གསུམ་བཅུའི་དུས་དྲན་ཐེངས་སོ་དྲུག་པའི་ཐོག་བསྩལ་བའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༡༩༩༥གསུམ་བཅུའི་དུས་དྲན་ཐེངས་སོ་དྲུག་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། དེང་དུས་འཛམ་གླིང་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། ས་ཁུལ་ཁ་ཤས་ནང་འཐབ་རྩོད་དང་དཀའ་ངལ་གསར་པ་ཡོད་ཀྱང༌། དེ་སྔ་དཀའ་རྙོག་ཡོད་པའི་ས་ཁུལ་མང་པོའི་ནང་མཐུན་འགྲིགས་དང་ཞི་བདེ་ཡོང་གི་ཡོད་པ་ལྟར། ང་ཚོས་ཀྱང་གྲོས་མོལ་གྱི་སྒོ་ནས་བོད་ནང་འགྱུར་བ་བཟང་པོ་ཞིག་ཡོང་བའི་འབད་བརྩོན་བྱས་པ་ཡིན། བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་༣༦འཁོར་བའི་དུས་དྲན་ལ་སྲུང་བརྩི་བྱེད་པའི་སྐབས་འདིར་ངོས་ནས་བློ་ཕམ་ངང་བརྗོད་རྒྱུ་ཞིག་ལ། རང་རེའི་ཕ་ཡུལ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་པའི་ཁར། མི་མང་རྣམས་མུ་མཐུད་སྡུག་བསྔལ་དངངས་སྐྲག་མྱོང་བཞིན་དུ་གནས་ཡོད། དེར་མ་ཟད་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་བྱུས་ལྟར། དྲག་རྩུབ་དང༌། སྡིགས་སྐུལ། མི་འབོར་སྤོ་ཞུགས་བཅས་ཀྱི་ཐོག་ནས་བོད་ཀྱི་དཀའ་རྙོག་མེད་པ་བཟོ་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་སྔར་བས་མངོན་གསལ་ཇེ་ཆེར་འགྲོ་བཞིན་མཆིས།

                        ཉེ་ཆར་རྒྱ་ནག་གཞུང་ནས་བོད་ནང་ཆབ་སྲིད་ཀྱི་དབང་སྒྱུར་ཤུགས་ཆེ་རུ་གཏོང་ཆེད་ལས་འགུལ་གསར་པ་མང་པོ་སྤེལ་ཏེ། བརྟག་དཔྱད་ཞིབ་འཇུག་ཟེར་བའི་ལས་འགུལ་གྱི་ཐོག་ནས་བོད་རང་བཙན་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོའི་ཐོག་ཚབས་ཆེའི་དྲག་གནོན་ལག་ལེན་བསྟར་ཞིང༌། དྲག་གནོན་བྱེད་ཡུལ་ཡང་བོད་ཀྱི་རིག་གཞུང་གཅེས་འཛིན་བྱེད་མཁན་དང༌། བོད་ཡིག་སློབ་གཉེར་མཁན། སྒེར་གྱི་སློབ་གྲྭ་གཉེར་མཁན་ཚོ་ཡིན། དེ་བཞིན་བོད་མི་གུང་ཁྲན་ཏང་མི་དང༌། ལས་བྱེད་རྣམས་ཀྱི་ཐོག་དེ་སྔའི་རིག་གནས་གསར་བརྗེ་ཟེར་བ་ལྟ་བུའི་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ནས་ཆོས་དད་དང༌། རིགས་ཞེན་གྱི་རྣམ་འགྱུར་ཐོན་རིགས་རྣམས་སྒྲིག་ཁོངས་ནས་ཕུད་པ། དགོན་སྡེ་ཁག་ནང་མི་མང་དྲག་ཆས་ཉེན་རྟོག་དམག་ཟེར་བ་འཛུལ་ནས་སྔོག་བཤེར་དང༌། འཛིན་བཟུང་བྱེད་པ་དེ་ཡང་ད་ཆ་གྲོང་གསེབ་ས་ཁུལ་བར་ཁྱབ་ཡོད། དགོན་པ་ཉམས་གསོ་དང༌། གསར་བཞེངས། གྲྭ་བཙུན་ཆོས་ཞུགས་བྱ་རྒྱུ་བཅས་ཀྱི་ལས་དོན་བཀག་སྡོམ་བྱེད་པ། བོད་ནང་གི་གནས་ཚུལ་ཕྱི་གྱར་འབྱུང་དོགས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་ལས་བྱེད་བོད་མི་འགའ་ཞིག་ཕྱིར་འབུད་དང༌། བོད་ཕྲུག་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་པར་འགྲོ་མི་ཆོག་པ། སྒེར་གྱི་ཐབས་ཤེས་ལ་བརྟེན་ནས་ཕྱི་རྒྱལ་དུ་ཡོད་མུས་ཀྱི་སློབ་ཕྲུག་རྣམས་ཀྱང་ཕྱིར་ལེན་བྱེད་དགོས་པའི་བཙན་བཀའ་བཏང་བ་བཅས་བྱུང་འདུག

