བརྡ་སྤྲོད་ཉེར་མཁོ་ལྷན་ཐབས།

༄༅། ། ཐ་སྙད་རིག་གནས་འཛིན་གྲྭའི་བསྐྱར་སྦྱོང་དྲི་བ་བརྒྱ་པ་བཞུགས་སོ།།

 

༼བརྡ་སྤྲོད་ཉེར་མཁོ་ལྷན་ཐབས།༽

 

ཀ་ཙན་དབྱངས་སོགས་འཕགས་ཡུལ་སྒྲ་མདོ་དང༌། །

ཁ་བའི་ལྗོངས་ཀྱི་བརྡ་དང་ལེགས་མཐུན་པའི། །

ག་ཤལ་བརྡ་སྤྲོད་ཉེར་མཁོའི་ལྷན་ཐབས་འདི། །

ང་རྒྱལ་སྤངས་ཏེ་མདོར་བསྡུས་བརྗོད་པར་བྱ། །

 

མིང་ཚིག་བརྗོད་པའི་གྲུ་གཟིངས་ལ་བརྟེན་ནས། །

བཀའ་བསྟན་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ཆེར། །

ལེགས་པར་ཞུགས་ཏེ་མངོན་མཐོ་ངེས་ལེགས་ཀྱི། །

རིན་ཆེན་ནོར་མཆོག་ལག་རྩེར་སྨིན་པར་མཛོད། །

 

༡༽ དྲི་བ། བོད་ཡིག་འདི་བཞིན་རྒྱལ་པོ་གང་གི་དུས་སུ་བྱུང་བ་དང༌། རྒྱལ་པོ་དེ་རྒྱལ་རབས་གང་དང༌། འཁྲུངས་ཡུལ་དང་འཁྲུངས་ལོ་གང༌།

ལན། ད་ལྟ་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་འདི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གསར་དུ་བྱུང་ཞིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་མལ་གྲོ་རྒྱ་མ་ཁྲི་སྒང་དུ་འཁྲུངས་ཤིང༌། ནམ་འཁྲུངས་ལ་བཞེད་པ་གཉིས་ལས་མེ་གླང་ལོ་སྟེ་སྤྱི་ལོ་ ༦༡༧ ལོར་འཁྲུངས་པར་བཞེད་པ་དང༌། ས་གླང་ལོ་སྟེ་སྤྱི་ལོ་ ༦༢༩ ལོར་འཁྲུངས་པར་བཞེད་པའི་བཞེད་ཚུལ་གཉིས་སོ།།

 

༢༽ དྲི་བ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་བོད་ལ་ཡི་གེ་ཡོད་མེད་ཀྱི་འདོད་ཚུལ་ཇི་ལྟར་ཡིན་དང༌། ཡོད་ན་དེ་ལྟའི་ཡི་གེ་དེ་གང་ཡིན་ནམ།

ལན། ཆོས་རྒྱལ་སྲོང་བཙན་གྱི་གོང་དུ་བོད་ལ་ཡི་གེ་ཡོད་མེད་ཀྱི་འདོད་ཚུལ་གཉིས་ལས་གཏན་ནས་མེད་པར་འདོད་པ་དང༌། ཡི་གེ་ཡོད་དུ་ཟད་ཀྱང་བོད་བྱིངས་ཀྱིས་བཀོལ་སྤྱོད་རུང་བ་ཞིག་མེད་པར་འདོད་པ་གཉིས་ལས་སྔ་མ་གྲགས་ཆེ་ཞིང༌། ཡི་གེ་ཡོད་པར་འདོད་པ་པོས་དེའི་སྐབས་ཞང་ཞུང་གི་དམར་ཡིག་ཅེས་པའི་ཡི་གེ་ཡོད་པར་འདོད་པས་བོད་ལ་བོད་ཡིག་མེད་པ་ནི་གཏན་འཁེལ་བའོ།།

 

༣༽ དྲི་བ། ཐོན་མི་ཡུལ་ཕྱོགས་གང་དུ་འཁྲུངས་ཤིང་གང་གི་ངོས་འཛིན་བྱས་མིན་དང༌། དགུང་ལོ་ཇི་ཙམ་བཞུགས་ཡབ་ཀྱི་མཚན་ལ་གང་ཡིན།

ལན། གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀུན་གྱི་ཉིན་བྱེད་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ནི་ཡབ་ཨ་ནུ་ར་ག་ཏའི་སྲས་སུ་སྙེ་མོ་ཐོན་ལུག་ར་ཁ་འོག་གི་ཁྱིམ་མིང་བསམ་གྲུབ་སྒང་དུ་སྐུ་འཁྲུངས་ཤིང༌། ཐོན་མི་དགུང་ལོ་བདུན་ལ་ཕེབས་སྐབས་ལྷོ་ཁ་གཉལ་ཐུ་ཡུལ་ནས་ཐོན་མི་ངོས་འཛིན་གནང་བ་དང༌། སློབ་དཔོན་ཐོན་མི་སམ་བྷོ་ཊ་དགུང་ལོ་ལྔ་བཅུ་ང་གཉིས་འཚོ་ཞིང་བཞུགས་པར་གྲགས་པ་ལགས་སོ།།

 

༤༽ དྲི་བ། ཐོན་མིའི་ཡབ་དང་འཁྲུངས་ཡུལ་ལ་བཞེད་ཚུལ་མི་འདྲ་བ་ཇི་ཡོད་དང༌། ཐོན་མི་སོགས་མཚན་གང་གི་ཆ་ནས་བཏགས་པ་ཡིན་ནམ།

ལན། སྔོན་གྱི་བསྟན་བཅོས་རྣམས་སུ་ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་བུ་ཐོན་མི་སམ་བྷོ་ཊ་ཞེས་དང༌། འགའ་ཞིག་ཏུ་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་འཁྲུངས་པས་ཐུ་མི་ཟེར་བའམ་ལྷོ་གཉལ་བ་སྣང་གྲགས་ཀྱི་བུ་ཨ་ནུ་སཾ་བྷོ་ཊ་སོགས་བཞེད་ཚུལ་འདྲ་མིན་མང་ཞིང༌། ཐོན་མི་ཞེས་པ་ནི་ཡུལ་དང༌། ཐུ་མི་ཞེས་པ་ནི་རིགས་ཀྱི་ཆ་ནས་མཚན་བཏགས་པ་ཡིན་ནོ།།

 

༥༽ དྲི་བ། ཐོན་མི་དཔོན་གཡོག་ཇི་ཙམ་སྤྱི་ལོ་གང་ལ་རྒྱ་གར་འཕགས་ཡུལ་དུ་བྱོན་པ་དང༌། དེ་དུས་རྒྱལ་བློན་གཉིས་པོ་དགུང་ལོ་ག་ཚོད་ཡིན་ནམ།

ལན། སྤྱི་ལོ་ ༦༣༣ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་ ༡༧ དང་ཐོན་མི་སམ་བྷོ་ཊ་དགུང་ལོ་ ༡༥ བཞེས་པའི་ཐོག་རྒྱལ་རབས་གསལ་བའི་མེ་ལོང་དུ། བློ་རྣོ་བ་བདུན་མངགས་ཞེས་དང༌། བུ་སྟོན་གྱིས། ཐོན་མི་འཁོར་བཅུ་དྲུག་དང་བཅས་པ་བྱོན་ཞེས་དང༌། བོད་མཁས་པས། དཔོན་གཡོག་བཅུ་གཉིས་ལ་ཆས་ཀ་འཚམ་སྐྱེས་དང་ངག་འཕྲིན་གནང་ནས་བརྫངས་ཞེས་སོ།།

 

༦༽ དྲི་བ། ཐོན་མི་སཾ་བྷོ་ཊ་སྤྱི་ལོ་གང་ལ་འཁྲུངས་པ་དང༌། དགུང་ལོ་ཇི་ཙམ་ལ་རྒྱ་གར་ལ་ཕེབས་པ་དང༌། རྒྱ་གར་དུ་ལོ་ག་ཚོད་བཞུགས་སམ།

ལན། སློབ་དཔོན་ཐོན་མི་སཾ་བྷོ་ཊ་ནི་རབ་བྱུང་མ་ཚུགས་གོང་གི་ས་མོ་ལུག་ལོ་སྟེ་སྤྱི་ལོ་ ༦༡༩ ལོར་གཡོར་པོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་ས་ཆར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ ༡༥ པར་རྒྱ་གར་དུ་ཕེབས་ཏེ་ལོ་བདུན་རིང་ཕྱི་ནང་གི་རིག་གནས་སྤྱི་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལ་དཔྱིས་ཕྱིན་པར་སྦྱངས་པ་མཛད་པར་གྲགས་སོ།།

 

༧༽ དྲི་བ། ཐོན་མི་རྒྱ་གར་དུ་ལོ་ཇི་ཙམ་བཞུགས་ཏེ་སློབ་དཔོན་སུ་དང་སུ་བསྟེན་ཏེ་ཕྱི་ནང་གི་གཞུང་ལུགས་གང་དག་ལ་སྦྱངས་པ་མཛད་དམ།

ལན། ཐོན་མི་རྒྱ་གར་དུ་ལོ་ངོ་བདུན་བཞུགས་ཏེ་ལྷ་རིག་པའི་སེངྒེ་དང་བྲམ་ཟེ་ལི་བྱི་ཀ་ར་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་དང་སྒྲ་གཞུང་པཱ་ཎི་པ་དང༌། ཀ་ལཱ་པ། ཙདྲན་པ་རྣམས་དང༌། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང༌། རྟོགས་དཀའ་བ་པཌཎི་ཏའི་ལུགས་ཀྱི་བསྟན་བཅོས་དང༌། མདོ་རྒྱུད་ཉེར་གཅིག་སོགས་ཕྱི་ནང་གི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་སྦྱངས་པ་མཛད་དོ།།

 

༨༽ དྲི་བ། སློབ་དཔོན་ཐོན་མི་སཾ་བྷོ་ཊའི་སློབ་དཔོན་གྱི་མཚན་གྱི་དག་སྡེབ་མི་འདྲ་བ་ཇི་ཡོད་དང༌། ལི་བི་ཀ་ར་ཞེས་པའི་སྐད་དོད་གང་ཡིན་ནམ།

ལན། ཐོན་མིའི་སློབ་དཔོན་གྱི་མཚན་གྱི་དག་སྡེབ་མི་འདྲ་བ་འདི་ལྟ་སྟེ༑ ལི་བི་ཀ་ར་དང༌། ལི་བྱིན་ཧ་ར། ལི་བྱིན། ལེགས་བྱིན་ཞེས་ཡིག་སྡེབ་མི་འདྲ་བ་དུ་མ་བྱུང་བ་ལས། ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་རྟགས་འགྲེལ་པར། ལི་བི་ཀ་ར་ཞེས་པ་ཡིག་མཁན་དུ་བསྒྱུར་བས། དེས་ན་ལི་བི་ཞེས་པ་ཡིག་གཟུགས་དང༌། ཀ་ར་ཞེས་པ་བྱེད་པ་པོའམ་བྱེད་མཁན་གྱི་སྐད་དོད་ཡིན་པར་འདོད་དོ།།

 

