གསུམ་བཅུའི་དུས་དྲན་ཐེངས་སོ་བདུན་པའི་ཐོག་བསྩལ་བའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༡༩༩༦གསུམ་བཅུའི་དུས་དྲན་ཐེངས་སོ་བདུན་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།། 

                        ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། དེ་རིང་ང་ཚོས་བོད་མིའི་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༣༧ པར་སྲུང་བརྩི་ཞུ་བའི་སྐབས་འདིར་ཚང་མས་མཐོང་གསལ་ལ། ད་ལྟ་རྒྱ་ནག་གིས་གཞི་རྩའི་སྲིད་བྱུས་མཁྲེགས་རྩུབ་ཅན་ཞིག་འཛིན་ནས་ཧོང་ཀོང་དང༌། ཐེ་ཝན་ཐོག་དྲག་རྩུབ་ཀྱི་རྣམ་འགྱུར་བསྟན་པ་དང༌། བོད་དུའང་དྲག་གནོན་ཤུགས་ཆེ་རུ་བཏང་བ་གསལ་པོ་ཡོད། དེ་འདྲའི་རྒྱུ་མཚན་གྱིས་ཨེ་ཤ་ཡའི་ཞི་བའི་རྒྱ་མཚོའི་ཁུལ་དུའང་འཇིགས་སྣང་དང་དོགས་པ་ཤུགས་ཆེར་འགྲོ་བཞིན་པ་དང༌། རྒྱ་ནག་དང་འཛམ་གླིང་ཡུལ་གྲུ་གཞན་དག་དབར་གྱི་འབྲེལ་ལམ་ཡང་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད།

                        ཀུན་གཟིགས་རིན་པོ་ཆེའི་ཡང་སྲིད་སྐོར་ངའི་ངོས་ནས་རྒྱ་ནག་གཞུང་དང་ཕན་ཚུན་གོ་རྟོགས་གསལ་པོའི་སྒོ་ནས་བྱ་བ་མཉམ་སྒྲུབ་བྱེད་ཐུབ་པའི་འབད་བརྩོན་བྱས་ཀྱང༌། རྒྱ་ནག་གི་སྲིད་བྱུས་མཁྲེགས་རྩུབ་ཅན་དེའི་འོག་པེ་ཅིང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཁ་གཏད་ཀྱི་ཡང་སྲིད་ཅིག་བསྐོས་ཏེ་ཁོང་ཚོའི་ཆབ་སྲིད་ཀྱི་ལྟ་བ་བོད་མིའི་ཐོག་སྤྱད་ནས་བོད་མིའི་གོམས་གཤིས་དང༌། ཆོས་ཕྱོགས་ཀྱི་སྲོལ་རྒྱུན་བཅས་པར་བརྩི་མེད་མཐོང་ཆུང་དང་ཁྱད་གསོད་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཁག་ནང་ད་ལྟའི་བོད་ཀྱི་གནས་སྟངས་འདི་ལོ་རབས་བརྒྱད་ཅུ་པའི་ནང་པོལན་ཌའི་བཟོ་ལས་མང་ཚོགས་ཀྱིས་ཆིག་སྒྲིལ་གྱི་རང་དབང་རྩོད་ལེན་བྱས་པའི་དུས་སྐབས་དང་འདྲ་བར་བཤད་པ་དེས་རྒྱ་ནག་གི་འགོ་འཁྲིད་པའི་བསམ་བློའི་ནང་ཚོར་བ་ཇི་ལྟ་བུ་ཞིག་ཡོད་པ་གསལ་པོར་མཚོན་ཐུབ།

