གསུམ་བཅུའི་དུས་དྲན་ཐེངས་སོ་བཞི་པའི་ཐོག་བསྩལ་བའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༡༩༩༣གསུམ་བཅུའི་དུས་དྲན་ཐེངས་སོ་བཞི་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། དེ་རིང་ང་ཚོས་ཕྱི་ལོ་༡༩༥༩ལོར་བོད་རྒྱལ་ཡོངས་མི་མང་གིས་སྒེར་ལངས་བྱས་ནས་ལོ་སུམ་ཅུ་སོ་བཞི་འཁོར་བའི་དུས་དྲན་བྱེད་པའི་སྐབས་འདིར་ང་ཚོའི་མཐའ་འཁོར་གྱི་འཛམ་གླིང་ནང་འགྱུར་བ་བཟང་ཕྱོགས་སུ་འགྲོ་བའི་དམིགས་བསལ་དུས་བབ་ཅིག་འཆར་ཡོད། ངའི་བསམ་པར་ཉེ་དུས་ཀྱི་འགྱུར་བ་དེ་དག་ང་ཚོ་བོད་མི་རྣམས་དང༌། འཛམ་གླིང་གི་ཕྱོགས་གཞན་དུ་གདུག་རྩུབ་འོག་ཚུད་པའི་མི་མང་རྣམས་ཀྱི་རེ་འདོད་དང་མཐུན་པའི་ཕྱོགས་སུ་གནས་ཡོད་སྙམ། དམར་པོའི་བཙན་གནོན་དང༌། བཙན་དབང་རིང་ལུགས་ཀྱི་རྣམ་པ་གཞན་དག་འོག་ཚུད་པའི་མི་གྲངས་ས་ཡ་མང་པོར་ད་ཆ་རང་དབང་ཐོབ་ཡོད་པ་དང༌། གླིང་ཆེན་ཚང་མའི་ནང་མང་གཙོ་དགོས་འདུན་གྱི་བསམ་པ་ཡང་ཉིན་རེ་བཞིན་གོང་འཕེལ་འགྲོ་གི་ཡོད།

                        བོད་མིས་སྙིང་སྟོབས་དང༌། ཆོད་སེམས་བརྟན་པོའི་སྒོ་ནས་བཙན་དབང་དང་མི་སེར་སྤེལ་བའི་ཐབས་ལམ་ལ་མུ་མཐུད་གདོང་ལེན་བྱེད་བཞིན་པ་དང༌། བཙན་གནོན་དང་ཁྱབ་བསྒྲགས་ཇི་འདྲ་ཞིག་བྱས་རུང་རང་དབང་དང༌། ཞི་བདེ། མིའི་བརྩི་མཐོང་ལྡན་པ་བཅས་ཀྱི་མི་ཚེ་བསྐྱལ་རྒྱུའི་འདུན་པ་ཆུང་དུ་གཏོང་མི་ཐུབ། དུས་དྲན་འདིར་ང་ཚོའི་ཡུལ་གྱི་རང་དབང་སླད་དུ་ལུས་སྲོག་བཏང་བའི་བོད་ཀྱི་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་བྱེད་རྒྱུ་དང༌། ང་ཚོའི་རང་དབང་ཐོབ་ཐང་བསྐྱར་གསོ་མ་ཐུབ་བར་བོད་མི་མི་རེ་ངོ་རེར་འབད་འབུངས་ཧུར་བརྩོན་སྔར་བས་ཆེར་བསྐྱེད་བྱེད་དགོས་པའི་འབོད་སྐུལ་ཡང་བྱེད་རྒྱུ་ཡིན། ང་ཚོས་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་དོན་གནད་བཞིར་དམིགས་བཀར་གྱིས་འབད་བརྩོན་བྱེད་དགོས་པ་སྟེ།