༩༽ དྲི་བ། ཐོན་མི་སཾ་བྷོ་ཊས་སྤྱི་ལོ་གང་ལ་གནས་གང་དུ་བརྡ་སྤྲོད་པའི་གཞུང་བརྩམས་གནང་བ་དང༌། བརྩམས་ནས་ད་བར་ལོ་ཇི་ཙམ་སོང་ངམ།

ལན། གངས་ཅན་བོད་ཀྱི་ཡི་གེའི་བྱེད་པོ་ཐོན་མི་སཾ་བྷོ་ཊས་སྤྱི་ལོ་ ༦༤༦ ལོར་བོད་ཡིག་སྲོལ་བཏོད་ཅིང༌། ༦༥༣ ལོར་ལྷ་སའི་བྱང་ཕྱོགས་སྐུ་མཁར་ཕ་བོང་ཁའམ་སྐུ་མཁར་མ་རུ་ཞེས་བྱ་བར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་བཞིན་སུམ་རྟགས་སོགས་སྒྲ་ཡི་བསྟན་བཅོས་བརྒྱད་ལེགས་པར་བརྩམས་ཤིང་གཏན་ལ་ཕབ་པ་དང༌། དེ་ནས་སྤྱི་ལོ་ ༢༠༠༩ བར་ལོ་ ༡༣༥༥ ཙམ་སོང་ཟིན་ཏོ།།

 

༡༠༽ དྲི་བ། ཐོན་མིས་བོད་ཡིག་བརྩམས་རྗེས་ཡིག་ཕུད་དུ་རྒྱལ་པོར་བྱ་དཀའ་བའི་ལམ་ནས་བསྟོད་པ་མཛད་པའི་ཚིགས་བཅད་དེ་གང་ཡིན་ནམ།

ལན། ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམ་ངག་ཟབ་ལ་མ་ཆད་མཐའ་དད་དང༌། །ལས་ངན་བག་ཆགས་ཐམས་ཅད་གསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་བཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་གཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །ཅེས་ཡིག་ཕུད་དུ་ཕུལ་ལོ།།

 

༡༡༽ དྲི་བ། བོད་ཡིག་བརྩམས་རྗེས་བོད་ཡིག་གི་དགེ་སློབ་ཐོག་མ་སུ་ཡིན། ཐོན་མིར་སློབ་དཔོན་ཞེས་པའི་མཚན་དེ་ཉིད་གང་ནས་ཐོགས་སམ།

ལན། སློབ་དཔོན་ཐོན་མིས་སྒྲ་ཡི་བསྟན་བཅོས་བརྒྱད་གཏན་ལ་ཕབ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་སློབ་དཔོན་དུ་བསྟེན་ནས་སྐུ་མཁར་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་མཚམས་བཅད་ཀྱི་ངང་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས་པས་ཐོན་མིར་སློབ་དཔོན་ཞེས་པའི་མཚན་ཡང་འདི་ནས་ཐོགས་ཤིང་དགེ་རྒན་གྱི་ཐོག་མ་ཐོན་མི་དང༌། སློབ་མའི་ཐོག་མ་ཆོས་རྒྱལ་སྲོང་བཙན་ཡིན་ནོ།།

 

༡༢༽ དྲི་བ། མཛངས་མི་བདུན་གང་དག་ཡིན་དང༌། དེ་དག་ལས་ཐོན་མི་གྲངས་ཇི་ཡིན་དང༌། ཐོན་མིའི་མཛངས་ཆོས་གང་དང་གང་ཡིན་ནམ།

ལན། རུ་ལས་སྐྱེས། ལྷ་བུ་མགོ་དཀར་དང༌། ཁྲི་དོར་སྣང་བཙུན་མོང་གི་བུ། ཐོན་མི་སཾ་བྷོ་ཊ། ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུ། ཁྲི་བཟང་ཡབ་ལྷག སྟག་རི་གཉན་གཟིགས་རྣམས་སོ། །ཐོན་མིས་མཛངས་པའི་ལས་སུ་བོད་སྐད་ཀྱི་སྟེང་ནས་ཡི་གེའི་སྲོལ་བཏོད། བརྡ་སྤྲོད་གཞུང་གཏན་ལ་ཕབ། ཡུལ་གྲུ་གཞན་གྱི་ཆོས་རིག་བོད་སྐད་དུ་བསྒྱུར་བ་སོགས་ཁ་བ་ཅན་པས་བཀྲིན་གཞལ་དུ་མེད་དོ།།

 

༡༣༽ དྲི་བ། ལེགས་སྦྱར་བོད་སྐད་དུ་བསྒྱུར་བའི་ལོ་ཙཱ་བའི་ཐོག་མ་སུ་ཡིན་ལོ་ཙཱ་བ་དེས་རྒྱ་གཞུང་གང་དང་གང་ཞིག་བོད་སྐད་དུ་བསྒྱུར་བ་ཡིན་ནམ།

ལན། ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་གཏན་ལ་ཕབ་རྗེས་ཁོང་གིས་སློབ་མ་འགའ་ཞིག་གྲོགས་སུ་སྦྲན་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་ལེགས་སྦྱར་ལས་བོད་སྐད་དུ་ཕབ་བསྒྱུར་མཛད་པས་ལོ་ཙཱ་བའི་ཐོག་མ་ནི་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཡིན་ཞིང༌། ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བའི་གཞུང་དང་པོ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་ཡིན་ནོ།།

 

༡༤༽ དྲི་བ། བོད་ཀྱི་ལོ་ཙཱ་བ་ཐོན་མིས་ལེགས་སྦྱར་གྱི་བཀའ་བསྟན་བོད་སྐད་དུ་བསྒྱུར་བའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་གང་དག་ཡིན་ནམ།

ལན། ཟ་མ་ཏོག་བཀོད་པ། ཕྱག་སྟོང་སྤྱན་སྟོང་གི་གཟུངས། པདྨའི་སྙིང་པོའི་གཟུངས། ཞལ་བཅུ་གཅིག་པའི་མདོ། བཅུ་གཅིག་ཞལ་གྱི་གཟུངས། དོན་ཡོད་ཞགས་པ། དོན་ཞགས་ཕྱི་མ། པདྨ་མཆོག དབང་བསྒྱུར་འཁོར་ལོ། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་གཟུངས། སྙིང་རྗེ་ཆེན་པོ་མ་བཤོལ་བ། འོད་ཟེར་རྣམ་བཀོད། པདྨ་ཅོད་པན་གྱི་རྒྱུད། ཡིག་དྲུག་གི་མདོ་སོགས་སོ།།

 

༡༥༽ དྲི་བ། ཐོན་མི་སཾ་བྷོ་ཊས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་བསྒྱུར་རྩོམ་གང་དག་བཞུགས་སམ།

ལན། ཐོན་མིའི་བསྒྱུར་རྩོམ་ནི། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང༌། འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ་སྟེ་མདོ་ཏིང་ངེ་འཛིན་རྒྱལ་པོ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ༑ པང་ཀོང་ཕྱག་བརྒྱ་པ། ཙིནྟ་མཎིའི་གཟུངས་བཅས་བསྒྱུར་རྩོམ་གྱི་གསུང་པོད་དུ་མ་བོད་སྐད་དུ་བཞུགས་སོ།།

 

༡༦༽ དྲི་བ། བོད་སྐད་དུ་ཐོག་མར་བསྒྱུར་ཞིང་གཉན་པོ་གསང་བར་མཚན་གསོལ་བའི་རྟེན་དྲུག་གང་ཡིན་དང༌། དེས་གང་མཚོན་ནམ།

ལན། གཉན་པོ་གསང་བར་མཚན་གསོལ་བའི་རྟེན་དྲུག་ནི། མདོ་སྡེ་ཟ་མ་ཏོག་དང༌། སྤང་ཀོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། སྙིང་པོ་ཡི་གེ་འབྲུ་དྲུག་པ། ཙིཏ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་དང་དྲུག་ཡིན་ལ། རྟེན་དྲུག་པོས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་ལུང་རྟོགས་ཀྱི་བསྟན་པ་གཉིས་བོད་ལ་དར་བའི་རྟེན་འབྲེལ་མཚོན་ཞིང་སངས་རྒྱས་ཀྱི་ཆོས་ལུགས་དབུ་འདི་ནས་བརྙེས་པའོ།།

 

༡༧༽ དྲི་བ། ཐོན་མིས་གསར་དུ་སྲོལ་བཏོད་ཅིང་དེང་དུས་ང་ཚོས་བཀོལ་སྤྱོད་བྱེད་པའི་བོད་ཡིག་གི་ཡིག་གཟུགས་ལ་མི་འདྲ་བ་གང་དག་ཡོད་དམ།

ལན། ཤེས་བྱ་ཀུན་ཁྱབ་ལས། བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང༌། །བཤུར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །ཞེས་པ་ལྟར་བོད་ཀྱི་ཡིག་རིགས་ཕྱིས་སུ་རིམ་པར་དར་བའི་རྣམ་གྲངས་མི་འདྲ་བ་མང་ཡང༌། རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས། འབྲུ་ཆེན་འབྲུ་ཆུང་གཉིས། བཤུར་མ་དང་དཀྱུས་ཡིག་གཉིས་ཏེ་བོད་ཀྱི་ཡིག་གཟུགས་ཐམས་ཅད་དེ་དྲུག་གི་ནང་དུ་འདུ་བ་ཡིན་ནོ།།

 

༡༨༽ དྲི་བ། བོད་ཡིག་གི་ཡིག་གཟུགས་ལས་དབུ་ཅན་དང༌། དབུ་མེད་སོགས་མི་འདྲ་བ་དྲུག་པོ་རྣམས་དར་སྔ་ཕྱིའི་གོ་རིམ་ཇི་ལྟར་ཡིན་ནམ།

ལན། ཞལ་ལུང་ལས། ཐོན་མིའི་དུས་སུ་དབུ་ཅན་ཁོ་ན་དར་བར་གྱུར་པ་ལས་དབུ་མེད་དར་བར་མི་སེམས་ལ། དེ་ནས་རིམ་གྱིས་དབུ་ཅན་དེ་ཉིད་མགྱོགས་པར་བྲིས་པ་ལས་རང་བཞིན་གྱི་དབུ་མེད་ཀྱི་རྣམ་པ་བྱུང་བ་དང༌། དབུ་མེད་ལ་ཡང་གཟབ་པར་བྲིས་པས་ཚུགས་ཡིག་དང༌། མགྱོགས་པར་བྲིས་པས་རྒྱུགས་ཡིག་གམ་འཁྱུག་ཡིག་བྱུང་བའི་རིམ་པའང་ཤེས་པར་བྱའོ། །ཞེས་གསུངས་སོ།།

 

༡༩༽ དྲི་བ། དབུས་གཙང་དུ་བཀའ་བསྟན་ཤིང་དཔར་ཐོག་སྤེལ་བའི་སྲོལ་དར་དུས་དང༌། དབུ་མེད་ལ་འབྲི་ཚུགས་མི་འདྲ་བ་ག་ཚོད་བྱུང་ངམ།

ལན། དབུས་གཙང་དུ་ལོ་ལྔ་བརྒྱའི་སྔོན་རྗེ་ཙོང་ཁ་པའི་སྐུ་དུས་ནས་གསུང་རབ་བསྟན་བཅོས་ཀྱི་ཤིང་དཔར་མང་པོ་སྤེལ་སྲོལ་དར་བ་ནས་དབུ་ཅན་ལ་ཕལ་ཆེར་འབྲི་ཚུགས་གཅིག་ལས་མི་མཐུན་པ་མང་པོ་མ་བྱུང་ལ། དབུ་མེད་ཀྱི་འབྲི་ཚུགས་ལ་དཔར་འདེབས་རྒྱུགས་ཆེར་མ་བྱུང་བའི་རྐྱེན་དང༌། འགྲིམས་འགྲུལ་ཉམས་དམའི་དབང་གིས་དབུས་བྲིས་དང༌། ཁམས་བྲིས། ཨམ་བྲིས་ཞེས་འབྲི་ཚུགས་མི་འདྲ་བ་གསུམ་བྱུང་ངོ༌།།

 

༢༠༽ དྲི་བ། ཡིག་རྒྱུན་གྱི་རིམ་པ་ཇི་ལྟར་ཡིན་མིན་དང༌། འཕགས་བོད་ཀྱི་གཞུང་ལུགས་རྣམས་ལ་ཡིག་གཟུགས་འབྲི་ཚུལ་ཇི་ལྟར་ཡིན་ནམ།

ལན། བཻ་དཀར་ལས། ཐོན་མིའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང༌། སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་ལ་རྫབ་ཆེན་དང་རྫབ་ཆུང༌། འབྲུ་ཆེན་དང་འབྲུ་ཆུང༌། ཤར་མ་དང་དཀྱུས་ཡིག་དྲུག་ལས་གསུང་རབ་ཆེན་པོ་དག་ལ་རྫབ་ཆེན་དང་རྫབ་ཆུང༌། རྒྱ་གཞུང་འགྲེལ་པར་འབྲུ་ཆེན། བོད་ཀྱི་གཞུང་ལུགས་ལ་འབྲུ་ཆུང་དུ་འབྲི་ཚུལ་དར་བ་ནི་བདག་རྐྱེན་དབང་གིས་ཐོབ་པར་གསུངས་སོ།།

 

༢༡༽ དྲི་བ། བོད་ཡིག་གི་དབུ་མེད་ཀྱི་ཡིག་གཟུགས་གཟབ་ཆེན་སྐབས་ལ་འདོན་པ་བཅུའམ་བཅུ་བཞིར་གྲགས་པ་རྣམས་གང་དག་ཡིན་ནམ།

ལན། བཟང་མགོ་ལ་འདོན། མཁྲང་དཔུང་པ་ལ་འདོན། སྒྲོས་སྦོ་ཐེམ་ལ་འདོན། ཤད་མར་འཐེན་ལ་འདོན། སྤྱང་ཁོག་པ་ལ་འདོན། ཧུམ་སྣག་སྣ་ལ་འདོན། ཧུར་མིག་འདྲིལ་ལ་འདོན། གཡེར་ཡར་འཕུལ་ལ་འདོན། ཡང་ཡ་བཏགས་ལ་འདོན། གྲུང་ཟག་མཆུ་ལ་འདོན། བཟང་མགོ་དཔུང་ལ་འདོན། འཛུམ་དཀར་ནག་སྣ་ལ་འདོན། མཉེན་བསྣོལ་མཚམས་སུ་འདོན། འཁྱུག་ཡན་ལག་ལ་འདོན་རྣམས་སོ།།

 

༢༢༽ དྲི་བ། བོད་ཡིག་གི་ཡིག་གཟུགས་འབྲི་སྐབས་དཔུང་རྐང་སོགས་ལ་གཟབ་དགོས་པའི་གཅེས་པ་བརྒྱད་ཅེས་པ་གང་དང་གང་ཡིན་ནམ།

ལན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས། སྣག་ལམ་ཟླུམ་ལ་སྒྲོས་ཆགས་གཅེས། །གཅིག་པུར་སྐྱེས་ལ་དཔུང་ཐུང་གཅེས། །གདགས་པ་ཅན་ལ་ཟུར་ཐིག་གཅེས། །སྟོད་ཕུབས་ཅན་ལ་ཕོ་བ་གཅེས། །སྨད་ཕུབ་ཅན་ལ་ཁོང་འདྲེན་གཅེས། །རྐང་པ་རྟར་ཞོན་ཕྱི་འབྲང་གཅེས། །ཡར་ཕུལ་མཐར་རྒྱས་སྒྲོས་གནོནགཅེས། །མིག་ཅན་དག་ལ་རྐེ་གཙང་གཅེས། །ཞེས་གསུངས་སོ།།

 

༢༣༽ དྲི་བ། ད་ལྟ་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་གི་གཟུགས་དབྱིབས་འདི་ཡིག་གཟུགས་གང་ལ་བརྟེན་ནས་བཟོས་པ་ཡིན་ནམ།

ལན། ལཙཉ་ལྷ་ཡི་ཡི་གེ་དང༌། ཝརྟུ་ཀླུ་ཡི་ཡི་གེ ནཱ་ག་ར་མི་ཡི་ཡི་གེ་བཅས་གྲགས་པ་གསུམ་ལས། ཐོན་མིས་ལཙཉ་ལ་དཔེར་བྱས་ནས་དབུ་ཅན་དང༌། ཝརྟུ་ལ་དཔེར་བྱས་ནས་དབུ་མེད་དང༌། ནཱ་ག་ར་ལ་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས། ཞེས་པ་སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་དང༌། དེ་མིན་གྱི་མཁས་པའི་འདོད་ཚུལ་གཞན་ཡང་ཡོད་དོ།།

 

༢༤༽ དྲི་བ། བོད་ཡིག་གི་གཟུགས་དབྱིབས་གང་ལ་བརྟེན་ནས་བཟོས་མིན་ལ་སྔོན་བྱོན་མཁས་པའི་བཞེད་ཚུལ་མི་འདྲ་བ་གང་དག་ཡོད་དམ།

ལན། ཤྲཱི་ལ་བྷ་དྲས། ནཱ་ག་ར་ལས་བོད་ཡིག་གཟབ་མར་བསྒྱུར། བྷ་ཏུ་རི་ལས་བོད་ཡིག་བཤུར་མར་བསྒྱུར། ཞེས་དང༌། བུ་སྟོན་གྱིས། ཁ་ཆེའི་ཡི་གེ་དང༌། དཔའ་བོ་གཙུག་ཕྲེང་གིས། ནཱ་ག་ར་དང་ཁ་ཆེའི་ཡི་གེར་དཔེ་བླངས་ཞེས་དང༌། རྒྱལ་དབང་ལྔ་པས། ལཙཉ་ལ་དཔེར་བྱས་ཏེ་དབུ་ཅན་དང༌། ཝརྟུ་ལ་དཔེར་བྱས་ཏེ་གཤར་མར་བཟོས་ཞེས་དང༌། དགེ་ཆོས་ཀྱིས་གུཏཔའི་ཡི་གེར་དཔེ་བྱས་ནས་བཟོས་ཚུལ་གསུངས་སོ།།

 

༢༥༽ དྲི་བ། སྔོན་རྒྱ་གར་དུ་ཡིག་རིགས་ཇི་ཡོད་དེ་དག་བསྡུ་ན་གང་དུ་བསྡུ་མིན་དང༌། བོད་ཡིག་དེ་དག་གཞི་གང་ལ་བརྟེན་ནས་བཟོས་སམ།

ལན། སྔོན་རྒྱ་གར་ལ་ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དར་རྒྱས་བྱུང་ཞིང་དེ་དག་བསྡུ་ན་ལཙཉ་ལྷའི་ཡི་གེ་དང་གཅིག ཝརྟུ་ཀླུའི་ཡི་གེ་དང་གཉིས། ན་ག་ར་མིའི་ཡི་གེ་དང་གསུམ་དུ་བསྡུ་བ་ཡིན་ཞིང༌། ཡི་གེ་དེ་དག་ལས་ལཙཉ་ལ་དཔེར་བྱས་ནས་དབུ་ཅན་དང༌། ཝརྟུ་ལ་དཔེར་བྱས་མཛད་ནས་ཤར་མ་བཅས་བོད་བྱིངས་ཀྱི་བཀོལ་བའི་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་པ་ལགས་སོ།།

 

༢༦༽ དྲི་བ། བོད་ཡིག་ལ་དར་སྔ་ཕྱིའི་དབང་གིས་སྔ་དར་དང༌། བར་དར། ཕྱི་དར་ཞེས་རིམ་པ་གསུམ་བྱུང་བའི་ས་མཚམས་ཇི་ལྟར་ཡིན་ནམ།

ལན། ཐོན་མིས་ཡིག་སྲོལ་ཕྱེ་བ་ནས་གྲ་ཤོད་གཉིས་ཀྱི་བར་དུ་དར་རྒྱས་བྱུང་བ་དེར་སྔ་དར་ཞེས་དང༌། དེ་རྗེས་གླང་དར་གྱིས་བསྟན་པ་བསྣུབས་རྗེས་མཁན་པོ་སྒྲོ་གཉའ་ཁྲི་བྱ་བས། སྔ་མའི་ཡིག་རིགས་ལ་བརྟག་སྟེ་གྲ་ཤོད་གཉིས་ཀྱི་ལུགས་སུ་བྲིས་ཀྱང་ཇི་བཞིན་མ་བྱུང་བས། པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེར་བར་དར་དང༌། དེ་རྗེས་ལོ་ཆེན་ཤེས་རབ་དབང་ཕྱུག་མན་ཆད་དར་བ་དེར་ཕྱི་དར་ཞེས་བྱ་བ་ཡིན་ནོ།།

 

༢༧༽ དྲི་བ། རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་དང་མཚུངས་པར་ཐོན་མིས་སྒྲ་ཡི་བསྟན་བཅོས་བརྒྱད་མཛད་ཅེས་པའི་རྒྱ་གར་གྱི་སྒྲ་མདོ་རྣམས་གང༌།

ལན། ༡ ཨིནྜ་བྱཱ་ཀ་ར་ཎ། ༢ བི་ཤ་ལ་བྱཱ་ཀ་ར་ཎ། ༣ ཤ་ཀོ་ཊ་ཡ་བྱཱ་ཀ་ར་ཎ། ༤ པཱ་ཎི་བྱཱ་ཀ་ར་ཎ། ༥ ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། ༦ པ་ཊཛཉ་ལི་བྱཱ་ཀ་ར་ཎ། ༧ མ་ན་ཛདྲནེ་བྱཱ་ཀ་ར་ཎ། ༨ སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་བཅས་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་དང་ཚུལ་མཚུངས་པར་ཐོན་མིས་སྒྲ་ཡི་བསྟན་བཅོས་བརྒྱད་མཛད་ཀྱང་དྲུག་བསྟན་པ་འཕེལ་གྲིབ་ཀྱིས་དབང་ལས་བར་དུ་ནུབ་པར་གྲགས་སོ།།

 

༢༨༽ དྲི་བ། ལེགས་སྦྱར་གྱི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་དང༌། བོད་ཀྱི་སྒྲ་གཞུང་སུམ་རྟགས་དག་གསུམ་བཤད་ཚུལ་གང་དང་མཚུངས་སམ།