                        ངས་བློ་ཕམ་ངང་བརྗོད་རྒྱུར་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་དབང་ཤེད་དང༌། འཇིགས་སྐུལ་གྱི་ཐོག་ནས་བོད་ཀྱི་ས་ཁུལ་གང་སར་བཙན་དབང་དྲག་གནོན་ཤུགས་ཆེར་གཏོང་བཞིན་པ་རེད། འོན་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་ངོས་རང་ལ་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད། རྒྱ་ནག་གི་འགོ་འཁྲིད་ཚོའི་འགན་ཁུར་མི་རབས་གསར་པ་ཞིག་ལ་རྩིས་སྤྲོད་བྱེད་པའི་དུས་མཚམས་ལ་སླེབས་ཡོད་ཅིང༌། རྒྱ་ནག་གི་སྤྱི་ཚོགས་ནང་འགྱུར་བ་གཏིང་ཟབ་འགྲོ་བཞིན་པ་དང༌། པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རང་དབང་དང༌། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་དགོས་པའི་འབོད་སྒྲ་མི་གསོད་ཁྲག་སྦྱོར་གྱིས་རྩ་མེད་བཟོ་ཐུབ་མེད་པ་དང༌། ཐེ་ཝན་ནང་མང་གཙོཤུགས་ཆེར་འགྲོ་བཞིན་པ། ལྷག་དོན་འདི་ཟླའི་ཟླ་མཇུག་ཏུ་ཐེ་ཝན་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་མི་མང་ནས་ཐད་ཀར་སྲིད་འཛིན་འོས་འདེམས་བྱ་རྒྱུ་ཡིན་པ་བཅས་ཀྱིས་རྒྱ་ནག་ནང་མི་མང་གི་བསམ་བློར་མང་གཙོའི་རེ་འདོད་ཀྱི་གཡོ་འགུལ་ཤུགས་ཆེ་ཞིག་ཐེབས་ངེས་ཡིན། དེར་བརྟེན་ད་ལྟའི་རྒྱ་ནག་གི་དབང་ཤུགས་གཅིག་སྡུད་ཀྱི་གཞུང་འཛིན་ལམ་སྲོལ་འདི་དག་གུ་ཡངས་དང༌། རང་དབང༌། མང་གཙོའི་རྣམ་པ་ཅན་ཞིག་ཏུ་འགྱུར་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་ཡིན། ད་ལྟའི་ཆར་དྲི་བ་གཅིག་ཡོད་པ་ནི་འགྱུར་བ་དེ་ག་དུས་ཡོང་དང༌། ཇི་ལྟར་ཡོང༌། ཞི་འཇམ་ངང་ཡོང་ཐུབ་མིན་བཅས་ཀྱི་གནད་དོན་འདི་ཡིན།

                        ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་སྤུན་ཟླ་ཚོ་རང་དབང་དང༌། མང་གཙོ། ཡར་རྒྱས། བརྟན་ལྷིང་བཅས་ལ་ལོངས་སྤྱོད་ཐུབ་རྒྱུའི་རེ་འདོད་ཤུགས་ཆེ་ཡོད་ལ། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཀྱང་འཛམ་གླིང་གི་མི་འབོར་བཞི་ཆ་གཅིག་ཙམ་ཡོད་པའི་རྒྱ་ནག་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་གི་འགྱུར་བ་ཤུགས་ཆེ་ཞིག་འགྲོ་རྒྱུའི་དུས་མཚམས་སུ་སླེབས་པར་བརྟེན། འགྱུར་བ་དེ་ཆེས་ངན་པའི་ལམ་ཕྱོགས་ལ་འགྲོ་དོགས་ཀྱི་བློ་གཡེང་ཆེན་པོ་ཡོང་གི་འདུག གལ་སྲིད་ཟང་ཟིང་དང༌། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ན་རྒྱ་ནག་ནི་མི་འབོར་ཧ་ཅང་ཆེ་བས་མི་ས་ཡ་མང་པོར་བློ་ཡུལ་དུ་མི་ཤོང་བའི་དཀའ་ངལ་ཡོང་རྒྱུར་མ་ཟད། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ཡིན།