                        དང་པོ། ཁ་ཞེ་གཉིས་མེད་ཀྱི་གྲོས་བསྡུར་ཞིག་བརྒྱུད་དེ་བོད་ཀྱི་གནད་དོན་རྣམས་ཞི་བའི་སྒོ་ནས་ཐག་གཅོད་ཡོང་ཐབས་སུ་ཕན་ཚུན་གཉིས་ཕན་ཡོད་པའི་དོན་གནད་ལ་ང་ཚོས་རྒྱ་ནག་གཞུང་དང་མུ་མཐུད་གྲོས་མོལ་བྱེད་དགོས་པ་དང༌། གཉིས་པ། བོད་ཀྱི་དཀའ་རྙོག་སྐོར་འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་རྒྱུའི་ལས་དོན་ཤུགས་ཆེ་རུ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང༌། ཞི་འགྲིག་སྐོར་རྒྱ་ནག་གཞུང་གི་ལྟ་སྟངས་ལ་འགྱུར་བ་གཏོང་ཐབས་སུ་རྒྱལ་སྤྱིའི་སེམས་ཁུར་དང༌། གནོན་ཤུགས་ངེས་པར་ཡོང་བ་བྱེད་དགོས། གསུམ་པ། བོད་ནང་གི་དཔལ་འབྱོར་སྲིད་བྱུས་དེས་བོད་ཀྱི་རིག་གཞུང་གི་ངོ་བོ་ཡུན་གནས་ཐུབ་མིན་ལ་ཤུགས་རྐྱེན་ཐེབས་རྒྱུར་བརྟེན་འགྱུར་འགྲོས་དེ་དག་ལ་དོ་སྣང་ཡིད་གཟབ་བྱེད་དགོས། བཞི་པ། བཙན་བྱོལ་བོད་གཞུང་འདི་མང་གཙོའི་ངོ་བོ་ཅན་དང༌། མང་གཙོའི་ལམ་སྲོལ་གྱི་གཞི་རྩ་སྲ་བརྟན་ཚུགས་ཐབས་ལ་འབད་བརྩོན་ཆེར་བསྐྱེད་བྱེད་དགོས།

                        སྔ་ལོ་ཕྱི་ཟླ་ ༦ པའི་ནང་པེ་ཅིང་དང་ཐད་ཀར་འབྲེལ་བ་བསྐྱར་དུ་མཐུད་ཡོད། དེ་ཡང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་པས་ང་ཚོར་བརྗོད་དོན། ད་ཕན་བོད་སྐོར་རྒྱ་མིའི་ལྟ་སྟངས་གུ་དོག་ཆུང་ཚུལ་དང༌། གལ་ཏེ་བོད་མིའི་ཕྱོགས་ནས་དོན་དངོས་ཀྱི་བསམ་ཚུལ་ཞིག་འཛིན་ན། རྒྱ་ནག་གཞུང་ནས་གུ་བཤངས་བྱེད་ཐུབ་ཚུལ་བརྗོད་ཡོད། འབྲེལ་ལམ་གསར་པ་དང་བསྟུན་ནས་བོད་མིའི་སྐུ་ཚབ་ཅིག་པེ་ཅིང་ལ་ཡོང་དགོས་པའི་མགྲོན་འབོད་བྱུང་བ་བཞིན་བཀའ་བློན་རྒྱ་ལོ་དོན་གྲུབ་པེ་ཅིང་དུ་མངགས་ཤིང༌། འོན་ཀྱང་རྒྱ་ནག་གཞུང་ནས་བཀའ་བློན་རྒྱ་ལོ་དོན་གྲུབ་ལ་བསམ་ཚུལ་གུ་དོག་མཁྲེགས་བཟུང་གི་སྒོ་ནས་ཞི་འགྲིག་ཐད་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་ཨུ་ཚུགས་ཀྱིས་ནན་བརྗོད་བྱས་འདུག དེར་བརྟེན་ངོས་ནས་རྒྱ་ནག་གཞུང་གི་བསམ་ཚུལ་ལ་བློ་ཕམ་ཡོད་པའི་བརྡ་ལན་དང་འབྲེལ་ད་དུང་ཡང་བོད་རྒྱ་གཉིས་ཀའི་མི་མང་གི་ཁེ་ཕན་ལ་བསམ་གཞིག་གིས་གྲོས་བསྡུར་གང་ལེགས་ཡོང་ཆེད་ངོས་ནས་ལོ་མང་རིང་འབད་བརྩོན་ཇི་ལྟར་བྱས་པ་དང༌། ངོས་ཀྱི་བསམ་ཚུལ་བཅས་འགྲེལ་བརྗོད་རྒྱས་པར་འཁོད་པའི་ཡི་གེ་ཞིག་སྤྲོད་རྒྱུ་དང་བཅས་སྐུ་ཚབ་མི་གསུམ་གཏོང་རྒྱུའི་བསམ་འཆར་བཏོན་པ་ཡིན།

