག་དྲུང་ཆེ་ཧུའུ་ཡའོ་པང་ལྷ་སར་འབྱོར་སྐབས་ནོར་འཁྲུལ་དེ་དག་ངོས་འཛིན་གསལ་པོ་བྱས་ཏེ་བོད་མིར་དགོངས་སེལ་ཡང་ཞུས་ཡོད།འགྲུལ་ལམ་དང༌།གནམ་ཐང༌།མེ་འཁོར་ལྕགས་ལམ་སོགས་སྒྲོམ་གཞིའི་འཛུགས་སྐྲུན་མང་དག་ཡོད་པའང་ཡར་རྒྱས་ཀྱི་རྣམ་པར་མངོན་ཡང་དོན་དམ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་ཆབ་སྲིད་ཀྱི་དགོས་མཁོ་གཙོ་བཟུང་ཐོག་བོད་ཀྱི་ཁོར་ཡུག་དང་གོམས་གཤིས་ལ་གནོད་ཚབས་ཆེན་པོ་བཏང་ཡོད།

བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ཀྱང་དང་ཐོག་ས་ཁམས་གནམ་གཤིས་དང༌།སྐད་ཡིགའཚོ་ཐབས་བཅས་ཀྱི་དཀའ་ངལ་དུ་མ་ཞིག་བྱུང་ནའང༌།རྒྱ་གར་གྱིས་མཚོན་གནས་ཡུལ་རྒྱལ་ཁབ་ཁག་གི་དྲིན་ལས་འཇིགས་སྣང་མེད་པར་རང་དབང་གིས་གནས་སྡོད་ཆོག་པ་དང༌།སོ་སོའི་འཚོ་ཐབས།ཆོས་དང་རིག་གཞུང་གི་འཛིན་སྐྱོང༌།ན་གཞོན་རྣམས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་འཛོམས་ཀྱི་ཤེས་ཡོན།བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་བཅས་ལ་སྒོ་གང་ས་ནས་གྲུབ་འབྲས་ངེས་ཅན་བྱུང་ཁར།འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བོད་བརྒྱུད་ནང་བསྟན་གྱི་སྙིང་དོན་བྱམས་བརྩེའི་བསམ་པའི་གོ་རྟོགས་གང་ལེགས་བྱུང་བ་ལ་བརྟེན་ཕན་ཐོགས་ཆེན་པོ་བྱུང་ཡོད།ལྷག་པར་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་རྒྱུ་བཙན་བྱོལ་དུ་འབྱོར་འཕྲལ་འབད་རྩོལ་འགོ་འཛུགས་ཀྱིས་ཕྱི་ལོ་༡༩༦༠ནང་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་གོམ་པ་རིམ་བསྐྱོད་ཀྱིས་ད་ཆ་བཅའ་ཁྲིམས་དང་ལྡན་པའི་བཙན་བྱོལ་སྒྲིག་འཛུགས་འདི་ཚད་མཐོའི་མང་གཙོའི་གཞུང་ཚད་ལྡན་ཞིག་ཏུ་གྱུར་ཡོད་པ་ནི་སྤོབས་པ་ བྱ་འོས་ཤིག་ཡིན།ལྷག་པར་ཕྱི་ལོ་༢༠༠༡ནས་བཟུང་མང་གཙོའི་ལམ་སྲོལ་གཞིར་བཟུང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་སྲོལ་གཏོད་དེ་ད་ཆ་བཀའ་ཁྲི་སྐབས་གཉིས་པའི་ལས་ཡུན་འགྲོ་མུས་ལྟར་ངོས་ལ་རྒྱུན་ལྡན་ཉིན་རེའི་འཛིན་སྐྱོང་གི་འགན་ཁུར་ཆུང་དུ་སོང་སྟེ་ཕྱེད་རྒས་ཡོལ་གྱི་གནས་སྟངས་ལྟ་བུ་ཡིན་ཀྱང༌།བོད་ཀྱི་རྩ་དོན་གྱི་འགན་ཁུར་ནི་བོད་མི་མཐའ་དག་གི་ལས་བསྐོས་ཀྱི་འགན་ཁུར་ཡིན་པས་ངོས་རང་ནམ་འཚོའི་བར་ཟོམ་འཇོག་བྱ་ཐབས་མེད།ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་ལྷག་བསམ་སེམས་སྐྱེད་དང་པོ་དེ་ཡིན།དེ་ནི་མི་སྒེར་དང༌།ཁྱིམ་ཚང༌།སྤྱི་ཚོགས་བཅས་ཀྱི་བདེ་སྐྱིད་འབྱུང་གཞིའི་ལྡེ་མིག་ལྟ་བུ་ཡིན།ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ངའི་ལྷག་བསམ་སེམས་སྐྱེད་གཉིས་པ་ཡིན།བོད་མི་ཞིག་ཡིན་པ་དང༌།ཏཱ་ལའི་བླ་མའི་སྐྱེ་ཕྲེང་དུ་གཏོགས་པ་མ་ཟད།ཁྱད་པར་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དོ་ཁུར་བྱ་རྒྱུ་ངོས་ཀྱི་ལྷག་བསམ་སེམས་སྐྱེད་གསུམ་པ་ཡིན་པར་རྒྱུན་དུ་ཡིད་བཅངས་བྱེད་ཀྱི་ཡོད།

བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ལ་བལྟ་སྐྱོང་གི་ལས་དོན་མི་དམན་ཙམ་བྱུང་ཡོད་པའི་ཐོགབཙན་བྱོལ་གཞུང་གི་ལས་འགན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཐད་ཕྱི་ལོ་༡༩༧༤ལོར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གོ་སྒྲིག་ཐག་གཅོད་བྱས་ཡོད་སྟབས་ཕྱི་ལོ་༡༩༧༩ལོར་སྐུ་ཞབས་ཏིང་ཞའོ་ཕིང་གིས་འབྲེལ་མོལ་གྲོས་འགོ་བཏོན་སྐབས་ལན་འདེབས་བྱ་ཆོག་ཡོད་པ་ལྟར།དེ་ནས་བཟུང་འབྲེལ་མོལ་དང་ལྟ་སྐོར་སོགས་ལན་མང་བྱས་རུང།དོན་དམ་གྱི་གྲུབ་འབྲས་མ་སོན་པ་མ་ཟད།ཕྱི་ལོ་༡༩༩༣ནས་གཞུང་འབྲེལ་འབྲེལ་ལམ་ཆད་པར་བརྟེན་ཕྱི་ལོ་༡༩༩༦།༩༧ལོར་རྩ་དོན་ལངས་ཕྱོགས་ཇི་དགེའི་སྐོར་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་སྔོན་འགྲོའི་ལས་རིམ་ནང་བོད་ཕྱི་ནང་གི་བོད་མི་མང་ཆེ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་སྔར་ཡོད་སྲིད་བྱུས་རྒྱུན་འཁྱོངས་དགོས་པའི་མངོན་འདོད་བྱུང་བ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱས་ཤིང༌།ཕྱི་ལོ་༢༠༠༢ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ་འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད།རྒྱ་གཞུང་གིས་བོད་གནའ་བོའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པར་ཁས་ལེན་བྱ་དགོས་ཨུ་ཚུགས་བྱེད་པ་ནི་འོས་འཚམས་དང་རྒྱུ་མཚན་ལྡན་པ་མིན།འདས་པ་ནི་བྱུང་ཟིན་པས་བཟང་ངན་ཇི་ལྟར་ཡང་སྒྱུར་བཅོས་གཏོང་ཐབས་མེད་ཅིང༌།ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་འཁྱོག་བཤད་བྱེད་པ་དྲང་བདེན་གྱི་བྱེད་ཐབས་མིན།མ་འོངས་པའི་བྱེད་ཕྱོགས་གཉིས་སྨན་ཡོང་བ་ཞིག་ད་ལྟ་བསམ་ཞིབ་ཐག་གཅོད་བྱེད་དགོས་པས་འབྱུང་འགྱུར་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་ཐུབ་རྒྱུའི་ཆེད་ཁྲིམས་མཐུན་གྱི་རང་སྐྱོང་དོན་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་ཅིང༌།དེ་ནི་བོད་མི་རྣམས་འདོད་བློ་ཚིམས་ཏེ་རང་འདོད་ཀྱིས་བརྟན་ལྷིང་གནས་རྒྱུའི་བསམ་བློའི་ཆིག་བསྒྲིལ་ཡོང་ཐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།ང་ཚོའི་ངོས་ནས་ལོ་རྒྱུས་གཞིར་བཟུང་མ་འོངས་པའི་མདུན་ལམ་ཐག་གཅོད་དགོས་པའི་བསམ་ཚུལ་བཏོན་མེད།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཚོན་པའི་དེང་དུས་ཀྱི་རྒྱལ་ཁབ་སུའང་མངའ་རིས་ཀྱི་གནས་བབ་འདས་པའི་བྱུང་རབས་དང་གཅིག་མཐུན་དུ་གནས་པ་མེད་ཅིང།གནས་དགོས་ཀྱང་མེད།བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་རྒྱུའི་རེ་འདུན་ནི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཀྱི་དམིགས་ཡུལ་དང་བོད་རྒྱ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་མཐུན་ཐོགརྩ་ཁྲིམས་དང་སྒྲིག་གཞི་གང་གི་ཆ་ནས་འགོག་རྐྱེན་མེད་ཅིང༌།རྒྱ་ནག་དབུས་གཞུང་གི་དབུ་ཁྲིད་མང་པོས་དགོས་འདུན་དེ་ཚུལ་མཐུན་ཡིན་པ་ངོས་ལེན་གནང་ཡོད།གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ཀྱང་དགོས་འདུན་རྒྱུ་མཚན་ལྡན་པར་གསུངས་པ་དང༌།ཕྱི་ལོ་༡༩༥༦ལོར་སྲིད་བློན་གཞོན་པ་ཁྲེན་དབྱིས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གསར་འཛུགས་སྐབས་ས་བཀྲར་མཛུབ་མོ་བཙུགས་ཏེ་འབྱུང་འགྱུར་ལྷ་ས་འདི་ད་ལྟ་ཞིང་ཆེན་གཞན་པའི་ནང་ཡོད་པའི་བོད་ས་ཁག་མངའ་ཁོངས་སུ་ཚུད་པའི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་སུ་བསྒྱུར་ཐུབ་ན་བོད་རྒྱའི་མཛའ་འབྲེལ་དང་བོད་ཀྱི་ཡར་རྒྱས་ལ་ཕན་ཐོགས་ཡོད་ཅེས་གསུངས་ཡོད།པཎ་ཆེན་སྐུ་གོང་མས་ཀྱང་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་བྱ་རྒྱུ་དགོས་གལ་ཆེན་པོ་ཡིན་པ་ཡང་ཡང་གསུངས་ཡོད་ཅིང༌།དེ་བཞིན་བོད་རིགས་ཤེས་ལྡན་དང་ཏང་མི་མང་པོས་ཀྱང་དེ་མཚུངས་མངོན་འདོད་བཏོན་མཁན་བྱུང་ཡོད།ང་ཚོའི་དགོས་འདུན་ལ་དགག་བྱ་ཡོད་ན་རྒྱུ་མཚན་དང་བཅས་འཆར་གཞི་གཞན་ང་ཚོའི་བསམ་ཞིབ་ཆེད་གནང་འོས་ཀྱང་དེ་འདྲ་གང་ཡང་མ་བྱུང༌།ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད།

བར་ལམ་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་ལ་དོན་དམ་གྱི་གྲུབ་འབྲས་མ་བྱུང་བའི་ཁར།སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་སུ་དྲག་གནོན་ཚབས་ཆེ་བྱུང་བར་བརྟེན།འབྱུང་འགྱུར་ལངས་ཕྱོགས་དང་བྱ་ཐབས་ཇི་དགེའི་སྐོར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་སྔ་ལོ་ཕྱི་ཟླ་༡༡ནང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་དང༌།གཞིས་བཞུགས་བོད་མིའི་ཁྲོད་ནས་ཀྱང་བསམ་འཆར་བསྡུ་ལེན་གང་ཐུབ་བྱས་པའི་ནང་བོད་རིགས་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་རྒྱབ་གཉེར་ཤུགས་ཆེ་བྱུང་བས་ད་ཆ་གདེང་ཚོད་ཆེན་པོས་སྲིད་བྱུས་དེ་ཉིད་རྒྱུན་སྐྱོང་གིས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུར་འབད་བརྩོན་རྒྱུན་མཐུད་བྱ་རྒྱུ་ཡིན།