ལན། ལེགས་སྦྱར་གྱི་སྒྲ་རིག་ཕྱི་མོར་བྱས་ནས་བོད་མིའི་སྐད་གདངས་དང་མཐུན་པའི་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་མཛད་པ་ནས་ད་གཟོད་གངས་ཅན་གདུལ་བྱའི་དཔལ་དུ་མངོན་པར་གྱུར་པ་ལེགས་སྦྱར་སྒྲ་གཞུང་གི་མིང་ལེ་དང་བོད་བརྡ་སུམ་ཅུ་པ་གཉིས་བཤད་ཚུལ་མཚུངས་པ་དང༌། ལེགས་སྦྱར་གྱི་ཀུན་བཤད་དང་བོད་བརྡ་རྟགས་ཀྱི་འཇུག་པ་གཉིས་བརྗོད་དོན་འབྲེལ་ཞིང་བཤད་ཚུལ་མཚུངས་སོ།།

 

༢༩༽ དྲི་བ། བསླབ་ཤེས་ཡོན་ཏན་དུ་མར་མཁས་པའི་ཐོན་མི་སཾ་བྷོ་ཊས་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་པའི་མཚན་གང་དག་ཡིན་ནམ།

ལན། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་སྨད་སུམ་ཅུར་བསྒྱུར། སྡེབ་སྦྱོར་བསྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་དང༌། གཞན་ཡང༌། མུན་པའི་སྒྲོན་མེའམ་སྔགས་བཀླག་ཐབས། བྱཱ་ཀ་ར་ཎའི་གཞུང་ཀ་ཁའི་བསྟན་བཅོས་དང༌། སུམ་རྟགས་ཀྱི་གཞུང་དག་ལ་འདོད་ཅིང༌། ལ་ལས་སུམ་རྟགས་གཉིས་དང༌། ལ་ལས་བརྒྱད་ལས་མང་བ་ཡང་འདོད་པས་དཔྱད་པར་འཚལ་ལོ།།

 

༣༠༽ དྲི་བ། འཇམ་དབྱངས་མི་ཡི་རྣམ་རོལ་སློབ་དཔོན་ཐོན་མི་སཾ་བྷོ་ཊས་བོད་ཡིག་གཏན་ལ་ཕབ་རྗེས་ཁོང་གི་བརྩམས་ཆོས་གང་དག་ཡོད་དམ།

ལན། ལོ་རྒྱུས་ཀྱི་ཡི་གེ་སྔ་མ་རྣམས་སུ། ཐོན་མིའི་བརྩམས་ཆོས་བགྲང་སྐབས། ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང༌། ལུང་སྟོན་པ་རྟགས་ཀྱི་འཇུག་པ། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས་དང༌། ཀ་མེད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་རྣམས་དང༌། ཞྭ་ལུའི་སུམ་འགྲེལ་དུ། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་སོགས་སུ་བཞེད་དོ།།

 

༣༡༽ དྲི་བ། སུམ་རྟགས་གཉིས་སྒྲ་ཡི་བསྟན་བཅོས་བརྒྱད་ཀྱི་ཡ་གྱལ་དང་ནང་གསེས་ཀྱི་ལེའུ་གང་ཞིག་ཡིན་མིན་གྱི་བཞེད་ཚུལ་གང་ཡོད་དམ།

ལན། སྒྲ་པ་ནམ་བཟང་གིས། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ། །ཞེས་དང༌། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །ཞེས་སུམ་རྟགས་གཉིས་སྒྲ་ཡི་བསྟན་བཅོས་བརྒྱད་ཀྱི་ནང་གསེས་ཀྱི་ལེའུ་རེར་འདོད་ལ། རྣམ་གླིང་པས་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་པ་ཡིན་པར་མངོན་ནོ། །ཞེས་སོ།།

 

༣༢༽ དྲི་བ། ཐོན་མིས་རང་རེ་བོད་ཀྱི་ཡི་གེ་བཟོ་སྐབས་བོད་ཡིག་ལ་མི་མཁོ་བར་དོར་ལེན་བྱས་པའི་རྒྱ་གར་གྱི་ཡི་གེ་དེ་དག་གང་དག་ཡིན་ནམ།

ལན། བོད་ལ་རིང་ཐུང་གི་རྣམ་གཞག་མེད་སྟབས་དབྱངས་བཅུ་དྲུག་ལས་ཨཱ་ཨཱི་ཨཱུ་རྀ་རྀའ་ལྀ་ལྀའ་ཨཻ་ཨཽ་ཨཾ་ཨཿརྣམས་དོར་ཞིང༌། དབྱངས་ཀྱི་དང་པོ་ཨ་ཡིག་གསལ་བྱེད་དུ་བསྣན་པ་དང༌། གསལ་བྱེད་སོ་བཞི་ལས། གྷ་ཛྷ་ཌྷ་དྷ་བྷ་སྟེ་འཐུག་པོ་ལྔ་དང༌། ཊ་ཋ་ཌ་ཎ་ཥ་སྟེ་ལོག་ཡིག་ལྔ་དང༌། མཐར་ཟད་ཀྱི་ཡི་གེ་ཀྵ་སྟེ་བཅུ་གཅིག་རྣམས་བོད་ལ་མི་མཁོ་བས་ཐོན་མིས་དོར་བར་མཛད་པ་ཡིན་ནོ།།

 

༣༣༽ དྲི་བ། ཐོན་མིས་དབྱངས་གསལ་གཏན་འབེབ་གནང་སྐབས་ཨ་ཡིག་གསལ་བྱེད་ཀྱི་ཐོག་མ་དང༌། བར་གཉིས་སུ་མ་སྦྱར་བའི་རྒྱུ་མཚན་ཅི།

ལན། རྒྱ་གར་ལྟར་བོད་ལ་སྲོག་ཅན་སྲོག་མེད་ཀྱི་རྣམ་གཞག་མེད་པས་ཨ་ཡིག་དབྱངས་ཀྱི་གྲས་སུ་འཇོག་མི་འོས་ཤིང༌། གསལ་བྱེད་ཀྱི་ཐོག་མར་སྦྱར་ན་ཀ་ཕྲེང་གི་དོན་དང་ཐ་སྙད་ལ་གནོད་ཅིང༌། བར་དུ་སྦྱར་ན་སྡེ་པ་གང་དང་མི་མཚུངས་ཤིང་དགོས་པ་གཞན་མེད་ལ། མཐར་སྦྱར་བས་ཤེས་རབ་དང་མ་ལྟ་བུའི་ཨ་ཡིག་དེ་ཐབས་དང་ཕ་ལྟ་བུའི་གསལ་བྱེད་ལ་བརྟེན་ཅིང་རག་ལུས་པ་མཚོན་པའོ།།

 

༣༤༽ དྲི་བ། རྒྱ་གར་གྱི་དབྱངས་གསལ་སོ་བཞི་གང་དག་ཡིན་དང༌། དེ་དག་བོད་ཀྱི་ཡི་གེའི་གཟུགས་སུ་འབྲི་སྲོལ་མཛད་པ་པོ་སུ་ཡིན་ནམ།

ལན། རྒྱ་གར་གྱི་དབྱངས་བཅུ་དྲུག་ནི། ཨ་ཨཱ་ཨི་ཨིའ་ཨུ་ཨཱུ་རྀ་རྀའ་ལྀ་ལྀའ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སོ། །གསལ་བྱེད་སོ་བཞི་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ་རྣམས་སོ། །དེ་དག་བོད་ཀྱི་ཡི་གེའི་གཟུགས་སུ་པཌཎི་ཏས་རྟིང་དུ་བཅོས་སོ་ཞེས་དང༌། ཐོན་མིས་བོད་ཡིག་བརྩམས་ཞོར་དུ་མཛད་ཅེས་ཀྱང་གྲགས་སོ།།

 

༣༥༽ དྲི་བ། འཕགས་ཡུལ་གྱི་དབྱངས་གསལ་དང༌། བོད་ཀྱི་དབྱངས་གསལ་གཉིས་ལ་འདྲ་བའི་ཆ་དང༌། མི་འདྲ་བའི་ཆ་གང་དག་ཡོད་དམ།

ལན། ཨཱ་ལི་དབྱངས་དང༌། ཀཱ་ལི་གསལ་བྱེད་དེ་རྒྱ་བོད་ལ་དབྱངས་གསལ་གཉིས་རེ་ཡོད་པ་དང༌། དབྱངས་གསལ་གྱི་མིང་འདོགས་ཚུལ་མཚུངས་པ་ཡིན། མི་འདྲ་བའི་ཆ་ནི། འཕགས་བོད་གཉིས་དབྱངས་གསལ་གྱི་མཚན་ཉིད་མི་འདྲ་ཞིང༌། ཐོན་མིས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །ཅེས་པ་ལྟར་དབྱངས་གསལ་གྱི་གྲངས་ངེས་ཀྱང་མི་འདྲ་བ་ཡིན་ནོ།།

 

༣༦༽ དྲི་བ། སློབ་དཔོན་ཐོན་མི་སཾ་བྷོ་ཊས་ལེགས་སྦྱར་སྐད་ལ་མེད་པའི་བོད་ཡིག་ཐོག་ཐུན་མིན་གྱི་གསར་བཏོད་གང་དང་གང་ཞིག་གནང་ཡོད་དམ།

ལན། ཐོན་མིས་ལེགས་སྦྱར་གྱི་སྐད་ཡིག་ལ་མེད་པའི་རང་ལུགས་སུ་སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ་ཡི་རྣམ་གཞག་དང༌། སྔོན་འཇུག་རྣམས་ཀྱང་གང་ལ་འཇུག་པ་དང་མི་འཇུག་པའི་ཁྱད་པར་དང༌། ལེགས་སྦྱར་ལ་གསལ་བྱེད་གང་ཡིན་བརྩེགས་ཆོག་ཀྱང༌། བོད་སྐད་ལ་མི་འཚམ་པས་མགོ་ཅན་གསུམ་དང༌། འདོགས་ཅན་བཞི། ཡང་འཇུག་གཉིས་སོགས་ལེགས་པར་གཏན་ལ་ཕབ་བོ།།

 

༣༧༽ དྲི་བ། སྔགས་ལུགས་སུ་རྟེན་དང་བརྟེན་པར་བཅས་པའི་རྩ་བ་ཡི་གེ་ཡིན་ཚུལ་དང་ཡི་གེར་རྟེན་འབྲེལ་གྱི་གནད་ཚང་ཚུལ་ཇི་ལྟར་ཡིན་ནམ།

ལན། སྔགས་ཀྱི་སྐབས་སུ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཀྱི་རྩ་བ་ཡི་གེ་ལས་བྱས་པ་དང༌། འཕྲལ་ཕུགས་ཀྱི་རྒྱུ་རྐྱེན་དེ་དག་བསགས་པའམ་འདུས་པ་ལས་རང་འཛིན་རྣ་ཤེས་ཀྱི་ཡུལ་དུ་གསལ་བ་བཞིན། ཡི་གེ་རེ་རེ་བར་སོ་སོར་བརྗོད་པར་མི་ནུས་ཤིང༌། ཡི་གེ་གཉིས་སམ་གསུམ་འཕྲད་པ་ལས་བརྗོད་ནུས་པས་ན། འདིས་རྟེན་འབྲེལ་གྱི་གནད་དང་རྟེན་དང་བརྟེན་པ་བཅས་པའི་རྩ་བ་ཡིན་ནོ།།

