དཀའ་གནད་གསལ་བའི་མེ་ལོང༌།

༼དཀའ་གནད་གསལ་བའི་མེ་ལོང༌།༽

ཀ་ཕྲེང་གཏན་ཕབ་བརྡ་སྤྲོད་གཞུང་བརྩམས་ཏེ། །

ཁ་བའི་ལྗོངས་ཀྱི་མ་རིག་རྨོངས་པའི་མུན། །

ག་ལེར་གསལ་མཛད་ཐོན་མིའི་བཀྲིན་རྣམས། །

ང་ཅག་གངས་ཅན་པ་ཡིས་ཇི་ལྟར་གཞལ། །

 

ཅ་ཅོ་འདུ་འཛིར་གཡེང་དང་ལེ་ལོ་དང༌། །

ཆ་ལུགས་སྤྲོས་པ་དོར་ཏེ་ངན་ངོན་གྱིས། །

ཇ་ཆང་ལོངས་སྤྱོད་ཚོགས་ལ་མ་ཞེན་པར། །

ཉ་མ་ན་གཞོན་རིག་པའི་ཟས་ལ་བརྩོན། །

༡༽ དྲི་བ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ཉིད་རྩོམ་པ་པོ་སུ་ཡིན་དང༌། དུས་ནམ་བརྩམས། སྐུལ་བ་པོ་སུ་ཡིན་ནམ།

ལན། གཞུང་འདིའི་རྩོམ་པ་པོ་ནི་མཁས་མཆོག་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིན་ལ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ཞེས་པའི་གཞུང་བཟང་འདི་ཉིད་ཕྱི་ལོ་ ༡༩༠༣ ལོར་རང་གི་སློབ་བུ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང༌། དོན་གྲུབ་ཕུན་ཚོགས་གཉིས་ནས་དགོས་ཚུལ་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དངུལ་ཆུ་དྷརྨ་བྷ་དྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།

 

༢༽ དྲི་བ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་རྩོམ་པ་པོ་སུ་ཡིན་དུས་ནམ་བརྩམས་སམ།

ལན། འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་ནི། རང་སློབ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་ཕལ་ཚིག་གོ་བདེ་བ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བར་བྷི་ཀྵུ་དཀའ་ཆེན་པདྨས་སྐྱེས་བུའི་དོན་གྲུབ་འབྲས་བུ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ་སྟེ་བོད་རྒྱལ་ལོ་ ༢༠༤༦ རབ་བྱུང་ ༡༥ པའི་ས་མོ་ལུག་དང༌། ཕྱི་ལོ་ ༡༩༡༩ ཧོར་ཟླ་ ༢ ཚེས་ ༡༥  ལ་ལྗགས་རྩོམ་མཛད་པ་ལགས་སོ།།

 

༣༽ དྲི་བ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་གཞུང་འདི་ལ་ས་བཅད་ཇི་ཙམ་ཡོད་པ་དང༌། དེ་དག་གང་དང་གང་ཡིན་ནམ།

ལན། དེ་ཡང༌། བྷི་ཀྵུ་དཀའ་ཆེན་པདྨས་མཛད་པའི་དཀའ་གསལ་གྱི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་ལས། དེ་ལ་འདིར་སྙིགས་དུས་ཀྱི་པཌཎི་ཏ་ཆེན་པོ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ཉིད་ས་བཅད་རྒྱས་པ་སོགས་དོར་ནས་མདོར་བསྡུས་སུ་འཆད་པ་ལ་གསུམ། མཆོད་བརྗོད། བརྩམ་པར་དམ་བཅའ། གཞུང་དོན་དངོས་སོ། །ཞེས་གསུངས་པ་ལྟར་རོ།།

 

༤༽ དྲི་བ། རྒྱ་གར་སྐད་དུ་མཆོད་པར་བརྗོད་ཚུལ་ཇི་ལྟར་ཡིན་དང༌། རྒྱ་སྐད་ཀྱི་མཆོད་བརྗོད་དེ་ཉིད་བོད་སྐད་དུ་བསྒྱུར་ན་ཇི་ལྟར་ཡིན་ནམ།

ལན། དང་པོ་མཆོད་བརྗོད་ལ་ཡང་རྒྱ་སྐད་དང་བོད་སྐད་གཉིས་ལས། དང་པོ་རྒྱ་སྐད་ཀྱི་སྒོ་ནས་མཆོད་བརྗོད་ནི། ན་མོ་མཛཉུ་་ཤྲིའ་ཡེ། ཞེས་པ། བྱང་ཕྱོགས་ཁ་བ་ཅན་པ་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བ་ཡོད་ལ། དེ་ལ་ཡང་བོད་དང་བོད་ཆེན་པོ་གཉིས་ལས། བོད་དབུས་གཙང་སྐད་དུ། ན་མོ་ཕྱག་འཚལ་ལོ། །མཛཉུ་འཇམ། ཤྲིའ་དཔལ། ཡེ་ལ་སྟེ། འཇམ་དཔལ་ལ་ཕྱག་འཚལ་ལོ། །ཞེས་པའོ། །

 

༥༽ དྲི་བ། བོད་སྐད་དུ་མཆོད་པར་བརྗོད་ཚུལ་ཇི་ལྟར་ཡིན་དང༌། མཆོད་བརྗོད་ཀྱི་ཚིགས་བཅད་དེ་ཉིད་ཚིག་ལྷུག་ཏུ་འགྲེལ་ན་ཇི་ལྟར་ཡིན་ནམ།

ལན། གཉིས་པ་བོད་སྐད་ཀྱི་སྒོ་ནས་མཆོད་པར་བརྗོད་པ་ནི། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ༑ ༑རྗེ་བཙུན་བརྟན་པའི་འཁོར་ལོ་དང༌། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །ཞེས་པ་ནི་རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་དཔྱིད་དེ་སྙིང་པོ། གཞོན་ནུ་ན་ཚོད་བཅུ་དྲུག་ལོན་པའི་གཟུགས་ཀྱི་རྣམ་པར་རོལ་པ། རྗེ་བཙུན་བརྟན་པའི་འཁོར་ལོ་སྟེ་འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མེད་པའི་རང་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མ་ནོར་བར་སྟོན་པའི་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་སོགས་དངོས་བརྒྱུད་བླ་མ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་བཏུད་ནས། །ཞེས་པའོ།།

 

༦༽ དྲི་བ། དཀའ་གསལ་མེ་ལོང་གི་བརྩམ་པར་དམ་བཅའ་བའི་གཞུང་ཚིག་ཇི་ལྟར་ཡིན་དང༌། དེ་དག་ཚིག་ལྷུག་ཏུ་འགྲེལ་ན་ཇི་ལྟར་ཡིན་ནམ།

ལན། གཉིས་པར་བརྩམ་པར་དམ་བཅའ་ནི། མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། །མདོར་བསྡུས་ཚིག་གིས་གསལ་བར་བྱ། །ཞེས་པ༑ གངས་ཅན་སཱ་ལའི་སྨན་ལྗོངས་འདིར་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་ཐོན་མི་ཉིད་ཀྱི་ཐུགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བྱུང་བའི་ཡུལ་གངས་ཅན་པའི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོའམ་རྩ་བ་མཆོག་ཏུ་གྱུར་པ་སུམ་རྟགས་གཉིས་ལས། རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་རྣམས་མ་ཚང་བ་མེད་པར་མདོར་བསྡུས་ཚིག་གི་སྒོ་ནས་གསལ་བར་བྱ། །ཞེས་པའོ།།

 

༧༽ དྲི་བ། དཀའ་གསལ་ལས། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ༑ ༑དེ་ཕྱིར་ཀཱ་ལི་སུམ་ཅུ་པོ། །ཞེས་པའི་བརྗོད་བྱའི་དོན་གང་ཡིན་ནམ།

ལན། དེ་ཡང༌། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་སྟེ༑ སྤྱིར་ན་བོད་ཡིག་ལ་དབྱངས་དང་གསལ་བྱེད་གཉིས་སུ་ཡོད་ཅིང༌། དེ་ལས་དབྱངས་ཀྱི་བྱ་བ་གསལ་བར་མཚོན་པར་བྱེད་པ་ཨི་སྟེ་གི་གུ་དང༌། ཨུ་སྟེ་ཞབས་ཀྱུ། ཨེ་སྟེ་འགྲེང་བུ། ཨོ་སྟེ་རྣ་རུ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་ཡིན་ཞིང༌། ཀཱ་ལིའི་བྱ་བ་གསལ་བར་བྱེད་པའི་ཀ་ནས་ཨའི་བར་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོར་ཤེས་པར་བྱའོ། །ཞེས་པའོ།།

 

༨༽ དྲི་བ། དཀའ་གསལ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་སོགས་ལཤཽ་ཀ་གཅིག་དང་ཚིག་རྐང་གཉིས་ཀྱི་བསྟན་དོན་གང་ཡིན་ནམ།

ལན། དཀའ་གསལ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང༌། །

ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ།།

ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང༌། །ཞེས་དབྱངས་གསལ་གཉིས་ལས་གསལ་བྱེད་རྣམས་ཕོ་ཡིན་པས་ན་ཕོ་ཡི་ཡི་གེ་འབའ་ཞིག་གམ་ཤ་སྟག་ཡིན་པ་སུམ་ཅུ་དེ་ནང་གསེས་སྡེ་ཚན་ལྔར་དབྱེ་ན་ཀ་ཅ་ཏ་པ་ཙ་ལྔ་ཕོ་དང༌། ཁ་ཆ་ཐ་ཕ་ཚ་ལྔ་མ་ནིང༌། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅུ་གཉིས་མོ། ང་ཉ་ན་མ་བཞི་ཤིན་ཏུ་མོ། ར་ལ་ཧ་ཨ་བཞི་མོ་གཤམ་ཡིན་ཞིང༌། ཨ་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད། སྒྲ་རྩོལ་ཤིན་ཏུ་ཞན་པས་མཚན་མེད་ཅེས་ཀྱང་བྱ་བ་ཡིན་ནོ།།

 

༩༽ དྲི་བ། གསལ་བྱེད་སྡེ་པ་ཕྱེད་དང་བརྒྱད་པོ་རྣམས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་སྡེ་ཚན་ལྔར་དབྱེ་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ལྟར་དབྱེ་ཚུལ་ནི་གསལ་བྱེད་ཀྱི་ཡི་གེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་པ་དང༌། མཆུ་དང༌། རྐན་སོགས་ལ་ཕྲད་པའི་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ལ་གཞིགས་ནས་དབྱེ་དགོས་ཤིང༌། དེས་ན་ཕོ་ཡིག་རྣམས་སྒྲ་ཤུགས་ཆེ་བ་དང༌། མ་ནིང་རྣམས་སྒྲ་ཤུགས་རན་པའམ་འབྲིང་དང༌། མོ་རྣམས་སྒྲ་ཤུགས་ཞན་ཙམ་དང༌། ཤིན་ཏུ་མོ་རྣམས་སྒྲ་ཤུགས་ཞན་པ་དང༌། མོ་གཤམ་སྒྲ་ཤུགས་དེ་ལས་ཀྱང་ཞན་པ་དང༌། ཨ་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད། སྒྲ་རྩོལ་ཧ་ཅང་ཞན་པས་མཚན་མེད་ཀྱང་ཟེར་བ་ཡིན་ནོ།།

 

༡༠༽ དྲི་བ། དང་པོ་སྔོན་འཇུག་རྟགས་ཀྱི་དབྱེ་བའི་སྐབས་སྔོན་འཇུག་ལྔ་པོ་རྟགས་སུ་དབྱེ་ཚུལ་ཇི་ལྟར་ཡིན། དེ་ལྟར་དབྱེ་དགོས་དོན་གང༌།

ལན། དེ་ཡང༌། དཀའ་གསལ་ལས། སྔོན་འཇུག་ལྔ་ཡི་བ་ཡིག་ཕོ།།

ག་ད་མ་ནིང་འ་མོ་ཡིག །མ་ནི་ཤིན་ཏུ་མོ་ཡིན་ནོ། །ཞེས་སྔོན་འཇུག་ག་ད་བ་མ་འ་བཅས་ལྔ་ལས་བ་ཡིག་ཕོ་དང༌། ག་ད་གཉིས་མ་ནིང་དང༌། འ་མོ་དང༌། མ་ཤིན་ཏུ་མོར་དབྱེ་བ་ཡིན་ནོ། །དེ་ལྟར་དབྱེ་དགོས་དོན་ཡང་སྔོན་འཇུག་རྣམས་རང་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་དང་སྦྲགས་ནས་ཀློག་སྐབས་སྒྲ་རྩོལ་ཤུགས་ཆེ་ཆུང་གི་དབང་གིས་སྔོན་འཇུག་ལྔ་པོ་ཕོ་མོ་མ་ནིང་ཤིན་ཏུ་མོ་བཅས་སུ་དབྱེ་བའོ།།

 

༡༡༽ དྲི་བ། གཉིས་པ་སྔོན་འཇུག་རྟགས་ཀྱི་འཇུག་པ་བཤད་པར་རྩ་བའི་ས་བཅད་ཇི་ཡོད་དང༌། ས་བཅད་དེ་དག་གང་དང་གང་ཡིན་ནམ།

ལན། དེ་ཡང༌། རྟགས་འཇུག་རྩ་བ་ལས། གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པ་ལྟར། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་བཞི་སྟེ། འཇུག་ཡུལ་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང༌། འཇུག་བྱེད་སྔོན་འཇུག་གི་ཡི་གེ་གང་གིས་འཇུག་པར་བྱེད་པ་དང༌། འཇུག་ཚུལ་སྒྲ་གདངས་དྲག་ཞན་ཇི་ལྟ་བུའི་སྒོ་ནས་འཇུག་པར་བྱེད་པ་དང༌། དགོས་པ་རྒྱུ་མཚན་ཅི་ཕྱིར་འཇུག་པར་བྱེད་པ་བཅས་བཞིའོ།།

 

༡༢༽ དྲི་བ། སྔོན་འཇུག་རྟགས་ཀྱི་འཇུག་པའི་སྐབས་ཕོ་བ་ཡིག་དེ་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དག་ལ་ཚུལ་ཇི་ལྟར་འཇུག་གམ།

ལན། དེ་ཡང༌། དཀའ་གསལ་མེ་ལོང་ལས། དེ་རྣམས་གང་ལ་གང་འཇུག་ན། །ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན། །ཛ་ཞ་ཟ་ར་ཤ་སར་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་གི་ཡི་གེ་ཕོ་བ་ཡིག་དེ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་ཡིག་བ་དེ་མིང་གཞིའི་ཡི་གེ་ཕོ་ཀ་ཅ་ཏ་ཙ་བཞི་དང༌། མིང་གཞིའི་ཡི་གེ་མོ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་བཅུ་གཉིས་ཏེ་ཁྱོན་བསྡོམས་ཡི་གེ་བཅུ་དྲུག་ལ་འཇུག་ཅིང༌། དེ་ཡང༌། ཀ་ག་གཉིས་ལ་རྐྱང་བརྩེགས་འདོགས་གསུམ་གར་འཇུག་ཅིང༌། ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་སུ་འཇུག ང་ཇ་ཉ་ན་ཛ་ལྔ་ལ་བརྩེགས་པ་ཁོ་ནར་འཇུག ཅ་ཞ་ཤ་གསུམ་ལ་རྐྱང་པ་ཁོ་ནར་འཇུག ཟ་ས་གཉིས་ལ་རྐྱང་འདོགས་སུ་འཇུག ར་ཡིག་ལ་འདོགས་འཕུལ་ཁོ་ནར་འཇུག་པ་ཡིན་ནོ།།

 

༡༣༽ དྲི་བ། སྔོན་འཇུག་རྟགས་ཀྱི་འཇུག་པའི་སྐབས་མ་ནིང་ག་ད་གཉིས་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དག་ལ་ཚུལ་ཇི་ལྟར་འཇུག་གམ།

ལན། དེ་ཡང༌། དཀའ་གསལ་མེ་ལོང་ལས། མ་ནིང་ག་ནི་ཅ་ཏ་ཙ༑ ༑ཉ་ད་ན་ཞ་ཟ་ཡ་ཤ །སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་གི་མ་ནིང་ག་ད་གཉིས་ལས་ག་ཡིག་ནི་མིང་གཞིའི་ཕོ་ཡིག་ཅ་ཏ་ཙ་གསུམ་དང༌། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་བཅས་ཁྱོན་བསྡོམས་ཡི་གེ་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནར་འཇུག་པ་དང༌། སྔོན་འཇུག་གི་མ་ནིང་ད་ཡིག་ནི་མིང་གཞིའི་ཕོ་ཡིག་ཀ་པ་གཉིས་དང༌། མོ་ཡིག་ག་བ་ང་མ་བཞི་བཅས་ཁྱོན་བསྡོམས་ཡི་གེ་དྲུག་ལ་འཇུག་ཅིང༌། དེ་ཡང༌། ཀ་པ་ག་བ་མ་བཅས་ལྔ་ལ་རྐྱང་འདོགས་གཉིས་སུ་འཇུག་པ་དང༌། ང་ཡིག་ལ་རྐྱང་འཕུལ་ཁོ་ནར་འཇུག་གོ།

 

༡༤༽ དྲི་བ། སྔོན་འཇུག་རྟགས་ཀྱི་འཇུག་པའི་སྐབས་མོ་འ་ཡིག་དེ་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དག་ལ་ཚུལ་ཇི་ལྟར་འཇུག་གམ།

ལན། དེ་ཡང༌། དཀའ་གསལ་མེ་ལོང་ལས། མོ་ཡིག་འ་ནི་ག་ཇ་ད༑ ༑བ་ཛ་ཁ་ཆ་ཐ་ཕ་ཚར། །ཞེས་གསུངས་པ་ལྟར་སྔོན་འཇུག་གི་མོ་འ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་བཅས་ཁྱོན་བསྡོམས་ཡི་གེ་བཅུ་ལ་འཇུག་ཅིང༌། དེ་ཡང༌། ག་བ་ཁ་ཕ་བཞི་ལ་རྐྱང་འདོགས་གཉིས་ཀྱི་དབང་དུ་འཇུག་པ་དང༌། དེ་མིན་ཇ་ད་ཛ་ཆ་ཐ་ཚ་བཅས་དྲུག་ལ་རྐྱང་འཕུལ་ཁོ་ནར་འཇུག་པ་ཡིན་ནོ།།

 

༡༥༽ དྲི་བ། སྔོན་འཇུག་རྟགས་ཀྱི་འཇུག་པའི་སྐབས་ཤིན་ཏུ་མོ་མ་དེ་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དག་ལ་ཚུལ་ཇི་ལྟར་འཇུག་གམ།

ལན། དེ་ཡང༌། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས། ཤིན་ཏུ་མོ་ཡི་མ་ཡིག་ནི། །ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང༌། མོ་ཡིག་ག་ཇ་ད་ཛ་ང་ཉ་ན་བདུན་བཅས་ཁྱོན་བསྡོམས་ཡི་གེ་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནར་འཇུག་པ་དང༌། ཁ་ག་གཉིས་ལ་འདོགས་འཕུལ་དུའང་འཇུག་གོ།

 

༡༦༽ དྲི་བ། སྔོན་འཇུག་ལྔ་པོ་རྣམས་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲའི་འཇུག་ཚུལ་ཇི་ལྟ་བུའི་སྒོ་ནས་འཇུག་པ་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཇི་ལྟར་འཇུག་པར་བྱེད་ཅེ་ན། །

