དགོངས་ཚུལ།

གསུམ་བཅུའི་དུས་དྲན་ཐེངས་༥༢པའི་གསུང་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༣ཚེས་༡༠ཉིན། གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་ནང་། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་ཞེས་གསལ་འདེབས་གནང་ཡོད།

དེ་ཡང་ཡོངས་ཁྱབ་གསུང་འཕྲིན་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མི་མང་གིས་ཞི་རྒོལ་བྱས་ནས་ལོ་ལྔ་བཅུ་ང་གཉིས་འཁོར་བ་དང༌། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱས་ནས་ལོ་གསུམ་འཁོར་བ་བཅས་ཀྱི་དུས་ཚིགས་ཁྱད་པར་ཅན་འདིར་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང༌། ད་ལྟའང་བཙན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་སེམས་གསོ་ཡོད། དེ་བཞིན་བོད་རིགས་འདས་གསོན་རྣམས་ཀྱིས་མཚོན་སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་ཀུན་ཏུ་དགེ་བའི་སྨོན་འདུན་ཤུགས་དྲག་བྱེད་རྒྱུ་ཡིན།

མི་ལོ་དྲུག་ཅུ་བརྒལ་བའི་རིང་རང་དབང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པར་མ་ཟད། གཞོན་སྐྱེས་མི་རབས་གསར་པ་གནའ་བོའི་རང་དབང་བོད་ཀྱི་གནས་བབ་རྒྱུས་མངའ་མེད་པ་ཚོས་ཀྱང་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་བྱེད་བཞིན་ཡོད་པ་ནི་ངོ་མཚར་བསྔགས་འོས་ཀྱི་གནས་དང༌། བོད་མི་རིགས་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་བྱས་རྗེས་བཅས་ཡིན་པས་ལེགས་སོའི་དབུགས་དབྱུང་ཡོད།

དོན་དངོས་ཐོག་ས་ཡི་གོ་ལ་འདི་ནི་དེའི་སྟེང་དུ་གནས་པའི་མང་ཚོགས་ལ་དབང་བ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱང་དེའི་ཡུལ་མི་དུང་ཕྱུར་བཅུ་གསུམ་ལ་དབང་བ་ཡིན་པས་ཡུལ་གྱི་བདག་པོ་མང་ཚོགས་ལ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཡོད། མང་ཚོགས་ཀྱི་གནས་ཚུལ་ཤེས་ན་དེ་དག་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པར་ཡིད་ཆེས་ཡོད། དེར་བརྟེན་མང་ཚོགས་ཀྱི་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཡོང་རྒྱུ་བཀག་འགོག་བྱེད་པ་ནི་འགྲོ་བ་མིའི་སྤྱོད་ཚུལ་དང་འགལ་བ་ཡིན། ལྷག་པར་རྒྱ་ནག་གི་དབང་འཛིན་པ་ཚོས་དམར་ཤོག་ཚོགས་པའི་༢ལྟ་གྲུབ་དང་སྲིད་བྱུས། ལས་རིམ་བཅས་གང་ཞིག་ཡིན་ཡང་ཡང་དག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ཡིན་ན་ཡང་དག་པའི་གནས་ཚུལ་མང་ཚོགས་ཀྱིས་ཤེས་སུ་འཇུག་དགོས་པ་ལས་སྦ་གསང་བྱེད་དགོས་དོན་མེད།