 

༣༨༽ དྲི་བ། ལེགས་སྦྱར་གྱི་མིང་གི་རྣམ་དབྱེ་ཉེར་གཅིག་གང་དག་ཡིན་དང༌། དེ་དག་ལས་བོད་ཀྱི་རྣམ་དབྱེ་ལ་དོར་ལེན་ཇི་ལྟར་གནང་ཡོད་དམ།

ལན། ལེགས་སྦྱར་ལ་གཅིག་གཉིས་མང་པོའི་ཚིག་སྟེ་མིང་གི་རྣམ་དབྱེ་ཉེར་གཅིག་ལས་བོད་སྐད་ལ་མིང་གི་རྣམ་དབྱེ་བརྒྱད་ཁོ་ན་གཏན་འབེབ་དང༌། ལེགས་སྦྱར་ལ་ཚིག་ཕྲད་དང་རྐྱེན་མང་དག་ཞིག་ཡོད་ཀྱང༌། ཐོན་མིས་བོད་སྐད་ལ་མི་འཕྲོད་པ་ར་མགོ་ལུག་སྦྱར་མ་བྱས་པར་རང་སྐད་ལ་ཡོད་པའི་སླར་བསྡུ་དང༌། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། དགར་བསྣན་སོགས་གཏན་ལ་ཕབ་བོ།།

 

༣༩༽ དྲི་བ། བོད་ཡིག་ལ་ལེགས་སྦྱར་ལྟར་གྱི་སྲོག་ཅན་སྲོག་མེད་ཀྱི་རྣམ་གཞག་མ་མཛད་པའི་དགོས་པ་རྒྱུ་མཚན་གང་དང་གང་ཡིན་ནམ།

ལན། བོད་ཡིག་གི་ཕྱི་མོ་ལེགས་སྦྱར་གྱི་ཡི་གེ་ཡིན་ཡང་རྒྱ་བོད་ཀྱི་སྐད་ཆ་ཐམས་ཅད་ནས་མི་འདྲ་བས་བོད་ཡིག་ལ་སྔོན་རྗེས་མགོ་འདོགས་རྣམས་སྲོལ་གཏོད་ཅིང༌། མིང་མཐར་རྗེས་འཇུག་མ་ཞུགས་ན་དོན་མི་སྟོན་ལ། ཡིག་འབྲུ་རེ་བའམ་འཕུལ་རྟེན་མིང་གསུམ་མ་འདྲེས་པའི་ཆེད་བར་ཚེག་གི་རྣམ་གཞག་གསར་བཟོ་མཛད་པས་བོད་ཡིག་ལ་སྲོག་ཅན་དང་སྲོག་མེད་ཀྱི་རྣམ་གཞག་མ་མཛད་དོ།།

 

༤༠༽ དྲི་བ། འཐུག་པོ་དང༌། ལོག་པའི་ཡི་གེ་དེ་དག་ལ་མིང་ཇི་ལྟར་བཏགས་མིན་དང༌། ཀྵ་ཡིག་ལོག་ཡིག་ཡིན་མིན་རྒྱུ་མཚན་ཇི་ལྟར་ཡིན་ནམ།

ལན། འཐུག་པོའི་ཡི་གེ་ནི། གྷ་ཛྷ་ཌྷ་དྷ་བྷ་ལྔ་ཡིན་ཞིང༌། དེ་དག་ངག་ནས་བཀླགས་ན་སྒྲ་གདངས་འཐུག་པོ་ཞིག་གྲགས་པས་འཐུག་པོ་ཞེས་དང༌། ལོག་ཡིག་ལྔ་ནི། ཊ་ཋ་ཌ་ཌྷ་ཎ་དང༌། དེ་དག་གི་གཟུགས་རང་རེའི་ཏ་སྡེ་ལས་ལོག་པར་བྲིས་པས་ལོག་ཡིག་དང༌། ལེགས་སྦྱར་ལྟར་ན༑ ཀ་ཥ་ཡང་དག་པར་སྦྱར་བས་ཀྵའོ་ཞེས་འབྱུང་བས་ན་ཀྵ་ཡིག་དེ་ཉིད་ལོག་ཡིག་གི་གྲས་སུ་བཞག་པ་མི་འཐད་དོ།།

 

༤༡༽ དྲི་བ། འཐུག་པོ་ལྔ་དང༌། ལོག་པ་ལྔ། མཐར་ཟད་ཀྱི་ཀྵ་ཡིག་རྣམས་རྒྱལ་པོ་གང་གི་དུས་སུ་ལོ་ཙཱ་བ་སུ་ཞིག་གིས་གསར་དུ་བཟོས་སམ།

ལན། རྒྱལ་རབས་གསལ་མེར། ན་ལོག་ཤ་ལོག་ཐ་ལོག་བྱེད་པ་སོགས་ནི༑ སཾསྐྲྀ་ཏའི་སྐད་བོད་སྐད་དུ་གཟུངས་སྔགས་སུ་བསྒྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཌཎི་ཏ་དང༌། ལོ་ཙཱ་བ་རྣམས་ཀྱིས་རྟིང་དུ་བཅོས་སོ། །ཞེས་དང༌། ཐོན་མིའི་ཞལ་ལུང་ལས། ཐོན་མིས་བོད་ཡིག་བྱིངས་གཏན་ལ་ཕབ་དུས་འཐུག་པོ་ལྔ་དང་ལོག་པ་ལྔ་སོགས་ཞར་ལ་བཟོས་ཟིན་ཞེས་བཤད་ན་རིགས་ཞེས་གསུངས་སོ།།

 

༤༢༽ དྲི་བ། ཡི་གེའི་མཚན་ཉིད་གང་ཡིན་དང༌། དེ་དག་གི་འདོད་ཚུལ་གང་ཡིན་དང༌། རྒྱུ་མཚན་ཅིའི་ཕྱིར་ཡི་གེ་ཞེས་བརྗོད་པ་ཡིན་ནམ།

ལན། ཡི་གེའི་མཚན་ཉིད་ནི། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས། མཁས་འཇུག་ལས། སྒྲ་གང་ཞིག་འབྲུར་ཆགས་པ་ཞེས་དང༌། ཡོངས་གྲགས་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཡི་གེ་ཞེས་དང༌། དབྱངས་གསལ་གྱི་ཡི་གེ་རྣམས་སྐད་རིགས་མི་འདྲ་བའི་གང་ཟག་སུས་བརྗོད་ཀྱང་སྒྲ་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བས་ཨཀྵ་ར་འམ་ཡི་གེ་ཞེས་བྱ་བ་ཡིན་ནོ།།

 

༤༣༽ དྲི་བ། རང་རེའི་ཡི་གེ་ཞེས་པའི་སྐད་དོད་ལ་ལེགས་སྦྱར་ལྟར་ན་ཨཀྵར་དང༌། བྱཛཉན་དང༌། ཝརྞ་རྣམས་ཀྱི་དོན་གང་དག་ཡིན་ནམ།

ལན། གང་ཞིག་སྐད་ཀྱི་སྒྲ་གདངས་འབྲུར་ཆགས་པའི་ཡི་གེར་ཨཀྵར། བྱཛཉན། ཝརྞ་ཞེས་འབོད་ཅིང༌། ཨཀྵར་མི་འགྱུར་བའི་དོན་ཏེ། ཡི་གེའི་སྒྲ་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བ་དང༌། བྱཛཉན་གསལ་བྱེད་ཀྱི་དོན་ཏེ། བརྗོད་དོན་གང་ཡིན་ཡི་གེའི་ཚོགས་ལས་གསལ་བར་བྱེད་པའི་ཕྱིར་དང༌། ཝཎརྞ་ནུས་ལྡན་གྱི་དོན་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་ནུས་པ་མཐའ་དག་ཡི་གེར་ལྡན་པས་དེ་སྐད་དོ།།

 

༤༤༽ དྲི་བ། ཡི་གེའི་ངོ་བོ་དང་ངེས་ཚིག་གང་ཡིན་དང༌། རང་ལུགས་དང་ཁ་ཅིག་གིས་ཡི་གེ་རྟག་དངོས་གང་ཡིན་གྱི་འདོད་ཚུལ་ཇི་ལྟར་ཡིན།

ལན། ཡི་གེའི་ངོ་བོ་ནི། མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སོ། །ངེས་ཚིག་ནི། དབྱངས་གསལ་གྱི་ཡི་གེ་རྣམས་གང་ཟག་སུས་བརྗོད་ཀྱང་སྒྲའི་གདངས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བར་གནས་པས་ཡི་གེ་ཞེས་བྱའོ། །ཡི་གེའི་སྐད་དོད་ཨཀྵ་ར་འགྱུར་མེད་ལ་འཇུག་པས་རིག་བྱེད་པ་དག་གིས་ཡི་གེ་རྟག་པར་འདོད་ལ། རང་ལུགས་ནི་ཡི་གེའི་ངོ་བོ་སྐྱེ་འཇིག་བྱེད་པའི་མི་རྟག་པར་འདོད་དོ།།

 

༤༥༽ དྲི་བ། བོད་ཀྱི་ཡི་གེའི་རང་བཞིན་གང་ཡིན་དང༌། བོད་ཡིག་ལ་ཁྱད་ཆོས་གང་ཞིག་ཚང་ཡོད་པ་དང༌། ཁྱད་ཆོས་དེ་དག་གང་ཡིན་ནམ།

ལན། བོད་ཀྱི་ཡི་གེ་ནི་སྦྱོར་ཀློག་རང་བཞིན་གྱི་ཡི་གེ་དང༌། ཁྱད་ཆོས་ནི། དབྱངས་གསལ་གཉིས་དང་སྔོན་རྗེས་ཡང་གསུམ་དང༌། །མིང་གཞི་མེད་ཀྱང་ཆོག་པའི་ཝ་ཡིག་དང༌། །མགོ་གསུམ་འདོགས་བཞི་ཕོ་མོའི་རྟགས་དབྱེ་དང༌། །རྣམ་དབྱེ་བརྒྱད་དང་ཚིག་ཕྲད་རང་གཞན་གཉིས། །བདག་གཞན་དུས་གསུམ་ཚིག་ཟུར་བསྒྱུར་བས་ཐོན། །དབུ་ཤད་ཚེག་སོགས་བོད་ཀྱི་ལུགས་ལ་ལྡན། །ཞེས་སོ།།

 

༤༦༽ དྲི་བ། བོད་དང་བོད་ཆེན་པོའི་ཁྱོན་ལ་སྤྱོད་དུ་འཚམ་པའི་བོད་ཡིག་འདིར་ཡི་གེ་སྤྱི་ཡི་ཁྱད་ཆོས་དང་ཐུན་མིན་གྱི་ཁྱད་ཆོས་གང་ཚང་ངམ།

