གསུམ་བཅུའི་དུས་དྲན་ཐེངས་ཞེ་གསུམ་པའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༢གསུམ་བཅུའི་དུས་དྲན་ཐེངས་ཞེ་གསུམ་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༩ཉིན་སྤེལ། དེ་རིང་ནི་བོད་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་བཞི་བཅུ་ཞེ་གསུམ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན། ངོས་ནས་རྒྱུན་དུ་འདས་པའི་གནས་ཚུལ་ལས་ད་ལྟ་དང༌། མ་འོངས་པའི་གནས་ཚུལ་གལ་ཆེ་བ་མཐོང་གི་ཡོད། སྔ་ལོ་དགུ་པའི་བཅུ་གཅིག་གི་དོན་རྐྱེན་བྱུང་བ་ནས་བཟུང་དེང་སྐབས་འཛམ་གླིང་ཡོངས་ཀྱིས་འཇིགས་སྐུལ་རིང་ལུགས་པས་བཟོས་པའི་གནོད་འཚེའི་དཀའ་ངལ་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། རྒྱལ་ཁབ་ཁག་གི་སྲིད་གཞུང་ཕལ་མོ་ཆེས་ཛ་དྲག་མཉམ་ལས་ཀྱི་ཐོག་ནས་ཉེན་ཁར་གདོང་ལེན་བྱེད་རྒྱུར་མོས་མཐུན་གྱིས་བྱེད་ཐབས་མང་པོ་ཞིག་གཏན་འབེབས་བྱས་ཡོད། འོན་ཀྱང་དེའི་རྩ་བའི་འབྱུང་རྩ་ངོ་མ་འགོག་ཐུབ་པའི་མ་འོངས་རྒྱང་རིང་གི་བསམ་བློའི་ཐོག་ནས་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པའི་ཐབས་ལམ་ཞིག་བཏོན་ཐུབ་མེད་པ་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན།

འཇིགས་སྐུལ་རིང་ལུགས་པའི་འབྱུང་རྩ་འགོག་ཐབས་ཟབ་ཤོས་དང༌། ཕུགས་ཕན་གྱི་ཐབས་ལམ་ཡག་ཤོས་ནི། འཚེ་བ་མེད་པ་དང༌། ཕན་ཚུན་གྲོས་མོལ་གྱི་ཐོག་ནས་གནད་དོན་ཐག་གཅོད་ཡོང་བ་བྱ་རྒྱུ་འདི་ཡིན། འཚེ་བའི་ལས་སྤངས་ཏེ་ཞི་བའི་ཐོག་ནས་འགྱུར་ལྡོག་ཡོང་བར་བྱེད་པའི་ལས་འགུལ་མཐའ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ནུས་པ་ལྡན་པའི་རྒྱབ་སྐྱོར་ཤུགས་ཆེ་བྱ་རྒྱུའི་འགན་ཁུར་ལེན་དགོས་པ་ཡིན། དེ་མིན་ཕྱོགས་གཅིག་ནས་ཁོང་ཁྲོ་དང༌། འུ་ཐུག་གི་བསམ་བློས་དྲག་པོའི་ལས་འགུལ་སྤེལ་མཁན་ཚོར་སྐྱོན་བརྗོད་བྱེད་པ་དང༌། ཕྱོགས་གཉིས་ནས་ཕན་ཚུན་བར་གྱི་རྩོད་རྙོག་སེལ་ཆེད་བཟོད་བསྲན་གྱི་བསམ་བློ་བཅངས་ཏེ་གྲོས་མོལ་གྱི་ཐབས་ལམ་བརྟན་པོ་བཟུང་མཁན་ཚོར་སྣང་ཆུང་བྱེད་པ་དེ་དག་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཡིན།