དཔལ་འབྱོར་དང་དམག་ཤུགས་སོགས་འཛམ་གླིང་འདིའི་ཐོག་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོ་འབུར་དུ་འཐོན་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་གཞུང་འབྲེལ་གྱི་ལས་དོན་ཅི་འདྲ་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན། ལྷག་པར་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་དང་མཐུན་འགྱུར་བསྒྲུབ་རྒྱུའི་ནུས་པ་རླབས་ཆེན་ཞིག་ཡོད་པ་དེ་ཚུལ་བཞིན་བེད་སྤྱོད་ཡོང་བ་བྱེད་པ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་དང་གུས་བརྩི་ཐོབ་པ་དགོས། དེ་ནི་ངོ་ལྐོག་མེད་པ་དང༌། དྲང་བདེན། ཕྱི་གསལ་ནང་གསལ་བཅས་མེད་ན་ཡོང་མི་ཐུབ་པས་དེ་དག་སྒྲུབ་ཐབས་བྱེད་དགོས། འཛིན་སྐྱོང་གི་ལས་དོན་ཕྱི་གསལ་ནང་གསལ་བྱུང་ན་ལྐོག་ཟ་རུལ་སུངས་དང་ཉེ་དགའ་ཕྱོགས་ལྷུང་གི་བྱ་ངན་འགོག་ཐུབ། ཕྱི་གསལ་ནང་གསལ་ཡོང་ཆེད་མི་རྣམས་ལ་སྨྲ་བརྗོད་དང་གསར་འཕྲིན་གྱི་རང་དབང་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་རྨང་གཞིའི་འཛུགས་སྐྲུན་གང་འཚམས་བྱས་ཡོད་པ་དེ་དག་བསྔགས་འོས་ཀྱི་རང་བཞིན་དང༌། དེ་དང་ཆབས་ཅིག་ཆབ་སྲིད་ཀྱི་ལམ་སྲོལ་ཡང་རང་དབང་གུ་ཡངས་ཀྱི་ཕྱོགས་སུ་བཅོས་བསྒྱུར་བྱ་རྒྱུ་གལ་ཆེན་པོ་ཡིན། འདས་པའི་ལོ་ཤས་ནས་རྒྱ་ནག་ནང་ཆབ་སྲིད་ཐད་གུ་ཡངས་ཀྱི་བཅོས་བསྒྱུར་དགོས་པའི་བསམ་ཚུལ་འདོན་མཁན་ལས་རིགས་ཁག་གི་མཁས་དབང་སོགས་གལ་ཆེའི་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། ལྷག་པར་སྲིད་བློན་ཝུན་ཅཱ་པའོ་ཡིས་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དགོས་པའི་དགོངས་ཚུལ་ཡང་ཡང་གསུངས་པ་བཅས་ནི་དོ་སྣང་བྱེད་འོས་པའི་གལ་ཆེའི་མངོན་རྟགས་ཤིག་ཡིན་པས་ཡི་རངས་བསྔགས་བརྗོད་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཅིང༌། སྐད་ཡིག་དང་རིག་གཞུང་རྣམ་གྲངས་ཕྱུག་པོ་ཡོད། མི་རིགས་སོ་སོའི་རིག་གཞུང་དང་དེ་དག་གི་གཞི་རྟེན་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་མཐུན་པར་མ་ཟད། རྩ་ཁྲིམས་ཀྱི་ནང་དུའང་གསལ་པོ་འཁོད་ཡོད། བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་དང་ལྟ་གྲུབ། ཚན་རིག་བཅས་ཀྱི་རིག་གཞུང་དཔལ་ནཱ་ལེའི་སྲོལ་རྒྱུན་ཡོངས་སུ་རྫོགས་པའི་མདོ་རྒྱུད་བསྟན་བཅོས་ཆ་ཚང་བཞུགས་པའི་སྐད་ཡིག་གཅིག་པུ་དེ་ཡིན།

དེ་བཞིན་༣ཚད་མ་རིག་པའི་གཞུང་ལུགས་ཆ་ཚང་དང་དེའི་འཆད་ཉན་གྱི་རྒྱུན་བོད་ཀྱི་སྐད་ཡིག་ནང་མ་གཏོགས་མེད། ནང་པ་སངས་རྒྱས་པའི་དཔལ་ཡོན་ནི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཡིན་པ་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ལས་ལྡོག་སྟེ། དངོས་ཤུགས་ཅི་རིགས་ནས་དོ་ཕོག་དང་ཉམས་དམས་གཏོང་བ་ནི་མི་རྣམས་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་བློ་མིག་ཆེད་གཉེར་གྱིས་མེད་པ་བཟོས་པ་ཞིག་ཡིན། དེས་ནམ་ཕུགས་རང་གཞན་ཡོངས་ལ་གནོད་པ་ཡོང་རྒྱུར་བརྟེན་ངེས་པར་མཚམས་འཇོག་བྱེད་དགོས།

རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་གཉིས་ནི་ཡུན་རིང་བདེ་འཁོད་ཀྱི་གཞི་རྩ་ཡིན་པ་ཡང་ཡང་བརྗོད་བཞིན་དུ་བོད་ས་ཡོངས་སུ་ད་ལྟའང་དམག་མི་ཁྱོན་ཆེ་འགྲེམས་འཇོག་གིས་དམ་དྲག་སྔར་ལས་ལྷག་པ་བྱས་ཏེ་བོད་མི་རྣམས་འཇིགས་སྣང་དང་དངངས་སྐྲག་འོག་སྡོད་དགོས་པའི་གནས་སྟངས་འདི་བརྟན་ལྷིང་དང་འཕེལ་རྒྱས་ལ་གནོད་རྒྱུ་ལས་མེད་ཅིང༌། ལྷག་པར་ཉེ་བའི་ཆར་བོད་ནང་རྩོམ་པ་པོ་དང༌། སྙན་ངག་པ། རྩོམ་སྒྲིག་པ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་བོད་མི་དཔྱོད་ལྡན་མང་པོ་འཆར་གཞི་ལྡན་པའི་སྒོ་ནས་འཛིན་བཟུང་དང༌། བཀག་ཉར། ཁྲིམས་ཞིབ་ཚད་ལྡན་དང་དན་རྟགས་གསལ་པོ་མེད་པར་“རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་”ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཆད་བཅད་པ་འདི་དག་ནི་ཆེས་བློ་ཕམ་འབྱུང་གཞི་དང༌། དེ་བཞིན་ཤེས་ཡོན་ཅན་རྣམས་ཀྱི་རང་དབང་དྲང་བདེན་གྱི་སྨྲ་བརྗོད་བཀག་ཆེད་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་ཐབས་ལམ་ལག་བསྟར་བྱས་པ་དེས། བོད་ཀྱི་བརྟན་ལྷིང་དང་འཆམ་མཐུན་ལ་གནོད་ཚབས་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད།

དེ་མཚུངས་ཉེ་བའི་ཆར་རྒྱ་ནག་ནང་དུའང་ཡུལ་མིའི་ཐོབ་ཐང་སྲུང་བའི་ཁྲིམས་རྩོད་པ་དང༌། རང་དབང་གི་རྩོམ་པ་པོ་སོགས་ཤེས་ཡོན་ཅན་མང་པོ་འཛིན་བཟུང་དང༌། བཀག་ཉར། ཁྲིམས་ཆད་བཏང་བ་བཅས་ནི་ཆེས་བློ་ཕམ་གྱི་གནས་སུ་གྱུར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་གནས་ཚུལ་འདི་དག་ལ་བསྐྱར་ཞིབ་ནན་པོ་དང་འབྲེལ། སྲིད་དོན་གྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བའི་འབོད་སྐུལ་ནན་པོ་བྱ་རྒྱུ་ཡིན།

དམིགས་བསལ་བོད་དོན་དཀའ་རྙོག་གི་གནད་དོན་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་དོན་དཀའ་རྙོག་མེད་ཚུལ་དང༌། དཀའ་རྙོག་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཡིན་ཚུལ་བརྗོད་ཀྱི་ཡོད། དོན་དངོས་ཐོག་བོད་རིགས་ཡོངས་ལ་ལུས་སེམས་གཉིས་ཀར་བཟོད་མི་ཐུབ་པའི་དཀའ་ངལ་ཡོད་པ་དང༌། གཞུང་འཛིན་པའི་སྲིད་བྱུས་ལ་འདོད་བློ་མ་ཁེངས་པའི་གནས་ཚུལ་ཤུགས་ཆེ་ཡོད་པ་ནི་བོད་ཀྱི་ས་ཁུལ་གང་ས་༤ནས་ཡོང་བའི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པ་དང༌། ལས་རིགས་དང་འཚོ་ཐབས་གྲལ་རིམ་འདྲ་མིན་བཅས་ཀྱི་མི་ཚང་མས་གཅིག་གྱུར་གྱིས་མྱོང་ཚོར་བརྗོད་ཀྱི་ཡོད་ཅིང༌། དེ་ལྟར་བརྗོད་མཁན་གྱི་ཁོངས་སུ་རྒྱ་རིགས་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱང་ཡོད།