                        ངོས་ཀྱི་བསམ་པར་བོད་རྒྱ་གཉིས་ཞི་བདེའི་ངང་གནས་ཐབས་སུ་དོན་དང་ལྡན་པའི་གྲོས་འཆར་དངོས་འབྲེལ་ཞིག་ད་ཆ་རྒྱ་ནག་གཞུང་ནས་འདོན་དགོས་པའི་དུས་ལ་སླེབས་ཡོད་སྙམ། ང་ཚོའི་ངོས་ནས་གྲོས་མོལ་དོན་དང་ལྡན་པ་ཞིག་ཡོང་ཆེད་འབད་བརྩོན་གང་ན་ཅི་ཡོད་བྱས་ཟིན་པ་ཡིན། སྔར་ཕན་དུས་རབས་མང་པོར་བོད་རྒྱ་གཉིས་ཁྱིམ་མཚེས་སུ་གནས་ཡོད་ཅིང༌། མ་འོངས་པར་ཡང་ཞི་བདེ་མཛའ་མཐུན་ངང་གནས་ཐུབ་པའི་ཐབས་ལམ་ཞིག་རྙེད་རྒྱུར་ཡིད་ཆེས་ཡོད། ངས་དུས་རྒྱུན་དུ་དེ་ལྟར་ཡོང་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། དེའི་དོན་དུ་ང་ཚོས་འབད་བརྩོན་བྱེད་འོས་པ་ཞིག་ཀྱང་ཡིན། བསམ་ཚུལ་འདིའི་ཐོག་ནས་ངོས་ཀྱིས་ད་ཕན་ལོ་མང་རིང་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་གྲོགས་པོ་རྒྱ་མི་ཕོ་མོ་མང་པོ་ཞིག་དང་དངོས་སུ་ཐུག་འཕྲད་བྱས་པ་མ་ཟད། བོད་མི་གཞན་རྣམས་ལའང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཁོངས་ཀྱི་མི་མང་ཚོར་མཛའ་མཐུན་གྱི་འབྲེལ་མཐུད་བྱ་རྒྱུ་གལ་ཆེ་ཡིན་པ་བཤད་ཡོད། བོད་མི་བཙན་བྱོལ་བ་དང༌། རྒྱ་ནག་མང་གཙོ་ལས་འགུལ་གྱི་ཚོགས་མིའི་བར་མཛའ་མཐུན་གྱི་འབྲེལ་ལམ་གོང་འཕེལ་འགྲོ་བཞིན་པ་འདིར་ངོས་རང་དགའ་ཚོར་ཆེན་པོ་བྱུང༌། དེའི་འབྲས་བུར་བོད་མིའི་དྲང་བདེན་གྱི་འདོད་འདུན་ཇི་ཡིན་ཁོང་ཚོས་ཤེས་རྟོགས་གོང་འཕེལ་འགྲོ་བཞིན་པ་དང༌། དེ་ལ་བརྟེན་ནས་རྒྱའི་སྤུན་ཟླ་ཕོ་མོ་ཚོའི་ནང་ང་ཚོར་རྒྱབ་སྐྱོར་དང་ཤ་ཚ་སླེབས་ཡོད།

                        ཉེ་ཆར་ང་ཚོས་ཐེ་ཝན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་དངོས་སུ་བཙུགས་ཤིང༌། ད་ཕན་རྡ་རམ་ས་ལ་དང༌། ཐའི་པེའི་བར་ལོག་རྟོག་ཇི་སྙེད་བྱུང་སྟེ་དེའི་འབྲས་བུར་ཕན་ཚུན་ཡིད་ཆེས་བརླགས་ནས་ཚུལ་མཐུན་གྱི་འབྲེལ་བ་ཞིག་བྱུང་ཐུབ་མེད། དེང་ཐེ་ཝན་མང་གཙོ་ཡང་དག་པའི་ལམ་དུ་སྐྱོད་བཞིན་པའི་སྐབས་འདིར་ཐད་ཀར་འབྲེལ་བ་མཐུད་པ་འདིས་ཕན་ཚུན་གཉིས་ཕན་གྱི་འབྲེལ་ལམ་ཞིག་གཏོད་ཐུབ་པའི་རེ་བ་ཡོད།