ང་ཚོས་འདས་པའི་ཉམས་མྱོང་ནས་བསླབ་བྱ་ངེས་པར་ལེན་དགོས་པ་ལྟར་དུས་རབས་ཉི་ཤུ་པར་ཕྱི་མིག་ཅིག་བལྟས་ན། དེའི་ནང་འགྲོ་བ་མིས་དཀའ་སྡུག་ཚད་མེད་མྱོང་དགོས་པའི་གནས་ཚུལ་ཚབས་ཆེ་བྱུང་ཡོད། དེ་དག་གི་འབྱུང་རྐྱེན་གཙོ་བོ་ནི། ཕན་ཚུན་བར་རྩོད་རྙོག་དང༌། མི་མཐུན་པ་རྣམས་དྲག་པོའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་སྲོལ་ངན་ཤུགས་ཆེ་ཞིག་དར་ཁྱབ་སོང་བ་དེས་ཡིན། དེར་བརྟེན་ང་ཚོས་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་བ་བྱས་ཏེ་ཕན་ཚུན་བར་གྱི་རྩོད་རྙོག་རྣམས་ཞི་བའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། མིའི་སྤྱི་ཚོགས་ཤིག་ཡིན་ཕྱིན་ཕན་ཚུན་བསམ་བློ་དང༌། ཁེ་ཕན་མི་མཐུན་པའི་དཀའ་ངལ་ཡོང་རྒྱུ་ངེས་པ་ཡིན། འོན་ཀྱང་དེང་གི་དངོས་ཡོད་གནས་ཚུལ་ལ་ང་རང་ཚོ་ཚང་མ་འཛམ་གླིང་ཆུང་ངུ་འདིའི་ཐོག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་མཉམ་དུ་གནས་དགོས་པ་ཡིན། དེས་ན་མི་སྒེར་དང༌། སྤྱི་ཚོགས། རྒྱལ་ཁབ་བཅས་ཕན་ཚུན་བར་བསམ་བློ་དང༌། ཁེ་ཕན་མི་མཐུན་པའི་དཀའ་རྙོག་ཡོད་པ་རྣམས་སེལ་བའི་ཐབས་ལམ་ཡག་ཤོས་ནི་མཐུན་སྒྲིལ་དང༌། རྣམ་དཔྱོད་ལྡན་པའི་བསམ་བློས་ཀུན་ནས་བསླངས་ཏེ་ཞི་འགྲིགས་ཡོང་བའི་གྲོས་མོལ་བྱ་རྒྱུ་འདི་ཡིན། དེར་བརྟེན་ང་ཚོས་ཉམས་ཞིབ་གཏིང་ཟབ་བྱས་ཏེ་འཚེ་བ་མེད་པའི་སྒོ་ནས་རྩོད་རྙོག་རྣམས་སེལ་རྒྱུའི་ལམ་སྲོལ་གསར་གཏོད་ཀྱིས་དར་སྤེལ་ཤུགས་ཆེ་གཏོང་དགོས་པར་མ་ཟད། དེའི་ཆེད་དུ་འགྲོ་གྲོན་ཡང་རྒྱལ་སྲུང་དམག་དཔུང་གི་འགྲོ་གྲོན་དང་མཚུངས་པ་ཞིག་གཏོང་དགོས།

དེང་གི་ཆབ་སྲིད་གནས་སྟངས་དང་འབྲེལ་བའི་ཛ་དྲག་གི་གནས་ཚུལ་ཞིག་བརྗོད་ན། འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ཆོས་དད་རང་མོས་ལ་རྡུང་རྡེག་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཤུགས་ཆེ་བཏང་བར་བརྟེན། རང་སྲོག་འབེན་ལ་བཙུགས་ཏེ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མི་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། ན་ནིང་དབྱར་ཁར་བོད་ཤར་ཕྱོགས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡོད་པའི་བོད་རིགས་དང༌། རྒྱ་རིགས་ཀྱི་གྲྭ་བཙུན་སྟོང་ཕྲག་ཁ་ཤས་ཕྱིར་འབུད་བཏང་འདུག དེའི་ཐོག་ནས་དེང་སང་བོད་ནང་དྲག་གནོན་བྱེད་ཤུགས་དང༌། གཞི་རྒྱ་ཆེ་ཆུང་གང་འདྲ་ཡོད་པ་གསལ་པོར་མཚོན་ཡོད་ལ། བོད་ནང་གི་བོད་མི་ཚོར་རང་གི་ངོ་བོ་མཚོན་པའི་ཆོས་དང༌། རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་ཐོབ་ཐང་མེད་པ་ཡང་གསལ་པོར་མཚོན་ཡོད།

བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་མང་པོ་ཞིག་ནི་ཕན་ཚུན་དོགས་པ་དང༌། ཡིད་ཆེས་མེད་པ་དང༌། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་དངོས་ཡོད་གནས་ཚུལ་མ་རྟོགས་པ་བཅས་ཀྱིས་ཡོང་གི་ཡོད། ངོས་ནས་ལན་མང་བརྗོད་པ་ལྟར། རྒྱ་ནག་གི་དབུ་ཁྲིད་ཚོས་བོད་ཀྱི་ནང་ཆོས་རྩ་བར་གྱུར་པའི་རིག་གཞུང་དང༌། སྤྱི་ཚོགས་དཔལ་ཡོན་བཅས་ཀྱི་སྐོར་ཤེས་རྟོགས་གཏིང་ཟབ་ཀྱིས་བརྩི་བཀུར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཏེང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་བྱེད་དགོས་ཞེས་བརྗོད་པ་དེ་ལ་ངོས་ནས་ཡོངས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་མང་ལ་ཡར་རྒྱས་དང༌། གོང་འཕེལ་བྱུང་བའི་གནས་ཚུལ་རྣམས་བོད་མི་ཚོས་ངེས་པར་ཁས་ལེན་ཡིད་འཇོག་བྱེད་དགོས་པ་དང༌། དེ་མཚུངས་རྒྱ་ནག་གི་དབུ་ཁྲིད་ཚོས་ཀྱང་འདས་པའི་ལོ་བཅུ་ཕྲག་ལྔའི་རིང་བོད་མི་ཚོས་སྡུག་བསྔལ་དང༌། གཏོར་བཅོམ་ཚད་མེད་མྱངས་པ་རྣམས་མཁྱེན་པའི་ཐོག་ནས་ཁས་ལེན་གནང་དགོས། འདི་སྐོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་གཞིས་ཀ་རྩེར་ཚོགས་ཆེན་ཞིག་ཐོག་མཐའ་མའི་བཀའ་སློབ་གནང་བའི་ནང༌། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་ཏེ་བོད་མི་མང་ལ་ཐོབ་པའི་ཁེ་ཕན་ལས་གྱོང་གུན་ཆེ་བ་བྱུང་ཡོད་ཅེས་ཕྱོགས་བསྡོམས་གསལ་པོ་གནང་ཡོད།

བོད་ཀྱི་ནང་པའི་རིག་གཞུང་གིས་ང་ཚོ་བོད་མི་རྣམས་ལ་འཁོན་འཛིན་གྱི་བསམ་བློ་སྤངས་ཏེ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་དང༌། བཟོད་སྒོམ། གུས་བརྩི་བཅས་བྱེད་དགོས་པའི་བསླབ་བྱ་རྒྱག་གི་ཡོད། དེ་ནི་འགྲོ་བ་མིའི་ཉིན་རེའི་འཚོ་བའི་བརྒྱུད་རིམ་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས། ང་ཚོས་དེ་དག་སྲུང་སྐྱོབ་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། འོན་ཀྱང་བློ་ཕམ་པའི་གནས་ཚུལ་ཞིག་ལ། ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་དང༌། འཚོ་བའི་གོམས་སྲོལ་བཅས་པ་རྩ་མེད་འགྲོ་རྒྱུའི་ཉེན་ཁའི་དུས་ལ་སླེབས་ཡོད། བོད་དུ་འཛུགས་སྐྲུན་བྱེད་པའི་རྒྱ་ནག་གཞུང་གི་ལས་གཞི་ཕལ་མོ་ཆེའི་དམིགས་ཡུལ་ནི། རྒྱ་མི་མང་པོ་ཞིག་བོད་དུ་གནས་སྤོ་བྱས་ཏེ་བོད་མི་རྣམས་མི་འབོར་གྱི་ཆ་ནས་འགུལ་བསྐྱོད་བྱེད་མ་ཐུབ་པ་ཞིག་དང༌། བོད་མི་རྣམས་རྒྱའི་རིག་གཞུང་དང༌། སྤྱི་ཚོགས་ནང་རང་བཞིན་གྱིས་སིམ་དུ་འཇུག་རྒྱུ་དེ། དེ་ནི་རྒྱ་ནག་གཞུང་དང༌། དམར་པོའི་ཚོགས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཁུལ་གཞན་དུ་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་ཀྱང༌། བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་གཡོན་ཐལ་ལམ་ཕྱོགས་སུ་བསྐྱོད་མཁན་དབང་འཛིན་མི་སྣས་ཁ་ལོ་སྒྱུར་གྱི་ཡོད་པ་དེ་ནས་གསལ་པོར་མཚོན་ཡོད། རྒྱ་ནག་ལྟ་བུའི་རིག་གཞུང་གཏིང་ཟབ་ཡོད་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་གིས་སྲིད་བྱུས་འདི་འདྲ་འཛིན་པ་ནི་ཤིན་ཏུ་ནས་མི་འོས་པ་དང༌། དུས་རབས་ཉེར་གཅིག་པའི་མིའི་བསམ་བློའི་འཕེལ་ཕྱོགས་དང་གཏན་ནས་མི་མཐུན་པ་ཞིག་རེད།