བོད་རིགས་ཡོངས་ལ་ཡིད་ཆེས་བློས་འགེལ་མ་ཐུབ་པར་དོགས་ཟོན་ཆེན་པོས་ཡུལ་མི་ཚང་མའི་བྱ་སྤྱོད་ལ་ཞིབ་འཇུག་དོ་དམ་ནན་པོ་བྱེད་པ་དེ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་པོར་མཚོན་ཡོད། དེ་སྔོན་ངོས་ནས་ལན་མང་བརྗོད་མྱོང་བ་ལྟར་གལ་ཏེ་བོད་མི་རྣམས་ལ་དཀའ་ངལ་མེད་པར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོད་ན། དེ་དག་རྒྱལ་སྤྱིའི་ནང་དང༌། ཕྱི་སྡོད་བོད་མི་ཡོངས་བཅས་ལ་གསལ་སྟོན་བྱེད་དགོས་པ་ཡིན། བཙན་བྱོལ་བོད་མིའི་བདེན་དོན་འཚོལ་བའི་ལྟ་སྐོར་ཚོ་ཁག་དེ་སྔོན་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་ནང་བསྐྱོད་པ་ལྟར་དང༌། ཕྱོགས་མཚུངས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་དང༌། གསར་འགོད་པ། ཉམས་ཞིབ་པ་སོགས་ཀྱང་རང་དབང་གི་ཐོག་ནས་བོད་ས་ཡོངས་སུ་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་འགྲོ་རྒྱུའི་གོ་སྐབས་བསྐྲུན་དགོས། དེ་འདྲའི་ཞིབ་འཇུག་གི་ལམ་ནས་བོད་ནང་དཀའ་ངལ་མེད་པའི་དོན་དངོས་ར་འཕྲོད་བྱུང་ན། ང་ཚོའི་ངོས་ནས་གང་ཡང་གླེང་རྒྱུ་མེད།

དངོས་བྱུང་ཉམས་མྱོང་གི་ཐོག་ནས་བཤད་ན། འདས་པའི་ལོ་རབས་ལྔ་བཅུ་པའི་ནང་མའོ་ཙེ་ཏུང་སོགས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་དབུ་ཁྲིད་རྣམ་པ་དང༌། དེ་རྗེས་ལོ་རབས་བརྒྱད་ཅུ་པའི་ནང་ཧུའུ་ཡའོ་པང་སོགས་ཀྱིས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་དང་ལྟ་ཚུལ་དེ་དག་རྒྱུན་མཐུད་གནས་ཡོད་ན། བོད་དོན་ཙམ་དུ་མ་ཟད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀའ་རྙོག་མང་པོ་ཞིག་ཀྱང་དཀའ་ཚེགས་མེད་པར་སེལ་ཐུབ་ཡོད་པ་སྨོས་མ་དགོས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་གཡོན་ཐལ་ལམ་ཕྱོགས་ཀྱི་སྲིད་བྱུས་ལ་བརྟེན་ནས་དེ་དག་ལམ་དུ་སོང་མེད། ད་ཆ་མི་ལོ་བཅུ་ཕྲག་ལྔ་དྲུག་འདས་པའི་མཚམས་འདིར་དཀའ་ངལ་རྣམས་དེ་བས་གཏིང་ཟབ་ཏུ་དང་རྙོག་འཛིངས་ཆེ་རུ་སོང་ཡོད།

མཐོ་སྒང་དུ་གནས་པའི་གངས་ཅན་བོད་ཀྱི་ཡུལ་ནི་ཤར་གླིང་ཡོངས་སུ་འབབ་པའི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་དང༌། སའི་གོ་ལའི་སྣེ་མོ་གསུམ་པ་ལྟ་བུའི་འཁྱག་རོམ་གྱི་གནས་གཞི། ཤར་གླིང་གི་ཆར་ཞོད་ལ་ཚོད་འཛིན་གྱི་ནུས་པ་ལྡན་པ་བཅས་ཀྱི་ས་ཁུལ་ཁྱད་པར་བ་ཞིག་ཡིན། དེའི་ཁོར་ཡུག་ཉམས་ཆག་སོང་ན་རྒྱ་དཀར་ནག་གཉིས་དང༌། དེའི་ས་འབྲེལ་ཡུལ་ཁམས་གཞན་ཡོངས་ལ་གནོད་ཚབས་ཆེན་པོ་ཡོང་གཞིར་བརྟེན།