                        ཉེ་དུས་རྒྱལ་སྤྱིའི་ཚོགས་འདུ་མང་པོ་ཞིག་ཚོགས་པ་དེ་ཚོའི་ནང་བོད་དུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་སྐོར་ཙམ་མ་ཡིན་པར་བོད་ཀྱི་ཁྲིམས་དོན་གནས་སྟངས་དང༌། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་བཅས་ལ་བགྲོ་གླེང་བྱས་ཡོད་པ་དང༌། ལྷག་པར་གཞུང་དང༌། གྲོས་ཚོགས་མང་པོ་ཞིག་གིས་བོད་ནང་གི་དོན་དངོས་གནས་ཚུལ་འཚོལ་ཞིབ་བྱེད་ཆེད་སྐུ་ཚབ་ཚོགས་པ་བཏང་སྟེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མུ་མཐུད་བཏང་བ་དེར་སེམས་འཚབ་ཡོད་པའི་གྲོས་ཆོད་བཞག་པ་དང་འབྲེལ་བོད་རྒྱའི་དབར་ཐད་ཀར་གྲོས་མོལ་བྱེད་དགོས་པའི་སྐུལ་མའང་བྱས་ཡོད། གནས་ཚུལ་དེ་དག་ནི་བོད་དོན་འདི་ཆབ་སྲིད་གནད་དོན་གྱི་མཐའ་ལ་མ་ལུས་པར་རྒྱལ་སྤྱིའི་ནང་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་གསལ་པོ་ཞིག་ཡིན། བྱམས་བརྩེ་དང༌། དྲང་བདེན། འཚེ་མེད་ཞི་ལམ་བཅས་ལ་མོས་ཤིང་མཐར་ཐུག་རང་དབང་མང་གཙོར་རྒྱལ་ཁ་འཐོབ་རྒྱུར་ཡིད་ཆེས་ཡོད་པའི་འཛམ་གླིང་ཡོངས་ཀྱི་མི་མང་པོ་ཞིག་གིས་ང་ཚོའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཚོས་རྒྱབ་སྐྱོར་དང་མཉམ་རོགས་བྱས་པ་འདི་ལ་ངས་དཀའ་སྡུག་མྱོང་བཞིན་པའི་ངོས་ཀྱི་མི་མང་ཚོའི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དམིགས་བསལ་རྒྱ་གར་གཞུང་དང་མི་མང་ནས་ད་བར་མུ་མཐུད་དེ་ཤ་ཚ་དང་གཟིགས་སྐྱོང་གནང་བ་འདི་ང་ཚོས་ནམ་ཡང་བརྗེད་ཐབས་མེད།

                        དེ་ལྟར་རེ་བ་ཆེ་བའི་ཡར་རྒྱས་ཤིག་བྱུང་ཡོད་རུང་བོད་ནང་གི་གནས་སྟངས་ནི་ད་དུང་ཐབས་སྡུག་ངང་གནས་ཡོད། ཆབ་སྲིད་ཐོག་མི་མཐུན་པའི་གནས་ཚུལ་ཕྲན་ཚེགས་རིགས་ལའང་ཡ་ང་སྙིང་རྗེ་བྲལ་བའི་དྲག་གནོན་མུ་མཐུད་བྱེད་བཞིན་པ་དང༌། བོད་ནང་རྒྱ་མི་ཁྱོན་ཆེ་གནས་སྤོ་བྱེད་པའི་སྲིད་བྱུས་ཤིག་ཆེད་དུ་འཛིན་ནས་མི་འབོར་བཙན་འཛུལ་ད་དུང་མུ་མཐུད་ངང་འཛེམས་མེད་བྱེད་བཞིན་པ་འདིས་བོད་མི་གལ་གནད་ཇེ་ཆུང་དུ་སོང་བ་དང༌། བོད་མིའི་གོམས་གཤིས་རྣམས་རྒྱ་ལུགས་སུ་འགྱུར་བཞིན་ཡོད། གང་ལྟར་བསམ་བཞིན་དུ་བྱས་པ་ཡིན་མིན་ཇི་ལྟར་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། ཆོས། རིག་གཞུང་བཅས་པ་རྩ་མེད་གཏོང་བ་དང༌། འཛམ་གླིང་ཡང་སྟེང་དུ་གནས་པའི་རྒྱལ་ཁབ་རྙིང་ཁུངས་བོད་འདི་ད་ཆ་རྒྱའི་མི་སེར་སྤེལ་ཡུལ་དུ་འགྱུར་བཞིན་ཡོད།