དེང་དུས་འཛམ་གླིང་གི་འཕེལ་ཕྱོགས་ནི་བློ་རྒྱ་ཡངས་པོ་དང༌། རང་དབང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱ་ནག་ནི་རྒྱ་ཁྱོན་ཆེན་པོ་དང༌། སྟོབས་ཤུགས་ཆེན་པོ་གང་འདྲ་ཞིག་ཡིན་རུང༌། འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་པས། སྔ་ཕྱི་ཙམ་མ་གཏོགས་རྒྱ་ནག་རྒྱལ་སྤྱིའི་འཕེལ་ཕྱོགས་ཀྱི་ནང་དུ་མཉམ་ཞུགས་བྱེད་དགོས་པ་ཡིན། ད་ལྟ་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར་འབྱུང་འགྱུར་གྱི་ལོ་ཟླའི་ནང་དེ་བས་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཕལ་ཆེར་འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཙམ་ཟིན་པའི་རྒྱ་ནག་རྒྱལ་ཁབ་ནང་གི་འགྱུར་བ་དེ་དག་ཞི་བའི་ཐོག་ནས་འགྲོ་ཐུབ་པ་ཞིག་བྱུང་ན་བསམས་ཏེ་ཤ་ཚའི་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་བརྟན་ལྷིང་མེད་པ་དང༌། ཟིང་ཆའི་གནས་ཚུལ་ཞིག་བྱུང་ན། མི་གསོད་ཁྲག་སྦྱོར་སོགས་ཀྱིས་མི་མང་ས་ཡ་མང་པོས་སྡུག་བསྔལ་ཚད་མེད་མྱོང་རྒྱུ་སྨོས་མེད་ཁར། འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་དང༌། བརྟན་ལྷིང་ལའང་ཤུགས་རྐྱེན་ཚབས་ཆེ་ཐེབས་རྒྱུ་རེད། ངོས་རང་མི་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་སྤུན་ཟླ་ཕོ་མོ་རྣམས་ལ་རང་དབང་དང༌། མང་གཙོ། ཞི་བདེ། དཔལ་འབྱོར་ཕུན་སུམ་ཚོགས་པ་བཅས་བྱུང་ན་ཅི་མ་རུང་སྙམ་ནས་ལྷག་བསམ་རྣམ་དག་གིས་རེ་བ་བྱེད་ཀྱི་ཡོད།

