གསུམ་བཅུའི་དུས་དྲན་ཐེངས་ཞེ་གཅིག་པར་བསྩལ་བའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༠གསུམ་བཅུའི་དུས་དྲན་ཐེངས་ཞེ་གཅིག་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༩ཉིན་སྤེལ། ཕྱི་ལོ་ ༡༩༥༩ ལོར་བོད་རང་དབང་སྒེར་ལངས་བྱས་ནས་ད་ལམ་མི་ལོ་ ༤༡ འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར་ངོས་ནས་བོད་གཞིས་བྱེས་མི་མང་ཡོངས་དང༌། འཛམ་གླིང་ཐོག་ང་ཚོར་རྒྱབ་སྐྱོར་གནང་མཁན་རྣམས་དང༌། ང་ཚོའི་གྲོགས་པོ་རྣམ་པ་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

ང་ཚོ་དུས་རབས་ཉེར་གཅིག་པའི་དུས་འགོར་སླེབས་ཡོད། འདས་པའི་དུས་རབས་ཉི་ཤུ་པར་བྱུང་བའི་གནས་ཚུལ་ལ་གཞིགས་ན། འགྲོ་བ་མིའི་ཕྱི་དངོས་པོ་ཡར་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད། དེ་དང་ཆབས་ཅིག་ཡུལ་ལུང་དང༌། མི་མང་རྣམས་ལ་འཕྲད་པའི་དཀའ་རྙོག་རྣམས་ཞི་མོལ་གྱི་ལམ་ནས་སེལ་ཐབས་མ་བྱས་པར་དྲག་སྤྱོད་ལག་བསྟར་བྱས་པའི་དབང་གིས་མི་མང་པོའི་ལུས་སྲོག་དང༌། སྣོད་བཅུད་བཅས་པར་གཏོར་བཤིག་ཉམས་ཆག་ཚབས་ཆེ་བྱུང་ཡོད་པར་བརྟེན་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང༌། འཐབ་རྩོད་ཀྱི་དུས་རབས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་འདིའི་ཉམས་མྱོང་གི་ཐོག་ནས་ང་ཚོར་རྩ་ཆེའི་བསླབ་བྱ་ཐོབ་ཡོད། དྲག་སྤྱོད་ཐོག་ནས་དཀའ་རྙོག་སེལ་ཐབས་བྱས་པ་དེ་དག་ཕུགས་བརྟན་ཡུན་གནས་ཤིག་མི་ཡོང་བ་གསལ་པོར་བསྟན་ཡོད། ཕན་ཚུན་གོ་རྟོགས་བཟང་པོ་ཡོང་ཐབས་ནི་ཞི་བའི་ཐབས་ལམ་ཁོ་ན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དུས་རབས་གསར་པ་འདི་ང་ཚོས་ཞི་བདེ་དང༌། གྲོས་མོལ་གྱི་དུས་རབས་ཤིག་ཡོང་བ་བྱེད་དགོས།