                        ཉེ་དུས་རྒྱ་མིའི་ཁྱབ་བསྒྲགས་ནང་གསལ་དུ་ཁོང་ཚོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དེ་དམིགས་བསལ་དཔལ་འབྱོར་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ལུགས་བརྗོད་འདུག་པ་དེར་གཞི་རྩའི་དགའ་བསུ་བྱེད་འོས་ཀྱང༌། རྒྱ་མིའི་སྲིད་བྱུས་གསར་པ་དེས་དུས་ཡུན་རིང་པོའི་རྗེས་སུ་བོད་མིའི་རིག་གཞུང་གི་ངོ་བོ་དང༌། བོད་ཀྱི་ཁོར་ཡུག་བཅས་པ་འཚོ་གནས་ཡོང་མིན་ཐད་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་རྒྱུར་དངངས་འཚབ་བྱེད་དགོས་པའི་རྒྱུ་མཚན་ཡོད། བོད་མིའི་ཁེ་ཕན་གཙོ་བཟུང་མ་བྱས་ན། སྲིད་བྱུས་དེས་རྐྱེན་པས་ད་དུང་བོད་ནང་རྒྱ་མི་ཇེ་མང་སྤོ་ཞུགས་བྱེད་པའི་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུ་དང༌། དེས་བོད་མི་རྣམས་རང་ཉིད་ཀྱི་ལུང་པར་གྲངས་ཉུང་ནུས་མེད་དུ་གྱུར་ཏེ་བོད་ཡོངས་རྫོགས་རྒྱའི་མི་སེར་སྤེལ་ཡུལ་མཐར་ཕྱིན་པར་འགྱུར་རྒྱུ་དང༌། དེའི་དབང་གིས་བོད་ཀྱི་ཁོར་ཡུག་ལ་ཉེན་ཚབས་ཆེན་པོ་འཕོག་ངེས་ཡིན།

                        གཞི་རྩའི་གནས་ཚུལ་འདི་འདྲ་ཞིག་ལ་བརྟེན་ནས་ངས་ས་གནས་གང་སར་ཡོད་པའི་བོད་མི་རྣམས་དང༌། བོད་ཀྱི་གྲོགས་པོ་ཁག དེ་བཞིན་བོད་ནང་ལས་གཞི་བརྩམ་འདོད་ཡོད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་བཅས་ལ་བོད་མིའི་ཁེ་ཕན་དང༌། ང་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་རིག་གཞུང་གཅེས་སྲུང་བྱ་རྒྱུ་བཅས་ལ་དུས་གཏན་དུ་ཡིད་གཟབ་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན། བོད་ཡར་རྒྱས་གཏོང་བའི་ལས་དོན་ནང་དངོས་སུ་ཞུགས་འདོད་ཡོད་མཁན་ཚོས་བོད་མིའི་ཤེས་ཡོན་དང༌། འཕྲོད་བསྟེན། གྲོང་གསེབ་ས་ཁུལ་ཁག་ཡར་རྒྱས་གཏོང་རྒྱུ་བཅས་ལ་དམིགས་བསལ་དོ་སྣང་བྱེད་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན། བོད་ཀྱི་རང་བྱུང་ཐོན་ཁུངས་རྣམས་རང་དགར་གང་བྱུང་སྔོག་འདོན་བྱེད་མི་རུང་ཞིང༌། ལྷག་པར་ལས་གཞི་དེ་རིགས་བོད་མིའི་ཁེ་ཕན་གྱི་ཆེད་དུ་ཡིན་ན་དེའི་ཐད་བོད་མི་ཚོར་ཐེ་བྱུས་ཆ་ཚང་བྱེད་ཆོག་པ་ཞིག་ངེས་པར་དུ་ཡོད་དགོས།

