གསུམ་བཅུའི་དུས་དྲན་ཐེངས་སུམ་ཅུ་པའི་ཐོག་བསྩལ་བའི་གསུང་འཕྲིན།།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༡༩༨༩གསུམ་བཅུའི་དུས་དྲན་ཐེངས་སུམ་ཅུ་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།། 

                ཤམ་བྷ་ལའི་ཕོ་ཉི་དྲ་བས་ཟླ་༠༢ཚེས་༠༧ཉིན་སྤེལ། ད་ཉིན་ང་ཚོའི་རྩ་ཆེའི་དྲང་བདེན་གྱི་རྩ་དོན་ལ་ལུས་སྲོག་བཏང་བའི་བོད་མི་ཚོར་དམིགས་བསལ་གྱི་བསྔགས་བརྗོད་ཡོད། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་བོད་མི་ཚོས་དཀའ་སྡུག་མྱོང་ཚུལ་ནི་བོད་ཀྱི་ལོ་རྒྱུས་ནང་གི་དུས་ཚོད་སྡུག་ཤོས་ཤིག་ཡིན། བོད་མིའི་འཐབ་རྩོད་ནི་སོ་སོའི་རང་དབང་གི་དོན་དུ་འདོར་ཐབས་མེད་པའི་ཐོབ་ཐང་ཞིག་ཡིན་ལ། དམངས་གཙོ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཞི་བདེའིདོན་དུ་ཡང་ཡིན། གལ་ཆེ་ཤོས་ནི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡོད་པའི་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག་འཚོ་ཐུབ་པའི་དོན་དུ་ཡིན།

                ༡༩༨༧ ལོ་ནང་ལྷ་སར་ངོ་རྒོལ་བྱས་པའི་རྗེས་སུ་བོད་རྒྱ་ཁྱབ་ཏུ་གཡོ་འགུལ་ཆེན་པོ་ཐེབས་ཡོད། ཁྲོམ་སྐོར་འདི་རིགས་ཞི་བའི་ལམ་ནས་བྱས་ན་ཡང་མི་མང་པོ་བསད་པའི་ཁར། དེ་ལས་མང་བ་བཙན་བཟུང་བྱས་ཡོད། ངས་ཡོངས་ཁྱབ་གསལ་བསྒྲགས་འདི་མ་སྤེལ་བའི་ཉིན་ཤས་གོང་སླར་ཡང་ལྷ་སར་མི་གསོད་ཁྲག་སྦྱོར་བྱུང་འདུག ཉེས་མེད་ཀྱི་མི་སྲོག་ཆུད་ཟོས་བཏང་བར་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང༌། ཉེ་ཆར་སྙིང་སྟོབས་ཅན་གྱི་རང་རིགས་ཕོ་མོ་དང༌། བྱིས་པ་འདས་གྲོངས་སོང་བ་རྣམས་ཀྱིས་གཙོས་རྒྱ་མིའི་དབང་སྒྱུར་འོག་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་འདས་བྱུང་བ་རྣམས་ལ་ད་ཉིན་གུས་བཀུར་རྗེས་དྲན་ཞུ་རྒྱུ་ཡིན།

                གདུག་རྩུབ་དྲག་པོའི་བཙན་གནོན་ཇི་འདྲ་ཞིག་ཡིན་ན་ཡང༌། རང་དབང་དང་དྲང་བདེན་གྱི་འབོད་སྒྲ་ནམ་ཡང་འགོག་མི་ཐུབ། ད་ཕན་ལོ་ཤས་རིང་བོད་ནང་བཅོས་མིན་ཞི་བའི་ངོ་རྒོལ་ཡང་ཡང་བྱས་པ་དེས་དཀའ་རྙོག་དེ་ལས་ཤིན་ཏུ་ཆེ་བ་ཞིག་ཡོད་པའི་རྟགས་མཚན་བསྟན་ཡོད། སྟབས་མ་ལེགས་པ་ཞིག་ལ། རྒྱ་མིའི་འགོ་ཁྲིད་ཚོས་ད་དུང་ཡང་བོད་ནང་གི་གནས་ཚུལ་ངོ་མ་དང༌། བོད་མི་རྣམས་བློ་འདོད་མི་ཁེངས་པ་ཇི་ལྟ་བུ་ཡོད་པ་ཇི་བཞིན་ཤེས་ཀྱི་མེད།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དུས་མིན་དུ་ཞི་བར་གཤེགས་པའི་བློ་ཕམ་གྱི་གནས་ཚུལ་འབྱུང་ཉེའི་མཐའ་མའི་གསུང་གླེང་ནང༌། རྒྱ་མིས་དབང་སྒྱུར་བྱེད་པའི་རིང་བོད་མིར་ཁེ་ཕན་བྱུང་བ་ལས། གྱོང་གུན་བྱུང་བ་ཤིན་ཏུ་མང་ལུགས་གསུངས་པ་དེས་བོད་མིའི་བསམ་ཚུལ་མཚོན་པ་ཡིན།