                        སྔ་ལོ་ཕྱི་ཟླ་ ༧ པའི་ནང་པེ་ཅིང་དུ་ཆེས་མཐོའི་ཚོགས་འདུ་ཞིག་ཚོགས་པ་དེའི་ཐོག་ནས་གོང་གསལ་གྱི་སྲིད་བྱུས་རྣམས་གཏན་འབེབས་དང་བཅས། བོད་ནང་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་དྲུག་ཅུ་རེ་གཉིས་ཟེར་བ་ཞིག་གཉེར་རྒྱུའི་གསལ་བསྒྲགས་བྱས་པ་དེ་ཡང་དེ་སྔོན་བོད་ནང་གཉེར་བའི་ལས་གཞི་ཕལ་ཆེ་བ་དང་འདྲ་བར་བོད་ནང་རྒྱ་མི་སྤོ་ཤུགས་ཆེ་རུ་བཏང་ནས་མཐའ་མ་བོད་མི་རྣམས་རྒྱའི་མི་འབོར་ནང་སིམ་དུ་འཇུག་རྒྱུའི་དམིགས་ཡུལ་བཟུང་ཡོད། དེ་བཞིན་བོད་དབུས་ཁུལ་དུ་མེ་འཁོར་གྱི་ལྕགས་ལམ་བཟོ་རྒྱུའི་གསལ་བསྒྲགས་བྱས་པ་དེ་ཡང་དམིགས་བསལ་བློ་འཚབ་བྱེད་དགོས་པ་ཞིག་ཡིན་ཞིང༌། ད་ལྟའི་སྲིད་བྱུས་འདིའི་འོག་ལྕགས་ལམ་དེས་རྒྱ་མི་སྤོ་ཞུགས་བྱ་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཞིག་འདོན་རྒྱུ་མ་ཟད། བོད་མི་རིགས་འཚོ་གནས་ཐད་ལ་ཡང་ཉེན་ཁ་ཇི་ཙམ་ཡོང་གི་ཡོད་མེད་ནི་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་བདུན་ཕྲག་རེར་རྒྱ་མི་ཁྱོན་ཆེ་འབྱོར་མུས་ཀྱི་གནས་ཚུལ་ནས་གསལ་པོ་ཤེས་ཐུབ།

                        བོད་རྒྱའི་རྩོད་རྙོག་སེལ་ཐབས་སྐོར་ངོས་ནས་རྒྱ་ཕྱོགས་ལ་འཁོན་འཛིན་སྡང་སེམས་སྤངས་ཏེ་མཛའ་བརྩེ་དང༌། ཁ་ཞེ་གཉིས་མེད་ཀྱི་ཕན་སེམས། ལྷག་བསམ་རྣམ་དག་བཅས་ཀྱི་སྒོ་ནས་འབྲེལ་བ་མི་ལོ་བཅོ་ལྔའི་རིང་བགྱིས་པ་དེ་ལྟར་ཡང༌། འདི་གའི་གྲོས་འཆར་དེ་དག་རྒྱ་ཕྱོགས་ནས་ངོས་ལེན་མ་བྱས་པའི་ཁར། གྲོས་མོལ་འགོ་མ་ཚུགས་གོང་བོད་རྒྱ་ནག་གི་ཆ་ཤས་བསྙོན་མེད་དུ་ཁས་ལེན་བྱེད་དགོས་ཟེར་བའི་སྔོན་འགྲོའི་ཆ་རྐྱེན་བཏོན་ཡོད། ལོ་རྒྱུས་ཐོག་བོད་རྒྱའི་འབྲེལ་བ་དངོས་འབྲེལ་ཅི་འདྲ་ཡིན་མིན་ནི་བོད་མི་དང༌། རྒྱ་མི་རྒྱལ་རབས་མཁས་པ་ཚོས་བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཡིན། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་དང༌། ཁྲིམས་དོན་ཚོགས་པ་ཁག བོད་ཀྱི་རྒྱལ་རབས་སློབ་གཉེར་ཁང་ཁག་བཅས་ནས་ཞིབ་འཇུག་གོ་བསྡུར་བྱས་ཏེ་ཕྱོགས་ལྷུང་མེད་པའི་སྡོམ་ཚིག་ཅིག་འདོན་རྒྱུའི་འབོད་སྐུལ་བྱེད་རྒྱུ་ཡིན།

                        ངོས་ནས་ད་ཕན་བོད་ཀྱི་འདས་པའི་རྒྱལ་སྤྱིའི་གནས་བབ་སྐོར་དམིགས་སུ་བཀར་ནས་གཙོ་བོར་མ་བརྗོད་པར་འདས་པ་ལས་མ་འོངས་པ་གལ་ཆེ་བར་ངོས་འཛིན་བྱས་ཏེ། འདྲ་མཉམ་གཉིས་ཕན་དང༌། ཕན་ཚུན་བརྩི་འཇོག་ཡོད་པའི་བོད་རྒྱའི་འབྲེལ་བ་ཚུལ་མཐུན་ཞིག་བྱུང་ན་བོད་མི་ས་ཡ་དྲུག་རང་མོས་ཀྱི་སྒོ་ནས་རྒྱ་མི་རིགས་ས་ཡ་ཆིག་སྟོང་དང་མཉམ་དུ་སྡོད་འདོད་ཡོང་མི་སྲིད་པ་མིན། རྒྱ་མིར་བོད་རྒྱ་ནག་དང་མཉམ་དུ་སྡོད་རྒྱུའི་རེ་འདོད་ཡོད་ན་རྒྱ་མིའི་ཕྱོགས་ནས་དེའི་ཆ་རྐྱེན་དང་གཞི་རྟེན་བསྒྲུབ་དགོས། འོན་ཀྱང་ད་ལྟའི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ངོ་མ་ནི་བོད་དེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་བཙན་བཟུང་དབང་སྒྱུར་འོག་གནས་པ་དེ་ཡིན་པས་དེ་དག་གྲོས་མོལ་གྱི་ཐོག་ནས་སེལ་ཐབས་བྱེད་དགོས། ལོ་ཤས་ནང་རྒྱལ་སྤྱིའི་ཐོག་ནས་བོད་དོན་གལ་ཆེར་འཛིན་པའི་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་དཔེར་ན༑ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚོགས་ཆུང་གསུམ་པ་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་ཆེན། རྒྱལ་ཚོགས་ཀྱི་གནས་ཚུལ་མཁོ་སྒྲུབ་ཁག་གི་སྙན་ཐོ་བཅས་པའི་ནང་བོད་དོན་སྐོར་བགྲོ་གླེང་བྱས་དང་བྱེད་བཞིན་ཡོད་པ་དང༌། སྲིད་གཞུང་ཁག་མང་པོས་སེམས་ཁུར་གནང་བ་བཅས་ནས་གསལ་པོ་ཡོད།

                        ངོས་ཀྱི་སྐུ་ཚབ་དང༌། རྒྱ་ནག་གཞུང་དབར་གྲོས་མོལ་ཡོང་ཐབས་སུ་སྔ་ལོ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་རམ་ཡོང་བའི་འབོད་སྐུལ་བགྱིས་པར། ཨེ་ཤ་ཡ་དང༌། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ནས་ངོས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་དང་བཅས་གྲོས་མོལ་གང་མགྱོགས་འགོ་འཛུགས་ཐུབ་པའི་ཆེད་ཁོང་ཚོའི་གཞུང་ནས་རོགས་རམ་བྱ་རྒྱུ་ཡིན་ཞེས་མང་ཚོགས་དང༌། རྒྱལ་འབྲེལ་གྱི་ཐབས་ལམ་བརྒྱུད་བརྡ་ལན་གནང་བྱུང་བ་དེར་ངོས་ནས་དེ་རིང་གི་གོ་སྐབས་འདི་བརྒྱུད་སྲིད་གཞུང་དེ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