དེ་རིང་ང་ཚོས་དུས་དྲན་ལ་སྲུང་བརྩི་བྱེད་པའི་སྐབས་འདིར་ང་ཚོའི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ནི་རྙོག་འཛིངས་ཅན་ཞིག་ཏུ་གནས་ཡོད་ཀྱང༌། བོད་རྒྱ་ཆེའི་མི་མང་གི་ངོ་རྒོལ་གྱི་སེམས་ཤུགས་མུ་མཐུད་ཇེ་ཆེར་འགྲོ་བཞིན་པ་དང༌། དེ་བཞིན་རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་བཅས་ཀྱིས་ང་ཚོའི་སེམས་ཤུགས་ལ་སྐུལ་ལྕག་ཆེན་པོ་ཡོང་གི་འདུག ཐབས་སྡུག་པ་ཞིག་ལ། པེ་ཅིང་གཞུང་ལ་བོད་དོན་གྱི་དཀའ་རྙོག་འདི་རྒྱུ་མཚན་ལྡན་པ་དང༌། ལག་ལེན་འཁེལ་ཐུབ་པའི་བྱ་ཐབས་ཀྱི་སྒོ་ནས་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་དང༌། སྙིང་སྟོབས་མེད་པར་བརྟེན་གྲོས་མོལ་བྱེད་འདོད་མི་བྱེད་པར་དྲག་རྩུབ་ཇེ་ཆེར་གཏོང་གི་ཡོད། ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ནས་རེ་བ་བཟང་པོ་ཞིག་བཅངས་པ་དང་ཆབས་ཅིག་སྡུག་ས་ནས་གྲ་སྒྲིག་ཀྱང་བྱས་པ་ཡིན། དེར་བརྟེན་ང་ཚོས་ལོ་མང་རིང་རྒྱ་ནག་གཞུང་དང་གྲོས་མོལ་གྱི་སྒོ་ནས་ཕན་ཚུན་ཞི་འགྲིགས་ཡོང་བའི་ཐབས་ཤེས་བྱས་པ་དང༌། དེ་བཞིན་ཐེ་ཝན་ཐེ་བའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་སྤུན་ཟླ་རྣམས་དང་བོད་མིའི་བར་འབྲེལ་བ་བཟོས་ཏེ་ཕན་ཚུན་ཤེས་རྟོགས་དང༌། གུས་བརྩི། གདུང་སེམས་མཉམ་བསྐྱེད་བཅས་ཡོང་ཐབས་བྱས་པ་ཡིན། དེ་དང་མཉམ་དུ་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་གསལ་དུ་གཏོང་བ་དང༌། རྩ་ཆེའི་ཆོས་དང་རིག་གཞུང་སྲུང་སྐྱོབ། འཚེ་མེད་ཞི་བའི་ལམ་ཕྱོགས་ཁྱབ་སྤེལ། མང་གཙོ་ཤུགས་ཆེར་གཏོང་བ། རྒྱལ་སྤྱིའི་ནང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཁག་ལ་འབྲེལ་ལམ་རྒྱ་ཆེར་བཏང་བ་བཅས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞི་རྩ་སྲ་བརྟན་ཡོང་བའི་འབད་བརྩོན་མུ་མཐུད་བྱས་པ་ཡིན།

བློ་ཕམ་ཆེན་པོས་བརྗོད་དགོས་པ་ཞིག་ལ། ཉེ་བའི་ལོ་ཤས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་སླེབས་ཡོད་པ་དང༌། བོད་མིའི་ཆོས་དད་དང༌། མི་རིགས་ཀྱི་ངོ་བོ་གཏོར་བརླག་གཏོང་ཆེད་རྒྱལ་གཅེས་ཀྱི་སློབ་གསོ་ཟེར་བའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་ལོ་རེ་བཞིན་ཤུགས་ཇེ་ཆེར་བཏང་ཡོད་པ་དང༌། ཕྱོགས་ཁ་ཤས་ལ་དེ་སྔའི་རིག་གནས་གསར་བརྗེའི་དུས་སྐབས་ལྟར་གྱི་འཇིགས་སྐུལ་དང༌། བཙན་དབང༌། དངངས་སྐྲག་བཅས་ཀྱི་གནས་ཚུལ་ཡོད་འདུག ༡༩༩༩ ལོ་གཅིག་པུའི་ནང་ཆབ་སྲིད་ཀྱི་བཙོན་པ་དྲུག་བཙོན་ཁང་ནང་ལུགས་མཐུན་མིན་པའི་མནར་གཅོད་འོག་རྐྱེན་འདས་སོང་བ་དང༌། དགེ་འདུན་པ་དང་བཙུན་མ་ཁྱོན་བསྡོམས་ ༡༤༣༢ དགོན་པ་ནས་ཕྱིར་འབུད་བྱས་ཡོད། རྒྱུ་མཚན་ནི༑ བོད་རང་དབང་གི་འཐབ་རྩོད་མཚམས་འཇོག་མ་བྱས་པ་དང༌། ངོས་ལ་སྐྱོན་བརྗོད་མ་བྱས་པ་དེ་ཡིན། ང་ཚོས་ཤེས་པའི་གནས་ཚུལ་དང༌། ཡིག་ཆའི་ཐོག་འཁོད་པར་གཞིགས་ན། བོད་ནང་ཆབ་སྲིད་ཀྱི་བཙོན་པ་མི་གྲངས་ ༦༡༥ ཡོད་པ་དང༌། ༡༩༩༦ ལོ་ནས་བཟུང་ད་བར་གྲྭ་བཙུན་ ༡༡༤༠༩ དགོན་པ་དང་ཆོས་བྱེད་བསྟི་གནས་ཁག་ནས་ཕྱིར་འབུད་བྱས་འདུག བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས་ཀྱི་ལོ་འགའི་དངོས་བྱུང་ཉམས་མྱོང་ལ་གཞིགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ལོ་རབས་དྲུག་ཅུ་པའི་ལོ་འགོར་སྐད་གྲགས་ཡོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་བ་གནང་ཡོད། འོན་ཀྱང་དེ་ནས་ད་བར་བོད་ནང་རྒྱའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་འགྱུར་བ་དེ་ཙམ་ཕྱིན་མེད་པ་གསལ་པོ་ཡིན།