                        ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་སྟེ་ང་ཚོ་བཙན་བྱོལ་དུ་སླེབས་རྗེས་བོད་མི་ཚོས་དུས་གཏན་དུ་རང་དབང་དང༌། མང་གཙོར་དོན་གཉེར་བྱས་ཡོད་ལ། ང་ཚོར་གང་ཅིའི་མཐུན་རྐྱེན་མེད་ནའང་མང་གཙོའི་ལག་ལེན་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད། རང་དབང་ཅན་གྱི་བོད་ནང་དེ་ལྟར་མང་གཙོ་ཡང་དག་པ་ཞིག་དར་སྤེལ་གཏོང་རྒྱུར་ངོས་ནས་སེམས་ཐག་གཙང་བཅད་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། མ་འོངས་པར་བོད་རང་དབང་ཐོབ་རྗེས་ངོས་ནས་གཞུང་འབྲེལ་འགན་དབང་གང་ཡང་འཛིན་རྒྱུ་མིན་པ་མང་ཚོགས་ལ་གསལ་བསྒྲགས་བྱས་ཟིན་པ་ཡིན། དེ་ཡང་མང་གཙོ་ཡང་དག་པ་ཞིག་དར་སྤེལ་ཡོང་བའི་ཆེད་དུ་ངོས་ནས་ཐག་གཅོད་དེ་ལྟར་བྱས་པ་ཡིན། ངོས་ཀྱི་བསམ་བློ་ནས་རང་དབང་ཅན་གྱི་ཞི་བདེ་དང༌། དངོས་འབྲེལ་གྱི་མང་གཙོ་ཡང་དག་པ། དམག་འཐབ་སྤོང་བ། འཚེ་མེད་ཞི་བའི་ལམ་ལ་འཇུག་རྒྱུ་བཅས་ཀྱི་ཐག་གཅོད་བྱས་པ་འདི་དག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་

འགྲེམས་སྤེལ་བྱས་པའི་ནང་བསྐྱར་དུ་གསལ་བཤད་བྱས་ཡོད།

                        མིའི་ལོ་རྒྱུས་གང་ལ་བལྟས་ན་ཡང༌། འགྲོ་བ་མིའི་རང་དབང་དང༌། མིའི་བརྩི་མཐོང་གི་འདོད་འདུན་འདི་ལས་ནུས་ཤུགས་ཆེ་བ་གཞན་གང་ཡང་མེད་པ་འདི་བཙན་དབང་དང་གཅིག་སྡུད་རིང་ལུགས་ཀྱི་གཞུང་ཚང་མས་གསལ་པོ་ཤེས་ཀྱི་ཡོད། མིའི་ལུས་པོ་ཚེ་གཡོག་ཏུ་བཀོལ་བ་དང༌། བཙོན་ཁང་དུ་འཇུག་ཐུབ་ཀྱང༌། མིའི་བློ་སེམས་ནི་ནམ་ཡང་དབང་དུ་བསྡུ་བ་དང༌། ཕམ་ཉེས་གཏོང་ཐུབ་པ་ཞིག་མིན། ཇི་སྲིད་ང་ཚོར་མིའི་ཆོད་སེམས་དང་དམ་བཅའ་ཡོད་པ་དེ་སྲིད་དུ་ང་ཚོའི་འདོད་འདུན་དང་ཡིད་ཆེས་ལ་རྒྱལ་ཁ་འཐོབ་རྒྱུའི་ནུས་ཤུགས་ལྡན་ཡོད། ཉེ་བའི་ལོ་ཤས་ནང་འཛམ་གླིང་ཁྱོན་ཡོངས་ལ་གཅིག་མཇུག་གཉིས་མཐུད་དུ་བྱུང་བའི་འགྱུར་བ་དེ་དག་གིས་ངོས་ཀྱི་ཡིད་ཆེས་ཇེ་བརྟན་དུ་སོང་ཞིང༌། ད་ཆ་མི་རིང་བར་བོད་མིར་ཞི་བདེ་དང་རང་དབང་འཐོབ་རྒྱུའི་རེ་བ་སྔར་བས་ཆེ་རུ་ཕྱིན་ཡོད། འགྲོ་ཀུན་བདེ་བའི་སྨོན་འདུན་བཅས།།    །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།