བོད་ཀྱི་ས་ཁུལ་ཁག་གི་ཁོར་ཡུག་ལ་བདག་གཅེས་གཏན་ནས་མེད་པར་གང་བྱུང་གཏེར་ཁ་སྔོག་འདོན་དང༌། ཆུ་བོ་བཀག་བསྐྱིལ། ཤིང་ནགས་གཅོད་འབྲེག་སོགས་བྱེད་པ་ནི་ཤིན་ཏུ་མ་འོས་པ་ཡིན་པས་འཕྲལ་དུ་མཚམས་འཇོག་བྱེད་དགོས། ད་ལྟ་ཉམས་ཆག་ཚབས་ཆེ་འགྲོ་བཞིན་ཡོད་པའི་བོད་ཀྱི་ཁོར་ཡུག་ནི་འགྲོ་བ་མིའི་རིགས་སོགས་སྐྱེ་དངོས་སྲོག་ཆགས་མང་པོ་ཞིག་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་པས། རྒྱ་ནག་དབུས་སའི་གཞུང་དང༌། མང་ཚོགས་བཅས་ནས་དོ་སྣང་གིས་ཛ་དྲག་གི་ཉེན་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན།

ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཐོག དབུས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞིར་བཟུང་བོད་མིའི་མངོན་འདོད་དང་རེ་འདུན་གསལ་ཞིང་ཞིབ་པ་ངོ་སྤྲོད་བྱས་ཟིན་རུང༌། ད་བར་དོན་མཐུན་གྱི་ལན་གསལ་གང་ཡང་མ་བྱུང་བར་མ་ཟད། བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་པའི་མངོན་རྟགས་གང་ཡང་མ་མཐོང་སྟབས། ང་ཚོའི་འགྲེལ་བརྗོད་དང་དགོས་འདུན་གསལ་བཤད་ཁག་རྒྱ་ནག་གཞུང་གི་གོང་རིམ་དབུ་ཁྲིད་ལ་བཅོས་སླད་མེད་པའི་ཞུ་བརྒྱུད་བྱེད་ཀྱི་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར།

བོད་རྒྱ་མི་རིགས་གཉིས་ནི་སྲིད་པ་ཆགས་ནས་བཟུང་ཁྱིམ་མཚེས་སུ་གནས་པའི་སྤུན་ཟླ་ལྟ་བུའི་མཆེད་གྲོགས་ཀྱི་མི་རིགས་ཤིག་ཡིན་པས། ཆབ་སྲིད་དབང་འཛིན་པ་རྣམས་ཀྱི་བྱ་སྤྱོད་དབང་གིས་མི་རིགས་གཉིས་དབར་འཁོན་འཛིན་དང་སྡང་ཟུག་བྱུང་ན་གཏན་ནས་མི་འོས་པར་མ་ཟད། ལྷག་པར་ཕན་ཚུན་འཚེ་བའི་བྱ་བ་ཕྲ་མོ་ཙམ་བྱུང་ན་རང་གཞན་གཉིས་ཕུང་ཡོང་རྒྱུ་ལས་མ་འདས་པས། བོད་རིགས་ཡོངས་ནས་རྒྱ་རིགས་ཀྱིས་མཚོན་མི་རིགས་ཚང་མར་མཛའ་མཐུན་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་བོད་མིའི་ཐུན་མིན་བྱམས་བརྩེ་ཡ་རབས་ཀྱི་བཟང་སྤྱོད་མ་ཉམས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ། ཕྱི་སྡོད་བོད་རྒྱའི་མི་རིགས་དབར་སྔར་ལྷག་འབྲེལ་ལམ་གོང་མཐོར་གཏོང་ཆེད་དམིགས་བསལ་འབད་རྩོལ་བྱས་དང་བྱེད་བཞིན་ཡོད་པར་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། གཞིས་སྡོད་བོད་རིགས་རྣམས་ཀྱིས་ཀྱང་དེ་མཚུངས་ཀྱི་འབད་འབུངས་བྱེད་དགོས།