ད་ལྟའི་ཆར་ཡང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགུང་ན་ཆུང་ངུ་དེ་བཟང་བཙོན་ལྟ་བུར་བཞག་སྟེ་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་ཆུང་ཤོས་ཤིག་ཏུ་གྱུར་པ་དེར་སེམས་འཚབ་ཆེན་པོ་ཡོད། བློ་འཚབ་ཆེ་ཤོས་ཤིག་ལ༑ བོད་ཀྱི་དཔལ་འབྱོར་སྒོ་མོ་དབྱེ་སྟེ་ཁྲོམ་རའི་དཔལ་འབྱོར་དུ་བསྒྱུར་བའི་གོ་སྐབས་བཟུང་ནས་རྒྱ་མི་ཧ་ཅང་མང་པོ་ཞིག་བོད་ནང་མུ་མཐུད་ཡོང་གི་ཡོད་པ་དང༌། དེ་བཞིན་སྨད་ཚོང་ཁང་དང༌། རྒྱན་རྩེད་ཁང༌། ཆང་ཁང༌། རོལ་གཞས་ཁང་སོགས་ཁྱབ་གདལ་འགྲོ་བཞིན་པ་དེ་ལ་གཞུང་ནས་མངོན་མེད་ཀྱི་སྐུལ་ལྕག་བྱེད་ཀྱི་ཡོད། དེ་དག་གིས་བོད་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་བཟང་པོ་ཁག་དང༌། མི་རིགས་ཀྱི་རང་གཤིས། ཡ་རབས་ཀྱི་ཀུན་སྤྱོད་བཅས་པར་གནོད་འཚེ་དང༌། བོད་མི་རིགས་རང་ཉིད་ཀྱི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུ་བཅས་ཀྱི་ཐད་དྲག་ཤུགས་ལས་ལྷག་པའི་ནུས་པ་འདོན་གྱི་ཡོད།