                ང་ཚོའི་འཐབ་རྩོད་ནི་ཞི་བའི་འཐབ་རྩོད་ཁོ་ནར་གནས་དགོས། ཞི་བའི་ཁྲོམ་སྐོར་དང༌། བཀའ་འཁྲོལ་མེད་པར་གཏམ་བརྗོད་སྤེལ་མཁན་ཚོ་གསོད་རྡུང་འཛིན་བཟུང་སྡུག་སྦྱོང་གཏོང་བ་དེ་མ་འོས་པའི་ཁར། རྒྱལ་སྤྱིའི་ནང་ངོས་འཛིན་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཡང་འགལ་བ་ཡིན། དེ་ལྟ་བུའི་བྱ་སྤྱོད་འཛམ་གླིང་ས་ཕྱོགས་གང་འདྲ་ཞིག་ཏུ་བྱུང་ན་ཡང་ཚུལ་ལྡན་ལ་ངོས་འཛིན་བྱེད་མི་ཐུབ། འཛམ་གླིང་མི་མང་གིས་བྱ་སྤྱོད་འདི་རིགས་ལ་སྐྱོན་བརྗོད་བྱས་པ་དེས་རྒྱ་མིས་ཚུལ་མིན་འདི་རིགས་མཚམས་འཇོག་བྱེད་རྒྱུར་ང་ཚོར་རེ་བ་ཡོད། བོད་ནང་རྒྱ་མིས་འགྲོ་བ་མིའི་ཐོབ་ཐང་སྐོར་ཚུལ་མིན་བྱས་པ་ལ་མཉམ་སྦྲེལ་རྒྱལ་ཚོགས་ནང་སྐྱོན་བརྗོད་ཀྱི་གྲོས་ཆོད་ཐེངས་གསུམ་བཞག་ཡོད། དེང་སྐབས་འཛམ་གླིང་ས་གནས་མང་པོར་རྒྱལ་ཚོགས་ཀྱི་ལས་འགན་དོན་ཕན་ལྡན་པའི་སྒྲུབ་ཤུགས་ཇེ་ཆེར་འགྲོ་བའི་སྐབས་འདིར་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་གོང་གསལ་གྲོས་ཆོད་གསུམ་ལག་ལེན་འཁེལ་བའི་འབོད་སྐུལ་གནང་གྲོགས་ཞུ་རྒྱུ་ཡིན།

               ང་ཚོར་དཀའ་ངལ་ཆེ་བའི་དུས་སྐབས་འདིར་རྒྱ་ཆེའི་མང་ཚོགས་ནས་སེམས་ཁུར་བླངས་ཏེ་ང་ཚོར་རྒྱབ་སྐྱོར་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བོད་ནང་ལྟ་སྐོར་བསྐྱོད་མཁན་ཚོས་རང་གི་མཐོང་ཐོས་མྱོང་ཚོར་ཇི་བྱུང་དྲང་པོར་གསལ་བཤད་བྱས་པ་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ། བོད་ཀྱི་གནས་སྟངས་ཐབས་སྡུག་གི་དཀའ་རྙོག་འདི་དག་དྲང་བདེན་ཞི་བའི་ལམ་ནས་སེལ་རྒྱུའི་བྱ་ཐབས་འདི་ཚོར་རྒྱབ་སྐྱོར་ཐོབ་པ་དེས་བོད་མིའི་བློ་སྟོབས་གོང་མཐོར་སོང༌། བོད་ནང་ཞི་བདེ་འབྱུང་བ་དང༌། འགྲོ་བ་མིའི་ཐོབ་ཐང་སྐྱར་གསོའི་ཆེད་ ༡༩༨༧ ལོ་ནང་ངོས་ནས་དོན་ཚན་ལྔ་འཁོད་པའི་འཆར་གཞི་ཞིག་བཏོན་པ་དང༌། སྔ་ལོ་ཕྱི་ཟླ་ ༦ པ་ནང་མ་འོངས་པའི་བོད་ཀྱི་སྐོར་རྒྱ་མི་དང་མཉམ་དུ་དོན་ཕན་ལྡན་པའི་གླེང་མོལ་བྱ་རྒྱུའི་སྒྲོམ་གཞི་ལྟ་བུར་བསམ་འཆར་འཕར་མ་གང་འཚམས་བཏོན་ཡོད། རྒྱ་ནག་གཞུང་ནས་གྲོས་མོལ་བྱ་རྒྱུའི་ཁས་ལེན་ཐོག་ས་གནས་དང༌། དུས་ཚོད་གདམ་ག་བྱ་རྒྱུ་ངོས་ལ་སྤྲད་པ་ལྟར། འཇི་ནི་ཝར་ཟླ་ ༡ ནང་གྲོས་མོལ་བྱ་རྒྱུའི་བསམ་འཆར་བཏོན་ན་ཡང༌། རྒྱ་མིས་རྒྱུ་མཚན་སྣ་ཚོགས་བཤད་དེ་གྲོས་མོལ་འགོ་འཛུགས་ད་བར་དུས་འགྱངས་གྱུར། འོན་ཀྱང་དེ་སྔོན་དང་མི་འདྲ་བར་རྒྱ་མིས་དངོས་ཡོད་གནས་ཚུལ་ངོས་འཛིན་བྱ་རྒྱུར་ཕྲན་བུ་ཡར་རྒྱས་ཕྱིན་ཡོད་སྟབས་ཞི་བའི་ལམ་ནས་དཀའ་རྙོག་སེལ་རྒྱུ་དེ་རྒྱུ་མཚན་ལྡན་པར་མཐོང་ཐུབ་པའི་རེ་བ་ཡོད། ང་ཚོས་གྲོས་མོལ་བྱ་རྒྱུའི་སྒྲོམ་གཞི་བཏོན་པ་གཞིར་བཟུང་དཀའ་རྙོག་སེལ་ཐུབ་ན་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པས་མ་ཚད། ས་ཁུལ་འདི་ཙམ་མིན་པར་འཛམ་གླིང་ཞི་བདེ་དང༌། བདེ་འཇགས་བརྟན་གནས་ལ་ཡང་ཕན་ཐོགས་ཆེན་པོ་ཡོད།