ཕོ་ནི་སྒྲ་རྩོལ་དྲག་པར་འཇུག །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་སྒྲ་རྩོལ་དང་མཐུན་པའི་སྒོ་ནས་ཇི་ལྟར་འཇུག་པར་བྱེད་པ་ཡིན་ནམ་ཞེ་ན། སྔོན་འཇུག་གི་ཕོ་བ་ནི་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་སྟེ་སྐད་གདངས་ཆེ་བ་དང༌། རྩོལ་བ་ཞེས་པ་དབུགས་ལ་སོགས་པའི་རྩོལ་བ་ཤིན་ཏུ་ཆེ་བས་སྒྲ་རྩོལ་དྲག་པོ་སྟེ་བརྗོད་པ་ཤེད་ཆེ་བའི་སྒོ་ནས་འཇུག་པ་དང༌། མ་ནིང་ག་ད་གཉིས་ནི་རང་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་ཆ་སྙོམས་པ་སྟེ་རན་པའི་སྒོ་ནས་འཇུག མོ་ཡིག་འ་ནི་སྒྲ་རྩོལ་ཞན་པ་སྟེ་བརྗོད་པ་ཤེད་ལྷོད་ཅིང་ཆུང་བའི་ཚུལ་གྱིས་འཇུག་ཅིང༌། ཤིན་ཏུ་མོ་མ་ཡིག་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་ཅིང་ཆུང་བའི་སྒོ་ནས་འཇུག་གོ།

 

༡༧༽ དྲི་བ། སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་ལ། དེ་ཡི་ཐོག་མར་གནད་དོན་གང་དག་ཤེས་དགོས་པ་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །

ཐོག་མར་འདི་ལྟར་ཤེས་དགོས་ཏེ། །ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང༌། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་དང༌། །བྱ་བ་གཉིས་པོ་དངོས་པོ་གཞན། །ཞེས་པ་ལྟར་སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། དེ་ལ་སེམས་ལ་ངེས་ཤིང་རྟོགས་པ་བྱེད་པའམ་གཞུང་དོན་ཞིབ་ཏུ་ཤེས་པ་ལ་ཐོག་མར་འདི་ལྟར་ཤེས་པར་བྱེད་དགོས་ཏེ། ལས་ཀ་ག་འདྲ་ཞིག་ཡིན་རུང་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དཔེར་ན། ཤིང་བཟོ་བས་སྟ་རེས་ཤིང་བཅས་ལྟ་བུ་ལ་ཆ་མཚོན་ན་བྱེད་པ་པོ་སྟེ། ཤིང་གཅོད་མཁན་ཤིང་བཟོ་བ་དེ་དང༌། དེའི་བྱེད་པའམ་ལག་ཆ་སྟ་རེ། གཅོད་པའི་བྱེད་ལས་དང་བཅས་པ་ལ་ནི་དངོས་པོ་བདག་ཅེས་ཟེར་བ་དང༌། དེས་བྱ་བ་བསྒྲུབ་པར་བྱ་བའི་ཡུལ་ཏེ་གཅད་བྱའམ་གཅད་རྒྱུའི་ཤིང་དེ་ལ་བྱ་བའི་ཡུལ་ལམ་ལས་ཞེས་ཟེར་བ་དེ་དང༌། ཤིང་དེ་གཅད་པར་བྱ་བའི་བྱ་ལས་སམ་གཅད་རྒྱུའི་ལས་ཀ་དང་བཅས་པ་ལ་ནི་དངོས་པོ་གཞན་ཞེས་ཟེར།

 

༡༨༽ དྲི་བ། སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པའི་སྐབས་སུ་བདག་གཞན་གྱི་དབྱེ་བ་ཕྱེ་ཚུལ་དཔེ་བཅས་ཇི་ལྟར་ཡིན་ནམ།

ལན། སྐབས་འདིའི་བདག་དང་གཞན་ཞེས་པ་ནི། སྤྱིར་བདག་གཞན་གཉིས་སུ་ཕྱེ་བའི་བདག་དང་གཞན་ཙམ་ལ་གོ་བར་མི་བྱ་བར། ལས་གང་ཞིག་བསྒྲུབ་པར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་དངོས་པོ་བདག་ཅེས་བྱ་ཞིང༌། དེས་བསྒྲུབ་པར་བྱ་བའི་ཡུལ་དང༌། དེའི་བྱ་བ་གཉིས་པོ་ལ་དངོས་པོ་གཞན་ཞེས་བྱའོ། །དཔེར་ན། སློབ་གྲོགས་ཚོས་སློབ་ཁང་དུ་རིག་གནས་སློབ་སྦྱོང་བྱེད། ཅེས་པར་མཚོན་ན། སློབ་གྲོགས་ཚོ་ནི་བྱེད་པ་པོ་དང༌། དངོས་པོ་བདག ས་རྗེས་འཇུག་ནི་བྱེད་སྒྲའི་ཕྲད། སློབ་ཁང་ནི་བྱ་བའི་ཡུལ་དང༌། དངོས་པོ་གཞན། དུ་ནི་ལ་དོན་གྱི་ཕྲད། རིག་གནས་བསླབ་བྱའི་ལས་དང༌། དངོས་པོ་གཞན། སློབ་སྦྱོང་བྱེད་པ་ནི་བྱ་བ་དངོས་དང༌། དངོས་པོ་གཞན་ཡིན་པ་བཅས་སོ།།

 

༡༩༽ དྲི་བ། དུས་གསུམ་གྱི་མཚན་ཉིད་གང་ཡིན་དང༌། དུས་གསུམ་དུ་དབྱེ་ཚུལ། དུས་གསུམ་གྱི་ཁྱབ་ཚད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་བཞིན་བྱེད་པ་པོ་གཞན་དང༌། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང༌། །བྱ་བ་བྱས་ཟིན་འདས་པ་དང༌། །བྱ་བ་བྱེད་འགྱུར་མ་འོངས་དང༌། །བྱེད་བཞིན་པ་ནི་ད་ལྟ་བ། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་དབྱེ་ཚུལ་ནི། གོང་དུ་བདག་གཞན་སོ་སོར་དབྱེ་བ་དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང༌། བྱ་བ་བྱས་ཟིན་པ་ནི་འདས་པ་དང༌། བྱ་བ་བྱེད་པར་འགྱུར་བ་ནི་མ་འོངས་པ། བྱ་བ་བྱེད་བཞིན་པ་ནི་ད་ལྟ་བ་ཡིན་ལ། དུས་གསུམ་གྱིས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གཉིས་ཀར་ཁྱབ་པ་ཡིན་ནོ།།

 

༢༠༽ དྲི་བ། རྟགས་འཇུག་སྐབས་ཀྱི་བྱ་བའི་ལས་དང༌། བྱེད་པའི་ལས་གཉིས་དུས་གསུམ་ལས་དུས་གང་གི་ནང་དུ་ཚུལ་ཇི་ལྟར་འདུས་པ་ཡིན་ནམ།

ལན། དེ་ཡང༌། བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའམ་དུས་གསུམ་གྱི་དབྱེ་བ་དེ་དག་ཏུ་འདུས་ཏེ། དུས་གསུམ་གྱི་དབང་དུ་བྱས་ན། བྱེད་པའི་ལས་ནི་དུས་ད་ལྟ་བ་དང༌། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང༌། བདག་གཞན་གྱི་དབང་དུ་བྱས་ན། བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་ནི་བདག་དང༌། བྱ་བ་ནི་གཞན་ཡིན་ལ༑ སྐབས་འདིའི་དུས་གསུམ་གྱི་དབྱེ་བ་བཤད་པ་ནི་བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་བསྡུ་བའི་དོན་དུ་ཤེས་པར་བྱའོ།།

 

༢༡༽ དྲི་བ། རྟགས་འཇུག་སྐབས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བར་དུས་གསུམ་དུ་དབྱེ་ཚུལ་གྱི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། བྱེད་པ་པོའམ་ལས་ཀ་བྱེད་མཁན་ཞིག་དང་དངོས་སུ་འབྲེལ་བ་དཔེར་ན། ཤིང་བཅད་ལྟ་བུ་ལས་ཀ་བྱས་ཚར་བ་སྟོན་པ་ནི་དུས་འདས་པ་དང༌། ཤིང་གཅད་རྒྱུ་ལྟ་བུ་ལས་ཀ་བྱེད་རྒྱུ་སྟོན་པ་ནི་དུས་མ་འོངས་པ་དང༌། གཅོད་བཞིན་པ་ལྟ་བུ་ལས་ཀ་བྱེད་བཞིན་པ་སྟོན་པ་ནི་དུས་ད་ལྟ་བའོ། །བྱ་བྱེད་ཐ་དད་པའི་བྱ་ཚིག་ཕལ་ཆེར་ལ་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་འཇུག་ཀྱང་འགའ་ཞིག་ལ་མི་འཇུག་པ་ཡོད་དེ། དཔེར་ན། ཆུ་ལོག་གིས་ས་ཞིང་འཁྱེར། ཞེས་པར་ཆུ་ལོག་ནི་བྱེད་པ་ཡིན་པ་ལས་བྱེད་པ་པོ་མིན་པས། དེ་འདྲ་ལ་ཁྱེར་ཅིག་ཅེས་པའི་སྐུལ་ཚིག་དང༌། མ་འཁྱེར་ཞེས་པའི་དགག་སྒྲའི་སྐུལ་ཚིག་མི་འཇུག་པ་ལྟར་རོ།།

 

༢༢༽ དྲི་བ། རྟགས་འཇུག་སྐབས་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བར་དུས་གསུམ་དུ་དབྱེ་ཚུལ་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། བྱེད་པ་པོའམ་ལས་ཀ་བྱེད་མཁན་ཞིག་དང་དངོས་སུ་མ་འབྲེལ་བ་དཔེར་ན། ཤིང་ཆད་འདུག་ལྟ་བུ་བྱ་བ་བྱུང་ཟིན་པ་སྟོན་པ་ནི་དུས་འདས་པ་དང༌། ཤིང་འཆད་རྒྱུ་རེད་ལྟ་བུ་བྱ་བ་ཡོང་རྒྱུ་སྟོན་པ་ནི་དུས་མ་འོངས་པ་དང༌། ཤིང་འཆད་ཀྱི་འདུག་ལྟ་བུ་བྱ་བ་ཡོང་བཞིན་པ་སྟོན་པ་ནི་དུས་ད་ལྟ་བ་བཅས་སོ། །སྤྱིར་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བར་སྐུལ་ཚིག་འཇུག་པ་ཆེས་ཉུང་ཞིང༌། ཁྱོད་རྒྱུགས་ཤིག་ལྟ་བུ་བྱ་བྱེད་ཐ་མི་དད་ཀྱང་འགྲོ་མཁན་གང་ཟག་ལ་འཇུག་པའི་སྐུལ་ཚིག་ཡིན་ཞིང༌། སེམས་མེད་ཀྱི་བྱ་བྱེད་ཐ་མི་དད་པར་ཤིང་ཆད་ཅིག་ལྟ་བུའི་སྐུལ་ཚིག་མི་འཇུག་གོ། སྐུལ་ཚིག་རྣམས་དངོས་པོ་བདག་གཞན་དང་དུས་གསུམ་གང་རུང་དུ་བསྡུ་དགོས་ཤེ་ན། དེ་སྐུལ་བྱེད་ཀྱི་ཚིག་ཡིན་པས་དངོས་པོ་བདག་གི་ཁོངས་སུ་གཏོགས་ཤིང༌། དུས་གསུམ་གྱི་ནང་དུ་བསྡུ་སྐབས་བྱེད་ལས་མ་འོངས་པར་བསྡུ་བར་རིགས་སོ།།

 

༢༣༽ དྲི་བ། དུས་གསུམ་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཅེས་པའི་ཁྱབ་པའི་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་རྩ་བ་ལས། དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན།།

ཞེས་རྒྱུ་མཚན་དེའི་ཕྱིར་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་པ་སྟེ། བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་ཐམས་ཅད་ལ་ཁྱབ་པ་ཡིན་ཞེས་པའོ། །དེ་ཡང་གོ་བདེར་བརྗོད་ན་བྱེད་ལས་དང་འབྲེལ་བའི་ངག་ཡིན་ཚད་ཐམས་ཅད་ཡང་ན་དུས་འདས་པ་ཡིན་དགོས། ཡང་ན་དུས་ད་ལྟ་བ་ཡིན་དགོས། ཡང་ན་དུས་མ་འོངས་པ་ཡིན་དགོས་ཞེས་པའོ། །དེའི་ཕྱིར་དུས་གསུམ་གྱི་དབྱེ་བ་དེ་ནི་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་རྣམས་བསྡུ་བའི་དོན་དུ་ཡིན་པ་ཤེས་དགོས་སོ།།

 

༢༤༽ དྲི་བ། དངོས་པོ་བདག་གཞན་གྱི་དབྱེ་བས་ངག་གི་སྦྱོར་བ་ཀུན་ལ་མ་ཁྱབ་ཀྱང་བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ་གང་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། བདག་གཞན་དབྱེ་བས་དེ་ཙམ་དུ༑ ༑ཁྱབ་པ་མིན་ཡང་བྱེད་པོ་དང༌། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས།།

ཞེས་དངོས་པོ་བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་མི་ཁྱབ་སྟེ་བྱེད་པ་པོ་དང་འབྲེལ་བའི་ལས་དང༌། བྱ་བའི་ཡུལ་དང་འབྲེལ་བའི་ལས་མ་གཏོགས་ལས་གཞན་ཏེ། བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་ལས་བྱ་བྱེད་ཐ་མི་དད་པ་རྣམས་མི་འདུས་སོ་ཞེས་སམ་ཡང་ན། བདག་གཞན་གྱི་དབྱེ་བས་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་པ་དེ་ཙམ་དུ་མ་ཁྱབ་ཀྱང༌། འོ་ན་གང་ལ་ཁྱབ་ཅེ་ན། ཆུར་འཁྱིལ་ལྟ་བུ་དུས་གསུམ་གྱི་དབྱེ་བས་ཁྱབ་ཀྱང་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་སྟེ་བདག་གཞན་གྱི་དབྱེ་བའི་ཁོངས་སུ་མ་གཏོགས་སོ།།

 

༢༥༽ དྲི་བ། བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ་དང༌། ཞར་ལ་དེ་འབྲེལ་བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་དེ་ཁོངས་བསྡུ་ཚུལ་ཇི་ལྟར་ཡིན།

ལན། བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ་ནི། སྒྲུབ་པ་པོ། བསྒྲུབ་བྱའི་ལྷ། ལྟ་བུ་བྱེད་པ་པོ་དང་བྱ་ཡུལ་གཉིས་བསྡུ་བའི་ཕྱིར་དུ་དབྱེ་བ་དེ་མཛད་ནས། དེའི་ཞར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་དེ་ཁོངས་བསྡུས་ཞེས་པའོ། །བྱ་བྱེད་ཀྱི་སྒྲ་ཤེད་མཚུངས་བདག་གཞན་གྱི་ཁོངས་སུ་བསྡུ་ཚུལ་ཇི་ལྟར་ཡིན་སྙམ་ན། སྒྲུབ་པར་བྱེད། ཅེས་པའི་ཚིག་འདི་སྒྲུབ་པ་པོ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་བདག་གི་ཁོངས་སུ་བསྡུས། བསྒྲུབ་པར་བྱ། ཞེས་པ་འདི་བསྒྲུབ་བྱའི་ལྷ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་གཉིས་ཀྱི་ནང་ནས་གཞན་གྱི་ཁོངས་སུ་བསྡུས་སོ།།

 

༢༦༽ དྲི་བ། རྟགས་འཇུག་གི་སྐབས་འདིར་བདག་གཞན་གྱི་དབྱེ་བ་མ་མཛད་ན་ཉེས་སྐྱོན་གང༌། མཛད་པས་དགེ་མཚན་གང་ཞིག་ཡོད་དམ།

ལན། བདག་གཞན་གྱི་དབྱེ་བ་མ་མཛད་ན་སྐྱོན་འདི་ལྟར། དཔེར་ན༑ སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ལྟ་བུའི་ཚེ། བསྒྲུབས་ཞེས་པའི་ཚིག་ཁོ་ནས་དུས་འདས་པ་གོ་ནུས་ཀྱང༌། སྐལ་ལྡན་དང་སངས་རྒྱས་དེ་ཇི་ལྟ་བུ་ཡིན་ནམ་སྙམ་དོགས་པ་འབྱུང་བའི་སྐྱོན་ཡོད། བདག་གཞན་གྱི་དབྱེ་བ་མཛད་པས་སྐལ་ལྡན་དེ་བདག་བྱེད་པ་པོ་དང༌། སངས་རྒྱས་དེ་བསྒྲུབ་པར་བྱ་བ་གཞན་དེ་ཡིན་པ་བདེ་བླག་ཏུ་གོ་བའི་དགོས་པ་ཡོད་པས་དེའི་ཕྱིར་བདག་གཞན་གྱི་དབྱེ་བ་མཛད་དོ།།

 

༢༧༽ དྲི་བ། དུས་གསུམ་དུ་དབྱེ་བའི་དགོས་པ་དང༌། སྔོན་འཇུག་འ་ཡིག་དངོས་པོ་བདག་ལ་འཇུག་པ་མཐོང་ཚུལ་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེས་ན་དུས་གསུམ་དུ་དབྱེ་བ།།

བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །

གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང༌། །ཞེས་པས་དུས་འདས་པ་དང༌། མ་འོངས་པ། ད་ལྟ་བ་བཅས་དུས་གསུམ་དུ་དབྱེ་བའི་དགོས་པ་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའམ་མ་བསྡུས་པ་ལྕགས་གསེར་དུ་འགྱུར་ལྟ་བུ་དུས་འདས་པ་དང༌། ཆུ་འཁྱིལ་བར་འགྱུར་ལྟ་བུ་དུས་མ་འོངས་པ་དང༌། གདུགས་འཁྱིལ་གྱིན་འདུག་ལྟ་བུ་དུས་ད་ལྟ་བ་རྣམས་སུ་བསྡུ་བའི་དོན་དུ་ཤེས་དགོས་པར་གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས་བྱེད་ལས་ཙམ་དང་འབྲེལ་བ་ཡི། ཆོས་འཆད་པོ། འཆད་པར་བྱེད། ལྟ་བུ་དངོས་པོ་བདག་ལའང་འཇུག་པར་མཐོང་ངོ་ཞེས་སོ།།

 

༢༨༽ དྲི་བ། དམིགས་བསལ་སྔོན་འཇུག་འ་ཡིག་སྐབས་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ལ་འཇུག་པར་མཐོང་ཞེས་པར་འདོད་ཚུལ་ཅི།