འབྱུང་འགྱུར་རྒྱ་ནག་གི་འཕོ་འགྱུར་གྱིས་བོད་ལ་ཚེ་སྲོག་གསར་པ་ཞིག་དང༌། རེ་བ་གསར་པ་ཞིག་སྤྲོད་ཐུབ་དང་མི་ཐུབ་དང༌། དེ་བཞིན་རྒྱ་ནག་དེ་ཀུན་གྱིས་ཡིད་ཆེས་བློས་འགེལ་བྱེད་ཡུལ་ཞིག་དང༌། སྤྱི་ཕན་སྒྲུབ་མཁན་ཞིག ཞི་བདེ་དོན་གཉེར་བྱེད་མཁན་ཞིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་འཁྲིད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་བཅས་ལ་འགྱུར་ཐུབ་མིན་ནི། རྒྱ་ནག་གིས་མུ་མཐུད་མངའ་ཁོངས་ས་ཆ་དང༌། མི་འབོར། དམག་དཔུང༌། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་ངོ་བོར་གནས་ཐབས་བྱེད་པའམ། ཡང་ན། ཡོངས་ཁྱབ་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལྟ་བ་དང༌། སྤྱོད་པ་ལག་ལེན་བསྟར་ནས་རང་ཉིད་རླབས་ཆེན་དང༌། གཟི་བརྗིད་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོ་གསར་པ་ཞིག་སྐྲུན་ཐབས་བྱེད་པ་བཅས་ལ་རག་ལས་ཡོད། འདི་སྐོར་རྒྱ་ནག་གཞུང་གི་ཐག་གཅོད་ཇི་ལྟར་བྱེད་མིན་ཡང་གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་རྣམ་འགྱུར་སྟོན་སྟངས་དང༌། སྲིད་བྱུས་འཛིན་ཕྱོགས་བཅས་ལ་རག་ཆེན་པོ་ལས་ཡོད། ང་རང་གི་ངོས་ནས་རྒྱ་ནག་འཛམ་གླིང་མང་གཙོའི་སྤྱི་ཚོགས་ཀྱི་གྲལ་སྟར་ནང་ངེས་པར་ཚུད་པའི་འདོད་ཚུལ་བཟུང་ནས། རྒྱ་ནག་བཀག་བསྐྱིལ་བྱེད་པ་དང༌། ཁེར་རྐྱང་དུ་འཇོག་པ་བཅས་བྱེད་མི་རུང་ཞེས་གསལ་པོ་བརྗོད་ཡོད། བཀག་བསྐྱིལ་བྱེད་པ་དང༌། ཁེར་རྐྱང་དུ་འཇོག་པའི་སྲིད་བྱུས་ནི་བཟང་སྤྱོད་དང་མི་མཐུན་པར་མ་ཟད། ཆབ་སྲིད་གནས་སྟངས་ནས་ཀྱང་ཡོང་ཐབས་མེད་པ་ཞིག་ཡིན། དེར་བརྟེན་ངོས་ནས་རྒྱལ་སྤྱིས་རྒྱ་ནག་ལ་འགན་འཁུར་དགོས་པ་དང༌། བཟང་སྤྱོད་ཀྱི་ཐོག་ནས་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།

ངོས་ནས་བསམ་པ་རྣམ་དག་གིས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་སྙིང་སྟོབས་དང༌། རྣམ་དཔྱོད། མ་འོངས་སྔོན་མཐོང་གི་བློ་རྩལ་བཅས་ལ་བརྟེན་ནས་བོད་དོན་འདི་ཞི་བའི་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་བོད་ཀྱི་དཀའ་རྙོག་འདི་ཞི་བའི་གྲོས་མོལ་གྱི་ཐོག་ནས་གཙང་མ་ཐག་གཅོད་ཐུབ་པ་ཞིག་བྱུང་ན། རྒྱ་ནག་རང་ཉིད་དུས་སྐབས་གསར་པ་ཞིག་ནང་མདུན་བསྐྱོད་བྱེད་པའི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཐོན་རྒྱུར་མ་ཟད། འཛམ་གླིང་ཐོག་རྒྱ་ནག་གི་ཆེ་མཐོང་ལའང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། དེ་མཚུངས་ཐེ་ཝན་མི་མང་གི་བསམ་བློ་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་དང༌། རྒྱ་དཀར་ནག་ཕན་ཚུན་བར་ལའང་ཡིད་ཆེས་དང༌། བློ་གདེང་འཁེལ་བའི་ཐོག་ནས་འབྲེལ་བ་བཟང་དུ་འགྲོ་རྒྱུ་ཡིན། འཕོ་འགྱུར་གྱི་དུས་ཚོད་འདི་ནི་གོ་སྐབས་ཀྱི་དུས་ཚོད་ཅིག་ཀྱང་ཡིན་གཤིས། བོད་རྒྱ་གཉིས་བར་ཞི་བའི་གྲོས་མོལ་གྱི་གོ་སྐབས་ཤིག་ཡོང་རྒྱུ་ཡིན་པར་ངོས་ནས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། བོད་རྒྱ་ཕྱོགས་གཉིས་ཀར་དེ་ལས་གཞན་པའི་ལམ་ཞིག་མེད་པས་ཡིན། ད་ལྟའི་བོད་ནང་གི་གནས་སྟངས་འདིས་བོད་མི་མང་གི་དཀའ་ངལ་སེལ་ཐུབ་མེད་ལ། རྒྱ་ནག་གི་ཆིག་སྒྲིལ་དང༌། བརྟན་ལྷིང་ལའང་ཕན་ཐོགས་བྱུང་མེད། དེས་ན་དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་རྒྱ་ནག་གི་དབུ་ཁྲིད་ཚོས་དངོས་ཡོད་ཀྱི་གནས་ཚུལ་འདི་ཁས་ལེན་གནང་དགོས་པ་ཡོང་རྒྱུ་ཡིན། ངོས་རང་ལ་ཆ་མཚོན་ན༑ གྲོས་མོལ་བྱ་རྒྱུའི་བསམ་བློ་འདི་ལ་འགྱུར་བ་ནམ་ཡང་མེད། རྒྱ་ནག་གཞུང་གི་ངོས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་ན། ངོས་ནས་སྐུ་ཚབ་གཏན་འཁེལ་བྱས་ཡོད་པ་ལྟར་ཁོང་ཚོས་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཉམ་དུ་ས་གནས་དང༌། དུས་ཚོད་གང་ཞིག་ཏུ་ཡིན་རུང་བཀའ་མོལ་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།