                        ད་དུང་ཡང་རྒྱལ་སྤྱིའི་སྤྱི་ཚོགས་དང༌། ལྷག་པར་མང་གཙོའི་རྒྱལ་ཁབ་ཁག་གིས་དེང་དུས་བོད་ནང་རྒྱ་ནག་གཞུང་གི་སྤྱོད་ཚུལ་དེ་འོས་མིན་ཡིན་ལུགས་དང་བོད་ཀྱི་གནད་དོན་འདི་སྔོན་འགྲོའི་ཆ་རྐྱེན་མེད་པའི་སྒོ་ནས་ཞི་བའི་གྲོས་མོལ་བརྒྱུད་སེལ་ཐབས་བྱེད་དགོས་པའི་གོ་བརྡ་མུ་མཐུད་སྤྲོད་རྒྱུ་གལ་ཆེན་པོ་ཡིན། བོད་ཀྱི་དཀའ་ངལ་སེལ་བའི་ལས་དོན་འདི་ཛ་དྲག་གི་སྒོ་ནས་མགྱོགས་མྱུར་དུ་མ་བསྒྲུབས་པར་ད་དུང་འདི་མུར་ཡུན་རིང་གནས་ན་བོད་ནང་ཞེ་འཁོན་འཐབ་རྩོད་ཇེ་ཆེར་འགྲོ་ངེས་ཡིན།

                        ངོས་ནས་བོད་རང་བཙན་སྐོར་གུ་བཤངས་བྱེད་སྟངས་ལ་བོད་མི་མང་

པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་ཐོག་ངོས་ནས་བཏོན་པའི་གྲོས་འཆར་ལ་རྒྱ་ཕྱོགས་ནས་བརྡ་ལན་ཚུལ་བཞིན་མ་བྱས་པ་དེས་ཀྱང་བོད་མི་ཚོར་བློ་ཁ་མ་ཁེངས་པའི་སེམས་ཚབས་ཇེ་ཆེར་སོང་བར་བརྟེན་གནད་དོན་འདིའི་ཐད་སྔ་ལོ་ངོས་ནས་མི་མང་རང་ལ་ཐད་ཀར་སྐད་ཆ་དྲིས་ཏེ་ཐག་གཅོད་བྱ་རྒྱུའི་བསམ་འཆར་བཏོན་ཡོད། ངོས་ནས་བོད་རང་དབང་འཐབ་རྩོད་ཀྱི་འགོ་ཁྲིད་བྱེད་པའི་རིང་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་རྒྱུ་ཡིན། མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་ཕྱོགས་ཅི་འདྲ་ཞིག་ཏུ་འགྲོ་རྒྱུའི་སྐོར་བོད་མི་མང་ནས་བསམ་གྲོས་ཞིབ་བསྡུར་བྱེད་རྒྱུ་འདི་ནི་ཤིན་ཏུ་དོན་གལ་ཆེ་ཞིང༌། བོད་ཀྱི་ལོ་རྒྱུས་ནང་འཁོད་རྒྱུའི་ལས་དོན་གལ་ཆེ་འདི་སྐོར་བོད་མི་ཚང་མས་ཡིད་ཟབ་གོ་བསྡུར་ཞིབ་ལྷུག་གིས་ཐག་གཅོད་བྱེད་དགོས། ད་ལྟའི་ཆར་བོད་ནང་རྒྱ་ཁྱབ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ཐབས་མེད་ཀྱང༌། བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་བསྡུ་རྒྱུའི་ཐབས་ལམ་འཚོལ་རྒྱུ་དང༌། བོད་ཀྱི་ཕྱི་རོལ་དུ་གནས་པའི་བོད་མི་རྣམས་ཀྱི་བསམ་འཆར་ཡོངས་བསྒྲགས་ལུགས་མཐུན་གྱིས་བསྡུ་རྒྱུ་ཡིན།