ལན། མཁས་པ་ཕལ་མོ་ཆེས་འདི་ཚིག་རོ་ཡིན་པ་དང༌། དགོས་པ་མེད་པ། དོགས་གནས་ཡིན་པ་སོགས་སུ་བཞེད་པ་དང༌། ལ་ལས་དཔེར་བརྗོད་འགའ་རེ་བཀོད་ཀྱང༌། གཞུང་དོན་དངོས་ལ་འབྱོར་བར་མ་མཐོང་ལ༑ འགྲེལ་པའང་ཁ་གསལ་གོ་བདེ་མི་འདུག་ཅིང༌། གཞུང་འདིའི་རྩ་ཚིག་གོང་འོག་ཡང་ཡང་བསྡུར་ཏེ། ཞིབ་མོའི་བློས་དཔྱད་ན་བྱེད་ལས་ཙམ་དང་ཞེས་པའི་ཙམ་སྒྲ་དེས་བྱེད་ལས་ཀྱི་སྒྲ་དང་འབྲེལ་བ་ཙམ་ལས་བདག་གཞན་དངོས་མིན་པ་གང་ཞིག དུས་གསུམ་གང་རུང་མ་ཡིན་པའི་ཚིག་སྟེ། དཔེར་ན། ང་འགྲོ་འོ། །ཞེས་པ་ལྟ་བུར་མཚོན་ན་འགྲོ་བ་པོ་དང་འགྲོ་བྱ་གཉིས་ཀ་ང་ཡིན་པ་ལྟ་བུ་ནི། བྱ་བྱེད་ཐ་མི་དད་པའི་ཚིག་ཡིན་པས་གོང་གསལ་གྱི་སྔོན་འཇུག་འ་ཡིག་གི་འཇུག་ཚུལ་དེར་མ་འདུས་པའི་འཇུག་ཚུལ་གཞན་ཡང་ཡོད་ཅེས་གསུངས་པ་ཡིན་ཞིང༌། དཔར་མ་འགའ་ཞིག་ནང༌། དངོས་པོ་དག་ལའང་འཇུག་པར་མཐོང༌། །ཞེས་འཁོད་འདུག་པས་རྩ་བ་དཔར་མ་ཚོའི་ནང་བདག་ཅེས་པ་ཡི་གེ་ནོར་བ་མིན་ནམ་སྙམ་པས་དཔྱད་པར་འཚལ།།

 

༢༩༽ དྲི་བ། གཞི་གཅིག་གི་སྟེང་ནས་བདག་གཞན་གཉིས་དང༌། བྱ་བྱེད་ལས་གསུམ་བཅས་སོ་སོར་ངོས་འཛིན་ཚུལ་ཇི་ལྟར་ཡིན་ནམ།

ལན། བདག་གཞན་དང༌། བྱ་བྱེད་ལས་གསུམ་གྱི་དོན་བསྡུ་ན། དངོས་པོ་དང་ལས་གཉིས་སུ་འདུས་པ་ཡིན་ཏེ། དངོས་པོ་ལ་ནི། དངོས་པོ་བདག་དང༌། དངོས་པོ་གཞན་དང༌། ལས་ཀྱི་དངོས་པོ་གསུམ་ཡོད་དེ། ཤིང་མཁན་གྱིས་སྟ་རེས་ཤིང་བཅད་ལྟ་བུར་མཚོན་ན། ཤིང་མཁན་དང་སྟ་རེ་གཉིས་ནི།  བདག་གཞན་གཉིས་ལས་དངོས་པོ་བདག་དང༌། བྱ་བྱེད་ལས་གསུམ་ལས་བྱེད་པ་ཞེས་བྱ་ཞིང༌། གཅད་བྱའི་ཤིང་ནི། བྱ་བ་བསྒྲུབ་པའི་ཡུལ་གྱི་དངོས་པོ་ཡིན་པས་བདག་གཞན་གཉིས་ལས། དངོས་པོ་གཞན་དང༌། བྱ་བྱེད་ལས་གསུམ་ལས་ལས་ཀྱི་དངོས་པོ་ཞེས་བྱ་ལ། ཤིང་གཅད་པའི་བྱ་བ་ནི།  གང་བྱ་བའི་ལས་ཡིན་པས་བདག་གཞན་གཉིས་ལས་དངོས་པོ་གཞན་ཞེས་བྱའོ། །བྱ་བ་ལ་ཡང་གཉིས་ཡོད་དེ། ཤིང་ལ་སྟ་རེས་བསྣུན་པའི་རྩོལ་བ་ནི། བྱེད་པ་པོ་ཤིང་མཁན་ལ་ཡོད་པས་བྱེད་པ་པོ་ལ་ཡོད་པའི་ལས་ཞེས་བྱ་ལ། བཅད་ཟིན་དུམ་བུར་སོང་བ་ནི། བྱ་བའི་ཡུལ་གྱི་དངོས་པོ་ཤིང་གི་སྟེང་དུ་ཡོད་པས་བྱ་བའི་ཡུལ་ལ་ཡོད་པའི་ལས་ཞེས་བྱ་བ་ཡིན་ནོ།།

༣༠༽ དྲི་བ། སྔོན་འཇུག་ཕོ་བ་ཡིག་ནི་བདག་གཞན་དུས་གསུམ་གང་ལ་འཇུག་མིན་དང༌། དེ་དག་སོ་སོའི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་ལྟར་ངེས་ནས་ཕོ་ཡིག་བ།།

བསྒྲུབས་སོ་ལྟ་བུ་འདས་པ་དང༌། །བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །ཞེས་སོགས་དངོས་པོ་གཞན་ལ་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་ཕོ་བ་ཡིག་ནི་བྱེད་པ་པོའམ་ལས་ཀ་བྱེད་མཁན་གཞན་ཞིག་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་སྟེ། དུས་གསུམ་ལས་དུས་འདས་པ་དང༌། དངོས་པོ་བདག་གཞན་གཉིས་ལས་གཞན་བྱ་བའི་ཡུལ་ལམ་ལས་དང༌། བྱ་བ་བསྒྲུབ་པའི་ཆེད་དུ་འཇུག་པ་ཡིན་ཏེ། དཔེར་ན། བསྒྲུབས་སོ། །ལྟ་བུ་དུས་འདས་པ་དང༌། བསྒྲུབ་བྱ་ལྟ་བུ་དངོས་པོ་གཞན་ལ་འཇུག་པ་ཡིན་ནོ།།

 

༣༡༽ དྲི་བ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་བདག་གཞན་དུས་གསུམ་གང་ལ་འཇུག་མིན་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། མ་ནིང་ག་ད་གཉིས་པོ་ནི། །གཅོད་པ་པོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་པོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར། །ཞེས་སོགས་དངོས་པོ་བདག་དོན་དང༌། །

གཅད་བྱའི་ཤིང་གཅད་པར་བྱ། །དཀྲི་བྱའི་སྣལ་མ་དཀྲི་བར་བྱ། །ཞེས་སོགས་དངོས་པོ་གཞན་དོན་དང༌། །གཅོད་བཞིན་པ་དང་དཀྲི་བཞིན་པ།།

ཞེས་སོགས་ད་ལྟ་བསྒྲུབ་བྱེད་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་ནི་དངོས་པོ་བདག་དང༌། དངོས་པོ་གཞན། དུས་ད་ལྟ་བ་བཅས་གསུམ་ལ་འཇུག་པ་ཡིན། དཔེར་ན། གཅོད་པ་པོ། དཀྲི་བ་པོ་ལྟ་བུ་དངོས་པོ་བདག་གསལ་བྱེད་དང༌། གཅད་བྱའི་ཤིང་དང༌། དཀྲི་བྱའི་སྣལ་མ་ལྟ་བུ་དངོས་པོ་གཞན་དོན་དུ་འཇུག་པ་དང༌། གཅོད་བཞིན་པ་དང༌། དཀྲི་བཞིན་པ་ལྟ་བུ་ད་ལྟ་སྒྲུབ་ཆེད་འཇུག་ཅིང༌། མ་ནིང་ག་ད་གཉིས་པོ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པ་ད་ལྟ་བར་འཇུག་པ་ནི། ཤིང་གཅོད་བཞིན་པ། དཀྲི་ཡིན་འདུག་ལྟ་བུ་བྱེད་ལས་གསལ་བྱེད་ཀྱི་སྒྲ་ཚིག་གྲོགས་ཀྱིས་བསྒྱུར་བ་འདི་རྣམས་ད་ལྟ་བ་བསྒྲུབ་པའི་ཆེད་དུ་འཇུག་གོ།

 

༣༢༽ དྲི་བ། སྔོན་འཇུག་གི་མོ་འ་ཡིག་ནི་བདག་གཞན་དང་དུས་གསུམ་གང་ལ་འཇུག་མིན་དང༌། དེ་དག་སོ་སོའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། མོ་ཡིག་འ་ནི་འཆད་པ་པོ།།

འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་སོགས་དངོས་པོ་བདག་དངོས་དང༌། །འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་པ་དང༌། །འཁྱིལ་ལོ་ཞེས་སོགས་ད་ལྟ་དང༌། །འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །ཅེས་གསུངས་པ་ལྟར་མོ་ཡིག་འ་ནི་བདག་དངོས་དང༌། བདག་དོན་ཕལ་པ་དང༌། དུས་ད་ལྟ་བ་དང༌། མ་འོངས་པ་བཅས་བཞི་ལ་འཇུག་ཅིང༌། དེ་ཡང༌། ༡ བདག་དངོས་ནི། དཔེར་ན། ཆོས་འཆད་པ་པོ་ལྟ་བུ་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་འཇུག་པ་དང༌། ༢ བདག་དོན་ཕལ་པ་ནི། འགྲོ་བ་པོ་དང་འགྲོ་བར་བྱེད་ལྟ་བུ་བྱ་བྱེད་ངོ་བོ་གཅིག་པའམ་བྱ་བྱེད་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་པ་ལ་འཇུག་པ་དང༌། ༣ དུས་ད་ལྟ་བ་ནི། ཆུ་འཁྱིལ་ལོ་ལྟ་བུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་བསྒྲུབ་པའི་ཕྱིར་འཇུག་ཅིང༌། ༤ དུས་མ་འོངས་པ་ནི། ཆུ་འཁྱིལ་བར་འགྱུར་ལྟ་བུ་བྱ་བྱེད་ཐ་མི་དད་དུ་སྣང་བའི་བྱ་བ་བྱེད་འགྱུར་མ་འོངས་པ་བསྒྲུབ་པའི་ཕྱིར་འཇུག་གོ།

 

༣༣༽ དྲི་བ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དུས་གསུམ་གང་ལ་འཇུག དེ་དག་གི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཤིན་ཏུ་མོ་ཡི་མ་ཡིག་ནི། །བདག་གཞན་དུས་གསུམ་མཉམ་པར་འཇུག །ཅེས་གསུངས་པ་ལྟར་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་གཉིས་དང་དུས་གསུམ་སྟེ་ཐམས་ཅད་ལ་མཉམ་པར་འཇུག དེ་ཡང་བདག་ལ་འཇུག་པ་ནི། མཁྱེན་པ་པོ་ལྟ་བུ་དང༌། གཞན་ལ་འཇུག་པ་ནི་མཁས་བྱ་ལྟ་བུ་དང༌། དུས་འདས་པ་ལ་འཇུག་པ་ནི། མཁྱེན་ཏོ་ལྟ་བུ་དང༌། དུས་ད་ལྟ་བར་འཇུག་པ་ནི། མཁྱེན་བཞིན་ལྟ་བུ་དང༌། དུས་མ་འོངས་པར་འཇུག་པ་ནི། མཁས་པར་འགྱུར་ལྟ་བུ་ཀུན་ལ་ཆ་མཉམ་པར་འཇུག་གོ།

 

༣༤༽ དྲི་བ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་དང༌། མགོ་འདོགས་ཀྱི་དབང་དུ་སྔོན་འཇུག་གི་འཇུག་པ་མང་ཉུང་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། འོན་ཀྱང་བྱེད་པོ་གཞན་དངོས་དང༌། །འབྲེལ་བའི་འདས་ལ་འའི་སྔོན་འཇུག །མེད་པར་ངེས་ཤིང་ག་ད་ཉུང༌། །ད་ལྟ་བ་ལ་བའི་སྔོན་འཇུག །ཉུང་ཞིང་མགོ་ཅན་ད་ལྟ་བར།།

བས་འཕུལ་མེད་པར་ངེས་པ་ཙམ། །ཞེས་གསུངས་པ་ལྟར། འོན་ཀྱང་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་འདས་ཚིག་རྣམས་ལ་འའི་སྔོན་འཇུག་མེད་པར་ངེས་ཤིང༌། དེར་མ་ཟད་ག་ད་གཉིས་ཀྱང་ཉུང་བར་ཡོད་དོ་ཞེས་དང༌། ད་ལྟ་བའི་ཚིག་རྣམས་ལ་བ་ཡིག་གི་སྔོན་འཇུག་ཉུང་བར་མ་ཟད། ར་ལ་སའི་མགོ་ཅན་ད་ལྟ་བ་རྣམས་ལ་ཡང་བ་འཕུལ་མེད་པར་ངེས་པ་ཙམ་ཡིན་ནོ་ཞེས་སོ།།

 

༣༥༽ དྲི་བ། བས་འཕུལ་ཅན་ཕལ་མོ་ཆེ་བྱེད་པ་པོ་དུས་ད་ལྟ་བ་དང༌། བྱ་བའི་ཡུལ་དུས་མ་འོངས་པར་བསྡུ་བའི་བསྡུ་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །བྱེད་པ་པོ་ནི་ད་ལྟ་དང༌། །བྱ་ཡུལ་མ་འོངས་པར་བསྡུས་ནས། །ཞེས་གསུངས་པ་ལྟར་བའི་འཕུལ་རྟེན་ཅན་ཕལ་མོ་ཆེ་བྱེད་པ་པོ་དང༌། བྱ་བའི་ཡུལ་གཉིས་ལས་བྱེད་པ་པོ་ནི་དུས་ད་ལྟ་བའི་ཁོངས་སུ་བསྡུ་བ་དང༌། བྱ་ཡུལ་དུས་མ་འོངས་པའི་ཁོངས་སུ་བསྡུས་ནས་དུས་གསུམ་བསྐུལ་ཚིག་བཅས་བཞི་རུ་དབྱེ་བའོ།།

 

༣༦༽ དྲི་བ། སྔོན་འཇུག་ཕོ་བ་ཡིག་གི་སྐབས་སུ་དུས་གསུམ་པོར་སྔོན་རྗེས་ཡང་གསུམ་ཡོད་མེད་ཀྱི་ཁྱད་པར་གང་དང་གང་ཞིག་ཡོད་དམ།

ལན། དེ་ཡང༌། དཀའ་གསལ་ལས། འདས་ལ་བས་འཕུལ་ཡང་འཇུག་ཡོད། །ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། །ཅེས་གསུངས་པ་ལྟར་མགོ་ཅན་འདས་ཚིག་རྣམས་ལ་བ་སོགས་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་འཇུག་སྟེ། དཔེར་ན། ལྷ་བསྒོམས་ལྟ་བུའོ། །ད་ལྟ་བའི་ཚིག་རྣམས་ལ་སྔོན་འཇུག་ཡང་འཇུག་གང་ཡང་མི་འཇུག་སྟེ། དཔེར་ན༑ སྒྲུབ་པ་པོ་ལྟ་བུའོ། །མ་འོངས་པའི་ཚིག་རྣམས་ལ་འཕུལ་ཡོད་ཡང་འཇུག་མེད་པ་སྟེ། དཔེར་ན། བསྒྲུབ་བྱ་ལྟ་བུའོ།།

 

༣༧༽ དྲི་བ། སྐུལ་ཚིག་རྣམས་ལ་ཡང་འཇུག་ཡོད་མེད་ཀྱི་ཁྱད་པར་དང༌། སྐབས་འགར་ས་རྐྱང་སྦྱར་བས་འཐུས་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། བསྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །སྐབས་འགར་འདས་དང་བསྐུལ་ཚིག་ལ། །ས་རྐྱང་སྦྱར་བས་འཐུས་པའང་ཡོད། །ཅེས་གསུངས་པ་ལྟར་སྐུལ་ཚིག་རྣམས་ལ་ཡང་འཇུག་ཡོད་མེད་གཉིས་ལས། དང་པོ་ཡང་འཇུག་ཡོད་པ་ནི། བསྐུལ་ཚིག་རྣམས་ལ་འཕུལ་རྟེན་སྔོན་འཇུག་མེད་ཅིང༌། ཡང་འཇུག་ཡོད་པ་དཔེར་ན༑ སྒྲུབས་ཤིག་ལྟ་བུ་དང༌། གཉིས་པ་ཡང་འཇུག་མེད་པ་ནི། འདས་ཚིག་དང་བསྐུལ་ཚིག་ཕལ་ཆེར་ལ་ཡང་འཇུག་ཐོབ་ཀྱང༌། སྐབས་འགར་འདས་པ་དང་བསྐུལ་ཚིག་གཉིས་ལ་ས་རྐྱང་སྦྱར་བས་འཐུས་པ་སྟེ་ཆོག་པའང་ཡོད་དེ། དཔེར་ན། བྱས། བྱོས་ལྟ་བུའོ།།

 

༣༨༽ དྲི་བ། རྗེས་འཇུག་ཡི་གེ་བཅུ་པོ་ཕོ་མོ་མ་ནིང་གི་རྟགས་སུ་དབྱེ་ཚུལ་དང༌། རྗེས་འཇུག་གི་གང་ལ་འཇུག་ཚུལ་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། རྗེས་འཇུག་ཡི་གེ་བཅུ་པོ་ཡི།།

ག་ད་བ་ས་བཞི་རྣམས་ཕོ། །ང་མ་འ་གསུམ་མོ་ཡིན་ཅིང༌། །ན་ར་ལ་གསུམ་མ་ནིང་སྟེ། །མིང་གཞིའི་ཡི་གེ་ཀུན་ལ་འཇུག །ཅེས་གསུངས་པ་ལྟར་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ནི། རྗེས་འཇུག་གི་ཡི་གེ་བཅུ་པོ་རྣམས་ལ་ནང་གསེས་དབྱེ་ན་ཕོ་དང༌། མོ། མ་ནིང་བཅས་གསུམ་དུ་ཡོད་པ་ལས། ག་ད་བ་ས་བཞི་པོ་རྣམས་ཕོ་ཡིག་དང༌། ང་མ་འ་གསུམ་མོ་ཡིག ན་ར་ལ་གསུམ་མ་ནིང་གི་ཡི་གེ་ཡིན་ལ། དེ་རྣམས་མིང་གཞིའི་ཡི་གེ་ཀུན་ལ་འཇུག་པ་ཡིན་ནོ།།

 

༣༩༽ དྲི་བ། རྗེས་འཇུག་ཡི་གེ་བཅུ་པོ་རྣམས་ཀྱི་སྒྲ་དང༌། དོན་གྱི་འཇུག་ཚུལ་ཇི་ལྟར་ཡིན་དང༌། དེ་གཉིས་ཀྱི་མཚན་ཉིད་གང་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །ཞེས་གསུངས་པ་ལྟར་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་སྟེ་རྗེས་འཇུག་རྣམས་ཇི་ལྟར་འཇུག་པའི་ཚུལ་ལ་གཉིས་ཡོད་ཏེ། སྒྲའི་འཇུག་ཚུལ་དང༌། དོན་གྱི་འཇུག་ཚུལ་གཉིས་ལས། དང་པོ་སྒྲ་ཡི་འཇུག་ཚུལ་དེ་ལ་ཡང་ཕོ་གསུམ་ནི་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འཇུག་པ་དང༌། མོ་གཉིས་ནི་སྒྲ་གདངས་ཞན་པར་འཇུག་པ་དང༌། མ་ནིང་གསུམ་ནི་བར་མ་སྟེ་སྒྲ་གདངས་རན་པར་འཇུག་པ་ཡིན་ནོ།།

 