                        ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཡུལ་དང༌། བོད་མི་མང་གི་མ་འོངས་པའི་གནས་སྟངས་ཅི་འདྲ་ཞིག་ཡོང་མིན་དེ་རྒྱ་ནག་ནང་འགྱུར་བ་ཅི་འདྲ་ཞིག་འགྲོ་མིན་ལ་རག་ལུས་པ་གསལ་པོ་མཐོང་གི་འདུག རྒྱ་ནག་ལ་ཡོང་རྒྱུའི་འགྱུར་བ་དེས་བོད་ལ་རེ་བ་དང་མདུན་ལམ་གསར་པ་ཞིག་འབྱུང་མིན་དང༌། རྒྱ་ནག་རང་ཉིད་འགན་ཁུར་ལྡན་ཞིང༌། ཡིད་ཆེས་འཕེར་བ་དང༌། ཞི་འཇམ། ཚུལ་མཐུན་བཅས་ཀྱི་རྒྱལ་སྤྱིའི་ཚོགས་མི་ཞིག་ཏུ་འགྱུར་ཐུབ་དང་མི་ཐུབ་ནི་རྒྱལ་ཁབ་གཞན་དག་གིས་རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས་ལའང་གང་ཙམ་རག་ལུས་ཡོད། ངོས་ནས་རྒྱ་ནག་འདི་རྒྱལ་སྤྱིའི་མང་གཙོའི་སྒྲིག་འཛུགས་ནང་འཇུག་དགོས་པ་ལས་ལོགས་སུ་དབྱེ་ན་ཕན་ཐོགས་མེད་པའི་སྐོར་ཡང་ཡང་བརྗོད་ཡོད་ལ། གལ་ཏེ་དེ་འདྲ་བྱས་ན་མིའི་བཟང་སྤྱོད་དང་མི་མཐུན་ཞིང༌། ཆབ་སྲིད་ཀྱི་ཆ་ནས་ཀྱང་ལག་ལེན་མི་ཐུབ་པ་ཞིག་ཡིན། དེར་བརྟེན་ངོས་ཀྱིས་རྒྱལ་སྤྱིའི་ཕྱོགས་ནས་འགན་ཁུར་ལྡན་པའི་གཞི་རྩའི་སྲིད་བྱུས་བརྟན་པོ་ཞིག་བཟུང་སྟེ་རྒྱ་ནག་དང་འབྲེལ་བ་བྱེད་དགོས་པའི་བསམ་འཆར་བརྗོད་བཞིན་པ་ཡིན།

                        པེ་ཅིང་གི་གནམ་བདེ་སྒོ་མོར་བྱུང་བའི་གནས་ཚུལ་དེས་རྒྱ་ནག་མི་མང་ལ་མི་རིགས་གཞན་དག་དང་འདྲ་བར་རང་དབང་དང༌། མང་གཙོ། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་བཅས་དོན་གཉེར་བྱ་འདུན་ཡོད་པའི་རྣམ་འགྱུར་གསལ་པོར་མཚོན་ཡོད་ཅིང༌། ཆབ་སྲིད་ཀྱི་དབང་ཆ་མེ་མདའི་ཁ་ནས་ཐོབ་རྒྱུའི་སློབ་གསོ་བརྒྱབ་པའི་རྒྱ་ནག་གི་ན་གཞོན་ཚོས་རང་གི་དམིགས་ཡུལ་དྲག་ལས་སྤངས་ཏེ་སྒྲུབ་པ་དེར་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང༌། ཆབ་སྲིད་ཀྱི་འགྱུར་བ་བཟང་པོ་ཞིག་ཡོང་བའི་དམིགས་ཡུལ་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བསྒྲུབ་དགོས་པར་ངོས་རང་ཡིད་ཆེས་གཙང་མ་ཡོད། འཚེ་མེད་ཞི་བའི་ལམ་བརྒྱུད་གྲོས་མོལ་ཐོག་ནས་བོད་མིའི་མ་འོངས་པའི་གནས་སྟངས་ཐག་གཅོད་ཡོང་ཆེད་ངོས་ནས་རྒྱ་ནག་གཞུང་ལ་གོ་བསྡུར་ཐབས་ཤེས་འབད་བརྩོན་མུ་མཐུད་བྱས་ཡོད། ཕན་ཚུན་གཉིས་ཀས་ངོས་ལེན་ཡོད་པའི་ཐོག་ནས་དཀའ་རྙོག་རྣམས་སེལ་ཐུབ་པའི་ཆེད་དུ་ངས་ལམ་དབུ་མ་ཞིག་བསྟན་པ་འདི་ནི་ཏེང་ཞའོ་ཕིང་གིས་རང་བཙན་མིན་པའི་གནད་དོན་གང་ཡང་གོ་བསྡུར་བྱས་ན་འགྲིགས་རྒྱུ་དང༌། དཀའ་ངལ་ཚང་མ་སེལ་ཐུབ་ཅེས་བཤད་པ་དེའི་རྒྱ་ལས་བརྒལ་མེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ངས་བཏོན་པའི་གྲོས་འཆར་ཚང་མར་རྒྱ་ནག་གཞུང་གིས་བདག་སྤྲོད་ཇི་བཞིན་བྱས་མེད། ཡིན་ནའང་རིང་མིན་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་དཀའ་རྙོག་འདི་ཕན་ཚུན་གོ་བསྡུར་ཐོག་ནས་སེལ་རྒྱུའི་དགེ་མཚན་མཐོང་གི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