ཉེ་ཆར་བྱང་ཨཕ་རི་ཀ་དང་ཡུལ་ལུང་གཞན་མང་པོར་འཚེ་མེད་ཞི་བའི་ལམ་ནས་རང་དབང་དང་མང་གཙོའི་རྩོལ་སྒྲུབ་བྱས་པ་དེ་དག་བསྔགས་པར་འོས་ཤིང༌། འཚེ་བ་མེད་པ་དང༌། མི་མང་གི་ནུས་སྟོབས་ལ་ངོས་ནས་རྒྱུན་དུ་ཡིད་ཆེས་བྱེད་ཀྱི་ཡོད། བཟང་འབྲས་ཀྱི་མྱུ་གུ་འདི་དག་གསོ་སྐྱོང་གི་འབྲས་བུ་སྨིན་པའི་ལྗོན་ཤིང་དུ་འགྱུར་བའི་སྨོན་འདུན་བྱེད་དགོས།

ངོས་རང་ཆུང་དུས་ནས་ཡིད་ལ་བརྣག་པའི་མངོན་འདོད་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་རྒྱུར་བོད་དུ་སྲིད་དབང་བཟུང་བ་ནས་འབད་རྩོལ་གང་ཐུབ་བྱས་ཏེ་གཞི་རིམ་གྱི་འགྱུར་བ་རེ་ཟུང་བཏང་ཡང་གྲུབ་འབྲས་ཆེན་པོ་མ་ཐོན། བཙན་བྱོལ་དུ་འབྱོར་བ་ནས་བཟུང་འབད་རྩོལ་ཅི་ཡོང་བྱས་ཏེ་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་སྤྱི་འཐུས་དང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱ་རྒྱུས་མཚོན་དེང་རབས་ཀྱི་མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དངོས་སུ་ལག་བསྟར་ཐུབ་པ་བྱུང་ཡོད།

ད་དུང་མང་གཙོའྀ་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར་བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་བཟུང་ཡང་ཡང་སྐུལ་འདེད་ལམ་སྟོན་བྱེད་བཞིན་པ་ལྟར་ད་ཆ་དེ་དག་དངོས་སུ་ལག་བསྟར་བྱ་རྒྱུའི་དུས་ཚོད་སྨིན་པར་མཐོང་སྟེ། ད་རེས་འདི་ཟླའི་ཕྱི་ཚེས་ ༡༤ ནས་འགོ་འཛུགས་བྱ་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན།

གནས་ཚུལ་འདི་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་བྱུང་བ་ནས་བཟུང་བོད་ཕྱི་ནང་གང་སར་གནས་པའི་མང་ཚོགས་དང༌། སྒྲིག་འཛུགས་ཁག མི་སྒེར་མང་པོ་བཅས་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱུང་ཡང༌། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།

དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ། གྲོས་ཚོགས་ཀྱི་འཐུས་མི། ཤེས་ཡོན་ཅན་དང༌། རང་དབང་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོགས་ཀྱིས་དུས་ཡུན་རིང་པོའི་བར་ཡིད་ཐང་མ་ཆད་པ་དང༌། རྒྱ་གཞུང་གི་གནོན་ཤུགས་དང་བསུན་གཙེར་འདྲ་མིན་ལ་ཇི་མི་སྙམ་པར་བོད་མི་རིགས་ཀྱི་འཐབ་རྩོད་ལ་བདེན་པའི་རྒྱབ་སྐྱོར་ལྷག་བསམ་རྣམ་དག་དང༌། ཁ་ཞེ་གཉིས་མེད་ཀྱིས་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མའི་ནང་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་ལ་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་བཀའ་དྲིན་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན།

ལྷག་པར་རྒྱ་གར་གྱི་མང་ཚོགས་དང་དབུས་སའི་གཞུང་འཛིན་པ་རྣམ་པས་བཙན་བྱོལ་བོད་མིའི་བདེ་དོན་དང༌། བོད་ཀྱི་ཆོས་རིག་སྲུང་སྐྱོབ། བོད་མིའི་ཕུགས་འདུན་སྒྲུབ་ཐབས་བཅས་ལ་སྒོ་ཀུན་ནས་མཐུན་འགྱུར་རོགས་སྐྱོར་གཡོ་མེད་རྒྱུན་འཁྱོངས་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་དགེ་བའི་སྨོན་འདུན་བཟང་པོ་བཅས་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ལ།། །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།