༤༠༽ དྲི་བ། རྗེས་འཇུག་གི་ཡི་གེ་བཅུ་པོ་ནང་གསེས་སྡེ་ཚན་བརྒྱད་དུ་དབྱེ་ཚུལ་དང་དབྱེ་བའི་རྒྱུ་མཚན། དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཕོ་ཡིག་ག་ཡིག་ཡང་འཇུག་ཅན། །སྐྱེས་བུ་རབ་དང༌། །ཞེས་གསུངས་པ་ལྟར་རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ས་ཞུགས་ན་སྐྱེས་བུ་རབ་ཡིན་ཏེ། དཔེར་ན། མདོ་བཀླགས་ལྟ་བུ་དང༌། ཕོ་ཡིག་བ། །ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང༌།།

ཞེས་གསུངས་པ་ལྟར་ཕོ་ཡིག་བ་ཡང་འཇུག་དང་འབྲེལ་ན་སྐྱེས་བུ་འབྲིང་ཡིན་ཏེ། དཔེར་ན། སྐྱབས་ལྟ་བུའོ། །ག་བ་ཡང་འཇུག་མེད་པ་དང༌། །

ད་སའི་མཐའ་ཅན་ཐ་མ་སྟེ། །ཞེས་གསུངས་པ་ལྟར་ག་དང་བ་གཉིས་ཡང་འཇུག་མེད་པ་དང༌། ད་སའི་མཐའ་ཅན་ཏེ་ད་དང་ས་གཉིས་རྗེས་འཇུག་ཏུ་ཡོད་པ་རྣམས་སྐྱེས་བུ་ཐ་མ་ཡིན་ཏེ། དཔེར་ན། བདག ཁབ་ལྟ་བུའོ།།

 

༤༡༽ དྲི་བ། རྩ་བར། དྲག་པ་ཕོ་ལའང་ནང་གསེས་ཀྱིས། །དྲག་ཞན་བར་མ་གསུམ་དུ་དབྱེ། །ཞེས་པ་ལྟར་དེ་ལྟར་དབྱེ་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དྲག་པ་ཕོ་ལའང་ནང་གསེས་ཀྱིས། །དྲག་ཞན་བར་མ་གསུམ་དུ་དབྱེ། །ཞེས་གསུངས་པ་ལྟར་དྲག་པ་ཕོའི་ཡི་གེ་ལའང་ནང་གསེས་ཀྱིས་དྲག་པ་སྐྱེས་བུ་རབ་དང༌། བར་མ་སྐྱེས་བུ་འབྲིང༌། ཞན་པ་སྐྱེས་བུ་ཐ་མ་སྟེ་གསུམ་དུ་འགྱུར་བ་ཡིན་ཏེ། དེ་ཡང༌། རྗེས་འཇུག་ཕོ་ག་ཡིག་ལ་ཡང་འཇུག་ཞུགས་པ་དཀྲིགས་ལྟ་བུ་རྗེས་འཇུག་ནང་ཕྲད་ཀྱི་དབང་གིས་སྒྲ་དྲག་པའི་དྲག་པར་འགྱུར་བས་དེ་ལ་སྐྱེས་བུ་རབ་ཅེས་དང༌། རྗེས་འཇུག་བ་ཡིག་ལ་ཡང་འཇུག་ཞུགས་པ་སྐབས་ལྟ་བུ་སྒྲ་དྲག་པའི་བར་མར་འགྱུར་བས་སྐྱེས་བུ་འབྲིང་ཞེས་དང༌། རྗེས་འཇུག་ག་བ་གཉིས་ཡང་འཇུག་མ་ཞུགས་པ་བཀག བསྒྲུབ་ལྟ་བུ་དང༌། རྗེས་འཇུག་ད་ས་གཉིས་ཀྱི་མཐའ་ཅན་ཡོད། སྔས་ལྟ་བུ་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མ་ཞེས་བྱའོ།།

 

༤༢༽ དྲི་བ། རྗེས་འཇུག་གི་མོ་ལ་ནང་གསེས་རྟགས་ཀྱི་དབྱེ་ཚུལ་དང་དེ་ལྟར་དབྱེ་བའི་རྒྱུ་མཚན། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་བཞིན་ཞན་པ་མོ་ལ་ཡང༌།།

ནང་གསེས་དྲག་ཞན་གཉིས་དབྱེ་སྟེ། །ཞེས་པ། ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ལྟར་ཞན་པ་མོ་ལ་ཡང་ནང་གསེས་དྲག་པ་མོ་དང༌། ཞན་པ་ཤིན་ཏུ་མོ་གཉིས་སུ་དབྱེ་སྟེ། ང་མ་ཡང་འཇུག་ཅན་མོ་དང༌། །ཞེས་ང་དང༌། མ་གཉིས་ཡང་འཇུག་ཅན་རྣམས་དྲག་པ་མོ་ཙམ་ཡིན་ཏེ། དཔེར་ན༑ བཞེངས། བྱམས་ལྟ་བུ་དང༌། ང་མ་ཡང་འཇུག་མེད་པ་དང༌། །འ་མཐའ་ཅན་རྣམས་ཤིན་ཏུ་མོ། །ཞེས་ང་དང་མ་གཉིས་ཡང་འཇུག་མེད་པ་དང༌། འ་དང་བཅས་གསུམ་པོ་རྣམས་ཀྱི་མཐའ་ཅན་ཏེ་རྗེས་འཇུག་ནི་ཤིན་ཏུ་མོ་ཡིན་ཏེ། དཔེར་ན། མཐོང༌། གསུམ། བཀའ་ལྟ་བུའོ།།

 

༤༣༽ དྲི་བ། རྗེས་འཇུག་མ་ནིང་ལ་ནང་གསེས་རྟགས་ཀྱི་དབྱེ་ཚུལ་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན། དེ་དག་གི་དཔེ་བཅས་ཇི་ལྟར་ཡིན།

ལན། དེ་ཡང༌། དཀའ་གསལ་ལས། བར་མ་མ་ནིང་ན་ར་ལ། །ཡང་འཇུག་ཡོད་དམ་མེད་ཀྱང་རུང༌། །མིང་གཞི་ཕོ་ཡིག་མཐར་ཡོད་དང༌།།

མིང་གཞི་མ་ནིང་རྗེས་སུ་ནི། །ཡང་འཇུག་དང་བཅས་ཞུགས་པ་ན། །དྲག་དང་ཕྲད་པས་དྲག་པར་འགྱུར། །ཞེས་སྒྲ་གདངས་བར་མ་མ་ནིང་ན་ར་ལ་གསུམ་པོ་འདི་ལ་ཡང་འཇུག་ཡོད་དམ་མེད་ཀྱང་རུང་མིང་གཞི་ཕོ་ཡིག་གི་མཐར་ཡོད་པ་དང༌། མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ན་སྒྲ་གདངས་དྲག་པ་དང་འཕྲད་པ་ཡིན་པས་དྲག་པར་འགྱུར་ཏེ༑ དཔེར་ན་མིང་གཞི་ཕོ་ཡིག་དང་འཕྲད་པ་ནི། ཀུན། བཀར། བཀོལ་ལྟ་བུ་དང༌། མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཞུགས་པ་ནི། འཁོནད། འཆརད། ཕུལད་ལྟ་བུ་དྲག་པ་དང་འཕྲད་པས་དྲག་པར་འགྱུར་བའོ། །འདི་སྐབས་སི་དངུལ་གཉིས་བཞེད་ལུགས་ཅུང་མི་འདྲ་བ་ཡོད།

 

༤༤༽ དྲི་བ། ཞན་ཕྲད་ཞན་འགྱུར་གྱི་གོ་དོན་དང༌། ཞན་དང་ཕྲད་པས་ཞན་པར་འགྱུར་ཚུལ་དང༌། དེ་དག་གི་དཔེར་བརྗོད་བཅས་ཇི་ལྟར་ཡིན།

ལན། དེ་ཡང༌། དཀའ་གསལ་ལས།      མིང་གཞི་མོ་ཡིག་རྗེས་སུ་ནི༑ ༑ཡང་འཇུག་མེད་པར་ཞུགས་པ་ན། །ཞན་དང་ཕྲད་པས་ཞན་པར་འགྱུར། །ཞེས་གསུངས་པ་ལྟར་མ་ནིང་ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ་ན་ཞན་དང་ཕྲད་པས་ཞན་པར་འགྱུར་ཏེ། དཔེར་ན། འགྲན། འགོར། མགུལ་ལྟ་བུ་དང༌། དེ་གཉིས་འགྱུར་བ་མ་ནིང་ཡིན། །ཞེས་གོང་གི་དྲག་ཞན་གཉིས་པོ་དེ་འགྱུར་བ་མ་ནིང་སྟེ་འགྱུར་བ་ཞེས་པའི་དོན་ནི་མིང་གཞི་དྲག་པ་དང་ཕྲད་ན་དྲག་པ་དང༌། མིང་གཞི་ཞན་པ་དང་ཕྲད་ན་ཞན་པར་འགྱུར་བ་སྟེ་རང་གསོ་མ་ཟིན་པས་ན་འགྱུར་བ་ཞེས་བརྗོད་པ་ཡིན་ནོ།།

 

༤༥༽ དྲི་བ། རྗེས་འཇུག་གི་མ་ནིང་ལས་མཚན་གཉིས་མ་ནིང་ཞེས་པའི་མཚན་གཉིས་གང་ཡིན། མིང་ཐོགས་ཚུལ་དང་དཔེར་བརྗོད་གང༌།

ལན། དེ་ཡང༌། དཀའ་གསལ་ལས། མིང་གཞི་མོ་ཡིག་རྗེས་སུ་ནི།།

ཡང་འཇུག་དང་བཅས་ཞུགས་པ་ན། །དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར།།

མཚན་གཉིས་མ་ནིང་ཞེས་སུ་གྲགས། །ཞེས་གསུངས་པ་ལྟར་ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ན་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པའི་ཕྱིར། མཚན་གཉིས་མ་ནིང་ཞེས་གྲགས་པ་ཡིན་ཏེ། དཔེར་ན་བརྒལད་ལྟ་བུ་མིང་གཞི་མོ་ཡིག་དང་འཕྲད་པས་མོའི་ཆ་དང་ལྡན། ཡང་འཇུག་ཕོ་ཡིག་དང་འཕྲད་པས་ཕོའི་ཆ་དང་ལྡན་པས་མཚན་གཉིས་དང༌། ཡང་འཇུག་ཁོ་རང་མ་ནིང་ཡིན་པས་མཚན་ཉིད་མ་ནིང་ཞེས་བརྗོད་དོ།།

༤༦༽ དྲི་བ། རྗེས་འཇུག་གི་མ་ནིང་གསུམ་ལས་མཚན་མེད་མ་ནིང་ཞེས་པའི་གོ་དོན་གང༌། དེ་ཡི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། མིང་གཞི་མ་ནིང་རྗེས་སུ་ནི།།

ཡང་འཇུག་མེད་པར་ཞུགས་པ་ན། །དྲག་ཞན་གང་དུའང་མི་འགྱུར་བས།།

མཚན་མེད་མ་ནིང་ཞེས་སུ་འདོད། །ཅེས་པ་ལྟར་མིང་གཞི་མ་ནིང་གི་རྗེས་སུ་ནི་ཡང་འཇུག་མེད་པར་ཞུགས་པ་ན་དྲག་ཞན་གང་དུའང་མི་འགྱུར་ཏེ༑ དཔེར་ན། མཁན་ལྟ་བུ་མིང་གཞི་དང་རྗེས་འཇུག་གཉིས་ཀ་མ་ནིང་ཡིན་ཅིང་ཕོའི་མཚན་མ་དང༌། མོའི་མཚན་མ་གང་ཡང་མེད་པས་ན་མཚན་མེད་མ་ནིང་ཞེས་སུ་འདོད་དོ།།

 

༤༧༽ དྲི་བ། རྗེས་འཇུག་གི་དོན་གྱི་འཇུག་ཚུལ་ལ་ཇི་ཡོད་དེ་དག་གང་ཡིན་དང༌། སྔ་མ་གང་ལྟར་འགྱུར་ཚུལ་གྱི་དཔེ་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། གཉིས་པ་དོན་ལ་གཉིས་ཡོད་པའི། །སྔ་མ་གང་ལྟར་འགྱུར་བ་ནི། །རྗེས་འཇུག་གང་ལ་ཞུགས་པ་ཡི།།

མིང་དེས་བདག་གཞན་སོགས་གང་སྟོན། །ཕལ་ཆེར་མིང་དེའི་སྔོན་འཇུག་གི ༑ནུས་པར་སྦྱར་ནས་རྟོགས་པར་བྱ། །ཞེས་གསུངས་པ་ལྟར་གཉིས་པ་དོན་ལ་སྔ་མ་གང་ལྟར་འགྱུར་བ་དང༌། ཕྱི་མ་གང་ལྟར་འགྱུར་བ་གཉིས་ལས། སྔ་མ་གང་ལྟར་འགྱུར་བ་ནི། རྗེས་འཇུག་དེ་རྣམས་མིང་གཞིའི་ཡི་གེ་རྐྱང་འདོགས་བརྩེགས་གསུམ་གང་ཞིག་ལ་ཞུགས་པའམ་སྦྱར་བའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པ་ཡིན་པས་མིང་ཚིག་དེས་དངོས་པོ་བདག་གཞན་དང༌། དུས་གསུམ་སོགས་དོན་གང་དང་གང་སྟོན་ནུས་པ་ནི། ཕལ་ཆེར་མིང་ཚིག་དེ་དག་གི་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་ནུས་པས་སྟོན་པས་སྔོན་འཇུག་ལྔའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱ་དགོས་ཞེས་པའོ།།

 

༤༨༽ དྲི་བ། དོན་གྱི་འཇུག་ཚུལ་ལ་སྔ་མ་གང་ལྟར་འགྱུར་བ་དང༌། ཕྱི་མ་གང་ལྟར་འགྱུར་བ་གཉིས་ལས་སྔ་མའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཔེར་ན། རྗེས་འཇུག་ཕོ་བཞི་པོ་ཅི་རིགས་པར་དུས་འདས་པ་ལ་འཇུག་པ། བསྒྲིགས་ལྟ་བུ་དང༌། འགོག་བྱེད་ལྟ་བུ་བདག་ལ་འཇུག་པ་དང༌། བསྒྲུབ་བྱ་ལྟ་བུ་གཞན་ལ་འཇུག་པ། འགྲུབ་བཞིན་པ་ལྟ་བུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་དང༌། དུས་མ་འོངས་པར་འཇུག་པ་ནི། འཆར་པར་འགྱུར་ལྟ་བུའོ། །དེས་མཚོན་ནས་མོ་གཉིས་དང་མ་ནིང་གསུམ་ལའང་རྟོགས་པར་བྱའོ།།

 

༤༩༽ དྲི་བ། སྔོན་འཇུག་མེད་ཀྱང་བདག་གཞན་སོགས་སྟོན་ནུས་ཚུལ་དང༌། ད་སའི་ཡང་འཇུག་གིས་འདས་པ་རང་དབང་དུ་སྟོན་ཚུལ་ཇི་ལྟར་ཡིན།

ལན། དེ་ཡང༌། མིང་རྐྱང་ཙམ་ནི། གདུགས་ལྟ་བུ་དང༌། སྒྲུབས་ཤིག་ལྟ་བུ་སྐུལ་ཚིག་དང༌། དེ་ལྟར་སྔོན་འཇུག་ལ་ལྟོས་པ་གཙོ་བོར་གསུངས་པའི་ཞར་ལ་སྔོན་འཇུག་མེད་ཀྱང་གོང་བཞིན་བདག་གཞན་སོགས་སྟོན་ནུས་པའང་ཤེས་དགོས་པ་ནི། རྩོམ་བྱེད། གླེང་བྱ། རྟོགས་ཟིན། སྐོར་བཞིན་པ། སྟོན་པར་འགྱུར། སྐྱོབས་ཤིག་ལྟ་བུ་དང༌། ད་སའི་ཡང་འཇུག་གིས་འདས་པ་རང་དབང་དུ་སྟོན་པ། དཔེར་ན། གྱུརད། བྱས། ལྟ་བུའོ། །དེ་ལྟར་སའི་ཡང་འཇུག་གསུམ་གྱིས་འདས་པ་དང༌། འ་མཐའ་འདས་པ་ལ་གཏན་ནས་མི་འཇུག་པའི་ཁྱད་པར་ཙམ་ལས་གཞན་མ་འཇུག་ཡུལ་བདག་གཞན་སོགས་གང་ཡིན་ཚིག་གྲོགས་ཀྱིས་བསྒྱུར་བའི་ནུས་པར་ཤེས་དགོས་པ་ཡིན་ནོ།།

 

༥༠༽ དྲི་བ། རྗེས་འཇུག་གི་དོན་གྱི་འཇུག་ཚུལ་ལས་ཕྱི་མ་ཇི་ལྟར་འགྱུར་ཚུལ་དང༌། ཕྱི་མ་དེ་དག་གང་ཡིན། དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཕྱི་མ་ཇི་ལྟར་འགྱུར་བ་ནི། །

ཞེས་གསུངས་པ་ལྟར་ཕྱི་མ་དག་གི་མིང་མཐའ་ཇི་ལྟར་འགྱུར་བ་རྣམ་དབྱེ་སོ་སོའི་ཐོབ་ཐང་ལ་དབྱེ་ན་བཞི་ལས། དང་པོ་ནི། རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི །མིང་མཐའ་གཞན་དྲངས། །ཞེས་པ་མིང་སྔ་མའི་རྗེས་འཇུག་རྟགས་གསུམ་གང་ཡིན་པ་དེའི་མིང་དེ་ཉིད་ཀྱི་ཆ་ནས་མཐར་སྦྱོར་དགོས་པའི་མིང་མཐའ་ཡིན་ན་རྟགས་མཐུན་པར་འདྲེན་པ་ཤས་ཆེ་བས་རྗེས་འཇུག་ཕོས་མིང་གཞི་ཕོའི་མིང་མཐའ་འདྲེན་པ། དཔེར་ན། རྟོག་པ། དཔྱིད་ཀ དགོངས་པ། ལྟ་བུའོ།།

 

༥༡༽ དྲི་བ། དཀའ་གསལ་ལས། མོ་ཡིས་མོ་ཡི་མིང་མཐའ་དང༌།།

མ་ནིང་གི་ནི་མ་ནིང་དྲངས། ཞེས་སོགས་ཀྱི་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། གཉིས་པ། མོ་ཡིས་མི་ཡི་མིང་མཐའ་དང༌། །ཞེས་པ་དེ་བཞིན་མོ་ཡིས་མོའི་མིང་མཐའ་དྲང་བར་བྱ་སྟེ། དཔེར་ན། གསིང་མ༑ ཐམ་ག དགའ་བ། ལྟ་བུ་དང༌། གསུམ་པ། མ་ནིང་གི་ནི་མ་ནིང་དྲངས། །ཞེས་རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་དྲང་བར་བྱ་སྟེ། དཔེར་ན། དགུན་ཁ། དབྱར་ཁ། གསལ་ཁ། ལྟ་བུ་དང༌། དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ། །ཞེས་གོང་གི་དེ་རྣམས་རྗེས་འཇུག་གི་རྟགས་དང་མིང་གཞིའི་རྟགས་རྟགས་མཚུངས་པར་འདྲེན་ཚུལ་ཡིན་ཞེས་པའོ།།

 