                        ང་ཚོས་དེ་ལྟར་གྲ་སྒྲིག་བྱེད་བཞིན་པ་ཡིན་ན་ཡང༌། ངོས་ནས་གསལ་པོར་བརྗོད་དགོས་པ་ཞིག་ལ། གལ་ཏེ་རྒྱ་ནག་ཕྱོགས་ནས་གྲོས་མོལ་བྱེད་རྒྱུའི་བསམ་འཆར་བཏོན་པ་ཡིན་ན། ངོས་ནས་གྲོས་མོལ་གྱི་ལམ་སྒོ་ཕྱེ་སྟེ་ད་ལྟའང་དབུ་མའི་ལམ་ཐོག་གནས་མུས་ཡིན། ང་ཚོའི་གྲོས་མོལ་བྱེད་མཁན་འཐུས་མིའི་ཚོགས་ཆུང་གིས་དུས་ཚོད་གང་ཞིག་དང༌། གཉིས་མོས་ཀྱི་ས་གནས་གང་ཞིག་ལ་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། རིང་མིན་རྒྱ་ནག་གི་འགོ་ཁྲིད་ཁོག་ཡངས་བསམ་ཤེས་ཅན་དག་གིས་ཕན་ཚུན་མཐུན་ལམ་དང་འགྲིགས་གཙོའིསྒོ་ནས་གྲོས་མོལ་བྱས་ཏེ་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཁོ་ན་དགེ་མཚན་ཆེ་བར་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། དེ་ནི་ཞི་འགྲིགས་བརྟན་ལྷིང་འབྱུང་བའི་ཐབས་ལམ་ངོ་མ་དེ་ཡིན་ཞིང༌། བརྟན་ལྷིང་དགོས་གལ་ཆེ་ལུགས་རྒྱ་མིའི་འགོ་ཁྲིད་ཚོས་རྟག་ཏུ་བརྗོད་མུས་ལྟར་བརྟན་ལྷིང་ཡང་དག་པ་ནི་ཕན་ཚུན་གཉིས་ཕན་བློ་མོས་འདོད་ཁེངས་ཀྱི་ཐོག་ནས་འབྱུང་བ་ལས་བཙན་དབང་དང་དྲག་གནོན་གྱི་ཐོག་ནས་འབྱུང་མི་ཐུབ།

                        བོད་ནི་ཨེ་ཤ་ཡའི་དབུས་སུ་གནས་པའི་ས་བབ་གལ་གནད་ཤིན་ཏུ་ཆེ་ཞིང༌། ལོ་བརྒྱ་ཕྲག་མང་པོའི་རིང་བོད་ཀྱིས་ས་ཁུལ་དེ་དག་ལ་ཞི་བདེའི་ཞབས་འདེགས་ཞུས་ཡོད་ན་ཡང༌། ད་ཆ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པའི་ཤུགས་རྐྱེན་བོད་ཀྱི་ས་མཚམས་བརྒལ་བཞིན་མཆིས། འདས་པའི་ལོ་བཞི་བཅུ་སྐོར་ལ་བོད་ནང་སྔར་བྱུང་མ་མྱོང་བའི་དམག་གི་གཞི་རྟེན་ཆེན་པོ་ཞིག་ཆགས་པ་དང་ཆབས་ཅིག་རྒྱ་མི་ཁྱོན་ཆེ་བོད་དུ་གནས་སྤོས་བྱེད་པ་འདིས་བོད་ཀྱི་ཞི་བདེའི་ངོ་བོ་ལ་འགྱུར་བ་ཤིན་ཏུ་ཆེན་པོ་འགྲོ་བཞིན་པ་དང༌། གནས་སྟངས་འདི་མུར་ད་དུང་མུ་མཐུད་ཕྱིན་ན་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་འགྱུར་བས་མ་ཚད། ས་ཁུལ་འདིའི་ཉེ་སྐོར་རྒྱལ་ཁབ་ཚང་མར་ཟོས་མ་བདེའི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་ཡིན། བོད་ཀྱི་ཆོས་དང་རིག་གནས་ཀྱིས་ཨེ་ཤ་ཡའི་ཞི་བདེར་ཞབས་འདེགས་ཞུས་ཡོད་ཅིང༌། ནང་པའི་ཆོས་ཀྱིས་དམག་ཤུགས་ཆེ་བའི་བོད་རྒྱལ་ཁབ་དེ་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་མ་ཟད། བོད་ཀྱི་ནང་ཆོས་དེ་ཧི་མ་ལ་ཡའི་རི་རྒྱུད་ནས་ཧོར་ཡུལ་ལ་སོགས་པའི་དབུས་ཨེ་ཤ་ཡའི་ཁྱོན་ལ་དར་ཁྱབ་བྱུང་ནས་མི་མང་ས་ཡ་མང་པོའི་ཞི་བདེ་དང༌། བཟོད་པའི་རྟེན་གཞིར་གྱུར་ཡོད། སྔར་རྒྱ་ནག་ལ་ནང་ཆོས་དར་མ་མྱོང་བ་མིན་ཞིང༌། འབྱུང་འགྱུར་ཡང་ནང་ཆོས་ཀྱིས་རྒྱ་ནག་གི་མི་མང་ས་ཡ་མང་པོར་བླང་དོར་གྱི་གནས་དང༌། ཡིད་ཀྱི་བདེ་བ། ཆོག་ཤེས་ཀྱི་བསམ་བློ། ཡ་རབས་སྤྱོད་བཟང་ལ་འཁོད་པ་བཅས་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

                        རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་བརྟེན་ནས་བོད་ཀྱི་ནང་ཆོས་འཕེལ་རྒྱས་ཀྱི་གནས་ཡུལ་མེད་པར་གྱུར་ཅིང༌། བོད་མིའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་འགོག་སྡོམ་དང༌། བོད་མི་རྣམས་ཁ་བྲལ་གཏོང་བའི་སྲིད་བྱུས་དེས་ཟབ་ཅིང་རྒྱ་ཆེའི་ནང་ཆོས་འདི་བོད་དང༌། དབུས་ཨེ་ཤ་ཡའི་ནང་མུ་མཐུད་གནས་རྒྱུར་ཉེན་ཁ་ཆེན་པོར་གྱུར། མདོ་སྟོད་སྨད་ཀྱི་ས་ཁུལ་ནས་ལོ་རྒྱུས་ནང་བོད་ཀྱི་རིག་གནས་དང༌། ཆོས་ཀྱི་ཐོག་ཞབས་འདེགས་རྒྱ་ཆེན་པོ་ཞུས་ཡོད་ན་ཡང༌། ད་ཆ་ས་གནས་མང་པོ་རྒྱ་ནག་གི་ཞིང་ཆེན་ཁོངས་སུ་བཅུག་སྟེ་བོད་མི་རྣམས་ཧ་ཅང་གྲངས་ཉུང་མི་རིགས་སུ་གྱུར་པ་དེས་མ་འོངས་པར་བོད་ཀྱི་ཆོས་དང༌། རིག་གཞུང༌། བོད་མི་རིགས་ཀྱི་ངོ་བོ་བཅས་ཡུན་རིང་རྒྱུན་འཛིན་བྱེད་རྒྱུ་ཤིན་ཏུ་དཀའ་ངེས་ཡིན།

                        བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་རོལ་གྱི་བོད་མིའི་སྡེ་ཁག་རྣམས་གནས་ཡུལ་ས་རྒྱ་ཆེ་ཞིང༌། བོད་མིའི་གྲངས་འབོར་ས་ཡ་དྲུག་གི་སུམ་ཆ་གཉིས་ཙམ་ཟིན་ཡོད་པས་བོད་དོན་གྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཅི་འདྲ་ཞིག་ཡིན་ཀྱང་བོད་རིགས་ཡོངས་རྫོགས་སྤྱི་མཚུངས་དགོས་པ་ནི་བོད་ཀྱི་རིག་གཞུང་མི་རིགས་དང་བཅས་པ་འཚོ་གནས་ཡོང་རྒྱུར་མེད་དུ་མི་རུང་བའི་གལ་ཆེའི་རྩ་དོན་དུ་གྱུར་ཡོད།

                        མཇུག་ཏུ་ངོས་ནས་སོ་སོའི་མི་རིགས་ཀྱི་རང་དབང་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་བོད་མི་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་ཞུ་རྒྱུ་དང༌། དེ་བཞིན་བོད་དུ་རྒྱའི་བཙོན་ཁང་ནང་དུ་ལུས་སེམས་གཉིས་ཐོག་སྡུག་བསྔལ་མྱོང་བཞིན་པའི་སྤུན་ཟླ་རྣམས་དང༌། ང་ཚོའི་མི་རིགས་ཡོངས་ཀྱི་སྡུག་བསྔལ་མགྱོགས་མྱུར་སེལ་ཐུབ་པའི་ཆེད་དུ་ཉིན་རེ་བཞིན་གདུང་ཤུགས་དྲག་པོས་སྨོན་ལམ་འདེབས་ཀྱི་ཡོད། དེང་དུས་ཀྱི་གླེང་གཞི་ནི་བོད་རང་དབང་ཡོང་མིན་གྱི་གནད་དོན་མིན་པར་དུས་ཚོད་ཇི་ཙམ་ལ་ཡོང་མིན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད།།     །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།