དགོངས་ཚུལ།

གསུམ་བཅུའི་དུས་དྲན་ཐེངས་༥༡པའི་གསུང་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠ཉིན། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མིས་ཞི་རྒོལ་བྱས་ནས་མི་ལོ་ལྔ་བཅུ་ང་གཅིག་འཁོར་བ་དང༌། ཕྱི་ལོ་༢༠༠༨ཟླ་༣པ་ནས་བཟུང་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱུང་ནས་ལོ་གཉིས་འཁོར་བ་བཅས་ཀྱི་དུས་ཚིགས་ལ་བོད་མི་རིགས་དང། རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་དང༌། སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་བཅས་ཚང་མར་རྗེས་དྲན་དང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ཡིན།

འདས་པའི་ལོ་བཅུ་ཕྲག་དུ་མའི་རིང་དཀའ་ངལ་འགལ་རྐྱེན་ཇི་ཙམ་ཞིག་བྱུང་ཡང་བོད་མི་རིགས་ཀྱི་སྙིང་སྟོབས་དང༌། ཆོད་སེམས།ཡ་རབས་བཟང་པོའི་གཤིས་ལུགས་སོགས་བོད་ཀྱི་ཐུན་མིན་ངོ་བོ་རྒྱུན་འཛིན་བྱེད་ཐུབ་པ་མ་ཟད། གཞོན་སྐྱེས་མི་རབས་གསར་པ་རྣམས་ཀྱིས་ཀྱང་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་འཛིན་བྱེད་བཞིན་ཡོད་པ་འདི་ནི་ཆེས་ངོ་མཚར་རྨད་དུ་བྱུང་བའི་གནས་ཚུལ་ཞིག་ཡིན། བཙན་གནོན་འཇིགས་སྣང་འོག་གནས་པའི་གཞིས་ལུས་བོད་མི་ཡོངས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་དམིགས་བསལ་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་ཡིན།

ད་ལྟའི་དུས་སྐབས་འདིར་གནས་སྟངས་ལེགས་ཉེས་གང་ཞིག་གི་འོག་ཏུའང་མི་རིགས་འདྲ་མཉམ་དང༌། མི་རིགས་མཐུན་བསྒྲིལ།མི་རིགས་སོ་སོའི་ཐུན་མིན་གྱི་ངོ་བོ་དང། རིག་གཞུང་བཅས་སྲུང་སྐྱོབ་ལ་སྒོ་གང་ས་ནས་འབད་བརྩོན་བྱ་རྒྱུ་ནི་བོད་མི་ཡོངས་ཀྱི་ལས་འགན་ཡིན། བོད་ཀྱི་ས་ཁུལ་ཁག་གི་བོད་རིགས་ལས་བྱེད་རྒན་གཞོན་མང་པོས་ཏང་སྲིད་དམག་གསུམ་གྱི་ལས་གནས་འདྲ་མིན་ནང་ལས་ཁུར་བླངས་ཏེ་བོད་རིགས་མང་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གྲོགས་གང་ཡོང་བྱས་དང་བྱེད་བཞིན་ཡོད་པ་ཁོང་ཚོའི་ལྷག་བསམ་དང་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་ཡོད། འབྱུང་འགྱུར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་མཚམས་བོད་ཀྱི་འཛིན་སྐྱོང་དང་འགོ་ཁྲིད་ཀྱི་ལས་འགན་ད་ལྟ་བོད་དུ་ལས་ཀ་བྱེད་བཞིན་པ་རྣམས་ཀྱིས་ཁུར་འགན་རྐང་ལེན་བྱེད་དགོས། དེ་མཚམས་ངོས་ནས་ཆབ་སྲིད་ཀྱི་འགན་དབང་གང་ཡང་བླང་རྒྱུ་མིན་པ་དང༌། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ནས་ཀྱང་བོད་ནང་ཐོབ་ཐང་ལེན་རྒྱུ་མིན་པ་དེ་སྔོན་ནས་ཡང་ཡང་གསལ་བསྒྲགས་ཟིན་པ་ལྟར། དེ་རིང་ཡང་བསྐྱར་ཟློས་བྱེད་རྒྱུ་ཡིན།ད་ལྟ་བོད་ཀྱི་ས་ཁུལ་ཁག་ཏུ་མཐོ་རིམ་ལས་གནས་སུ་ཡོད་པ་རྣམས་ཀྱིས་གཞུང་སྒེར་ཇི་འོས་ཀྱི་ལམ་ནས་བཙན་བྱོལ་རང་དབང་བོད་མིའི་སྤྱི་ཚོགས་ནང་ལྟ་སྐོར་དང་རྟོག་ཞིབ་སླད་ཡོང་ཐུབ་ན་བྱེས་འབྱོར་མང་ཚོགས་ཀྱི་གནས་སྟངས་དང་མངོན་འདོད་ཤེས་རྟོགས་ཀྱི་དགེ་ཕན་ཡོང་རྒྱུར་བརྟེན་ངོས་ནས་འབོད་བསྐུལ་བྱ་རྒྱུ་ཡིན།

བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ཀྱིས་རང་དབང་ཡུལ་ལུང་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་གིས་མཚོན་པའི་རང་གི་ཐུན་མིན་ངོ་བོ་འཛིན་སྐྱོང་སྤེལ་གསུམ་དང༌། བོད་དོན་བདེན་པའི་གནས་ཚུལ་དྲིལ་བསྒྲགས། ལྷག་པར་གཞོན་སྐྱེས་ཡོངས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་ཤེས་ཡོན་སློབ་སྦྱོང་སྤྲད་དེ་སྲིད་དོན་གྱི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་ཆོས་སྲིད་གང་ཐད་ནས་གྲུབ་འབྲས་ལེགས་ཐོན་བྱུང་ཡོད། ལྷག་པར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་ཕལ་མོ་ཆེ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་སྟེ། རྒྱ་བལ་སོགས་སུ་བཤད་སྒྲུབ་བསྟན་པའི་གནས་གཞི་ཆོས་སྡེ་ཁག་གསར་བསྐྲུན་གནང་བའི་ནང་རབ་བྱུང་ཕོ་མོ་ཁྲི་ཚོ་བརྒལ་བ་རང་དབང་ངང་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བར་གཞོལ་བཞིན་ཡོད་ཅིང༌།བོད་ནས་གྲྭ་རྒྱུན་དང༌། སློབ་ཕྲུག་གསར་དུ་འབྱོར་རིགས་རྣམས་ལའང་སློབ་གཉེར་གྱི་གོ་སྐབས་བདེ་བླག་ཏུ་ཐོབ་ཐུབ་པ་བྱུང་ཡོད། འཛམ་གླིང་ཤར་ནུབ་གང་སར་བོད་རྒྱུད་ནང་བསྟན་དར་ཁྱབ་སྔར་ན་མ་གྲགས་པ་ཞིག་བྱུང་སྟེ། བོད་དུ་ཉམས་ཆག་སོང་བའི་རྒྱལ་བསྟན་འཛམ་གླིང་འདིའི་ཐོག་རྒྱུན་འཛིན་བྱེད་ཐུབ་པའི་རེ་བ་གསར་པ་ཞིག་སླེབས་ཡོད་པ་དེ་ནི། བོད་མི་རིགས་ཀྱི་གནས་སྟངས་སྡུག་ཤོས་དང་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་འདིའི་བཟང་ཕྱོགས་ཀྱི་གནས་ཚུལ་གལ་ཆེ་ཞིག་ཡིན་པས་དགའ་སྤོབས་བྱེད་འོས་པ་ཡིན།

བོད་ནང་དེང་སྐབས་དམར་པོའི་དབང་འཛིན་པས་ཆོས་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་སོགས་ཆབ་སྲིད་ལས་འགུལ་སྣ་ཚོགས་པའི་དམ་དྲག་གནོན་བཙིར་གྱིས་གྲྭ་བཙུན་རྣམས་བཙོན་པ་ལྟ་བུའི་དོ་དམ་འོག་བཤད་སྒྲུབ་འཆད་ཉན་གྱི་གོ་སྐབས་མེད་པར་འགྲེམས་སྟོན་ཁང་བཞིན་འཇོག་པ་ནི་བསྟན་པ་བསྣུབ་པའི་བྱ་ཐབས་གཙོ་བོ་ཞིག་ཏུ་སྣང༌།