དེ་ལྟ་བུའི་ཐབས་སྡུག་གི་གནས་ཚུལ་འདི་བོད་མི་མང་གི་དཀའ་ངལ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་མེད་པར་མ་ཟད། རྒྱ་ནག་རང་གི་བརྟན་ལྷིང་དང༌། གཅིག་གྱུར་ལའང་ཕན་ཐོགས་མེད། གལ་ཏེ་བརྟན་ལྷིང་དང༌། གཅིག་གྱུར་ལ་སེམས་འཚབ་དངོས་གནས་བྱེད་ཀྱི་ཡོད་ན༑ བོད་མི་མང་གི་བློ་ཡིད་མགུ་ཐབས་བྱེད་དགོས་པ་ལས། རང་གི་འདོད་ཚུལ་བཙན་འགེལ་བྱེད་མི་རུང༌། ཁ་བྲལ་དུ་མི་འགྲོ་བ་བྱེད་དགོས་ན་དབང་འཛིན་པ་ཚོས་མི་རིགས་ཁག་གི་ཐོག་དྲང་བདེན་དང་འདྲ་མཉམ་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་འགན་ཁུར་ལེན་དགོས། རྫུན་དང་གཡོ་སྒྱུས་གནས་སྐབས་མི་མང་མགོ་སྐོར་གཏོང་ཐུབ་པ་དང༌། དེ་བཞིན་དྲག་རྩུབ་ཀྱིས་མིའི་ལུས་པོ་དབང་སྒྱུར་བྱེད་ཐུབ་ཀྱང༌། དངོས་གནས་འགྲོ་བ་མིའི་ཡིད་ཆེས་རྙེད་པ་དང༌། ཁོང་ཚོའི་འདོད་པ་ཁེངས་པ་ཞིག་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཁོང་ཚོའི་གནས་ཚུལ་གསལ་པོ་ཤེས་པ་དང༌། དྲང་བདེན་དང༌། ཕན་ཚུན་གུས་བརྩིའི་སྤྱོད་ཚུལ་བཅས་དགོས་པ་ཡིན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་དག་བོད་རྒྱ་ནག་ལས་ཁ་བྲལ་འགྲོ་བའི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང་གི་སྙིང་པོ་རྣམས་རྩ་བརླག་གཏོང་རྒྱུའི་དོན་དུ་དམ་དྲག་གི་ལས་འགུལ་གསར་པ་སྤེལ་བ་དང༌། རྒྱའི་མི་འབོར་གནས་སྤོ་ཤུགས་ཆེ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་རྣམས་རྩ་མེད་བཟོ་བའི་སྲིད་བྱུས་གསལ་པོར་མཚོན་གྱི་ཡོད།

བོད་མིས་ངོ་རྒོལ་དང༌། རང་དབང་འཐབ་རྩོད་བྱེད་པའི་གཞི་རྩ་ནི་དུས་ཡུན་རིང་པོའི་རྒྱལ་རབས་ལོ་རྒྱུས་དང༌། ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་བཅས་ལ་ཐུག་ཡོད། བོད་ཀྱི་གནད་དོན་འདི་པེ་ཅིང་གཞུང་ནས་བཤད་པ་ལྟར་གྱི་སྟབས་བདེ་དེ་འདྲ་མིན་པར་ངོ་བོ་གཏིང་ཟབ་ཅིང་དཀའ་རྙོག་ཆེན་པོ་ཡོད་པ་ཞིག་ཡིན། རྒྱལ་རབས་ནི་རྒྱལ་རབས་རང་ཡིན་པས། འདས་པའི་གནས་ཚུལ་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། རང་གི་འདོད་པ་ལྟར་དགོས་མཁོ་ཡོད་པ་རྣམས་ཉར། དེ་མིན་རྣམས་རང་དགར་དོར་ཐབས་མེད། དེའི་ཐད་རྒྱལ་རབས་མཁས་པ་དང༌། ཁྲིམས་དོན་མཁས་པ་ཚོས་བློ་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱས་ན་ལེགས་ཤོས་ཡིན། རྒྱལ་རབས་ཀྱི་གནས་ཚུལ་ཆབ་སྲིད་ཀྱིས་ཐག་གཅོད་བྱས་ན་མི་འགྲིགས། ངོས་ནས་མ་འོངས་པའི་ལམ་ཕྱོགས་ལ་རྒྱང་བལྟ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང༌། རྒྱལ་རབས་ལོ་རྒྱུས། མི་རིགས་ཀྱི་ངོ་བོ་བཅས་པའི་གནད་དོན་ཇི་ཡིན་མི་ཤེས་པའམ། ཡང་ན་ངོས་འཛིན་ཇི་བཞིན་མི་བྱེད་པ་དང༌། གུས་བརྩི་མི་བྱེད་པ་བཅས་ཀྱིས་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་དེ་རྟག་ཏུ་ནོར་འཁྲུལ་གྱི་ལམ་དུ་སྐྱོད་ཀྱི་ཡོད།

རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་བདེན་དོན་བཤད་ས་མེད་པ་དང༌། དབང་འཛིན་ལས་ཁུངས་ཀྱིས་དྲག་གནོན་དང༌། བཙན་ཤེད་བྱས་པའི་དབང་གིས་མི་མང་རྣམས་འཇིགས་སྣང་མ་བཟོད་པར་རྫུན་མི་ཤོད་ཐབས་མེད་ཡོང་གི་ཡོད། དེ་བཞིན་ས་གནས་ཀྱི་ལས་བྱེད་ཚོས་ཀྱང་པེ་ཅིང་དང༌། བོད་ནང་གི་དཔོན་རིགས་ཚོའི་འདོད་པ་དང་བསྟུན་ཏེ་གནས་ཚུལ་རྫུན་བཟོ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་བོད་ལ་འཛིན་པའི་སྲིད་བྱུས་ཁག་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡོང་གི་མེད། དེ་དག་ནི་མིག་རྒྱང་ཐུང་ཞིང༌། གནོད་སྐྱོན་གྱི་འབྱུང་གཞི་ཞིག་ཏུ་གྱུར་ཡོད། དེ་འདྲའི་སྲིད་བྱུས་ཀྱི་ཐོག་ནས་བསམ་བློ་གུ་དོག་ཅིང༌། མི་རིགས་དང་རིག་གཞུང་གི་ཁེངས་དྲེགས་ཆེ་བ་དང༌། ཆབ་སྲིད་ཐོག་གདེང་ཚོད་མེད་པ་བཅས་ཀྱི་རྣམ་པ་གསལ་པོར་མཚོན་གྱི་ཡོད། ན་ནིང་སྐུ་འབུམ་དགོན་པའི་མཁན་པོ་ཨ་ཀྱ་རིན་པོ་ཆེ་དང༌། ཉེ་དུས་ཀརྨ་པ་རིན་པོ་ཆེ་བྲོས་བྱོལ་དུ་ཕེབས་པའི་གནས་ཚུལ་བཅས་ནི་གོང་གསལ་གྱི་དཔེ་མཚོན་གསལ་ཤོས་ཡིན།

རྒྱལ་ཁབ་ཀྱི་བདག་དབང་དང༌། གོང་བུ་གཅིག་གྱུར་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ལུགསབརྗོད་དེ་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱེད་པ་དེ་དག་འཛམ་གླིང་རྒྱལ་ཁབ་ཁག་གི་ནག་འཛུགས་ལས་ཐར་རྒྱུའི་དུས་རབས་ཡོལ་ཟིན་པ་ཡིན། བོད་ཀྱི་གནའ་བོའི་རིག་གཞུང་ཕྱུག་པོ་འདི་དག་གཏོར་བརླག་ཕྱིན་ན་མཐའ་མཇུག་རྒྱ་ནག་མི་མང་ལའང་འགྱོད་པ་ཆེན་པོ་ཞིག་ཡོང་རྒྱུ་ཡིན། ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་པོ་འདིས་རྒྱ་ནག་གི་མི་མང་ས་ཡ་མང་པོར་ཕན་ཐོགས་ཡོང་རྒྱུར་མ་ཟད། རྒྱ་ནག་རྒྱལ་ཁབ་དཔལ་ཡོན་གྱིས་ཕྱུག་པ་ཞིག་ཡོང་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པར་ཡིད་ཆེས་ཡོད། རྒྱ་ནག་གི་དཔོན་རིགས་ཁ་ཤས་ཀྱིས་དུས་ཚོད་གང་མཚམས་ནས་བོད་དོན་འདི་རང་དགར་མེད་པ་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དེ་ནི་བསམ་བློ་གཏོང་སྟངས་ཐབས་སྡུག་དང༌། འདས་པའི་ནོར་འཁྲུལ་གྱི་བསམ་བློའི་ཐོག་ཕྱིར་ལོག་བྱས་པ་ཞིག་རེད།