ལན། དེ་ཡང་སྔོན་རྗེས་ཡང་གསུམ་དང༌། མགོ་འདོགས་བརྩེགས་གསུམ། དབྱངས་གསལ་སོགས་གཟུགས་ཀྱི་ཉམས་འགྱུར་ཅིར་ཡང་སྟོན་གྱུར་ཀྱང༌། བྱ་དངོས་རེ་རེར་གཟུགས་བཅོས་མི་དགོས་པར་ངོ་བོ་དབྱངས་གསལ་སོ་བཞིར་ངེས་པས། དེ་ཕྱིར་འདྲི་བདེ་ཞིང་གསར་བུས་ཤེས་སླ་བ༑ ལེགས་སྦྱར་ཇི་བཞིན་བསྒྱུར་ཐུབ་པ་སོགས་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་གངས་ཅན་གྱི་ཡི་གེར་ཚང་ངོ༌།།

 

༤༧༽ དྲི་བ། ཡི་གེ་ཞེས་པའི་མིང་ཚིག་དེ་འདོད་རྒྱལ་དང་རྗེས་འགྲུབ་གང་ཡིན་དང༌། མིང་དེར་སྒྲ་བཤད་ཡོད་མེད་ཡོད་ན་ཇི་ལྟར་ཡིན་ནམ།

ལན། སྔོན་གྱི་མཁས་པ་ཕལ་མོ་ཆེས་ཡི་གེ་ཞེས་པའི་མིང་ཚིག་དེ་ཉིད་འདོད་རྒྱལ་གྱི་མིང་དུ་ངོས་བཞེད་དང༌། གསེར་ཏོག་སུམ་རྟགས་ལས། དག་པའི་འཁོར་ཚོགས་རྒྱ་མཚོ་ལ་གཞི་དོན་དམ་པ་ཡིྃ་དང༌། ཀུན་རྫོབ་རིག་པའི་གེྃ་དང༌། བདེན་གཉིས་དབྱེར་མེད་པའི་ལྷན་སྐྱེས་ཡེ་ཤེས་ལ་ཡིྃ་གེ་ྃཞེས་པའི་བརྡ་ཙམ་གྱིས་སྨྲ་བསམ་བརྗོད་ལས་འདས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞེས་གསུངས་སོ།།

 

༤༨༽ དྲི་བ། བོད་ཀྱི་ཡི་གེ་དང་ཡིག་གཟུགས་གཉིས་ལ་མི་འདྲ་བའི་ཁྱད་པར་དང༌། དེ་གཉིས་ལ་དངོས་དང་བཏགས་པ་བའི་ཁྱད་པར་གང་ཡོད་དམ།

ལན། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ནི་ཡི་གེ་དངོས་དང༌། དེ་ནི་རྣ་ཤེས་ཀྱི་མཉན་བྱ་ཡིན་ལ། སྐད་ཀྱི་གདངས་མཚོན་པར་བྱེད་པའི་རི་མོ་དེ་ལ་ཡིག་གཟུགས་དང༌། དེ་ནི་ཡི་གེ་བཏགས་པ་བ་ཡིན། དེ་ནི་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་དེ་གཉིས་མིག་རྣའི་སྤྱོད་ཡུལ་སོ་སོ་བ་ཡིན་པས་ཡི་གེ་དང་ཡིག་གཟུགས་གཉིས་བསྲེ་མི་རུང་ཞིང་དེ་གཉིས་འགལ་ལོ།།

 

༤༩༽ དྲི་བ། གང་འདྲ་ཞིག་ལ་ཡིག་གཟུགས་བརྗོད་པ་དང༌། ཐོན་མིས་བོད་ཀྱི་ཡི་གེ་དང༌། ཡིག་གཟུགས་གཉིས་ལས་གང་བཟོས་སམ།

ལན། སྤྱིར་ཡི་གེ་ལ་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་སྐད་ཀྱི་གདངས་ཀྱི་ཡི་གེ་ནི་ཡི་གེ་དངོས་དང༌། གདངས་དེ་མཚོན་བྱེད་ཀྱི་གཟུགས་དབྱིབས་ཀྱི་ཡི་གེ་ནི་ཡི་གེའི་གཟུགས་བརྙན་ཡིན། དཔེར་ན་ཀ་ཞེས་པའི་སྒྲ་གདངས་མཚོན་བྱེད་དུ་ ཀ འདི་ལྟ་བུའི་ཡིག་གཟུགས་གཏན་ལ་ཕབ་པ་ལྟ་བུས་མཚོན་ཐོན་མི་སཾ་བྷོ་ཊས་བོད་ཡིག་བཏགས་པ་བའམ་ཡིག་གཟུགས་གསར་དུ་བསྐྲུན་ཏོ།།

 

༥༠༽ དྲི་བ། བོད་ཀྱི་ཡི་གེ་ལ་འབྲི་རུང་བའི་ཡི་གེ་གྲངས་ཇི་ཙམ་ཡོད་པ་དང༌། དེ་དག་ལ་མཁས་པའི་བཞེད་པ་མི་འདྲ་བ་གང་དག་ཡོད་དམ།

ལན། རྗེ་བཙུན་བསོད་ནམས་རྩེ་མོས། ཡི་གེའི་གྲངས་ནི་མདོར་བསྡུས་ན༑ ༑ཁྲི་ཁྲག་གཅིག་དང་སྟོང་ཕྲག་བརྒྱད། །བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན། །ཞེས་དང༌། རྡོ་རྗེ་རྒྱལ་པོས་བྲིས་པའི་ཡི་གེའི་ཐོབ་ཐང་དུ་བརྩིས་པ་ལྟར་ན། ༡༧༥༣༢ ཡོད་ཅིང༌། བརྡ་སྤྲོད་ཉམས་སྣང་ལས། བོད་ཡིག་འབྲི་ཆོག་པའི་གྲངས་ནི། ༡༨༦༥༢ དང༌། ཉེར་བར་མཁོ་བའི་ཡི་གེ་གྲངས། ༨༠༠༠ ཙམ་དུ་བཞེད་དོ།།

 

༥༡༽ དྲི་བ། བོད་ཡིག་གི་ལྡང་ཚད་དམ་ཡུན་ཚད་ཇི་ལྟར་ཡིན་དང༌། ཡུན་ཚད་དེ་ཉིད་སྐོར་ཚད་མ་རྣམ་འགྲེལ་ལས་ཇི་ལྟར་གསུངས་ཡོད་དམ།

ལན། ཡི་གེ་ནི་བརྗོད་འདོད་དབང་གིས་རླུང་གཡོས། དེ་ལས་ཡི་གེའི་གདངས་སྐྱེ། དེ་ཉིད་མིག་འཛུམ་གཅིག་གི་ཡུན་ཚད་ཅན་ལ་ཐུང་ངུ་དང༌། གཉིས་ཀྱི་ཡུན་ཚད་ཅན་ལ་རིང་པོ་དང༌། གསུམ་གྱི་ཡུན་ཚད་ཅན་ལ་ཤིན་ཏུ་རིང་པོའི་ཐ་སྙད་སྦྱར་བ་ཡིན་ལ། ཚད་མ་རྣམ་འགྲེལ་ལས་ཇི་སྐད་དུ། ཡི་གེ་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམ་ཙམ་དུ་གནས་པ་ཡིན། །ཞེས་གསུངས་སོ།།

 

༥༢༽ དྲི་བ། བོད་ཀྱི་ཡི་གེ་ནི་སྒྲ་དང༌། གཟུགས། དོན་གསུམ་ལས་གང་ཡིན་དང༌། དེ་དག་གི་མཚོན་ཚུལ་སོགས་གོ་རིམ་ཇི་ལྟར་ཡིན་ནམ།

ལན། བོད་ཀྱི་ཡི་གེ་ནི། སྒྲ་གཟུགས་དོན་གསུམ་འདུས་པའི་བདག་ཉིད་ཅན་ཡིན་ཏེ། དོན་མཚོན་བྱེད་སྒྲ་དང༌། སྒྲ་མཚོན་བྱེད་གཟུགས།  གཟུགས་མཚོན་བྱེད་ཡི་གེ་བཅས་ཁྱད་ཆོས་གསུམ་ལྡན་ཡིན་ཞིང༌། གཟུགས་ལས་སྒྲ་མཚོན་ཞིང༌། སྒྲ་ལས་དོན་གོ་བས་ན། དཀའ་གསལ་མེ་ལོང་ལས། སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས།།

ཞེས་གསུངས་སོ།།

 

༥༣༽ དྲི་བ། བཟོ་ལ་རྣམ་གྲངས་ཇི་ཡོད་དང༌། དེ་དག་ལས་ཡི་གེ་ནི་གང་གི་ཁོངས་ཡིན་པ་དང༌། ཡི་གེ་ལ་རྫས་རིགས་ག་ཚོད་འདུས་ཡོད་དམ།

ལན། དེ་ཡང་བཟོ་ལ་དབྱེ་ན། ལུས་ཀྱི་བཟོ་དང༌། ངག་གི་བཟོ། ཡིད་ཀྱི་བཟོ་དང་གསུམ་དུ་ཡོད་ལ། ཡི་གེ་ནི་ངག་གི་བཟོའི་ཁོངས་ཡིན་ཞིང༌། འདིར་བཟོ་ལ་རྣམ་གྲངས་གསུམ་དུ་ཡོད་པ་ལས་ངག་གི་བཟོའི་དབང་དུ་བྱས་ནས། ཡི་གེ་དང་ཡི་གེའི་རྟེན་གཞི། འབྱུང་བ་བཞི་དང༌། འབྱུང་འགྱུར་བཞིའི་ཐོག་རང་ཉིད་བསྣོན་པའི་རྫས་རིགས་མི་འདྲ་བ་དགུ་འདུས་པའི་བདག་ཉིད་ཅན་ཡིན་ནོ།།

 

༥༤༽ དྲི་བ། ཐོན་མིས་སུམ་ཅུ་པའི་སྐབས་སུ་བསླབ་ཚུལ་གོ་རིམ་ལ་འདོམས་ཚུལ་གསུངས་པ་ཇི་བཞིན་ཡི་གེ་སློབ་པའི་གོ་རིམ་ཇི་ལྟར་ཡིན་ནམ།

ལན། ཐོག་མར་ཀ་ཁ་སློབ་སྐབས་ནས་ཡི་གེ་རེ་རེའི་སྐྱེ་གནས་བྱེད་རྩོལ་དང་བཅས་པ་ཀློག་ཟུར་ཕྱིན་པ་སྦྱོང་དགོས་ལ། དེ་ནས་རིམ་བཞིན་ཀ་སོགས་ལ་དབྱངས་ལྡན་རྣམས་དང༌། མགོ་ཅན། འདོགས་ཅན། སུམ་བརྩེགས་ཅན་རྣམས་ཀློག་ལེགས་པར་ཕྱིན་ན། སྔོན་རྗེས་འཇུག་པ་དང༌། ཡང་འཇུག་རྣམས་རིམ་བཞིན་སྦྱར་ཏེ་ཀློག་ཟུར་ཐོན་པར་སྦྱོང་དགོས་པ་ནི་སྐབས་དོན་གྱི་གཙོ་བོ་ལགས་སོ།།

 

༥༥༽ དྲི་བ། གང་འདྲ་ཞིག་ལ་སྒྲ་རིག་པ་ཞེས་ཟེར་བ་དང༌། འཕགས་བོད་གཉིས་ལ་ཆ་མཚོན་ན་སྒྲ་རིག་པའི་གཞུང་གང་དང་གང་ཡོད་དམ།