རྒྱ་བོད་མི་རིགས་གཉིས་སྲིད་པ་ཆགས་པ་ནས་ས་བབས་ཀྱིས་ཁྱིམ་མཚེས་སུ་ཡོད་སྟབས་འབྱུང་འགྱུར་ཡང་འཇིག་རྟེན་ནམ་གནས་བར་མཉམ་གཤིབ་དགོས་པས་མཛའ་མཐུན་མཉམ་གནས་དགོས་གལ་ཤིན་ཏུ་ཆེ།རྒྱ་ནག་དམར་པོས་དབང་བསྒྱུར་བྱས་པ་ནས་བཟུང་བོད་དང་བོད་མིའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་རྒྱུན་འཁྱོངས་བྱས་དབང་གིས་རྒྱ་ནག་མང་ཚོགས་ནང་བོད་ཀྱི་གནས་ཚུལ་ངོ་མ་ཤེས་མཁན་ཤིན་ཏུ་ཉུང་བ་དང༌།ཤེས་ཐབས་དཀའ་བའི་ཐོག་སྔ་ལོ་ཕྱི་ཟླ་གསུམ་པའི་བྱུང་རྐྱེན་རྗེས་གཡོན་ཐལ་ཅན་གྱི་འགོ་ཁྲིད་ཚོས་བོད་རྒྱའི་མི་རིགས་དབར་འཁོན་འཛིན་དང་ཁ་བྲལ་ཡོང་ཐབས་ཆེད་གཉེར་གྱིས་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བར་བརྟེན་རྒྱ་རིགས་ནང་བོད་མིར་མཐོང་ཚུལ་ངན་པ་བྱུང་ཡོད།ངོས་ནས་རྒྱ་རིགས་སྤུན་ཟླ་རྣམས་ལ་འབོད་སྐུལ་སྔ་རྗེས་བྱས་པ་ལྟར་ད་རེས་སླར་ཡང་རྒྱ་རིགས་སྤུན་ཟླ་ཡོངས་ལ་བོད་དང་བོད་མིའི་སྐོར་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཁོ་ནར་ཚད་འཛིན་མི་བྱེད་པར་གཟུ་བོའི་བློས་གནས་ཚུལ་ངོ་མ་ཇི་ཡིན་བརྟག་དཔྱད་གནང་སྟེ་མི་རིགས་ཁ་བྲལ་འགོག་ཐབས་དགོས་པའི་འབོད་སྐུལ་བསྐྱར་ནན་བྱེད་ཀྱི་ཡོད་ཅིང༌།བོད་མི་ཚང་མས་ཀྱང་རྒྱ་རིགས་རྣམས་དང་མཛའ་འབྲེལ་གོང་མཐོར་སྤེལ་ཐབས་རྒྱུན་ལྡན་བྱེད་དགོས།

ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་སོང་བའི་དུས་ཡུན་ལ་ཕྱི་བལྟས་བྱེད་སྐབས་བཟང་ངན་གྱི་གནས་ཚུལ་མང་པོ་ཞིག་བྱུང་ཡང༌།མདོ་དོན་བོད་ཀྱི་གནད་དོན་རྩ་བརླག་ཏུ་མ་སོང་བར་རྒྱལ་སྤྱིའི་ནང་སྔར་ལྷག་དོ་སྣང་ཆེ་བའི་གནས་ཚུལ་ཞིག་ཏུ་བསྡད་ཡོད་པ་ནི་གྲུབ་འབྲས་ཆེན་པོ་ཡིན་པ་དང༌།གནས་བབ་འདིའི་ཐོག་ནས་བདེན་པ་དང༌།འཚེ་བ་མེད་པའི་ཐབས་ལམ་བརྒྱུད་འབད་བརྩོན་མུ་མཐུད་བྱེད་ན་རིང་མིན་བདེན་མཐའ་གསལ་རྒྱུར་ཐེ་ཚོམ་མེད།

གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་འདིར་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་བཀྲིན་རྗེས་དྲན་དང་འབྲེལ་ཡུལ་ཁྲིམས་ལ་བསྲུང་བརྩི་དང༌།བཙན་བྱོལ་བོད་མི་རྣམས་གནས་ཡུལ་ས་གནས་ཁག་གི་ཡུལ་ལུང་དེ་དང་དེའི་སྤྱི་ཚོགས་ལ་ཞབས་འདེགས་གང་ནུས་སྒྲུབ་ཐབས་བྱེད་དགོས།དེ་བཞིན་བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌།ཆོས་རིག་འཛིན་སྐྱོང་གི་ལས་དོན་ཐོག་འདས་པའི་བྱུང་བ་ལས་ཉམས་མྱོང་བླངས་ཏེ་འབྱུང་འགྱུར་གྱི་འཆར་སྣང་དང།བྱེད་ཕྱོགས་གོ་སྒྲིག་བྱེད་དགོས།ངོས་ནས་རྒྱུན་དུ་རེ་བ་བཟང་ས་དང༌།གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་པ་ལྟར།ད་ཆ་རྒྱ་ནག་ནང་དང་རྒྱལ་སྤྱིའི་གནས་བབ་གང་ནས་གཞིགས་རུང་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་རེ་བ་བརྒྱབ་ཆོག་པ་ཞིག་ཡིན་ནའང༌།ཅི་སྟེ་ད་དུང་ང་ཚོའི་འཐབ་རྩོད་དུས་ཡུན་རིང་པོའི་བར་གནས་དགོས་བྱུང་ཚེ་དེའི་གྲ་སྒྲིག་ཀྱང་ཚགས་ཚུད་ངེས་པར་དུ་བྱེད་དགོས།དེའི་ཆེད་བོད་ཕྱི་ནང་ཡོངས་ནས་གཙོ་བོ་ཤེས་ཡོན་སློབ་སྦྱོང་དང༌།ཁྱད་མཁས་མི་སྣ་གསོ་སྐྱོང༌།མང་ཚོགས་ལ་ཁོར་ཡུག་དང༌།འཕྲོད་བསྟེན།འཚེ་བ་མེད་པའི་ཐབས་ལམ་གྱི་གོ་རྟོགས་དང་ལག་ལེན་གོང་མཐོར་སྤེལ་དགོས།

འདས་པའི་ལོ་ལྔ་བཅུའི་རིང་དཀའ་ངལ་དང་འགལ་རྐྱེན་ལ་མ་འཛེམས་པར་བོད་མི་སྐྱབས་བཅོལ་བ་འབུམ་ཕྲག་བརྒལ་བར་འཚོ་ཐབས་དང༌།ཤེས་ཡོན།བོད་མིའི་སྒྲིག་འཛུགས་བཅས་རང་དབང་སྲ་བརྟན་གནས་ཐུབ་པའི་རོགས་མགོན་གནང་མཁན་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་དང༌།མི་མང༌།དབུས་སའི་གཞུང་བཅས་ལ་སྙིང་ནས་བཀྲིན་རྗེས་དྲན་དང༌།དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང༌།གཞུང་ཁགབོད་དོན་རྒྱབ་སྐྱོར་ཚོགས་པ་ཁགམང་ཚོགས་བཅས་ཚང་མར་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།འགྲོ་ཀུན་ཞི་བདེར་འཚོ་བའི་སྨོན་འདུན་བཅས་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་༢༠༠༩ཕྱི་ཟླ་༣ཚེས་༡༠ལ།།།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༄༅། །གང་ལྗོངས་ཕན་བདེའི་འབྱུང་གནས་དམ་པའི་དགེ་མཚན་དཔྱིད་ཀྱི་དཔལ་ཡོན་གསར་དུ་འཆར་པའི་སྨོན་ཚིག་གཉིས་སྐྱེས་གཞོན་ནུའི་
མགྲིན་གླུ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡེ། །
།བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །རབ་འབྱམས་རྩ་གསུམ་ཞི་ཁྲོ་ཌཱ་ཀིའི་སྡེ། །དམ་ཅན་ཆོས་བསྲུང་བདེན་པར་གྲུབ་པ་རྣམས། །མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ། །དུས་གསུམ་བདེ་གཤེགས་རྒྱལ་དང་དེ་སྲས་ཚོགས། །ཐེག་མཆོག་ས་དང་ལམ་ལ་རབ་ཞུགས་པའི། །རིག་འཛིན་གྲུབ་པ་རྒྱ་མཚོའི་ཐུགས་བསྐྱེད་དང་། །སྨོན་ལམ་ཇི་བཞིན་དེང་འདིར་འགྲུབ་བྱིན་རློབས། །ཁྱད་པར་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་སློབ་དཔོན་ཐོད་ཕྲེང་རྩལ། །སྙིགས་མའི་འགྲོ་བ་སྐྱོབ་པར་ཞལ་བཞེས་བཞིན། །གསོལ་བ་འདེབས་སོ་ཐུགས་དམ་མ་གཡེལ་ཅིག །ད་དུས་བོད་ཡུལ་བསྟན་པའི་མར་གཤམ་འདིར། །སྣོད་བཅུད་རྟེན་འབྲེལ་ལོག་པའི་རྐྱེན་གྱུར་པས། །རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང་ལགས་ན། །ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབ་པར་མཛོད། །རྒྱལ་བསྟན་ཉིན་བྱེད་རི་དབང་ཕག་ཏུ་གཞོལ། །ནད་མཚོན་མུ་གེའི་བསྐལ་པའི་དུཿ་ཁས་གཟིར། །ངན་འགྲོའི་གནས་ལྟར་སྡུག་བསྔལ་ཉམ་ཐག་འདིར། །བརྩེ་ཆེན་ཐུགས་བསྐྱེད་ཡལ་བར་བཏང་སྲིད་དམ། །མ་གཡེལ་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །མྱུར་མགྱོགས་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །བསྐལ་ངན་རྒུད་པའི་འཇིགས་ལས་རབ་བསྐྱབས་ཏེ། །བདེ་དགའ་ཕུན་སུམ་ཚོགས་པར་དབུགས་འབྱིན་གསོལ། །རྒྱལ་རྣམས་མཐུ་སྟོབས་སྐུ་ཤུགས་ཉེར་ཕྱུངས་ནས། །ཀླ་ཀློའི་དཔུང་ཚོགས་མིང་གི་མཐར་བྱས་ཏེ། །འཇིག་རྟེན་ཁམས་སུ་སྡུག་བསྔལ་སྒྲ་མི་གྲགས། །རྫོགས་ལྡན་དང་པོའི་དུས་ལྟར་མཛད་དུ་གསོལ། །ལྷག་པར་གངས་རིའི་ལྗོངས་ཀྱི་དབུས་འགྱུར་གནས། །གྲུ་འཛིན་གཉིས་པའི་ཆོས་སྲིད་གདོང་ལྔའི་ཁྲིར། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཉིད། །གེགས་མེད་ཞབས་ཟུང་གསེར་འཁོར་འགོད་མཛད་གསོལ། །གང་སྐུ་རྡོ་རྗེའི་ཆོས་བདུན་ཁམས་སུ་བརླིངས། །དབུ་རྨོག་ལྷུན་པོའི་སྤོ་ལྟར་རབ་མཐོ་ཞིང་། །མཛད་ཕྲིན་དབྱར་གྱི་ཆུ་གཏེར་ལ་འགྲན་པས། །བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་འཚོ་བཞེས་གསོལ། །རིས་མེད་རྒྱལ་བའི་བསྟན་དང་བསྟན་འཛིན་གྱིས། །འཛིན་མའི་ཁྱོན་ཀུན་ཕྱུར་བུར་འགེངས་པ་དང། །ཀུན་ཀྱང་ཐུགས་མཐུན་ཁྲིམས་གཙང་ཉམས་རྟོགས་འཕེལ། །འཕགས་པའི་ཡུལ་ལྟར་དར་ཞིང་རྒྱས་པར་ཤོག །ཆོས་ཀྱི་རྒྱལ་པོས་དགེ་བཅུའི་ཁྲིམས་སྐྱོང་ཞིང་། །བློ་གྲོས་ཐབས་ལྡན་བློ་ཀུན་དཔལ་མཛངས་དེས། །།འབངས་རྣམས་བསྟན་ལ་རབ་གུས་བདེ་སྐྱིད་ལྡན། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཤོག །ཡངས་པའི་ཁྱོན་འདིར་མི་མཐུན་རྒུད་པ་སོགས། །ཉེར་འཚེ་ཀུན་ཞི་ལོ་ལེགས་འབྲུ་འཕེལ་ཞིང་། །དམ་པའི་ཆོས་ཀྱིས་འཚོ་བའི་དཔལ་ཡོན་ལྡན། །སྤྱི་བོ་སྐྱེས་ཀྱི་དུས་ལྟར་འཕེལ་རྒྱས་ཤོག །དེ་ལྟར་དད་དང་མོས་དགེ་ཕུན་ཚོགས་དང་། །ལྷག་བསམ་རྣམ་པར་དག་པས་གསོལ་བཏབ་མཐུས། །ཇི་སྐད་སྨོན་པའི་དོན་འབྲས་མྱུར་འགྲུབ་ནས། བཀྲ་ཤིས་སྲིད་ཞིའི་རྒྱན་དུ་འབར་གྱུར་ཅིག ཅེས་པ་འདིའང་། སྔགས་རིག་འཆང་པ་༸པདྨ་དབང་ཆེན་རྩལ་གྱིས་སྦྱར་བས་རྒྱལ་བསྟན་འཁོར་ལོ་གཉིས་ཀྱི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ནམ་ཡང་ནུབ་པ་མེད་པའི་རྟེན་འབྲེལ་མཆོག་ཏུ་གྱུར་ཅིག །



བརྗོད་གཞི་གཞན་ཁག་ལ་གཟིགས།