༥༢༽ དྲི་བ། དཀའ་གསལ་ལས། བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌། །ཞེས་པའི་བརྗོད་བདེའི་དོན་དང་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། བཞི་པ། དེ་ཡང༌། དཀའ་གསལ་ལས། བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌། །ཞེས་པ་གཙོ་ཆེ་བ་རྣམས་མིང་མཐའ་དང་མཐུན་པར་འདྲེན་ཚུལ་གོང་ལྟར་ཡིན་ཞིང༌། དེ་བྱིངས་བརྗོད་པ་བདེ་བའི་ཆེད་དང༌། འཇིག་རྟེན་པའི་ཉེར་སྤྱོད་དང་བསྟུན་དགོས་པ་སོགས་ཀྱིས་འདྲེན་ཚུལ་ཡང་ཤིན་ཏུ་མང་བར་འབྱུང་སྟེ་དེ་རྣམས་ཀྱང་བྱེ་བྲག་མ་འཛིངས་པར་རྟོགས་པར་བྱ་དགོས་ཏེ། དཔེར་ན། ཕོས་མོ་དྲངས་པ། ཐོག་མ་ལྟ་བུ་དང༌། མོས་ཕོ་དྲངས་པ། ཁང་པ། ལྟ་བུ་དང༌། མ་ནིང་གིས་མོ་དྲངས་པ། ཐལ་མོ། ལྟ་བུ་དང༌། མ་ནིང་གིས་ཕོ་དྲངས་པ། ཆར་པ། ལྟ་བུ་མང་དུ་བྱུང་བ་ཤེས་དགོས་སོ།།

 

༥༣༽ དྲི་བ། བརྡ་རྙིང་ལ་རྟགས་མཚུངས་འདྲེན་པ་མང་ཡང་སྐད་གསར་བཅད་ཀྱི་ཞུ་དག་མང་བས་ནུབ་ཚུལ་གྱི་དཔེ་དང་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། བརྡ་རྙིང་ལ་རྟགས་མཚུངས་འདྲེན་པ་ཤིན་ཏུ་མང་ཡང་སྐད་གསར་བཅད་ཀྱི་ཞུ་དག་མང་བས་རིམ་གྱིས་ནུབ་ཚུལ་གསུངས་པ་ལྟར་དཔེར་ན། བརྡ་རྙིང་རྟགས་མཚུངས་དྲངས་པ་དཀོན་ཅོག་ལྟ་བུ་ལ་བརྡ་གསར་ནི། དཀོན་མཆོག་ཅེས་སོགས་ཀྱང་རྟོགས་དགོས་པའི་གནད་ཡིན་ཞིང༌། བརྗོད་བདེ་འདྲེན་ཚུལ་རྣམས་རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་ཡིན་པས་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ།།

༥༤༽ དྲི་བ། མིང་མཐའ་འདྲེན་པ་དང༌། རྣམ་དབྱེ་འདྲེན་པ། ཚིག་ཕྲད་འདྲེན་པ་དང་གསུམ་ལས་རྣམ་དབྱེ་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། །རྟགས་མཚུངས་པའམ་སྒྲ་མཐུན་པའི། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པར་འདྲེན། །ཞེས་གོང་དུ་མིང་མཐའ་འདྲེན་ཚུལ་བཤད་ཟིན་པ་དེ་ལས། གཞན་ཡང་རྣམ་དབྱེ་དང༌། ཚིག་ཕྲད་འདྲེན་ཚུལ་ནི། བཤད་མ་ཐག་པ་ལྟར་མིང་མཐའ་དེ་ཉིད་ཀྱི་སྔ་མའི་རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་སོགས་རྟགས་ཕན་ཚུན་མཚུངས་པའམ་བརྗོད་བདེའི་སྒྲ་མཐུན་པའི་སྒོ་ནས་རྣམ་དབྱེ་དང་པོ་ཆོས་རྣམས་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ། གསུམ་པ་བྱེད་སྒྲ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་རྟེན་གནས། བརྒྱད་པ་འབོད་པའི་སྒྲ་དང་བཅས་བརྒྱད་པོ་མིང་ཚིག་སྔ་མའི་ཤུགས་དང་མཐུན་པར་ཕྱི་མ་འདྲེན་དགོས་སོ།།

 

༥༥༽ དྲི་བ། དཀའ་གསལ་ལས། རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས།།

ཞེས་པའི་སོགས་སྒྲའི་ཁོངས་ནས་ཐོན་པའི་ཚིག་ཕྲད་གང་དག་ཡོད་དམ།

ལན། དེ་ཡང༌། དཀའ་གསལ་ལས། རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །ཞེས་གསུངས་པའི་དངོས་སུ་བསྟན་པ་སླར་བསྡུ། སོགས་ཁོངས་ནས་ཐོན་པ་ལྷག་བཅས། འབྱེད་སྡུད་དང༌། བསྣན་པ་དང༌། བདག་སྒྲ་དང༌། དགག་སྒྲ་དང༌། སྒྲུབ་པ་དང༌། ཚིག་རྒྱན་དང༌། ཚེ་སྐབས་བཅས་ཀྱི་ཚིག་ཕྲད་རྣམས་ཀྱང་མིང་ཚིག་སྔ་མ་དེའི་ཤུགས་དང་མཐུན་པར་ཕྱི་མ་འདྲེན་དགོས་སོ་ཞེས་པའོ།།

 

༥༦༽ དྲི་བ། མིང་མཐའ་འདྲེན་པ་དང༌། རྣམ་དབྱེ་འདྲེན་པ། ཚིག་ཕྲད་འདྲེན་པ་དང་གསུམ་ལས་རྣམ་དབྱེ་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་དག་ནང་གསེས་གང་འཇུག་ནི༑ ༑རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི། །མཐར་སྦྱར་མིང་དོན་ལས་ཤེས་བྱ། །ཞེས་གསུངས་པ་ལྟར། བཤད་མ་ཐག་པ་དེ་དག་ནང་གསེས་གང་ལ་གང་འཇུག་པ་ནི། རྣམ་དབྱེའམ་དེ་མིན་ཚིག་ཕྲད་དེ་དག་གི་ནང་གསེས་གང་ཞིག་འཇུག་པར་བྱེད་པ་ནི་ཚིག་ཕྲད་དེ་དག་གི་མཐར་སྦྱར་བར་བྱ་བའམ་སྦྱར་རྒྱུའི་མིང་དོན་འོག་མ་ལས་ལེགས་པར་ཤེས་པར་བྱ་དགོས་སོ།།

 

༥༧༽ དྲི་བ། རྣམ་དབྱེ་འདྲེན་ཚུལ་ལས་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་དོན་དང༌། འདྲེན་ཚུལ་གྱི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་ཡང་ཆོས་རྣམས་ངོ་བོ་ཙམ།།

བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །གསལ་བྱེད་བོད་ཀྱི་སྐད་ལ་ཉུང༌། །ཞེས་གསུངས་པ་ལྟར། དེ་ཡང་ཆོས་རྣམས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རྣམས་ཀྱི་མིང་ངམ་དོན་གྱི་ངོ་བོ་ཙམ་སྟོན་པ་ཞིག་ལ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཞེས་བྱ་ཞིང༌། དེའི་གསལ་བྱེད་ནི། དཔེར་ན། བུམ་པ། ཀ་བ་ལྟ་བུ་ངོ་བོ་ཙམ་བརྗོད་པ་ཉིད་དག་རྣམས་སོགས་ཡིན་ཡང་བོད་ཁ་བ་ཅན་པ་རྣམས་ཀྱི་སྐད་ལ་ཤིན་ཏུ་ཉུང་ངོ་ཞེས་སོ།།

 

༥༨༽ དྲི་བ། རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ལ་དབྱེ་ན་ཇི་ཡོད་དེ་དག་གང་ཡིན་དང་དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། བུམ་པ་ཞེས་བརྗོད་པའི་ཚེ་ན་འདི་ནི་བུམ་པའོ་སྙམ་པའི་བློ་ཞིག་སྐྱེ་བའམ་བརྡ་སྤྲོད་པ་ཙམ་ལས་དེ་ལ་བུམ་པ་ཟེར་བའི་རྒྱུ་མཚན་བཤད་རྒྱུ་མེད་པས་མིང་དེའི་རིགས་ལ་འདོད་རྒྱལ་གྱི་མིང་ཞེས་ཟེར་བ་དང༌། གསེར་བུམ་ཞེས་བརྗོད་པའི་ཚེ་རྒྱུ་གསེར་ལས་གྲུབ་པའི་བུམ་པ་ཡིན་པས་ན་གསེར་བུམ་ལྟ་བུ་རྒྱུ་མཚན་ལ་བརྟེན་ནས་མིང་བཏགས་པ་དེ་རིགས་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར། དེ་གཉིས་ནི་རྩ་བའི་མིང་རིགས་གཉིས་སོ།།

 

༥༩༽ དྲི་བ། རྣམ་དབྱེ་དང་པོ་དང་འབྲེལ་བའི་གཅིག་ཚིག་དང༌། ཉིས་ཚིག མང་ཚིག་རྣམས་འཇུག་ཚུལ་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། རྣམ་དབྱེ་དང་པོ་དང་འབྲེལ་བའི་གཅིག་ཚིག་དང༌། ཉིས་ཚིག མང་ཚིག་བཅས་ཡོད་པ་ལས། གཅིག་ཚིག་ནི། བོད་སྐད་ལ་སྦྱོར་གཞི་དངོས་པོ་དེའི་དོན་གྱི་ངོ་བོ་སྟོན་པ་དེ་ལས་ལོགས་སུ་གཅིག་ཚིག་ཟུར་དུ་སྦྱར་རྒྱུ་མེད་ཅིང༌། གཉིས་ཚིག་ནི། སྦྱོར་གཞི་གཉིས་ཚིག་ཡོད་ན༑ དག་ཅེས་དང༌། སྦྱོར་གཞི་གསུམ་ཡན་ཆད་ལས་མང་བ་ཡོད་ན་མང་ཚིག་རྣམས་ཞེས་སྦྱོར་དགོས་པས། དེ་གསུམ་གྱི་མཚན་གཞི་དཔེར་བརྗོད། བོད་མི། བོད་མི་དག བོད་མི་རྣམས་ཞེས་པ་ལྟ་བུའོ།།

 

༦༠༽ དྲི་བ། བཏགས་མིང་ལ་བཏགས་པའི་ཁྱད་ཆོས་ལྔ་ཡོད་པ་གང་དང་གང་ཡིན་དང༌། དེ་དག་གི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། ཁྱད་ཆོས་ལྔ་པོ་གང་རུང་གི་སྒོ་ནས་བཏགས་པའི་བཏགས་མིང་ལྔ་ནི། ༡ རྟེན་ལ་བརྟེན་ནས་བཏགས་པ། དཔེར་ན། མིའི་མིང་ལ་ཉི་མ་དང༌། བརྩོན་འགྲུས་ཞེས་བཏགས་པ་ལྟ་བུ་དང༌། ༢ ཕན་པའི་ཆ་ནས་འབྲས་མིང་རྒྱུ་ལ་བཏགས་པ། དཔེར་ན། ཛ་ཏི་ལ་སྨན་དང༌། ཨེམ་ཆི་ལ་སྨན་པ་ཞེས་བཏགས་པ་ལྟ་བུ། ༣ རྒྱུ་མིང་འབྲས་བུར་བཏགས་པ༑ དཔེར་ན། རླངས་འཁོར་དང༌། མེ་འཁོར་ཞེས་པ་ལྟ་བུ། ༤ ལས་སྒྲུབ་ཀྱི་ཆ་ནས་བཏགས་པ། དཔེར་ན། ཟློས་གར་གྱི་སྐབས་སུ་ལོ་རྒྱུས་མི་སྣ་དེ་འཁྲབ་མཁན་ལ་དེ་དང་དེའི་མིང་བཏགས་པ་ལྟ་བུ་དང༌། ༥ འདྲ་བའི་ཆ་ནས་བཏགས་པ། དཔེར་ན། མི་སྐད་ཆ་མང་བ་ལ་ནེ་ཙོ་ཞེས་བཏགས་པ་ལྟ་བུའོ།།

 

༦༡༽ དྲི་བ། མིང་རྐྱང་དང་བྱ་ཚིག་གཉིས་ལ་དགག་སྒྲ་དང༌། བྱ་བྱེད་ལས་གསུམ། དུས་གསུམ་སྐུལ་ཚིག་སོགས་སྦྱོར་རུང་མིན་ཁྱད་པར་ཅི།

ལན། དེ་ཡང༌། འདིར་མིང་རྐྱང་དང་བྱ་ཚིག་གི་ཁྱད་པར་ནི། ༡ མིང་རྐྱང་གི་འགོར་དགག་སྒྲ་སྦྱོར་མི་རུང་ཞིང༌། བྱ་ཚིག་གི་འགོར་དགག་སྒྲ་སྦྱར་ཆོག་པ་དང༌། ༢ མིང་རྐྱང་གི་མཇུག་ཏུ་བྱ་བྱེད་ལས་གསུམ་གྱི་སྒྲ་སྦྱོར་མི་རུང་ཞིང༌། བྱ་ཚིག་གི་མཇུག་ཏུ་བྱ་བྱེད་ལས་གསུམ་གྱི་སྒྲ་སྦྱར་ཆོག་ལ། ༣ མིང་རྐྱང་གི་མཇུག་ཏུ་དུས་གསུམ་དང་སྐུལ་ཚིག་གི་སྒྲ་སྦྱོར་མི་རུང་ཞིང༌། བྱ་ཚིག་གི་མཇུག་ཏུ་དུས་གསུམ་དང་སྐུལ་ཚིག་གི་སྒྲ་སྦྱོར་ཆོག་པ་བཅས་མི་འདྲ་བའོ།།

 

༦༢༽ དྲི་བ། སྨྲ་སྒོ་མཚོན་ཆ་ལས། ན་ཞེས་བྱ་བའི་ཚིག་གི་དོན།།

ཞེས་སོགས་ན་སྒྲའི་འཇུག་པ་བཅུ་བཞི་གསུངས་པ་རྣམས་གང་དག་ཡིན་ནམ།

ལན། དེ་ཡང༌། ༡ དམིགས་ཀྱིས་འབྱེད་པ་དང༌། ༢ རྒྱུ་མཚན་བསྟན་པ། ༣ རྒྱུ་མཚན་དོན་གྱིས་བསྟན་པ། ༤ རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། ༥ རྣམ་དབྱེ་བཞི་པ་དགོས་ཆེད། ༦ རྣམ་དབྱེ་བདུན་པ་རྟེན་གནས། ༧ སྔ་ཚིག་གི་དོན་དེ་ལས་ཕྱི་ཚིག་གི་དོན་འགལ་བའམ་མེད་པ་ཅི་རིགས་སྟོན་པ་དང༌། ༨ སྔ་ཚིག་གི་དོན་དེ་ལ་ཕྱི་ཚིག་གི་དོན་དེ་འདྲ་འཇུག་མི་སྲིད་པར་སྟོན་པ་དང༌། ༩ དེ་ལས་གོ་ལྡོག་པ་དང༌། ༡༠ འགལ་བའང་མི་འགལ་བ་སྟོན་པ། ༡༡ སྨོན་པའི་དོན་ཅན། ༡༢ འདྲི་བའི་དོན་ཅན། ༡༣ ཐེ་ཚོམ་གྱི་གཞི། ༡༤ ཚེ་སྐབས་བཅས་བཅུ་བཞི་ལ་འཇུག་པ་ཡིན།

 

༦༣༽ དྲི་བ། དྲན་པའི་ཡེ་ཤེས་གྲགས་པས་མཛད་པའི་སྨྲ་སྒོ་མཚོན་ཆ་ལས་ལ་སྒྲའི་འཇུག་པ་བརྒྱད་གསུངས་པ་རྣམས་གང་དག་ཡིན་ནམ།

ལན། དེ་ཡང༌། ལ་ནི་གཉིས་པ་བཞི་པ་དང༌། །བདུན་པ་སྡུད་དང་མཚམས་སྦྱོར་དང༌། །སྨོན་དང་ཚད་འཛིན་གཞི་དང་ནི། །ཚེ་སྐབས་བཅས་ཏེ་བརྒྱད་ལ་འཇུག །ཅེས་གསུངས་པ་ལྟར་གོ་དོན་ནི། ལ་དོན་བདུན་གྱི་ནང་ནས་ལའི་འཇུག་པ་དེ་ལ་བརྒྱད་ཡོད་དེ། ༡ རྣམ་དབྱེ་གཉིས་པ་དང༌། ༢ རྣམ་དབྱེ་བཞི་པ་དང༌། ༣ རྣམ་དབྱེ་བདུན་པ་དང༌། ༤ སྡུད་པ་དང༌། ༥ མཚམས་སྦྱོར་དང༌། ༦ སྨོན་པ་དང༌། ༧ ཚད་འཛིན་དང༌། ༨ ཚེ་སྐབས་བཅས་དོན་ཚན་བརྒྱད་ལ་འཇུག་པ་ཡིན་ནོ།།

 

༦༤༽ དྲི་བ། ལ་སྒྲའི་འཇུག་པ་བརྒྱད་ལས་རྣམ་དབྱེ་གཉིས་བཞི་བདུན་པ་དང༌། སྡུད་པ་བཅས་ཀྱི་གོ་དོན་དང༌། དཔེར་བརྗོད་ཇི་ལྟར་ཡིན།

ལན། རྣམ་དབྱེ་གཉིས་པའི་གོ་དོན་སྔར་བཤད་པ་ལྟར་ཚིག་ཕྲད་ལ་སྦྱོར་དགོས་ཤིང༌། དཔེར་ན། ཤོག་བུ་ལ་རི་མོ་བྲིས་ལྟ་བུ་རྣམ་དབྱེ་གཉིས་པ་ལ་འཇུག་པ་དང༌། རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་དོན་སྔར་བཞིན་ལ་དགོས་པ་གསལ་བྱེད་ཀྱི་ཚིག་དངོས་སུ་ཐོན་པ་དང༌། མ་ཐོན་ཀྱང་བྱ་བ་དེའི་དགོས་པ་དངོས་སུ་ཐོན་པ་ཞིག་སྟེ། དཔེར་ན། ཡི་གེ་འབྲི་བྱེད་ལ་སྨྱུ་གུ་ཉོས་ལྟ་བུ་རྣམ་དབྱེ་བཞི་པ་དགོས་ཆེད། རྣམ་དབྱེ་བདུན་པ་གནས་གཞིའི་གོ་དོན་སྔར་བཞིན་ལ་ཚིག་ཕྲད་ལ་སྦྱོར་དགོས། དཔེར་ན། ནགས་ཚལ་ལ་ཤིང་སྣ་འཛོམས་ལྟ་བུ་རྣམ་དབྱེ་བདུན་པ་རྟེན་གནས་དང༌། སྡུད་པ་ནི་ཚིག་དོན་སྔ་མ་དེ་ཙམ་དུ་མ་ཟད། ཕྱི་མ་དེ་ཡང་ཡིན་པའི་སྡུད་སྒྲ་མ་ཟད་ཅེས་པའི་ཚབ་ཏུ་ལ་སྒྲ་སྦྱར་བ་ཞིག་སྟེ། དཔེར་ན། སྐད་ནི་ཡི་གེའི་འབྱུང་ཁུངས་ཡིན་ལ། བསམ་བློ་མཚོན་བྱེད་ཀྱང་ཡིན་ལྟ་བུ་སྡུད་པ་ལ་འཇུག་པ་ལྟ་བུའོ།།

 