ནང་ཆོས་གཞི་རྩར་བྱས་པའི་བོད་ཀྱི་རིག་གཞུང་ནི་བོད་མི་ཙམ་དུ་མ་ཟད་རྒྱ་ནག་གིས་མཚོན་པའི་འགྲོ་བ་མིའི་རིགས་སྤྱི་ལའང་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན།དེར་བརྟེན་གཞིས་བྱེས་བོད་མི་ཡོངས་ནས་དངོས་པོ་འཛུགས་སྐྲུན་གྱི་ཕྱིའི་ཡར་རྒྱས་ཁོ་ནར་མགོ་བོ་མི་འཁོར་བར་ནང་རང་རེའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ལྡན་ཞིག་ཡོང་བར་བོད་མི་སྤྱི་དང༌། ལྷག་པར་ན་གཞོན་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་ཀྱིས་ཁྱད་ལས་པ་དང༌། རིགས་གཅིག་རྐང་འཛིན་པ་གང་མང་ཐོན་ཐབས་བྱེད་གལ།མི་རིགས་སྤྱི་དང༌། ལྷག་པར་བོད་རིགས་ནང་ཁུལ་དམ་གཙང་ཆིག་བསྒྲིལ་དགོས་པ་གནད་ཀྱི་དོན་པོར་སོང་བས་དོན་ཆུང་རིགས་ལ་རྩོད་འཁྲུག་མི་བྱེད་པར་ཕན་ཚུན་བཟོད་བསྲན་བསམ་ཤེས་ཀྱིས་མཛའ་མཐུན་ལ་རྒྱ་དམ་ཟབ་ཏུ་གནས་གལ་ཆེ་བའི་སྐུལ་མ་ནན་ཏན་བྱ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་ངོས་ལེན་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་དཀའ་ངལ་ཚབས་ཆེ་ཞིག་ཡོད་པ་ནི། བོད་ས་ཡོངས་སུ་དྲག་དཔུང་ཕོན་ཆེ་འགྲེམས་འཇོག་དང༌། འགྲིམ་འགྲུལ་ཚད་འཛིན་བྱས་པ་སོགས་ཀྱིས་དངོས་སུ་མཚོན་པ་འཛམ་གླིང་ཀུན་གསལ་ལྟར། དེ་ནི་བོད་རྒྱ་གཉིས་ཀར་མི་དགོས་པས་སྒོ་གང་ས་ནས་སེལ་ཐབས་བྱེད་དགོས་པ་ཞིག་ཡིན་སྟབས། འདས་པའི་ལོ་སུམ་ཅུ་ལྷག་ཙམ་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལན་དགུ་ཆད་མཐུད་ཀྱིས་བོད་མིའི་མངོན་འདོད་ཇི་ཡིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སྙིང་དོན་གཞིར་བཟུང་གསལ་བཏོན་བྱས་པར་དོན་འབྲས་གང་ཡང་མ་བྱུང༌། ད་ལྟའི་རྒྱ་གཞུང་གི་དབང་འཛིན་པ་རྣམས་ཀྱི་བྱེད་བབ་ལ་གཞིགས་ན་མགྱོགས་མྱུར་དོན་འབྲས་སོན་རེ་དཀའ་ཡང༌། རང་ཕྱོགས་ནས་འབྲེལ་མོལ་མུ་མཐུད་བྱ་རྒྱུར་འགྱུར་བ་མེད།

དགའ་སྤོབས་བྱེད་འོས་པ་ཞིག་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་མིའི་དྲང་བདེན་གྱི་ལངས་ཕྱོགས་ལ་ཨ་རིའི་སྲིད་འཛིན་གྱིས་མཚོན་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་ཆོས་སྲིད་ཀྱི་དབུ་ཁྲིད་དང༌། སྤྱི་ཚོགས་ཚོགས་པ་ཁགམང་ཚོགས།ལྷག་པར་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ཁྲོད་ནས་མོས་མཐུན་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་ཐོག་ནས་བོད་ཀྱི་གནད་དོན་འདི་བོད་རྒྱ་མི་རིགས་གཉིས་ཀྱི་འཁོན་རྩོད་ཅིག་མིན་པར། རྒྱའི་དམར་པོའི་དབང་འཛིན་པའི་གཡོན་ཐལ་ལམ་ཕྱོགས་ཀྱི་སྲིད་བྱུས་ལས་བྱུང་བ་ཞིག་ཡིན་པའི་བདེན་དོན་ར་འཕྲོད་ཡོང་བཞིན་ཡོད།

ཕྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་བྱུང་བ་ནས་བཟུང་རྒྱ་ནག་གི་ཕྱི་ནང་དུ་གནས་པའི་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་དོན་སྐོར་དྲང་བདེན་གྱི་རྩོམ་ཡིག་བརྒྱད་བརྒྱ་བརྒལ་བ་ཞིག་བྲིས་ཡོད། ངོས་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱོད་སྐབས་རྒྱ་རིགས་སྤྱི་དང༌། ལྷག་པར་སློབ་ཕྲུག་དང།ཤེས་ཡོན་ཅན་མང་པོ་ངོ་ཐུག་སྐབས་ཤ་ཚའི་གདུང་སེམས་དང། རྒྱབ་སྐྱོར་ཤུགས་ཆེ་ཡོང་གི་འདུགབོད་རྒྱའི་དཀའ་རྙོག་འདི་མཐར་ཐུག་མང་ཚོགས་ལ་བརྟེན་ནས་སེལ་དགོས་པ་ཞིག་ཡིན་སྟབས་ངོས་ནས་རྒྱུན་པར་རྒྱ་རིགས་མང་ཚོགས་ལ་འབྲེལ་ལམ་གྱིས་ཕན་ཚུན་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད། དེ་ལུགས་གཞིས་བྱེས་བོད་མི་ཡོངས་ནས་ཀྱང་རྒྱ་རིགས་མང་ཚོགས་ལ་མཛའ་བརྩེའི་འབྲེལ་ལམ་དང༌། བོད་ཀྱི་དངོས་ཡོད་བདེན་དོན་དང་ད་ལྟའི་གནས་ཚུལ་ཤེས་རྟོགས་ཡོང་ཐབས་ཀྱི་འབད་བརྩོན་མུ་མཐུད་བྱེད་གལ། བར་ལམ་ནས་བཟུང་ཤིན་ཅང་མི་མང་ལ་དྲག་གནོན་གྱིས་དཀའ་ངལ་ཆེན་པོ་འཕྲད་པ་དང༌། དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་རང་དབང་རྩོད་ལེན་བྱེད་མཁན་རྣམས་ལ་དོ་དམ་ཁྲིམས་ཆད་བཅད་པ་བཅས་ལའང་གདུང་སེམས་མཉམ་སྐྱེད་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལའང་ཕྱི་ནང་གི་དངོས་ཡོད་བདེན་དོན་གནས་ཚུལ་ཤེས་རྟོགས་དང་སྨྲ་བརྗོད་ཀྱི་རང་དབང་ཤིན་ཏུ་དགོས་གལ་ཆེ་བས་རྒྱ་ནག་ནང་ཁྲིམས་ཀྱི་དབང་བསྒྱུར་དང༌། གནས་ཚུལ་ཕྱི་གསལ་ནང་གསལ་བྱུང་ན་མི་རྣམས་ཡིད་ཆེས་ཡོང་རྒྱུ། དེ་ནི་སྤྱི་ཚོགས་འཆམ་མཐུན་དང༌། བརྟན་ལྷིང༌། ཡར་རྒྱས་བཅས་ཀྱི་གཞི་རྩ་ཡིན་པས་འབྲེལ་ཡོད་ཚང་མས་འབད་རྩོལ་མུ་མཐུད་གནང་དགོས།

ངོས་ནས་བོད་རྒྱ་ཆེའི་མི་མང་གི་རང་དབང་གི་མགྲིན་ཚབ་པ་བྱས་ཏེ་གཞི་རྩའི་ཐོབ་ཐང་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ལ་ཡང་ཡང་གསལ་བཏོན་བྱས་ཀྱང་ཚུལ་མཐུན་གྱི་ཡ་ལན་ཞིག་མ་བྱུང་བ་ནི་བློ་ཕམ་སྐྱེ་གཞི་ཞིག་ཡིན་ཡང༌། འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མི་མང་གི་བསམ་བློར་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་འདི་ལ་གཞིགས་ན། ད་ལྟའི་གཞུང་གི་དབང་འཛིན་པ་རྣམས་ཀྱིས་མཁྲེགས་བཟུང་ཇི་ཙམ་བྱས་ཀྱང་བདེན་མཐའ་གསལ་བའི་དུས་ཤིག་ཡོང་ངེས་ལ་བརྟེན་ཚང་མས་བཟོད་བསྲན་དང་བརྩོན་ཤུགས་རྒྱུན་བསྲིང་བྱེད་གལ་ཆེ།

བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་མང་ཚོགས་ཀྱི་མངོན་འདོད་ཡང་ཡང་གསལ་བཏོན་བྱས་པ་ལྟར། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྔར་དང་མི་འདྲ་བར་འབྱུང་འགྱུར་ཡར་རྒྱས་ཀྱི་ལས་འཆར་བོད་རིགས་ས་ཁུལ་ཁག་གཅིག་མཚུངས་ཡོང་ཐབས་བྱེད་དགོས་གསལ་བ་བཞིན། ཉིན་ཤས་གོང་སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དུ་གསལ་སྟོན་གནང་བ་དེ་ནི་བཟང་ཕྱོགས་ཀྱི་གོམ་སྟབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་ཁག་དང༌། ལྷག་པར་ཞིང་འབྲོག་ས་ཁུལ་རྣམས་སུ་ཡར་རྒྱས་འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད་པ་ལེགས་པའི་རང་བཞིན་ཡང༌། ཕྱི་དངོས་ཡར་རྒྱས་ལ་བསྙད་ནས་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་སྐད་ཡིག་བཅས་པ་ཉམས་རྒུད་རྩ་བརླག་དང༌། འཛམ་གླིང་ཡང་སྟེང་དུ་གྲགས་པའི་མཐོ་སྒང་བོད་ཀྱི་ཁོར་ཡུག་ཤར་གླིང་ཡོངས་དང་འབྲེལ་བ་ཡོད་པ་དེ་དག་གཏོར་བཤིག་བཅས་ཀྱི་ཆ་རྐྱེན་དུ་མི་འགྲོ་བ་བྱ་རྒྱུར་ཚང་མས་ཡིད་གཟབ་བྱེད་གལ།

དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང༌། ཤེས་ཡོན་ཅན། རྒྱ་ཆེའི་མང་ཚོགས།བོད་དོན་རྒྱབ་སྐྱོར་བ་སོགས་མང་པོས་རྒྱ་གཞུང་གི་གནོན་ཤུགས་བསུན་གཙེར་ལ་མ་ལྟོས་པར་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་དང་གནང་བཞིན་ཡོད་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། ལྷག་པར་ང་ཚོར་ཤ་ཚའི་རྒྱབ་སྐྱོར་རྒྱུན་མཐུད་གནང་མཁན་རྒྱ་གར་དབུས་སའི་གཞུང་དང༌། དབུ་ཁྲིད་རྣམ་པ། མི་མང་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། མཐའ་དོན་སྐྱེ་འགྲོ་སེམས་ཅན་ཡོངས་ལ་འཕྲལ་ཡུན་དགེ་བའི་སྨོན་ལམ་བཅས།ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས་ཕྱི་ལོ་༢༠༡༠ཟླ་༣ཚེས་༡༠ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བོད་རིགས་ཡོངས་ཀྱི་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་དང་ཁོང་གི་ལམ་སྟོན་འོག་འགྲོ་རྒྱུ་ནི་ང་ཚོ་བོད་མི་ཚང་མའི་འོས་མགན་ཡིན་ལ་ངེ་ཀྱང་རེ་བ་བྱེད་བཞིན་ཡོད། ཐུགས་རྗེ་ཆེ། དེ་ལྟར་བྱེད་ན་ང་ཚོ་བོད་དོན་ལྡན་མཐའ་མྱུར་དུ་གསལ་འོང། བཀྲ་ཤིས་བེད་ལེགས།
1 ༡༡༢༠༡༠༡༤༥༢
དོན་དངོས་དམིགས་པའི་བདེན་ཚིག བོད་པ་ཚོས་ལག་ལེན་མཛད་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།