ལན། འཇིག་རྟེན་གྱི་སྐད་རིགས་མི་འདྲ་བའི་ཡུལ་སོ་སོའི་མིང་ཚིག་བརྗོད་པ་གསུམ་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་ཚིག་ཕྲད་སོགས་སྦྱར་ནས་བརྗོད་དོན་བརྡ་སྤྲོད་པར་བྱེད་པའི་གཞུང་ཞིག་ལ་རང་རང་ལུགས་ཀྱི་སྒྲ་རིག་པ་ཞེས་ཟེར་བ་དང༌། སྒྲ་ནི་བརྡ་སྤྲོད་པའི་བསྟན་བཅོས་ཏེ། རྒྱ་གར་ལ་མཚོན་ན་ཀ་ཙན་དབྱངས་གསུམ་ལྟ་བུ་དང༌། བོད་ལ་མཚོན་ན་སུམ་རྟགས་དག་གསུམ་བོད་ཀྱི་སྒྲ་རིག་པའི་གཞུང་ཡིན་ནོ།།

 

༥༦༽ དྲི་བ། བོད་ཀྱི་སྒྲ་རིག་པའི་གཞུང་ངམ་སྦྱང་དགོས་པའི་གཞུང་གསུམ་གང་དང་གང་ཡིན་དང༌། དེ་དག་གི་བརྗོད་བྱ་གང་ཡིན་ནམ།

ལན། བོད་ཀྱི་སྒྲ་རིག་པའི་གཞུང་ངམ་སྦྱང་དགོས་པའི་གཞུང་གསུམ་ནི༑ ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང༌། ལུང་སྟོན་པ་རྟགས་ཀྱི་འཇུག་པ༑ དག་ཡིག་གི་གཞུང་གསུམ་ཡིན་ལ། མིང་གི་ཚོགས་ལ་མི་རྨོངས་པར་བྱེད་པ་དག་ཡིག་གི་གཞུང་དང༌། ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་སུམ་ཅུ་པའི་གཞུང༌། བྱ་བའི་ཚིག་གི་ཚོགས་ལ་མི་རྨོངས་པར་བྱེད་པ་རྟགས་འཇུག་གི་གཞུང་དང་གསུམ་མོ།།

 

༥༧༽ དྲི་བ། བོད་ལ་སྔ་བར་གྲགས་པའི་དག་ཡིག་གང་དག་ཡིན། སྤྱིར་དག་ཡྀག་གི་གོ་དོན་དང༌། དག་བྱེད་རྣམ་གསུམ་གང་དག་ཡིན་ནམ།

ལན། སྤྱིར་བོད་ཀྱི་མིང་བརྡའི་རྨོངས་མུན་སེལ་བྱེད་ཀྱི་གཞུང་ལ་དག་ཡིག་དང༌། བོད་ལ་སྔ་བར་གྲགས་པའི་དག་ཡིག་ནི། སྐ་ཅོག་ཞང་གསུམ་གྱི་སྒྲ་བསྒྱུར་བམ་གཉིས་དང༌། བྱེ་བྲག་རྟོགས་བྱེད་ཆེན་མོ། ཆོས་ཀྱི་རྣམ་གྲངས་ཚིག་མཛོད་སོགས་ཡིན་ལ། དག་བྱེད་རྣམ་གསུམ་ནི་མིང་དག་པར་བྱེད་པ་དག་ཡིག ཚིག་ཕྲད་དག་པར་བྱེད་པ་སུམ་ཅུ་པ། བྱ་ཚིག་དག་པར་བྱེད་པ་རྟགས་འཇུག་དང་གསུམ་མོ།།

 

༥༨༽ དྲི་བ། སུམ་རྟགས་ཀྱི་བཀས་བཅད་རིམ་པ་གསུམ་གང་དག་ཡིན་དང༌། དེའི་སྐབས་གང་དང་གང་ཞིག་བཀས་གསར་བཅད་བྱས་སམ།

ལན། ཁྲི་སྲོང་ནས་ཁྲི་རལ་ཡན་ཆད་དུ་སྐ་ཅོག་ཞང་གསུམ་སོགས་ཀྱིས་བཀས་བཅད་ལན་གཉིས་བྱས་པ་སྟེ། བཀས་བཅད་དང་པོར་འ་མཐའ་སྤངས་པ་དང༌། བཀས་བཅད་གཉིས་པར་ད་དྲག་སྤངས་ཤིང༌། གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ལོ་ཙཱ་བ་དྷརྨ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་རྡ་གསར་རྙིང་གི་རྣམ་གཞག་བཅས་བཀས་བཅད་རྣམ་པ་གསུམ་བྱས་པའོ།།

 

༥༩༽ དྲི་བ། སྔོན་གྱི་ཡིག་རྙིང་ལས་གསར་དུ་བཟོས་པའི་ཡི་གེ་དྲུག་པོ་ཡུལ་དྲུག་གི་མིང་ཟུར་ལས་རྙེད་ཅེས་པའི་ཡུལ་དྲུག་དེ་གང་དག་ཡིན་ནམ།

ལན། མར་པ་ལོ་ཙཱའི་སྐུ་དུས་སུ་བྲིས་ངེས་པའི་སྔོན་གྱི་ཡིག་རྙིང་ཞིག་ཏུ་ཡི་གེ་དེ་དྲུག་ཡུལ་དྲུག་གི་མིང་ཟུར་ལས་རྙེད་པར་བཤད་དེ། ཅ་ནི་གན་ཅག་མིང་ཟུར་ལས་རྙེད། དེ་བཞིན་དུ་ཆ་ནི་གུགས་ཆོག་ལས་རྙེད། ཇ་ནི་ཐེ་རང་ཇ་གྲོང་ལས་རྙེད། ཞ་ནི་ཞང་ཞུང་ལས་རྙེད། ཟ་ནི་ཟ་ཧོར་ལས་རྙེད། འ་ནི་འ་ཞ་ལས་རྙེད་ཅེས་འཁོད་སྣང་སྟེ་ད་ལྟ་འདི་འདྲའི་ཡིག་རྙིང་ལག་ཏུ་ཆུད་དཀའ་ཞེས་གསུངས་སོ།།

 

༦༠༽ དྲི་བ། ཅ་སོགས་རྒྱ་གར་ལ་མེད་པའི་བོད་ཡིག་དྲུག་པོ་སློབ་དཔོན་ཐོན་མི་སཾ་བྷོ་ཊས་གསར་བཟོ་མཛད་སྐབས་ཚུལ་ཇི་ལྟར་རྙེད་པ་ཡིན་ནམ།

ལན། ཐོན་མིས་ཡི་གེ་གསར་བཟོ་མཛད་སྐབས་བོད་སྐད་དང་མཐུན་པའི་ཡི་གེ་འགའ་ཕྱག་ཐོགས་པ་ལ་ལམ་དུ་འགྲོན་པོ་ཞིག་དང་ཕྲད་ཏེ་གཏམ་འཕྲོས་མཛད་པར། སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་བྱས་པར་ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས་ཟ་ཧོར་དུ་འགྲོ་ཟེར། གང་གི་དོན་དུ་འགྲོ་བྱས་པར་ཇ་ཉོ་རུ་འགྲོ་ཟེར། ནམ་སླེབས་བྱས་པས་ཅི་ཆ་ཟེར། དེ་ལྟའི་མིའི་སྐད་ལ་དཔྱད་དེ་ཡིག་དྲུག་གསར་དུ་རྙེད་སྐད་དོ།།

 

༦༡༽ དྲི་བ། སློབ་དཔོན་ཐོན་མི་སཾ་བྷོ་ཊས་རྒྱ་གར་ལ་མེད་པའི་ཡི་གེ་གསར་པ་དྲུག་སྣོན་དགོས་པའི་རྒྱུ་རྐྱེན་གང་ཞིག་འཕྲད་པ་ཡིན་ནམ།

ལན། བོད་སྐད་དང་མཐུན་པའི་མིང་དང་ཐ་སྙད་རྒྱུགས་ཆེ་བའི་ཁྲོད་དུ་ཅི་ཙམ་དང༌། ཆ་བྱད། ཇི་བཞིན། ས་ཞིང༌། ཟ་ཟེད། འ་འུར་སོགས་རྐྱང་ཡིག་གི་སྒྲ་ལྡན་དང༌། གཅིག་དང༌། མཚན། འཇིགས། གཞོན། བཟུང་སོགས་འཕུལ་ཅན་གྱི་སྒྲ་ལྡན་རྣམས་ཀྱི་མིང་གཞིའི་ཡི་གེ་རྣམས་ཀྱི་སྒྲ་གདངས་ཇི་བཞིན་ཐོན་པ་ཞིག་རྒྱ་གར་གྱི་གསལ་བྱེད་སོ་བཞིའི་གྲས་སུ་མ་བྱུང་བས་གསར་དུ་བཟོ་དགོས་པ་བྱུང་ངོ༌།།

 

༦༢༽ དྲི་བ། དུས་ཕྱིས་སུ་བཟོས་པའི་ཧཕ་ཡིག་དེ་རྒྱལ་རབས་གང་གི་དུས་སུ་གསར་དུ་བཟོས་པ་དང༌། བཟོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ཧཕ་ཡིག་ནི་རང་རེས་རྒྱ་སྐད་ཀྱི་གདངས་ཐོན་པའི་སླད་དུ་ཧ་ལ་ཕ་བཏགས་པའི་ཧཕ་ཞེས་བྱ་བའི་ཡི་གེ་དེ་རྒྱལ་དབང་ལྔ་པའི་སྐུ་དུས་སུ་བཟོས་པར་གུང་ལོ་ཆེན་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་བཤད་དོ། །དེ་ཡང༌། བོད་ཡིག་གི་ང་ཛ་ཝ་ཞ་ཟ་ར་ཤ་སོགས་རྒྱ་ཡིག་གི་གདངས་ལ་འབྲི་ཐབས་མེད་ལ། རྒྱ་སྐད་ཀྱི་སྐད་གདངས་བོད་སྐད་ཐོག་ཇི་བཞིན་ཐོན་པའི་ཆེད་དུ་བཟོས་པར་གྲགས་སོ།།

 

༦༣༽ དྲི་བ། ཐོན་མིས་སུམ་རྟགས་ཀྱི་གཞུང་བརྩམས་རྗེས་སུམ་རྟགས་གཉིས་ཀྱི་ཁོངས་སུ་མེད་ཅིང་གསར་དུ་བཟོས་པའི་ཡི་གེ་གང་དག་ཡོད་དམ།

ལན། རྒྱ་ནག་གི་སྐད་དང༌། སོག་སྐད་སོགས་བརྗོད་བདེ་བའི་ཆེད་དུ་ཐོན་མིའི་སྐབས་ཀྱི་སུམ་རྟགས་དག་གསུམ་གྱི་གཞུང་ནང་མེད་པའི་བོད་ཀྱི་ཡི་གེ་གསར་པ། དཔེར་ན། ཧཕ། ཧཕུ། ལ། ཤ བཞྭན་ལ་སོགས་པ་སྔོན་གྱི་དེབ་ཐེར་དང་སྨན་ཡིག་སོགས་སུ་ཡོད་པ་རྣམས་ཕྱིས་སུ་བཟོས་ཤིང༌། བོད་ཡིག་འདི་སྦྱོར་ཀློག་ཅན་ཡིན་གཤིས་མི་རིགས་སོ་སོའི་སྐད་རྣམས་བོད་ཡིག་གི་ཐོག་ནས་བྲིས་ཆོག་གོ།