                        བོད་ཀྱི་དཀའ་རྙོག་འདི་རང་བཞིན་དུ་མེད་པར་འགྲོ་ཐབས་མེད་ལ༑ བདག་མེད་སྐྱུར་འཇོག་ཀྱང་བྱ་ཐབས་མེད། དབང་ཤེད་དང་དྲག་གནོན་བྱས་ནས་དཀའ་རྙོག་སེལ་མི་ཐུབ་པ་འདས་པའི་གནས་ཚུལ་ནས་ར་འཕྲོད་ཡོད། གནས་ཚུལ་འདི་དག་རྒྱ་ནག་གི་འགོ་འཁྲིད་ཚོས་སྔ་ཕྱིར་མ་ལྟོས་པར་ངོས་ལེན་བྱེད་ངེས་ཡིན། དངོས་ཡོད་གནས་སྟངས་ལ་གཞིགས་ན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐད་རྒྱ་ནག་གི་འགོ་འཁྲིད་ཚོར་གོ་སྐབས་བཟང་པོ་ཞིག་ཡོད། དཀའ་རྙོག་འདི་ཞི་མོལ་གྱི་ཐོག་ནས་ལེགས་པར་སེལ་ཐུབ་ན། ཞི་བའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་ཐོན་ཏེ་རྒྱ་ནག་ནང་ཆབ་སྲིད་འཕོ་འགྱུར་ཞི་འཇམ་ངང་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུར་མ་ཟད། འཛམ་གླིང་ནང་རྒྱ་ནག་གི་ཆེ་མཐོང་ཡང་གོང་མཐོར་འགྲོ་ངེས་དང༌། ཧོང་ཀོང་དང༌། ཐེ་ཝན་ཐོག་ཀྱང་མིག་ལྟོས་བཟང་པོ་ཞིག་ཡོང་རྒྱུ་དང༌། རྒྱ་དཀར་ནག་གཉིས་ཀྱི་དབར་དངོས་འབྲེལ་ཡིད་ཆེས་འཕེར་བའི་འབྲེལ་ལམ་བཟང་པོ་ཞིག་ཡོང་རྒྱུ་བཅས་ལ་ཕན་ཐོགས་ཡོང་ངེས་ཡིན།

                        ང་ཚོའི་ངོས་ནས་བོད་ཀྱི་དཀའ་རྙོག་འདི་ཞི་འཇམ་དང༌། གུ་ཡངས། བཟོད་བསྲན། ཕན་ཚུན་གཉིས་ཕན་བཅས་ཀྱི་སྒོ་ནས་སེལ་ཐབས་བྱེད་ཀྱི་ཡོད། ད་དུང་ངོས་ཀྱི་དབུ་མའི་ལམ་ཕྱོགས་ལ་འགྱུར་བ་གང་ཡང་མེད། ང་ཚོའི་ཕྱོགས་ནས་ཕན་ཚུན་གཉིས་ཕན་དང་མཛའ་གྲོགས་བཟང་པོའི་སྒོ་ནས་ཡུན་རིང་མཉམ་གནས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འདི་ལྟ་བུའི་བསམ་ཚུལ་ལ་བརྟེན་ནས་ང་ཚོས་བོད་མིའི་ཁེ་ཕན་གཅིག་པུ་མིན་པར་རྒྱ་ནག་གི་སྲུང་སྐྱོབ་དང༌། དཔལ་འབྱོར་བཅས་ལ་ཡང་སེམས་འཁུར་བྱེད་ཀྱི་ཡོད།