༦༥༽ དྲི་བ། ལ་སྒྲའི་འཇུག་པ་བརྒྱད་ལས་མཚམས་སྦྱོར་དང༌། སྨོན་པ༑ ཚད་འཛིན། ཚེ་སྐབས་བཅས་ཀྱི་དོན་དང་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། མཚམས་སྦྱོར་ནི་ཚིག་དོན་སྔ་མ་རྫོགས་ནས་ཕྱི་མ་མཚམས་སྦྱོར་བའི་ལྷག་བཅས་དང་འཇུག་པ་མཚུངས་པ་ཞིག་སྟེ། དཔེར་ན༑ སྨྱུ་གུ་ཐོགས་ལ་ཡི་གེ་བྲིས་ལྟ་བུ་མཚམས་སྦྱོར་དང༌། སྨོན་པའི་དོན་ཅན་ནི་ཚིག་སྔ་མར་རང་ཉིད་ཀྱི་བསམ་བྱའི་རེ་འདུན་བཀོད་པའི་རྗེས་སུ་ལ་སྒྲའི་ཕྲད་སྦྱར་ཞིང༌། ཚིག་ཕྱི་མ་ལ་རྒྱན་སྡུད་ཀྱི་ཕྲད་ཀྱང་ཡང་འང་གསུམ་གང་རུང་སྦྱར་བ་ན་ཚིག་སྔ་མའི་མཐར་ཡོད་པའི་ལ་སྒྲའི་ཕྲད་དེ་སྨོན་པའི་དོན་དུ་འགྱུར་བ་ཡིན་ཏེ། དཔེར་ན། བདག་ཅག་རྣམས་སློབ་སྦྱོང་མཐར་ཕྱིན་པར་གྱུར་ལ། གྱུར་ནས་ཀྱང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་བྱུང་ན་ཅི་མ་རུང༌། ཞེས་པ་ལྟ་བུའོ། །ཚད་འཛིན་ནི་ཚིག་དོན་སྔ་མའི་བརྗོད་བྱ་དང༌། ཚིག་དོན་ཕྱི་མའི་བརྗོད་བྱ་གཉིས་ཀྱི་བར་དུ་སྔ་ཕྱིའི་མཚམས་བཟུང་བའི་ཆེད་དུ་སྦྱར་བ་ཞིག་སྟེ། དཔེར་ན། མིང་གཞིའི་ཡི་གེ་རྣམས་ཀྱི་སྔོན་དུ་འཇུག་པའི་ཡི་གེ་ལྔ་ཡོད་ལ། རྗེས་སུ་འཇུག་པའི་ཡི་གེ་ནི་བཅུ་ཡོད་དོ་ཞེས་པ་ལྟ་བུའོ། །ཚེ་སྐབས་ནི་བྱ་བ་དང་དངོས་པོའི་དུས་སྟོན་པའི་མིང་ཚིག་གི་མཐར་ཚིག་ཕྲད་ལ་སྒྲ་སྦྱར་བ་ཞིག་ཡིན། དཔེར་ན། ཚིག་དོན་མ་བརྗོད་གོང་ལ་ཟིན་བྲིས་བཀོད་ཅེས་པ་ལྟ་བུའོ།།

 

༦༦༽ དྲི་བ། ཡང་མིང་ལ་གཡར་མིང་ངམ་སྒྲ་བསྒྱུར་གྱི་མིང་དང༌། ཕྱེད་གཡར་ཕྱེད་བསྒྱུར་གྱི་མིང་གི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། མིང་ལ་འདོད་རྒྱལ་གྱི་མིང་དང༌། རྗེས་གྲུབ་ཀྱི་མིང་གཉིས་ཏེ་རྩ་བའི་མིང་རིགས་གཉིས་ཡོད་ལ། དེ་མིན་ཀམ་པུར་ཊ་ལྟ་བུ་ཐོག་མའི་མིང་གི་འབྱུང་ཁུངས་སྐད་གང་ཡིན་པ་དེའི་སྒྲ་རང་སོར་བཞག་པ་རྣམས་ལ་གཡར་མིང་ངམ་སྒྲ་བསྒྱུར་གྱི་མིང་ཞེས་བརྗོད་དགོས་ལ༑ བཞུགས་སྒར་རྡ་ས་ལྟ་བུ་ཕྱེད་དོན་བསྒྱུར་དང༌། ཕྱེད་རྒྱ་གར་སྐད་སོར་བཞག་བྱས་པ་རྣམས་ལ་ཕྱེད་གཡར་ཕྱེད་བསྒྱུར་གྱི་མིང་ཞེས་བརྗོད་དགོས་པ་བཅས་མིང་ལ་རིགས་བཞི་ཡོད་དོ།།

 

༦༧༽ དྲི་བ། དཀའ་གསལ་ལས། ལས་དང་བྱ་ཡུལ་དོན་གཅིག་སྟེ།།

ཞེས་པའི་ལས་དང་བྱ་ཡུལ་གཉིས་དོན་གཅིག་ཡིན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ལས་དང་བྱ་ཡུལ་དོན་གཅིག་སྟེ༑ ༑ཞེས་གསུངས་པ་ལྟར་ལས་དང་བྱ་བའི་ཡུལ་ཞེས་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟར་ཡིན་ཏེ། དེ་ལྟ་བུའི་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པ་སྟོན་པ་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་དང༌། རྣམ་དབྱེ་བཞི་པ་དགོས་ཆེད་བཅས་གསུམ་གར་ལ་དོན་གྱི་ཕྲད་སུ་ར་རུ་དུ་ན་ལ་ཏུ་བཅས་བདུན་པོ་དེ་འཇུག་ཚུལ་གཅིག་པ་ཡིན་ལ། དེ་དག་ཞུགས་པའི་ཚིག་དེ་དག་གིས་དོན་སྟོན་ཚུལ་ཡང་ཕྱོགས་འདྲ་བས་འཁྲུལ་གཞི་ཡོད་པ་བཅས་སོ།།

 

༦༨༽ དྲི་བ། རྣམ་དབྱེ་གཉིས་བཞི་གཉིས་དང་དེ་ཉིད་གསུམ་པོ་འདྲ་བར་སྣང་མོད། མི་འདྲ་བའི་ཁྱད་པར་གང་གི་སྒོ་ནས་འབྱེད་པ་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ལས་དང་བྱ་ཡུལ་དོན་གཅིག་སྟེ༑ ༑དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང༌། །གཉིས་པའི་ནང་ཚན་དེ་ཉིད་དང༌། །བཞི་པ་དགོས་ཆེད་གསུམ་འདྲ་ཡང༌། །བྱ་བ་བྱས་པས་བྱ་བའི་ཡུལ། །དེའམ་དེ་དང་འབྲེལ་བ་ལ། །ཕན་ཐོགས་མེད་ན་གཉིས་པ་སྟེ། །དཔེར་ན་ཤར་དུ་འགྲོ་ལྟ་བུ། །ཞེས་གསུངས་པ་ལྟར་ལས་དང་བྱ་བའི་ཡུལ་ཞེས་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟར་ཡིན་ཞིང༌། བྱ་བའི་ཡུལ་གང་ཞིག་ལ་བྱ་བ་ཞིག་བྱས་པའི་ཚིག་དེས་བྱ་བ་བྱས་པ་དེ་རང་སྟོན་པ་ལས། བྱ་བ་བྱས་པ་དེ་བྱ་བའི་ཡུལ་དེ་ལ་ཕན་ཐོགས་གང་ཡང་མེད་ན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྟེ། དཔེར་ན། ཤར་དུ་འགྲོ་ལྟ་བུར་ཆ་མཚོན་ན། ཤར་ནི་འགྲོ་ཡུལ་དང༌། དུ་ལ་དོན། འགྲོ་བ་དེ་བྱ་བ་བཅས་ཡིན་པས་དེས་ན་ཤར་དུ་འགྲོ་བའི་བྱ་བ་བྱས་པ་ཙམ་སྟོན་པ་ལས་འགྲོ་བ་དེས་ཤར་ལ་ཕན་ཐོགས་གང་ཡང་མེད་པས་ན། དེ་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཡིན་ནོ།།

 

༦༩༽ དྲི་བ། བཞི་པ་དགོས་ཆེད་ཀྱི་གོ་དོན་དང༌། དཔེར་བརྗོད་ཇི་ལྟར་ཡིན། རྣམ་དབྱེ་གཉིས་པ་དང་མི་འདྲ་བའི་ཁྱད་པར་གང་ཞིག་ཡོད་དམ།

ལན། དེ་ཡང༌། དཀའ་གསལ་ལས། ཕན་ཐོགས་ཡོད་ན་བཞི་པ་སྟེ། །

དཔེར་ན་སློང་ལ་སྦྱིན་ལྟ་བུ། །ཞེས་གསུངས་པ་ལྟར་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་ཞིག་བྱས་པ་དེས་བྱ་བའི་ཡུལ་དེ་ལ་ཕན་ཐོགས་ཡོད་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན། དཔེར་ན། སློང་མོ་བར་ཟས་སྦྱིན་ཞེས་པ་ལྟ་བུར་མཚོན་ན། སློང་མོ་བ་ནི་བྱ་ཡུལ་དང༌། ར་ལ་དོན། ཟས་སྦྱིན་པ་དེ་བྱ་བ་བཅས་ཡིན། ཚིག་གི་གྲུབ་ཚུལ་རྣམ་དབྱེ་གཉིས་པ་དང་ཁྱད་པར་མེད་ཅིང༌། ཟས་སྦྱིན་པའི་བྱ་བ་དེས་སྦྱིན་ཡུལ་སློང་མོ་བར་ཕན་ཐོགས་པས་འདི་ནི་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་ནོ།།

 

༧༠༽ དྲི་བ། བྱ་བའི་ཡུལ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་ཚུལ་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། བྱ་བའི་ཡུལ་གང་ཞིག་ལ་བྱ་བ་ཞིག་བྱས་པ་དེས་བྱ་བའི་ཡུལ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན། དཔེར་ན། ཟས་བཟའ་བར་ཕོར་པ་འཁྱེར་ལྟ་བུར་མཚོན་ན། ཕོར་པ་འཁྱེར་བ་དེས་ཟས་བཟའ་བའི་བྱ་བ་ལ་ཕན་ཐོགས་པ་དེ་ནི་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་ཡིན་པས་དེའང་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་ནོ།།

 

༧༡༽ དྲི་བ། རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཀྱི་དོན་དང༌། དཔེར་བརྗོད། རྣམ་དབྱེ་གཉིས་བཞི་དང་མི་འདྲ་བའི་ཁྱད་པར་གང་ཡོད་དམ།

ལན། དེ་ཡང༌། དཀའ་གསལ་ལས། ཕན་ཐོགས་མེད་ཀྱང་བྱ་ཡུལ་དང༌། །བྱ་བ་ངོ་བོ་གཅིག་ཡིན་ན། །གཉིས་པའི་ནང་ཚན་དེ་ཉིད་དེ། །དཔེར་ན་ལྷ་རུ་གསལ་ལྟ་བུ། །ཞེས་པ་ལྟར་བྱ་བ་གང་ཞིག་བྱས་པ་དེ་བྱ་བའི་ཡུལ་དེ་ལ་ཕན་ཐོགས་ཡོད་ཀྱང་རུང་མེད་ཀྱང་རུང༌། བྱ་བའི་ཡུལ་རྣམ་དབྱེ་སྦྱོར་ཡུལ་དེ་དང་བྱ་བ་གཉིས་དབྱེ་བ་འབྱེད་རྒྱུ་མེད་པར་ངོ་བོ་གཅིག་ཏུ་གྱུར་པ་ཞིག་སྟོན་པ་དེ་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན་ཏེ། དཔེར་ན། འོད་དུ་འཚེར་ལྟ་བུར་མཚོན་ན། འོད་ནི་རྣམ་དབྱེ་སྦྱོར་ཡུལ་དང༌། དུ་ལ་དོན། འཚེར་བྱ་བ་བཅས་ཡིན་ལ། ཚིག་གི་གྲུབ་ཚུལ་རྣམ་དབྱེ་གཉིས་བཞི་དང་ཁྱད་པར་མེད་ཅིང༌། མི་འདྲ་བའི་ཆ་ནི་འཚེར་བའི་བྱ་བ་དེ་རྣམ་དབྱེ་སྦྱོར་ཡུལ་འོད་དེ་དང་ཐ་དད་དུ་དབྱེ་རྒྱུ་མེད་པ་འོད་རང་དུ་འཚེར་བས་ངོ་བོ་གཅིག་ཏུ་གྱུར་བས། དེ་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན་ནོ།།

 

༧༢༽ དྲི་བ། རྣམ་དབྱེ་བདུན་པ་གནས་གཞིའི་མཚན་ཉིད་དང༌། དེའི་དཔེར་བརྗོད། བྱ་བ་བྱས་པའི་དོན་སྟོན་ན་འགྲིགས་མིན་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། གང་ཞིག་གང་ལ་བརྟེན་པའམ།།

གནས་དང་ཡོད་པའི་དོན་ཙམ་ལས། །བྱ་བ་གཏན་ནས་མི་བྱེད་ན། །རྣམ་དབྱེ་བདུན་པ་གནས་གཞི་སྟེ། །དཔེར་ན་སྟེང་དུ་མི་ཡོད་ལྟར། །ཞེས་གསུངས་ལྟར། བྱ་བ་དང་དངོས་པོ་གང་ཞིག་ཡིན་ཀྱང༌། དེ་ཡུལ་གང་ཞིག་ལ་བརྟེན་པའམ། གནས་པའམ། ཡོད་པའི་དོན་སྟོན་པ་ཙམ་ལས་བྱ་བ་བྱས་པའི་དོན་གཏན་ནས་མི་སྟོན་པ་ཞིག་ལ་རྣམ་དབྱེ་བདུན་པ་གནས་གཞི་ཞེས་བྱ་སྟེ། དཔེར་ན། སྟེང་ཁང་དུ་མི་ཡོད་ལྟ་བུར་ཆ་མཚོན་ན། སྟེང་ཁང་ནི་བརྟེན་པར་བྱ་བའི་ཡུལ་ལམ་བརྟེན་ས་དེ་ཡིན་ལ། དུ་ནི་ལ་དོན་དང༌། མི་ནི་རྟེན་བྱེད་དེ་ཡིན། དེ་སྟེང་ཁང་དེར་ཡོད་པ་ཙམ་སྟོན་པ་ལས་བྱ་བ་བྱས་པ་གང་ཡང་སྟོན་རྒྱུ་མེད་པ་འདི་ལྟ་བུ་ནི་རྣམ་དབྱེ་བདུན་པ་གནས་གཞིའོ།།

 

༧༣༽ དྲི་བ། རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཀྱི་མཚན་ཉིད་གང་ཡིན་དང༌། ཚེ་སྐབས་ཀྱི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཚེ་སྐབས་གཉིས་དང་དོན་འདྲ་ན༑ ༑བདུན་པའི་ནང་ཚན་ཚེ་སྐབས་ཏེ། །དཔེར་ན་ཆུ་ཟླ་ཤར་བ་ན། །ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ། །ཞེས་པ་ལྟར། ལ་དོན་གྱི་ཡི་གེ་བདུན་པོ་གང་རུང་ཞིག་ཞུགས་པའི་ཚིག་དེས་ཚེ་ཞེས་པ་དང་སྐབས་ཞེས་པའི་དོན་དང་འདྲ་བར་དུས་ཚོད་གཙོ་བོར་སྟོན་པ་ཞིག་ལ་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཞེས་བྱ་སྟེ། དཔེར་ན། ཆུ་ཟླ་ཤར་བ་ན་ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུར་ཆ་མཚོན་ན། ཆུ་ཟླ་ཤར་བ་ན་ཞེས་པའི་ན་དེ་ལ་དོན་དང༌། ལ་དོན་གྱི་ན་སྒྲ་དེས་ཆུ་ཟླ་ཤར་བའི་ཚེ་ཞེས་པ་དང་ཆུ་ཟླ་ཤར་བའི་སྐབས་ཞེས་པ་དེ་དང་དོན་མཚུངས་པར་དུས་ཚོད་གཙོ་བོར་སྟོན་པས་དེ་ནི་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཞེས་བྱའོ།།

 

༧༤༽ དྲི་བ། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། དེ་ཉིད་ཚེ་སྐབས་བཅས་ཀྱི་གསལ་བྱེད་གང༌། ལ་དོན་ཞེས་མིང་ཇི་ལྟར་བཏགས་སམ།

ལན། དེ་ཡང༌། དཀའ་གསལ་ལས། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ། །སུ་ར་རུ་དུ་ན་ལ་ཏུ། །ཡིན་ཞིང་ཕལ་ཆེར་ལ་སྒྲ་དང༌། །མཐུན་པས་ལ་དོན་རྣམ་དབྱེའང་ཟེར། །ཞེས་གསུངས་པ་ལྟར། རྣམ་དབྱེ་གཉིས་པ་དང༌། བཞི་པ། བདུན་པ། གཉིས་པའི་ནང་ཚན་དེ་ཉིད། བདུན་པའི་ནང་ཚན་ཚེ་སྐབས་བཅས་འཇུག་ཡུལ་ལྔ་པོ་འདི་རྣམས་ཀྱི་དོན་གསལ་བར་བྱེད་པའི་རྐྱེན་ནམ་སྒྲ་ནི་སུ་ར་རུ་དུ་ན་ལ་ཏུ་བཅས་ལ་དོན་བདུན་པོ་འདི་དག་ཡིན་ཞིང༌། འདི་དག་ཕལ་ཆེ་བ་ལ་སྒྲ་དང་འཇུག་པ་མཐུན་པས་ལ་དོན་ཞེས་དང༌། ཚིག་གྲོགས་ཀྱི་དབང་གིས་རྣམ་དབྱེར་གྱུར་ཚེ་ལ་དོན་གྱི་རྣམ་དབྱེའང་ཟེར་ཞིང༌། འཇུག་པ་མཐུན་ལུགས་ནི། དབུས་སུ་འགྲོ། དབུས་ལ་འགྲོ་ལྟ་བུ་འཇུག་པ་མཐུན་པས་སོ།།

 

༧༥༽ དྲི་བ། ན་ལ་གཉིས་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ལ་མི་འཇུག་པའི་ཚུལ་གཞུང་གང་ལས་ཚུལ་ཇི་ལྟར་གསུངས་པ་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། འོན་ཀྱང་ན་ལ་དེ་ཉིད་ལ། །མི་འཇུག་སྨྲ་བའི་སྒོ་ལས་གསུངས། །ཞེས་པ་གསུངས་པ་ལྟར། དྲན་པའི་ཡེ་ཤེས་གྲགས་པའི་སྨྲ་སྒོ་མཚོན་ཆ་ལས། དུ་ལ་སོགས་པ་ལ་དང་མཐུན།།

དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་པ་ལྟར། འོན་ཀྱང་སྨྲ་སྒོ་མཚོན་ཆར་ན་ལ་གཉིས་དེ་ཉིད་ལ་མི་འཇུག་ཅེས་གསུངས་པ་དེ་དོན་ལ་གནས་མིན་བརྟག་དགོས་ཤིང༌། དཀའ་ཆེན་པདྨས་འདིར་ཡང་ཕལ་ཆེར་ཞེས་མ་ངེས་པའི་ཚིག་སྨོས་པ་དཔེར་ན། ལྷ་ན་གསལ། འོད་ལ་འཚེར། ལྟ་བུ་སྦྱར་མི་རུང་བའི་དོན་ཏོ། །ཞེས་དང༌། མཁས་དབང་རྡོ་རྗེ་རྒྱལ་པོས། རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ལ་ན་སྒྲ་གཏན་ནས་མི་འཇུག་སྙམ་ཞེས་གསུངས་པས་འདིའང་དཔྱད་པར་འཚལ་ལོ།།