                ཡོ་རོབ་གྲོས་ཚོགས་སར་ང་ཚོའི་བསམ་ཚུལ་བཏོན་པ་དེར་བོད་མི་མང་པོས་འདོད་བློ་མི་ཁེངས་པ་བྱེད་བཞིན་པ་དེ་ངས་ཤེས་རྟོགས་ཡོད་པ་ལྟར། ངོས་ནས་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུར་ངས་སྔོན་ནས་བཞག་ཡོད། འགྲོ་བ་མིའི་སེམས་ཤུགས་དང༌། དྲང་བདེན་ལ་མཐར་ཐུག་དྲག་རྩུབ་བཙན་གནོན་ལས་རྒྱལ་ཁ་འཐོབ་རྒྱུར་ཡིད་ཆེས་རྒྱུན་དུ་ཡོད། དེང་སྐབས་འཛམ་གླིང་གང་སར་གལ་ཆེའི་འགྱུར་བ་ཇི་སྙེད་འགྲོ་བཞིན་ཡོད་པ་འདི་དག་གིས་ང་ཚོ་དང༌། འགྲོ་བ་མིའི་རིགས་ཐུན་མོང་གིས་སྤྱོད་བཞིན་པའི་འཛམ་གླིང་གི་མ་འོངས་པ་བཅས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན།

                འགལ་ཟླ་ཞི་བའི་ལམ་ནས་སེལ་རྒྱུར་འཛམ་གླིང་འགོ་ཁྲིད་འགའ་ཞིག་གི་བྱ་སྤྱོད་བློ་སྟོབས་དང་ལྡན་པ་དེས་ཕན་ཐོགས་བྱུང་ཡོད་ཅིང༌། ཞི་བདེ་དང༌། རང་བྱུང་ཁམས་སྲུང་སྐྱོབ་དང༌། འཛམ་གླིང་གི་དཀའ་རྙོག་ཁག་འགྲོ་བ་མིའི་གཤིས་སྤྱོད་དང་མཐུན་པའི་ལམ་ནས་སེལ་ཐུབ་རྒྱུར་རེ་བ་སྔར་ལས་ལྷག་པ་ཡོད་པ་ལྟ་བུ་མཐོང༌། བོད་ཕྱི་ནང་དུ་གནས་པའི་བོད་མི་ཚོ་ནས་རང་དབང་དང༌། དམངས་གཙོ། ཞི་བདེ་གོང་དུ་སྤེལ་བའི་ལས་འགུལ་བརྒྱུད་གོང་གི་འགྱུར་འགྲོས་ལ་ཕན་གྲོགས་ཤུགས་སྣོན་ཕྲན་ཡོད་འདི་དག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འགྲོ་ཀུན་བདེ་བའི་སྨོན་ལམ་བཅས།   །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།