                        བོད་ནང་ྋརྒྱལ་བསྟན་འཛིན་སྐྱོང་ལེགས་པར་བྱ་རྒྱུའི་གོ་སྐབས་བྱུང་ན༑ རྒྱ་ནག་གི་རྒྱ་ཆེའི་སྤུན་ཟླ་ཕོ་མོ་ས་ཡ་མང་པོར་སེམས་ཀྱི་བདེ་སྐྱིད་དང་བླང་དོར་འབྱེད་པའི་རྣམ་དཔྱོད་འཕེལ་རྒྱུར་ང་ཚོས་སྲི་ཞུ་སྒྲུབ་འདོད་ཡོད། ངས་བཏོན་པའི་གྲོས་འཆར་ལ་ད་ཕན་རྒྱ་ནག་གཞུང་ནས་བདག་སྤྲོད་བྱས་མེད་ཀྱང༌། བོད་མི་ཚོར་རྒྱ་ནག་མི་མང་ལ་འབྲེལ་བ་བྱེད་དགོས་པ་དང༌། རྒྱ་ནག་མི་མང་དང༌། རྒྱ་ནག་གཞུང་གི་དབང་འཛིན་པའི་སྲིད་བྱུས་གཉིས་དབྱེ་འབྱེད་བྱེད་དགོས་པའི་སློབ་སྟོན་རྒྱུན་དུ་བྱེད་མུས་ཡིན། དེང་སྐབས་རྒྱའི་མི་མང་དང༌། བོད་མིའི་དབར་འབྲེལ་ལམ་བཟང་དུ་ཕྱིན་ཡོད་པ་དང༌། ལྷག་དོན་བཙན་བྱོལ་བོད་མིདང༌། ཕྱི་རྒྱལ་དུ་སྡོད་མཁན་རྒྱ་རིགས་གཉིས་དབར་འབྲེལ་ལམ་ཟབ་ཏུ་ཕྱིན་ཡོད།

                        དེས་མ་ཚད་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་རྒྱ་རིགས་དཔའ་བོ་ཝེ་ཅིང་ཧྲན་སོགས་ནས་རང་གི་འགོ་འཁྲིད་ཚོར་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང༌། བོད་མི་མང་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པའི་རྒྱབ་སྐྱོར་བྱས་ཡོད། ཕྱི་སྡོད་རྒྱ་རིགས་མཁས་དབང་འགའ་ཞིག་གིས་རྒྱ་ནག་མཉམ་སྦྲེལ་མནའ་མཐུན་རྒྱལ་ཁབ་ཆེད་རྩ་ཁྲིམས་ཀྱི་འཆར་ཟིན་བཟོས་ཏེ་གོ་བསྡུར་སྦྱངས་བཤད་བྱས་པ་དང༌། དེའི་ནང་བོད་ལ་མནའ་མཐུན་གྱི་གནས་བབ་སྤྲོད་རྒྱུར་བསམ་བློ་བཏང་ཡོད། དེ་རིགས་ནི་རྗེས་སུ་ཡི་རངས་བྱེད་འོས་པའི་འགྱུར་ལྡོག་ཅིག་ཡིན། གནད་དོན་དེ་དག་གིས་བོད་རྒྱ་མི་རིགས་གཉིས་དབར་མི་དང་མིའི་འབྲེལ་ལམ་བཟང་དུ་འགྲོ་བ་དང༌། དེ་ལ་བརྟེན་ནས་ཕན་ཚུན་གཉིས་ཀའི་ཁེ་ཕན་གྱི་གནད་དོན་གོ་རྟོགས་གོང་མཐོར་འགྲོ་བཞིན་ཡོད་པ་དེར་ངོས་རང་དགའ་ཚོར་ཆེན་པོ་བྱུང༌།

                        ཉེ་བའི་ལོ་ཤས་ནང་ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་

རང་དབང་རྩོད་ལེན་བྱེད་པ་འདིར་འཛམ་གླིང་ཡོངས་ཀྱི་མི་མང་ནས་རྒྱབ་སྐྱོར་ལས་འགུལ་རྒྱ་ཆེར་ཕྱིན་པར་བརྟེན། སྲིད་གཞུང་དང༌། གྲོས་ཚོགས་ཁག་མང་པོ་ཞིག་གིས་ང་ཚོར་སེམས་འཁུར་དང༌། རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱི་ཡོད། གནད་དོན་དེ་ཚོར་རྒྱ་ནག་གཞུང་ནས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་ན་ཡང་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་དག་གིས་རྒྱ་ནག་གི་འགོ་འཁྲིད་ཚོར་སྐུལ་མ་ཐེབས་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།