 

༧༦༽ དྲི་བ། རྗེས་འཇུག་ལ་བལྟོས་ནས་ལ་དོན་གྱི་སྐབས་སུ་རྟགས་མཚུངས་དང་བརྗོད་བདེ་འདྲེན་ཚུལ་གྱི་དཔེ་བཅས་ཇི་ལྟར་ཡིན་ནམ།

ལན། རྗེས་འཇུག་ལ་བལྟོས་ནས་སྦྱོར་ཚུལ་གོང་དུ་བཤད་པ་ལྟར་ཏེ་འདྲེན་ཚུལ་ནི། བཙན་བྱོལད་ཏུ་ཕྱིན་ལྟ་བུ་ཕོས་ཕོ་དྲངས་པ་དང༌། བྱང་དུ་འགྲོ་ལྟ་བུ་མོས་མོ་དྲངས་པ་དང༌། བོད་དུ་སྐྱིད་ལྟ་བུ་ཕོས་མོ་དྲངས་པ་དང༌། ལྷན་དུ་འཛོམས་ལྟ་བུ་མ་ནིང་གིས་མོ་དྲངས་པ་སྟེ་ལ་དོན་གྱི་སྐབས་འདིར་རྟགས་མཚུངས་འདྲེན་ཚུལ་དང༌། བརྗོད་བདེ་འདྲེན་ཚུལ་ཤས་ཆེ་ཆུང་མཉམ་པ་ཙམ་དུ་མངོན་པའོ།།

 

༧༧༽ དྲི་བ། རྣམ་དབྱེ་གསུམ་པ་བྱེད་སྒྲའི་གོ་དོན་དང༌། དབྱེ་བ༑ དབྱེ་བ་དེ་དག་གི་འཇུག་ཚུལ་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །ཉེ་འགྱངས་གང་དུ་བྱ་བ་ཞིག །བྱས་ན་གསུམ་པ་བྱེད་སྒྲ་སྟེ། །དཔེར་ན་བདག་གིས་བཤད་ལྟ་བུ། །ཞེས་གསུངས་པ་ལྟར། རྣམ་དབྱེའི་རྐྱེན་ནམ་ཕྲད་གིས་ཀྱིས་གྱིས་ཡིས་འིས་ལྔ་པོ་སྦྱར་ན་སྦྱོར་ཡུལ་མིང་ཚིག་དེས་ཉེ་འགྱངས་གང་རུང་དུ་བྱ་བ་བྱས་པའམ་བྱེད་པ་ཞིག་སྟོན་པས་དེ་ནི་རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། དཔེར་ན། བདག་གིས་བཤད་ལྟ་བུ་བྱེད་སྒྲ་དེ་དང་བཤད་པའི་བྱ་བ་གཉིས་ཚིག་གཞན་གྱིས་བར་མ་ཆད་པས་ན་བྱ་བ་ཉེ་བར་བྱས་པ་དང༌། བདག་གིས་ཕྱོགས་ཐམས་ཅད་དུ་ཡང་ཡང་བལྟས་ལྟ་བུ་བྱ་ཚིག་དང་བྱེད་ཚིག་གཉིས་བར་ཚིག་གཞན་གྱིས་བར་ཆོད་པས་བྱ་བ་འགྱངས་བར་བྱས་པའོ།།

 

༧༨༽ དྲི་བ། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གོ་དོན་དང༌། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དཔེར་བརྗོད་དང་བཅས་པ་ཇི་ལྟར་ལགས་སམ།

ལན། དེ་ཡང༌། དཀའ་གསལ་ལས། བྱ་བ་གཏན་ནས་མི་བྱེད་པར།།

སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །དཔེར་ན་བདག་གི་མིག་ལྟ་བུ། །ཞེས་གསུངས་པ་ལྟར། རྣམ་དབྱེའི་རྐྱེན་ནམ་ཕྲད་ཀྱི་རྩ་བ་གི་ཀྱི་གྱི་ཡི་འི་ལྔ་པོ་སྦྱོར་ཡུལ་དེས་ལས་སམ་བྱ་བའི་ཡུལ་ལ་བྱ་བ་གཏན་ནས་མི་བྱེད་པར་མིང་ཚིག་སྔ་ཕྱི་གཉིས་འབྲེལ་བྱེད་ཙམ་སྟོན་པར་འཇུག་པ་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་བྱ་སྟེ། དཔེར་ན། བདག་གི་མིག་ལྟ་བུ་དབང་པོ་མིག་དེ་དབང་པོ་ཅན་བདག་གི་ཡིན་པ་ཙམ་སྟོན་པའི་མིང་ཚིག་སྔ་ཕྱི་འབྲེལ་བྱེད་རྣམས་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་ནོ།།

 

༧༩༽ དྲི་བ། བྱེད་འབྲེལ་གྱི་གསལ་བྱེད་སྒྲ་ལ་མི་འདྲ་བའི་ཁྱད་པར་གང༌། ཨི་ལྡན་ཏེ་བྱེད་འབྲེལ་གཉིས་ཀྱི་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། རྣམ་དབྱེ་དྲུག་གསུམ་གསལ་བྱེད་སྒྲ། །ས་མཐའ་ཡོད་དང་མེད་པ་ཡི། །གི་ཀྱི་གྱི་འི་ཡི་ལྔ་ཡིན། །རྣམ་དབྱེ་གསུམ་པ་བྱེད་སྒྲ་གསལ་བར་བྱེད་པའི་སྒྲའམ་ཕྲད་ནི་གིས་ཀྱིས་གྱིས་འིས་ཡིས་བཅས་ལྔ་དང༌། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་གསལ་བར་བྱེད་པའི་སྒྲའམ་ཕྲད་ནི་གི་ཀྱི་གྱི་འི་ཡི་བཅས་ཡིན་ཏེ། ལེགས་བཤད་ལྗོན་དབང་ལས། གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་གསུམ་པ་བྱེད་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །ཞེས་གསུངས་པས་སོ།།

 

༨༠༽ དྲི་བ། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་དྲུག་པ་འབྲེལ་སྒྲ་གཉིས་ཀྱིས་རྟགས་མཚུངས་དང་བརྗོད་བདེ་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་དག་གི་འདྲེན་ཚུལ་རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱི་འཐོབ་པ་དཔེར་ན། ལོ་ཏོག་སད་ཀྱིས་འཁྱེར། སད་ཀྱི་ཉེན་ཁ་འདུག ཁབ་ཀྱིས་བཙེམས། ཁབ་ཀྱི་མིག གོས་ཀྱིས་དྲོས། གོས་ཀྱི་གོང་བ་ལྟ་བུ་རྣམས་ཕོས་ཕོ་དྲངས་པ་དང༌། བདག་གིས་བཤད། བདག་གི་ཕ་ལྟ་བུ་ཕོས་མོ་དྲངས་པ་དང༌། རྐྱང་གིས་ཟས། རྐྱང་གི་སྤུ། སྒྲོམ་གྱིས་བསྐྱོར། སྒྲོམ་གྱི་ཤིང༌། འཇའ་ཡིས་གང༌། འཇའ་ཡི་གུར། འཇས་གང༌། འཇའི་གུར། མི་ཡིས་བཀྲམ། མི་ཡི་ལུས་པོ། མིས་བཤད། མིའི་འཚོ་བ་ལྟ་བུ་རྣམས་མོས་མོ་དྲངས་པ་དང༌། ཡོན་ཏན་ཅན་གྱིས་བསླབས། ཡོན་ཏན་ཅན་གྱི་སྐད་ཆ། ནོར་གྱིས་ཕྱུག ནོར་གྱི་སྙིང་པོ། ང་རྒྱལ་གྱིས་སྨྱོ་འདུག ང་རྒྱལ་གྱི་སྐད་ཆ་ལྟ་བུ་རྣམས་ནི་མ་ནིང་གིས་མོ་དྲངས་པ་ཡིན་ལ༑ བྱེད་འབྲེལ་གྱི་འདྲེན་ཚུལ་ལའང་རྟགས་མཚུངས་འདྲེན་ཚུལ་དང༌། བརྗོད་བདེ་འདྲེན་ཚུལ་གཉིས་ཀ་ཡོད་དོ།།

 

༨༡༽ དྲི་བ། རྣམ་དབྱེ་ལྔ་པའི་གོ་དོན་དང༌། ནང་གསེས་དབྱེ་བ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་འདྲེན་ཚུལ་དང་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། གང་ཞིག་གང་ལས་བྱུང་བའམ།།

བྱེ་དང་ལྷུང་བའི་དོན་ལྡན་ན། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། །དཔེར་ན་ཞལ་ལས་ཐོས་ལྟ་བུ། །གསལ་བྱེད་སྒྲ་ནི་ནས་ལས་ཏེ། །ཞེས་གསུངས་པ་ལྟར། ནས་ལས་གཉིས་ཀྱིས་བྱ་དངོས་གང་ཞིག་གཞི་གང་ལས་བྱུང་བའམ། བྱེ་བའམ། ལྷུང་བ་སོགས་ཀྱི་དོན་དང་ལྡན་པ་ཞིག་སྟོན་ན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཞེས་བྱ་སྟེ། དཔེར་ན། ཞལ་ལས་ཐོས་ལྟ་བུ་འབྱུང་ཁུངས་དངོས་ལ་ནས་ལས་གཉིས་ཅི་བདེར་སྦྱར་བས་འཐུས་པའོ།།

 

༨༢༽ དྲི་བ། དགར་སྡུད་ལ་ནས་ལས་ཀྱི་ཕྲད་གང་ཞིག་སྦྱར་དགོས་མིན་དང༌། དེ་གཉིས་གང་གི་ཁོངས་སུ་གཏོགས་མིན་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དགར་དང་སྡུད་པའང་ལྔ་པར་གཏོགས། །ཞེས་གསུངས་པ་ལྟར། བྱ་ཡི་ནང་ནས་རྨ་བྱ་མཛེས་ལྟ་བུ་དགར་གཞི་དགར་ཆོས་རིགས་མཐུན་དགར་བ་རྣམས་ལ་ནས་སྒྲ་དང༌། དབྱར་ལས་དགུན་གྲང་ལྟ་བུ་དགར་གཞི་དགར་ཆོས་རིགས་མི་མཐུན་པ་དགར་བ་རྣམས་ལ་ལས་སྒྲ་འཇུག་ཅིང༌། བོད་ནས་རྒྱ་གར་བར་ལྟ་བུ་སྡུད་པ་ལ་ནས་སྒྲ་ཁོ་ན་འཇུག་པ་བཅས་དགར་སྡུད་གཉིས་ཀྱང་རྣམ་དབྱེ་ལྔ་པའི་ཁོངས་སུ་གཏོགས་ཤིང༌། འདྲེན་ཚུལ་ནི་བརྗོད་བདེ་འདྲེན་པ་ཉིད་ལས་རྟགས་མཚུངས་འདྲེན་པར་སྣང་ལ། དེ་རྣམས་ཀྱི་གསལ་བྱེད་སྒྲ་ནི་ནས་ལས་གཉིས་ཡིན་ནོ།།

 

༨༣༽ དྲི་བ། རྣམ་དབྱེའི་ཡན་ལག་ཏུ་གྱུར་པའམ་རྣམ་དབྱེའི་ཡན་ལག་ཏུ་མ་གྱུར་པའི་ཚིག་ཕྲད་གཞན་རྣམས་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཞན་ཡང་ཚིག་དོན་གོང་འོག་ཏུ༑ ༑བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར།།

ཞེས་གསུངས་པ་ལྟར། གཞན་ཡང་ཚིག་གི་དོན་གོང་འོག་གང་རིགས་སུ་བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ་དང་སྒྲ་དང༌། ཀྱང་ཡང་འང་གསུམ་དང༌། གམ་ངམ་སོགས་སྦྱོར་དགོས་ཏེ། དཔེར་ན། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ལྟ་བུ་གོང་མ་འོག་མར་བསྡུ་བར་དང་སྒྲ་སྦྱར་བ་དང༌། ལུས་བདེ་བ་མ་ཟད་སེམས་ཀྱང་སྐྱིད་ལྟ་བུ་འོག་མ་གོང་མར་བསྡུ་བར་ཀྱང་ཡང་འང་གསུམ་སྦྱར་བ་ལྟ་བུའོ།།

 

༨༤༽ དྲི་བ། ཚིག་དོན་བསྐྱར་བ་དང༌། རྣམ་གྲངས་དུ་མས་དོན་བསྐྱར་ན་འབྱེད་སྡུད་ཀྱི་སྒྲ་འཇུག་ཚུལ་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། རྣམ་གྲངས་དུ་མས་དོན་བསྐྱར་ན༑ ༑འབྱེད་སྡུད་སྒྲ་འཇུག །ཅེས་གསུངས་པ་ལྟར། རྣམ་གྲངས་དུ་མས་དོན་བསྐྱར་དགོས་ན་སྔ་མ་སྔ་མར་འབྱེད་སྡུད་ཀྱི་སྒྲ་འཇུག་སྟེ། དཔེར་ན༑ དོན་བསྐྱར་བ། འཆི་མེད་དམ། རྣམ་སད་དམ། མིག་མི་འཛུམ་ནི་ལྷའོ། །ལྟ་བུ་དང༌། ཚིག་བསྐྱར་བ། དཔེར་ན། པདྨ་དཀར་པོའམ། པདྨ་དཀར་པོ་ལྟ་བུའི་སེམས་དཔའ། ལྟ་བུ་དང༌། ཚིག་དོན་གཉིས་ཀ་བསྐྱར་བ་ནི། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟ་བུ་དང༌། དེ་བཞིན་རྟ་བདུན་བདག་པོའམ། སྣང་བྱེད་དམ། འོད་ཟེར་བརྒྱ་པའམ། རྟ་ལྗང་ཅན་རྣམས་ནི་མིང་གི་རྣམ་གྲངས་དུ་མས་དོན་གཅིག་ཡང་སྐོར་བསྐྱར་སྐོར་དུ་བརྗོད་པར་འབྱེད་སྡུད་ཀྱི་སྒྲ་འམ་སོགས་སྦྱར་བ་བཅས་སོ།།

 

༨༥༽ དྲི་བ། སྔོན་འཇུག་རྟགས་ཀྱི་འཇུག་པའི་སྐབས་སྔོན་འཇུག་ལྔ་པོ་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་གང་དག་ལ་ཚུལ་ཇི་ལྟར་འཇུག་གམ།

ལན། དེ་ཡང༌། དཀའ་གསལ་ལས། དགག་པ་དང༌། །བདག་དོན་ཡོད་ན་ཐོག་མཐའ་རུ། །པ་སྡེའི་རྟགས་རྣམས་ཅི་རིགས་འཇུག །ཅེས་གསུངས་པ་ལྟར། དགག་སྒྲ་དང༌། བདག་པོའི་དོན་སྟོན་དགོས་ན་མིང་ཚིག་དེ་དག་གི་གོང་འོག་ཏུ་པ་སྡེའི་རྟགས་རྣམས་ཅི་རིགས་ཏེ། ཡིན་པ་དགག་པ་ལ་མ་ཡིན་ཞེས་དང༌། བྱེད་པ་དགག་པ་ལ་མི་བྱེད་ཅེས་ལྟ་བུ་ཐོག་མར་དགག་པ་རྣམས་ལ་མ་མི་གཉིས་སྦྱོར་བ་དང༌། བྱས་པ་དགག་པ་ལ་བྱས་མེད་ཅེས་དང༌། འགྲོ་བ་དགག་པ་ལ་འགྲོ་གི་མིན་ཞེས་པ་ལྟ་བུ་མཐའ་མར་དགག་པ་རྣམས་ལ་མིན་མེད་གཉིས་སྦྱོར་དགོས་ཤིང༌། པ་སྡེའི་ཁོངས་ནས་བྱུང་བའི་པ་དང༌། བ་དང༌། མ་སྟེ་ཕོ་མོ་མ་ནིང་རྟགས་རྣམས་ཅི་རིགས་སྟོན་པའི་བདག་སྒྲ་མིང་གཞིའི་མཐའ་རུ་ཞུགས་ན་བདག་པོའི་དོན་གསལ་བར་བྱེད་པ་ཡིན་ཏེ། དཔེར་ན། བོད་པ་ལྟ་བུ་རྣམས་སོ།།

 

༨༦༽ དྲི་བ། རྒྱན་དུ་གྱུར་པའི་ཚིག་ཕྲད་རྣམས་དོན་ལ་བསྙེགས་པ་ཡོད་ན་དེ་དག་གི་སྦྱོར་ཚུལ་དཔེར་བརྗོད་དང་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང༌། །དོན་ལ་བསྙེགས་པ་ཡོད་ན་སྦྱོར། །ཞེས་གསུངས་པ་ལྟར་རྒྱན་དུ་གྱུར་པའི་ཚིག་ཕྲད་རྣམས་ཀྱང་དོན་ལ་བསྙེགས་ས་སྟེ་ཕན་པའམ་སྦྱོར་ས་ཡོད་ན་སྦྱོར་དགོས་ཏེ། དཔེར་ན། བཏབ་ཀྱང་བཏབ་ལ་སྐྱེས་ཀྱང་སྐྱེས། བཏུད་ཀྱང་ཁྲོ་ལ་མཛའ་ཡང་བསླུ་ལྟ་བུ་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་གསལ་བར་བྱེད་པའི་རྒྱན་ཀྱང་དང་ཡང་སོགས་སྦྱར་དགོས་ལ༑ མི་དགོས་པར་སྦྱོར་མི་རིགས་སོ།།

༨༧༽ དྲི་བ། བསྟན་བྱ་ལྷག་མ་ཡོད་ན་ལྷག་བཅས་ཀྱི་སྒྲ་དང༌། བསྟན་བྱ་ལྷག་མེད་ན་སླར་བསྡུའི་སྒྲ་སྦྱོར་ཚུལ་དཔེ་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་བཞིན་བསྟན་བྱ་ལྷག་ཡོད་ན༑ ༑ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི། །རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར། །ཞེས་གསུངས་པ་ལྟར་བཤད་མ་ཐག་པའི་ཚིག་རྒྱན་གྱི་སྦྱོར་ཚུལ་དེ་བཞིན་དུ་བསྟན་པར་བྱ་རྒྱུའི་ཚིག་དོན་ལྷག་མ་ཡོད་ན་ལྷག་བཅས་ཀྱི་སྒྲ་སྦྱོར་དགོས་ཏེ། དཔེར་ན། དོན་རྟོགས་ཏེ་ཉམས་སུ་བླངས། ལྟ་བུ་དང༌། གང་བརྗོད་རྒྱུའི་ཚིག་དོན་རྫོགས་ན་སླར་བསྡུའི་སྒྲ་གོ་སོགས་རྣམས་སྦྱོར་དགོས་ཏེ། དཔེར་ན། མཆོག་གོ། བཟང་ངོ༌། །ལྟ་བུ་གང་ལ་ཅི་རིགས་པར་སྦྱོར་དགོས་སོ།།

 

༨༨༽ དྲི་བ། རྣམ་དབྱེ་དང་ཚིག་ཕྲད་དེ་རྣམས་འཇུག་ཚུལ་ནང་གསེས་དབྱེ་བ་གང་འདྲ་བྱས་ནས་འབྱེད་དགོས་པ་དང༌། དཔེར་བརྗོད་ཅི།