བོད་ཀྱི་གནད་དོན་ཐད་ངོས་ཀྱི་ལངས་ཕྱོགས་ནི་གསལ་པོ་ཡིན། ངོས་ནས་ལན་མང་བརྗོད་ཟིན་པ་ལྟར། བོད་རང་བཙན་རྩོད་ཀྱི་མེད། བོད་ལ་རང་སྲིད་རང་སྐྱོང་ཁ་ཡོད་ལག་ཡོད་ཅིག་དགོས་ཞེས་བརྗོད་ཀྱི་ཡོད། དེ་ཡང་བོད་མི་མང་ལ་རང་ཉིད་གོང་འཕེལ་ཡོང་བའི་ཆེད་དུ་རང་གི་སྤྱི་ཚོགས་དཔལ་ཡོན་དང༌། ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག འཚོ་བའི་གོམས་སྲོལ་བཅས་སྲུང་སྐྱོབ་བྱེད་ཆོག་པ་ཞིག་དགོས་རྒྱུ་དེ་ཡིན། དེ་ལྟར་ཡོང་བ་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནི། བོད་མི་མང་ལ་ནང་གི་རང་སྲིད་རང་སྐྱོང་བྱེད་ཆོག་པ་དང༌། རང་དབང་གི་སྒོ་ནས་རང་གི་སྤྱི་ཚོགས་དང༌། དཔལ་འབྱོར། རིག་གཞུང་བཅས་འཛུགས་སྐྲུན་བྱེད་ཆོག་པའི་ཐོབ་ཐང་ངེས་པར་དགོས་པ་ཡིན།

འདི་ཁུལ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་ང་ཚོས་མུ་མཐུད་མང་གཙོ་ཚད་མཐོའི་བསྒྱུར་བཅོས་བཏང་ཡོད། སྔ་ལོ་ཕྱི་ཟླ་ ༣ པར་ངོས་ནས་བོད་མི་མང་གི་བདམས་ཐོན་སྐུ་ཚབ་སྤྱི་འཐུས་རྣམས་ལ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མི་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་དགོས་ཞེས་ནན་བརྗོད་བྱས་པ་ལྟར། སྔ་ལོ་ཕྱི་ཟླ་ ༨ པར་བོད་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་བཙན་བྱོལ་མང་ཚོགས་ནས་འོས་ཤོག་འཕེན་པ་ལྟར་ཟམ་གདོང་རིན་པོ་ཆེར་འོས་ཤོག་རྩ་འབོར་གྱི་བརྒྱ་ཆ་ ༨༤ བརྒལ་བའི་རྒྱལ་ཁ་ཐོབ་སྟེ་བཀའ་བློན་ཁྲི་པ་གསར་པར་འདེམས་བསྐོ་བྱས་ཡོད། འདི་དག་ནི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་མུ་མཐུད་འཚར་ལོངས་དང༌། མདུན་བསྐྱོད་བྱེད་པའི་ནང་གི་གོམ་སྟབས་ཆེན་པོ་ཞིག་ཡིན། མ་འོངས་པར་བོད་ནང་མང་ཚོགས་ཀྱིས་འདེམས་བསྐོ་བྱས་པའི་མང་གཙོའི་སྲིད་གཞུང་ཞིག་ཡོང་རྒྱུར་ངོས་ནས་རེ་བ་བྱེད་ཀྱི་ཡོད།