                        ངས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་ཕྱྭ་དང༌། རང་དབང་གི་དོན་དུ་འབོད་སྐུལ་བྱས་པ་ལྟར་གཞུང་དང༌། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཆོས་ལུགས་ཁག་གི་མི་སྣ་བཅས་ནས་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་བྱུང་བར་ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཁྱེའུ་འདི་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་ལོ་ན་ཆུང་ཤོས་དེ་ཡིན་པས་ཁྱེད་རྣམ་པས་མུ་མཐུད་འབད་བརྩོན་གྱིས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

                        དེ་རིང་གི་དུས་དྲན་འདིར་འཛམ་གླིང་གང་སར་ང་ཚོའི་གྲོགས་པོ་ཚོས་བོད་མིའི་དོན་དུ་ཞི་བའི་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་དེར་ངས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་འགུལ་དེ་རིགས་རྒྱ་ནག་ལ་མི་དགའ་བའི་དབང་གིས་སྤེལ་བ་མིན་པ་རྒྱ་ནག་གི་འགོ་འཁྲིད་ཚོས་ངོས་འཛིན་ཐུབ་པའི་རེ་བ་ཡོད། ལས་འགུལ་དེ་རིགས་ཀྱི་དམིགས་ཡུལ་ནི་རྒྱ་ནག་གི་འགོ་འཁྲིད་དང༌། མི་མང་ཚོར་བོད་མིར་ལོ་རྒྱུས་ཐོག་ནས་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པ་རྣམས་ངོས་ལེན་ཡོང་བའི་འབོད་སྐུལ་ཞུས་པ་ཞིག་ཡིན།

                        ངས་དགའ་པོའི་ངང་བརྗོད་རྒྱུར། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ནང་མང་གཙོའི་ཉམས་མྱོང་ལེན་ཐབས་ཀྱི་འབད་བརྩོན་བྱས་པ་རྣམས་ལམ་ལྷོང་ཡག་པོ་བྱུང་ཡོད། ན་ནིང་སྟོན་ཁར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་ཐོག་མའི་འོས་གཞི་བདམས་པ་དང༌། ཟླ་བ་རྗེས་མར་བོད་མི་མང་གི་སྤྱི་འཐུས་དངོས་གཞི་འོས་འདེམས་བྱ་རྒྱུ་ཡིན། བོད་མིའི་སྤྱི་ཚོགས་འཚོ་གནས་ཐུབ་པ་དང༌། མ་འོངས་པའི་བོད་མི་མང་གི་མདུན་ལམ་བཟང་ཤོས་དེ་མང་གཙོའི་ལམ་ལུགས་ཡིན་པར་ངས་ཡིད་ཆེས་བྱེད་བཞིན་པ་ཡིན། མང་གཙོ་ལ་འོས་འགན་དང༌། ཐོབ་ཐང་གཉིས་ཀ་ཡོད། ང་ཚོའི་རྩ་དོན་ལེགས་འགྲུབ་ཐུབ་མིན་ནི། འོས་འགན་ལེགས་པར་སྒྲུབ་མིན་ལ་རག་ལུས་ཡོད།

                        དེར་བརྟེན་ང་ཚོའི་སྤྱི་འཐུས་སྐབས་བཅུ་གཉིས་པ་དེ་འཚམས་མཐུན་དང༌། གནས་ཚད་ལོངས་པ། སྤྱི་དོན་བསྒྲུབ་རྒྱུར་ལྷག་བསམ་ཡོད་མཁན་བཅས་ཀྱི་བོད་མི་མང་གི་སྐུ་ཚབ་ཅིག་འདེམས་ཐོན་ཡོང་བའི་རེ་བ་ཡོད། དེ་ལྟར་ཡོང་མིན་འོས་ཤོག་འཕེན་མཁན་མི་རེ་ངོ་རེར་འགན་ཁུར་རེ་ཡོད་པ་ལྟར་ཚང་མས་ཕྱོགས་ལྷུང་སྤངས་ཏེ། ད་ལྟའི་དུས་སྐབས་ཀྱི་དགོས་མཁོའི་གནས་ཚུལ་ཤེས་པའི་ཐོག་ནས་འོས་ཤོག་འཕེན་དགོས་པ་ཡིན། མཐའ་དོན། བོད་ཀྱི་རང་དབང་ཆེད་རང་སྲོག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་དང༌། ང་ཚོའི་མི་མང་གི་སྡུག་བསྔལ་གང་མྱུར་སེལ་བའི་སྨོན་ལམ་བཅས།།    །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།