དེ་སྔ་ ༡༩༤༩། ༡༩༥༠། ༡༩༥༩ ལོ་བཅས་ཀྱི་དུས་སྐབས་སུ་རྒྱ་ནག་གི་དཔོན་རིགས་སུ་ཞིག་གི་བསམ་བློའི་ནང་ཕྱི་ལོ་ཉིས་སྟོང་ལོར་སླེབས་སྐབས་ཀྱང་བོད་དོན་གྱི་དཀའ་རྙོག་འདི་མུ་མཐུད་གནས་ཀྱི་རེད་བསམ་པ་བྱུང་མེད། ད་ཆ་སྐབས་དེའི་ང་ཚོའི་མི་རབས་རྣམས་ཕལ་ཆེར་ཡལ་ཉེ་བ་དང༌། མི་རབས་གཉིས་པ་དང་གསུམ་པའི་དུས་སྐབས་ལ་སླེབས་ཡོད། དེ་ལྟར་དུས་ཚོད་སོང་ཡང་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་མུ་མཐུད་ཇེ་ཆེའི་ངང་གནས་པ་འདིས་བོད་དོན་འདི་མི་གཅིག་དང༌། མི་རབས་གཅིག་གི་ཁེ་ཕན་གྱི་འཐབ་རྩོད་མིན་པ་གསལ་པོར་བསྟན་ཡོད། དེར་བརྟེན་འབྱུང་འགྱུར་གྱི་མི་རབས་གསར་པ་ཚོས་ཀྱང་བོད་རང་དབང་གི་འཐབ་རྩོད་གཅེས་འཛིན་ཆེན་པོས་འབད་བརྩོན་མུ་མཐུད་བྱེད་ངེས་ཡིན། གང་ལྟར་ནམ་ཞིག་དངོས་ཡོད་གནས་ཚུལ་འདི་རྒྱ་ནག་གི་འགོ་ཁྲིད་ཚོས་ངོས་ལེན་བྱེད་དགོས་པ་ཞིག་ཡོང་རྒྱུ་ཡིན།

ངོས་ནས་བོད་མི་མང་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱེད་པ་ལས། ཁ་བྲལ་གྱི་ལམ་དུ་སྐྱོད་ཀྱི་མེད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་དེར་ཡིད་ཆེས་མི་བྱེད་པའི་ཐོག མངོན་གསལ་གྱི་སྒོ་ནས་ངོས་ཀྱིས་རཎན་བཤད་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད། ངོས་ནས་རྫུན་བཤད་ཡོད་མེད་ཁོང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཡོང་སྟེ་ཞིབ་འཇུག་མཐིལ་ཕྱིན་བྱས་ན་འགྲིགས།

ངོས་ནས་ད་བར་བོད་དོན་དཀའ་རྙོག་འདི་ཞི་བ་དང༌། ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་སེལ་ཐུབ་པའི་ཐབས་ལམ་ཞིག་བཙལ་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བོད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བསམ་བློ་གཏོང་གི་ཡོད། འདི་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། གང་ཡིན་ཞེ་ན། འདིས་རྒྱ་ནག་གཞུང་གིས་གལ་ཆེར་འཛིན་པའི་བརྟན་ལྷིང་དང༌། གཅིག་གྱུར་གྱི་དམིགས་ཡུལ་འགྲུབ་ཐུབ་པ་དང༌། བོད་མི་རྣམས་ལའང་སོ་སོའི་ཆོས་དང་རིག་གཞུང་དང༌། ཁོར་ཡུག་གཅེས་སྐྱོང་བྱ་རྒྱུ་བཅས་ཀྱི་གཞི་རྩའི་ཐོབ་ཐང་ལོངས་སྤྱོད་ཆོག་པ་ཡོང་རྒྱུ་ཡིན།