ལན། རྣམ་དབྱེའམ་ཚིག་ཕྲད་དེ་དག་གི་མཐར་སྦྱར་རྒྱུའི་དོན་གང་ཡིན་ལ་བསྟུན་ནས་སྦྱོར་དགོས། དཔེར་ན། བློ་བཟང་ཞེས་པའི་བཤད་སོང་ལྟ་བུ་འབྲི་རྒྱུ་ཡོད་ན་བློ་བཟང་ལ་བྱེད་སྒྲ་སྦྱར་ཏེ་བློ་བཟང་གིས་བཤད་སོང་ཞེས་འབྲི་དགོས་ཤིང༌། ཡང༌། མིང་དེའི་མཇུག་ཏུ་ཡོན་ཏན་ལྟ་བུ་དེ་དང་འབྲེལ་བ་ཞིག་སྟོན་རྒྱུ་ཡོད་ན་བློ་བཟང་ལ་འབྲེལ་སྒྲ་སྦྱར་ཏེ་བློ་བཟང་གི་ཡོན་ཏན་ཞེས་འབྲི་དགོས། ཡང༌། བློ་བཟང་ཞེས་པའི་མིང་ཅན་དེ་ལ་དཔའ་རྩལ་ལྟ་བུ་ཞིག་ཡོད་པ་སྟོན་རྒྱུ་ཡོད་ན་བློ་བཟང་ལ་བདུན་པ་གནས་གཞིའི་ལ་དོན་སྦྱར་ཏེ་བློ་བཟང་ལ་དཔའ་རྩལ་ཡོད་ཅེས་འབྲི་དགོས་པ་སོགས་རིགས་འགྲེས་ནས་རྟོགས་པར་བྱའོ།།

 

༨༩༽ དྲི་བ། རྗེས་འཇུག་གི་དགོས་པ་བསྟན་སྐབས་མོ་ཡིག་དབྱངས་དང་མི་ལྡན་ན་ཕོ་ཡིག་གསལ་བྱེད་བརྗོད་མི་ནུས་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དགོས་པ་ཅི་ཕྱིར་འཇུག་ཅེ་ན།།

མི་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ། །ཞེས་པ་ལྟར་རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཐོག་མར་ཡི་གེའི་འཇུག་པ་སྤྱིའི་ཆ་ནས་བཤད་ན་མོ་ཡིག་དབྱངས་གང་རུང་ཞིག་མེད་པའམ་མི་ལྡན་པར་ཕོ་ཡིག་གསལ་བྱེད་སུམ་ཅུ་ཁོ་ནས་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་མི་ནུས་པ་སྟེ། མིང་ཚིག་གང་ཞིག་ཡིན་རུང་དེ་ལ་དབྱངས་ཤིག་མེད་ཐབས་མེད་ཅིང༌། རྒྱུ་མཚན་དེའི་ཕྱིར་དབྱངས་ཡིག་དངོས་བསྟན་བཞི་དང༌། ཤུགས་བསྟན་ཨ་ཡིག་བཅས་ལྔར་ངེས་པ་བཟུང་ཞིང་བཞེད་ན་འགྲེལ་བདེའོ་ཞེས་སོ།།

 

༩༠༽ དྲི་བ། མིང་ཚིག་བརྗོད་པ་གསུམ་རིམ་པར་གྲུབ་ཚུལ་དང༌། དེ་ལྟར་གྲུབ་ནས་བརྗོད་དོན་སྟོན་པར་འཇུག་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་བསྒྲུབ་པར་བྱ་བའི་ཕྱིར་ཏེ། མིང་སྦྱོར་བའི་ཆེད་དང༌། མིང་གཉིས་ཡན་ཆད་འདུས་ནས་དོན་གྱི་ཁྱད་པར་སྟོན་པའི་ཚིག་བསྒྲུབ་པར་བྱ་བའི་ཕྱིར་ཏེ། ཚིག་སྦྱོར་བའི་ཆེད་དང༌། ཚིག་གཅིག་གམ་ཚིག་གཉིས་ཡན་ཆད་འདུས་ནས་སྐབས་བབ་ཏུ་བསྟན་བྱའི་བརྗོད་པའམ་བརྗོད་བྱའི་དོན་དེ་རྒྱས་བསྡུས་ཅི་རིགས་པར་བསྟན་པར་བྱ་བའི་ཕྱིར་ཏེ་དོན་རྣམས་ལེགས་པར་སྟོན་པའི་ཆེད་དུ་འཇུག་གོ།

 

༩༡༽ དྲི་བ། ཕོ་ཡིག་དབྱངས་ལྡན་དེ་དག་ལ་རྗེས་འཇུག་བཅུ་པོ་མ་ཞུགས་ན་མིང་ཚིག་བརྗོད་པ་གསུམ་མི་གྲུབ་པའི་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཕོ་ཡིག་དབྱངས་ལྡན་དེ་དག་ལའང༌། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །དོན་གྱི་ངོ་བོ་ཙམ་སྟོན་པའི། །མིང་དང་དོན་གྱི་ཁྱད་པར་རྣམས། །སྟོན་པའི་ཚིག་དང་དོན་ལྡན་པའི། །ངག་གི་བརྗོད་པ་ཡོད་མིན་ཏེ། །ཞེས་གསུངས་པ་ལྟར་ཕོ་ཡིག་ཀ་སོགས་ལ་དབྱངས་དང་ལྡན་པ་དེ་དག་ལའང་རྗེས་འཇུག་བཅུ་པོ་གང་རུང་མ་ཞུགས་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌། དོན་གྱི་ཁྱད་པར་སྟོན་པའི་ཚིག་དང༌། བརྗོད་བྱའི་དོན་དང་ལྡན་པའི་ངག་གི་བརྗོད་པ་གང་ཡང་ཡོད་པ་མ་ཡིན་ཞེས་པའོ།།

 

༩༢༽ དྲི་བ། ཡི་གེའི་ཁོངས་ནས་མིང་དབྱུང་ཚུལ་དང༌། མིང་གི་ཁོངས་ནས་ཚིག་ཕྱུང་སྟེ་ཚིག་གིས་དོན་རྣམས་སྟོན་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཡི་གེའི་ཁོངས་ནས་མིང་དབྱུང་ཞིང༌། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པས་སོ། །ཞེས་གསུངས་པ་ལྟར་ཡི་གེའི་ཁོངས་སམ་ནང་ནས་མིང་དབྱུང་བ་སྟེ་བྱུང་ཞིང༌། མིང་གི་ཁོངས་ནས་ཚིག་རྣམས་ཕྱུང་ནས་ཚིག་གིས་དོན་རྣམས་མ་འདྲེས་པར་སོ་སོར་ལེགས་པར་སྟོན་པར་ནུས་པས་སོ་ཞེས་པའོ།།

 

༩༣༽ དྲི་བ། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌། དོན་གྱི་ཁྱད་པར་སྟོན་པའི་ཚིག དོན་དང་ལྡན་པའི་བརྗོད་པ་མེད་ན་སྐྱོན་གང་ཡོད་དམ།

ལན། དེ་ཡང༌། དཀའ་གསལ་ལས། མིང་ཚིག་བརྗོད་པ་མེད་ན་ནི། །

ཐུན་མོང་ཐུན་མོང་མ་ཡིན་པའི། །ཤེས་བྱ་སྟོན་པའང་མེད་པར་འགྱུར།།

ཞེས་གསུངས་པ་ལྟར་མིང་ཚིག་དང་བརྗོད་པ་མེད་ན་ནི་ཕྱི་རོལ་པ་དང་ཐུན་མོང་བའི་སྙན་དངགས་ལ་སོགས་པའི་རིག་བྱེད་རྣམས་དང༌། ཐུན་མོང་མ་ཡིན་པའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་བཀའ་བསྟན་བཅོས་རྣམས་ཀྱི་གཞུང་དོན་ལ་ཤེས་པར་བྱ་བའི་ཡུལ་སྟོན་པའང་མེད་པར་འགྱུར་རོ་ཞེས་པའོ།།

 

༩༤༽ དྲི་བ། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་དཀའ་གནད་གསལ་བའི་མེ་ལོང་གི་མཇུག་བསྡུའི་ཐུགས་སྨོན་གྱི་ཚིག་དོན་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི། །རྗེས་སུ་འབྲངས་ནས་གསུངས་པ་འདི། །སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག །ཅེས་གསུངས་པ་ལྟར་དགོས་པ་དེའི་ཕྱིར་ན་རྒྱ་གར་འཕགས་ཡུལ་དུ་བྱོན་པའི་མཁས་པ་ཆེན་པོ་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཐོན་མི་ཉིད་ཀྱི་བརྩེ་བས་ཀུན་ནས་བསླངས་ཏེ་གསུངས་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་འདི་གཉིས་ཀྱི་དགོངས་དོན་རྣམས་ཕྱིན་ཅི་མ་ལོག་པར་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་བདེ་བླག་ཏུ་རྟོགས་པར་གྱུར་ཅིག །ཅེས་ཐུགས་སྨོན་མཛད་པ་ལགས་སོ།།

 

༩༥༽ དྲི་བ། མིང་ཕན་ཚུན་ཚིག་གི་སྒྲ་ཙམ་འདྲ་བར་སྣང་ཡང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་ཚུལ་དཔེར་བརྗོད་དང་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཚིག་གི་སྒྲ་ཙམ་འདྲ་ན་ཡང༌།།

དོན་ལ་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །ཞེས་གསུངས་པ་ལྟར་མིང་ཕན་ཚུན་ཚིག་གི་སྒྲ་ཙམ་འདྲ་བར་སྣང་ན་ཡང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དེ། དཔེར་ན། གྲི་ལྟ་བུར་མཚོན་ན། ག་གྲི། ད་དྲི། བ་བྲི་སོགས་ཕན་ཚུན་མིང་གཞིའི་སྒྲ་ཙམ་འདྲ་ན་ཡང་སོ་སོར་འབྱེད་ན་མཚོན་གྱི་རལ་གྲི་ལ་ག་གྲི་དང༌། སྣ་ལ་བསྣམ་བྱའི་དྲི་ལ་ད་དྲི། རི་མོ་བྲི་ལ་བ་བྲི་སོགས་ཁྱད་པར་ཤིན་ཏུ་ཆེ། རྒྱུ་མཚན་དེ་ཕྱིར་བཤེས་གཉེན་དམ་པའི་ཞབས་པད་བསྟེན་ནས་བརྡ་དག་པར་བྱེད་པའི་བརྡ་སྤྲོད་ཀྱི་གཞུང་རྣམས་ལ་བརྟེན་ནས་སྦྱངས་སྟོབས་ཕུལ་ཕྱིན་གྱིས་མིང་ཚིག་རྣམས་ཀྱི་དབྱེ་བ་མ་ནོར་བར་བྱས་ནས་དོན་རྣམས་འཚོལ་བ་སྙིང་གི་དབུས་སུ་གཅེས་པར་བཟུང་དགོས་སོ།།

 

༩༦༽ དྲི་བ། དཀའ་གསལ་ལས། སྒྲ་ཤེས་དོན་ལ་མི་རྨོངས་ཞེས།།

གསུངས་པ་ལྟར་སྒྲ་ཤེས་ན་དོན་ལ་མི་རྨོངས་ཚུལ་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དོན་ལ་མི་རྨོངས་རྨོངས་པ་ཡང༌། །ལུགས་འདིར་མཁས་མིན་གྱིས་བྱེད་དེ། །སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུངས་ལ་ཡོངས་སུ་གྲགས། །ཞེས་དེ་ལྟར་བརྡ་དག་གི་གཞུང་ལ་ཐོས་བསམ་གྱི་སྒོ་ནས་ཞུགས་ན་རྒྱལ་བའི་གསུང་རབ་དང་དགོངས་འགྲེལ་རྒྱ་བོད་མཁས་གྲུབ་ཀྱི་གཞུང་དོན་རྣམས་ཀྱི་དགོངས་པ་འབྱེད་པ་ལ་མི་རྨོངས་པའི་བློ་གྲོས་མཆོག་ཏུ་རྒྱས་ནས་མཁས་པ་ཆེན་པོར་འགྱུར་ཞིང༌། བརྡ་དག་གཞུང་ལ་ཐོས་བསམ་གྱིས་མ་ཞུགས་ན་བཀའ་དང་དགོངས་འགྲེལ་མ་ཟད་ཐ་ན་སྲིད་ཀྱི་བྱ་བཞག་གི་དོན་ལའང་མི་ཤེས་པའི་རྨོངས་པར་འགྱུར་བ་སྟེ། དེ་ལྟར་རྨོངས་མི་རྨོངས་ཀྱང་རྩ་བ་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་པོ་འདིར་མཁས་མི་མཁས་གྱིས་བྱེད་དེ་བོད་དུ་སྒྲ་སུམ་རྟགས་ཡིན་ཞིང་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་ལ་ཡོངས་སུ་གྲགས་པ་ཡིན་ནོ་ཞེས་པའོ།།

 

༩༧༽ དྲི་བ། དཀའ་གནད་གསལ་བའི་མེ་ལོང་ལས། འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །ཞེས་སོགས་ཤོ་ལོ་ཀའི་བསྟན་དོན་གང་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །ཞེས་པ། བརྡ་དག་གི་གཞུང་ལུགས་ཀུན་གྱི་མ་ཕྱིར་གྱུར་པ་སུམ་རྟགས་འདི་ལ་མ་སྦྱངས་པའམ་མ་བསླབ་པར་རྨོངས་ཚོད་སྤྱི་བརྟོལ་གྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་གཞན་ལ་འཆད་པ་དང༌། ཕ་རོལ་པོ་དང་རྩོད་པ་བྱེད་པ་དང༌། རང་གིས་རྩོམ་པ་སོགས་མཁས་པའི་བགྱི་བ་གསུམ་གྱི་གྲྭར་རམ་གྲས་སུ་འཇུག་པར་བྱེད་པ་དེ་ནི། དཔེར་ན་ཝ་སྐྱེས་སེངྒེའི་པགས་པ་གྱོན་པ་དེ་གནས་སྐབས་སེངྒེ་ལྟ་བུར་མངོན་ནའང་དུས་ནམ་ཞིག་གི་ཚེ་ཝའི་གཟུགས་བརྙན་གསལ་བར་མཐོང་བའི་རྗེས་ངན་སྟོན་པ་དེ་བཞིན་དུ་གནས་སྐབས་དེར་འཆད་རྩོད་རྩོམ་གསུམ་སོགས་ཀྱི་གྲྭར་ཞུགས་ཀྱང་ནམ་ཞིག་མ་སྦྱངས་པའི་རྗེས་ངན་རྣམས་གསལ་བར་སྟོན་པར་འགྱུར་རོ་ཞེས་པའོ།།

 

༩༨༽ དྲི་བ། དཀའ་གསལ་ལས། དེ་ཕྱིར་བློ་གསལ་དོན་གཉེར་རྣམས། །ཞེས་སོགས་ཚིགས་བཅད་གཅིག་གི་སྟོན་དོན་ཇི་ལྟར་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། དེ་ཕྱིར་བློ་གསལ་དོན་གཉེར་རྣམས། །རྟགས་འཇུག་དཀའ་གནད་གཟུགས་བརྙན་ཀུན། །གསལ་བར་འཆར་བའི་མེ་ལོང་འདིར། །ལ་འུར་གཟིགས་མོར་སྤྱོན་དང་ཀྱེ། །ཞེས་པ་རྒྱུ་མཚན་དེའི་ཕྱིར་བློ་གསལ་ཐོས་བསམ་གྱི་དོན་གཉེར་དང་ལྡན་པ་རྣམས་རྟགས་འཇུག་གི་དཀའ་གནད་དམ་དོན་རྟོགས་དཀའ་ཞིང་གནད་ཆེ་བ་རྣམས་ཀྱི་གཟུགས་བརྙན་ཀུན་མ་འདྲེས་པར་གསལ་བར་འཆར་བའི་མེ་ལོང་འདི་ཉིད་ཀྱི་ངོས་ལ་ལ་འུར་ཏེ་མགྱོགས་པར་གཟིགས་མོའམ་ལྟད་མོ་ལྟ་བར་སྤྱོན་དང་ཀྱེ་ཞེས་བོས་པ་ནི་ད་ལྟ་འདིར་བྱོན་ཅིག་བློ་གསལ་རྣམས་ཞེས་པའོ།།

 

༩༩༽ དྲི་བ། དཀའ་གསལ་ལས། འདི་ལ་ནོངས་པའི་ཚོགས་མཆིས་ན།།

གཟུར་གནས་མཁས་པའི་སྤྱན་སྔར་ཆགས། །ཞེས་པའི་བཤགས་དོན་གང༌།

ལན། དེ་ཡང༌། དཀའ་གསལ་ལས། འདི་ལ་ནོངས་པའི་ཚོགས་མཆིས་ན། །གཟུར་གནས་མཁས་པའི་སྤྱན་སྔར་ཆགས། །ཞེས་པ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ལ་ནོར་བ་དང༌། འཁྲུལ་བའི་ནོངས་པ་སྟེ་ཉེས་པའི་ཚོགས་མཆིས་ན། གཟུར་གནས་སམ་དྲང་པོར་གནས་པའི་མཁས་པ་ཀུན་གྱི་སྤྱན་སྔར་འཐོལ་ལོ་འཆགས་སམ་བཤགས་སོ། །ཞེས་པའོ།།

 

༡༠༠༽ དྲི་བ། དཀའ་གསལ་ལས། ཅུང་ཟད་འབད་ལས་ཐོས་པའི་དགེས།།

ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཅེས་པའི་བསྟན་དོན་གང་ཡིན་ནམ།

ལན། དེ་ཡང༌། དཀའ་གསལ་ལས། ཅུང་ཟད་འབད་ལས་ཐོས་པའི་དགེས། །ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཅེས་པ། དབྱངས་ཅན་གྲུབ་པའི་རྡོ་རྗེ་བདག་གིས་རྟགས་འཇུག་གི་གཞུང་འདི་ཉིད་བསྐྲུན་པའི་ངལ་བ་ཅུང་ཟད་འབད་ལས་ཐོབ་པའི་དགེ་བ་དེས་གངས་ཅན་འགྲོ་བ་ཀུན་གྱིས་འདིའི་དོན་ལེགས་པར་རྟོགས་ནས་འཆད་རྩོད་རྩོམ་གསུམ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དོན་རྣམས་མཐར་ཕྱིན་པར་བྱེད་ནུས་པར་ཤོག་ཅིག།

ཅེས་བསྔོ་སྨོན་མཛད་དོ།།     །།

 

ཏཱ་ལའི་བླ་མའི་ཐུགས་རྗེའི་གཟི་འོད་ཀྱིས། །

ཐ་སྙད་རིག་པའི་འགྲོ་དོན་རྒྱས་དུས་འདིར། །

ད་ལྟ་ནས་བཟུང་ཟས་བརྗེད་གཉིད་བཅག་གིས། །

ན་གཞོན་དུས་བཟང་དོན་དང་ལྡན་པར་མཛོད། །

 

པ་ཝ་སངས་ལྟར་རྣམ་དཔྱོད་བཀྲ་བའི་དུས། །

ཕ་མཐའ་བྲལ་བའི་རིག་གཞུང་རྒྱ་མཚོ་ཆེར། །

བ་རྒྱ་ལན་བརྒྱར་ཆད་འགྲེམས་ཇི་བཞིན་དུ། །

མ་བསྐུལ་ཤེས་བྱའི་གནས་ལ་བརྩོན་པར་མཛོད། །

 

ཅེས་པ་ནི་བར་གྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།