དེ་རིང་གི་གོ་སྐབས་འདི་བཟུང་ནས་ང་ཚོའི་འཚེ་མེད་ཞི་བའི་རང་དབང་གི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་མཁན་མི་སྒེར་དང༌། གཞུང་འབྲེལ་མི་སྣ། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཚང་མར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སེམས་ཤུགས་གོང་དུ་འཕེལ་བའི་གནས་ཚུལ་ཞིག་ལ། དེང་གི་ཆར་གཞི་རིམ་དང༌། མཐོ་རིམ་གྱི་སློབ་གྲྭ་ཁག་དང༌། ཆོས་ལུགས། སྒྱུ་རྩལ། ཚོང་ལས་སོགས་ཀྱི་སྤྱི་ཚོགས་སྒྲིག་འཛུགས་དང༌། དེ་མིན་རྒྱ་ཆེའི་མི་མང་གི་ཁྲོད་བཅས་སུ་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཇེ་ཆེར་སོང་ནས་ང་ཚོའི་རྩ་དོན་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་རྒྱ་རིགས་ནང་པ་དང༌། ཕྱི་རྒྱལ་དང༌། ཐེ་ཝན་ལ་ཡོད་པའི་རྒྱ་རིགས་མི་མང་བཅས་དང་ང་ཚོའི་བར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བྱུང་བ་དང༌། ང་ཚོའི་རྩ་དོན་ལ་གདུང་སེམས་མཉམ་བསྐྱེད་དང༌། རྒྱབ་སྐྱོར་བྱེད་མཁན་བསམ་ཤེས་ཅན་གྱི་རྒྱ་རིགས་སྤུན་ཟླ་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཅས་འདི་དག་ནི་ང་ཚོའི་སྙིང་སྟོབས་དང༌། སེམས་ཤུགས་འཕེལ་བའི་དམིགས་བསལ་གྱི་རྒྱུ་རྐྱེན་ཞིག་ཡིན།

ངོས་ནས་གོ་སྐབས་འདི་བཟུང་སྟེ་རྒྱ་ནག་ལ་རང་དབང་དང༌། མང་གཙོ་ཡོང་བའི་ཆེད་དུ་བློས་གཏོང་ཆེན་པོ་བྱེད་མཁན་རྒྱ་རིགས་སྤུན་ཟླ་ཕོ་མོ་རྣམས་ལ་བསྔགས་བརྗོད་དང༌། སྨོན་ལམ་ཡོད། ལྷག་པར་དུ་རྒྱ་གར་གཞུང་དང༌། མི་མང་ནས་བོད་མི་རྣམས་ལ་བཀའ་དྲིན་གཞལ་དཀའ་བའི་མཐུན་འགྱུར་དང༌། རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང༌། དེ་ནི་སྡུག་བསྔལ་གྱིས་མནར་བའི་མི་རྣམས་ལ་ཤ་ཚ་དང༌། གདུང་སེམས་མཉམ་བསྐྱེད་བྱེད་པའི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་དང༌། བདེན་པ་དང༌། དྲང་པའི་བྱ་བར་མིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་དགའ་ཞེན་བྱེད་པ་མཚོན་པ་ཞིག་ཡིན་པས། ངོས་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། གྲོས་ཚོགས། ང་ཚོའི་གྲོགས་པོ་ཚོ་བཅས་ཚང་མར་སྔར་བས་ལྷག་བསམ་དང༌། ནུས་ཤུགས་བསྐྱེད་དེ་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

མཐའ་དོན། བོད་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་ལེགས་སྐྱེས་ལ་ཕུལ་དང་འབུལ་བཞིན་པའི་སྐུ་གཤེགས་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་ཞུ་རྒྱུ་དང༌། ང་ཚོའི་མི་མང་གི་སྡུག་བསྔལ་མྱུར་དུ་སེལ་བའི་སྨོན་ལམ་བཅས།།    །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།