བསམ་ཚུལ་འདི་ལ་རྒྱ་ནག་གཞུང་ནས་བརྡ་ལན་བཟང་པོ་མ་བྱས་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་མ་ཞུ་མཐུ་མེད་བྱུང༌། རྒྱ་ཕྱོགས་ནས་འཕྲལ་སྒང་མི་འདོད་པ་བྱེད་ཀྱི་ཡོད་ན་ཡང༌། བོད་དོན་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་སུ་རྒྱལ་སྤྱིའི་སེམས་ཁུར་དང༌། རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་པོ་བསྟན་རྒྱུ་གལ་ཆེན་པོ་མཐོང་གི་འདུག རྒྱལ་སྤྱིའི་རྒྱབ་སྐྱོར་དང་ཐབས་ཤེས་ནུས་པ་ཐོན་པ་ཞིག་མ་བྱུང་ཕྱིན་པེ་ཅིང་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མི་ཡོང་བ་གསལ་པོ་ཡིན། བོད་རྒྱ་བར་གྲོས་མོལ་བྱ་རྒྱུའི་ངོས་ཀྱི་བསམ་བློ་འདི་ད་ལྟའང་འགྱུར་བ་མེད་པར་གནས་ཡོད། ང་ཚོའི་བར་གྲོས་མོལ་བྱེད་པ་དང༌། བོད་ཀྱི་དངོས་ཡོད་གནས་ཚུལ་དྲང་བདེན་གྱི་ཐོག་ནས་གསལ་པོ་ཤེས་ཐབས་བྱས་པ་ཡིན་ན། ཕན་ཡོད་ཀྱི་ཐབས་ལམ་ཞིག་རྙེད་རྒྱུ་ཡིན་པར་ཡིད་ཆེས་ཡོད།

དེ་རིང་གི་གོ་སྐབས་འདི་བརྒྱུད་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་དང༌། གྲོས་ཚོགས་ཀྱི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཆོས་ལུགས་ཁག མི་སྒེར་མང་པོ་ཞིག་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་སྤྱི་བྱེའི་གནས་ཚུལ་ཤེས་མཁན་རྒྱ་ནག་གི་སྤུན་ཟླ་ཚོའི་ནང་ང་ཚོར་གདུང་སེམས་མཉམ་བསྐྱེད་དང༌། རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བ་འདི་ནི་གལ་གནད་ཆེན་པོ་ཞིག་དང༌། ང་ཚོའི་སེམས་ཤུགས་འཕེལ་བའི་དམིགས་བསལ་གྱི་རྒྱུ་རྐྱེན་ཞིག་ཡིན། ང་ཚོར་རྒྱབ་སྐྱོར་གནང་མཁན་ཚོས་དེ་རིང་འཛམ་གླིང་གི་ས་ཕྱོགས་གང་སར་དུས་དྲན་སྲུང་བརྩི་གནང་གི་ཡོད་པར་ངོས་ནས་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ད་ཕན་མི་ལོ་བཞི་བཅུའི་རིང་རྒྱ་གར་གཞུང་དང་མི་མང་ནས་ང་ཚོར་འགྲན་ཟླ་བྲལ་བའི་རོགས་རམ་རྒྱབ་སྐྱོར་གནང་བ་ལ་ངས་བོད་མི་མང་གི་མགྲིན་ཚབ་བྱས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་དང༌། བོད་མི་མང་གི་སྡུག་བསྔལ་མགྱོགས་ནས་མྱུར་དུ་སེལ་བའི་སྨོན་ལམ་བཅས།།     །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།