 

༦༤༽ དྲི་བ། བོད་ཀྱི་སྐད་ཡིག་གཉིས་བྱུང་སྔ་ཕྱི་དང༌། སྐད་ཡིག་གཉིས་གཙོ་ཆེ་ཆུང་དང༌། གང་གིས་གང་ལ་བལྟོས་དགོས་མིན་ཇི་ལྟར་ཡིན་ནམ།

ལན། བོད་ཀྱི་བརྡ་སྤྲོད་གཞུང་ཐོག་མར་བཟོ་སྐབས་བོད་རང་གི་སྐད་ལ་གཞིར་བཞག་ནས་བཟོས་པ་ཡིན་པས་བོད་སྐད་ལ་མ་བརྟེན་པའི་བོད་ཡིག་ཅིག་མེད་ལ། བོད་ཡིག་གི་ཕྱི་མོ་ཡང་བོད་སྐད་ཡིན་པའི་གོ་རིམ་འདིའང་རྟོགས་དགོས་ཤིང༌། བོད་ཡིག་བཟོ་སྐབས་བོད་སྐད་ལ་བརྟེན་ནས་ཡི་གེ་བཟོས་པས་ན་གཙོ་བོ་སྐད་ཡིན་མོད། ཡི་གེ་བཟོས་རྗེས་སྐད་ཀྱིས་ཡི་གེར་ངེས་པར་དུ་བསྟུན་དགོས་པ་ཡིན་ནོ།།

 

༦༥༽ དྲི་བ། ཐོན་མིའི་ཞལ་ལུང་ལས་སྒྲ་རིག་དང་བོད་བརྡ་གཉིས་ཀར་ཁོ་བའི་བསྟན་བཅོས་འགའ་ཞེས་པ་གང་ཡིན་དང་རྩོམ་པ་པོ་སུ་ཡིན་ནམ།

ལན། བསྟན་འགྱུར་གྱི་སྒྲ་རིག་པའི་སྡེ་ཚན་གྱི་གཤམ་དུ་བཞུགས་པའི་དག་ཡིག་དྲན་པའི་ཡེ་ཤེས་གྲགས་པའི་སྨྲ་སྒོ་མཚོན་ཆ་རྩ་འགྲེལ་དང༌། བསྟན་འགྱུར་གྱི་སྣ་ཚོགས་ཁྲོད་དུ་བཞུགས་པའི་ཁྱི་ལྕེ་འབྲུག་གི་གནས་བརྒྱད་ཆེན་མོ་རྩ་འགྲེལ། དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས་མཛད་པའི་ཚོགས་གསུམ་གསལ་བ། བསོད་ནམས་རྩེ་མོའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་རྩ་འགྲེལ་དང་བཞིའོ།།

 

༦༦༽ དྲི་བ། བོད་ཀྱི་ཐུན་མིན་རིག་གཞུང་གི་བརྗོད་དོན་མི་འཁྲུག་པའི་ཆེད་གདབ་པའི་གླེགས་བམ་གྱི་རྒྱ་རིམ་པ་བདུན་ཞེས་པ་གང་དག་ཡིན་ནམ།

ལན། གླེགས་བམ་གྱི་རྒྱ་རིམ་པ་བདུན་ནི་འདི་ལྟ་སྟེ། དོན་མི་འཁྲུགས་པ་ཚེག་གི་རྒྱ་དང༌། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། བམ་པོ་མི་འཁྲུགས་པ་བམ་པོའི་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། པོ་ཏིའམ་གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་དང་བཅས་རྒྱ་རིམ་པ་བདུན་རྣམས་ཡིན་ནོ།།

 

༦༧༽ དྲི་བ། བཀའ་བསྟན་གྱི་དབུར་རྒྱ་གར་སྐད་དུ་ཞེས་དང༌། འགྱུར་ཕྱག་དང༌། ཤོ་ལོ་ཀ བམ་གྲངས་སོགས་དུས་ནམ་དར་བ་ཡིན་ནམ།

ལན། སྤྱིར་བོད་དུ་གཞུང་ལུགས་བསྒྱུར་བ་རྣམས་ལ་རྒྱ་གར་སྐད་དང༌། འགྱུར་ཕྱག་དང༌། ཤོ་ལོ་ཀ་དང༌། བམ་པོའི་གྲངས་ཚད་འགོད་པ་སོགས་ཀྱི་སྲོལ་ནི་སྲོང་བཙན་སྒམ་པོའི་སྐུ་དུས་དང་ཐོན་མི་སཾ་བྷོ་ཊའི་རྗེས་ཀྱི་རྒྱལ་རབས་ལྔ་པ་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐུ་རིང་གི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་རྒྱལ་བའི་གསུང་རབ་རྒྱ་ཆེར་བསྒྱུར་བའི་ཚེ་བཀས་བཅད་པ་ལ་བརྟེན་ནས་བྱུང་ངོ༌།།

 

༦༨༽ དྲི་བ། བཀའ་བསྟན་རྣམས་ཀྱི་དབུར་རྒྱ་གར་སྐད་དང༌། འགྱུར་ཕྱག་འགོད་པ་སོགས་བོད་ཀྱི་ཐུན་མིན་གྱི་ལུགས་ཡིན་ནམ་མིན།

ལན། རྒྱ་ནག་གི་བསྟན་བཅོས་རྣམས་ལ་འགྱུར་ཕྱག་གི་དོད་དུ་ལོ་ཙཱ་བའི་མཚན་རྣམས་འགོད་པ་ལས་རྒྱ་གར་སྐད་དང༌། འགྱུར་ཕྱག བམ་གྲངས་འགོད་པ་སོགས་ཀྱི་ལུགས་སྲོལ་མེད་ཅིང༌། དེ་དག་ནི་བོད་གངས་ཅན་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སུ་སྣང་ལ། དེ་བཞིན་རྒྱ་ནག་གི་འགྱུར་བྱ་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་ངོ༌།།

 

༦༩༽ དྲི་བ། འགྱུར་ཕྱག་ཐོག་མར་སུས་སྲོལ་གཏོད་པ་དང༌། འགྱུར་ཕྱག་གི་ཕན་ཡོན་དང་འགྱུར་ཕྱག་ཡོད་ན་འགྱུར་གཞུང་ཡིན་པས་ཨེ་ཁྱབ།

ལན། འགྱུར་ཕྱག་གི་སྲོལ་ཐོག་མར་ལོ་ཙཱ་བ་ཐོན་མིས་བཏོད་ཅིང༌། འགྱུར་ཕྱག་གིས་འགྱུར་མཐར་ཕྱིན་པ་དང་འགྱུར་ལ་གེགས་བར་མེད་པའི་ཕན་ཡོན་ཡོད་ལ། འགྱུར་ཕྱག་ཡོད་ན་འགྱུར་གཞུང་ཡིན་པས་མ་ཁྱབ་སྟེ། སུམ་རྟགས་ཀྱི་དབུར་འགྱུར་ཕྱག་ཡོད་ཀྱང་དེ་དག་སྡེ་སྣོད་གསུམ་གང་གི་ཁོངས་གཏོགས་ཡིན་མིན་ཤེས་ཕྱིར་ཕྱིས་སུ་ལོ་ཙཱ་བས་བར་དུ་བཅུག་པ་ལས་བསྒྱུར་བྱའི་གཞུང་རང་ན་མེད་པས་སོ།།

 

༧༠༽ དྲི་བ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་བོད་ཀྱི་ཡི་གེའམ་ཡི་གེའི་བཤད་པ་མ་ཆོས་བཅུ་གསུམ་ཞེས་པ་དེ་གང་དག་ཡིན་ནམ།

ལན། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་གདངས་ཀྱི་ཡི་གེར་དབྱེ་ན། སྲོག་གི་ཡི་གེ་དང༌། རྐྱེན་གྱི་ཡི་གེ ཕ་མ་བུ་ཚའི་ཡི་གེ ཕོ་མོ་མ་ནིང་གི་ཡི་གེ། སྒྲའི་ང་རོའི་དབྱེ་བ། ང་རོའི་འདྲེན་ཚུལ། ཡི་གེའྀ་སྐྱེ་གནས་ཀྱི་ཁྱད་པར། རྐྱང་པའི་ཡི་གེ འདོགས་ཅན་གྱི་ཡི་གེ མགོ་ཅན་གྱི་ཡི་གེ ཁྱབ་ཆེ་ཆུང་གི་ཡི་གེ རྗེས་སུ་འཇུག་པའི་ཡི་གེ སླར་ཡང་འཇུག་པའི་ཡི་གེ་བཤད་པ་དང་བཅུ་གསུམ་མོ།།

 

༧༡༽ དྲི་བ། བརྡ་སྤྲོད་པའི་གཞུང་ལས་བོད་ཡིག་གི་སྲོག་དང་རྐྱེན་གྱི་ཡི་གེ་སོགས་རིགས་བཅུ་བཞི་བཤད་པ་རྣམས་གང་དག་ཡིན་ནམ།

ལན། དེ་ཡང༌། དབྱངས། ༼ཨ༽ གི་གུ ཞབས་ཀྱུ། འགྲེང་བུ། ན་རོ། ཚེག ༼་༽  དབུ་ཁྱུད། ༼༄༅༽  ཆིག་ཤད། ༼།༽ ཉིས་ཤད། ༼།།༽ བཞི་ཤད། ༼།།  །།༽ རིན་ཆེན་སྤུངས་ཤད། ༼༑༽ སྦྲུལ་ཤད། ༼༈༽ འཕུར་ཤད། ༼།༽ གཏེར་ཚེག ༼༔༽ རྣམས་ཡིན་ལ༑ ཚེག་དང་དབྱངས་རྣམས་སྲོག་གི་ཡི་གེ་དང༌། དབུ་ཤད་གཉིས་རྐྱེན་གྱི་ཡི་གེའོ།།

 

༧༢༽ དྲི་བ། གང་འདྲ་ཞིག་ལ་སྲོག་གི་ཡི་གེ་ཞེས་བརྗོད་པ་དང༌། སྲོག་གི་ཡི་གེར་གྲངས་ཇི་ཡོད། འདོད་ཚུལ་མི་འདྲ་བ་གང་དག་ཡོད་དམ།

ལན། སྲོག་ཅེས་ཡི་གེ་རྣམས་སྲོག་ཏུ་ཞུགས་པའི་དོན་མིན་པར་མིང་ཚིག་གིས་ཤེས་བྱ་མ་ལུས་པ་བརྗོད་པ་གསལ་བར་བྱེད་པའི་ནུས་པ་སྟེར་བའི་ཆ་ནས་སྲོག་དང་འདྲ་བས་སྲོག་གི་ཡི་གེ་ཞེས་བྱ་ཞིང༌། སྤྱིར་སྲོག་གི་ཡི་གེར་དབྱངས་བཞི་དང་ཚེག་བཅས་ལྔ་རུ་བཞེད་པ་དང༌། གསེར་ཏོག་སུམ་རྟགས་སུ་དབྱངས་ཨ་དང་ཡན་ལག་གི་གུ་སོགས་བཞི་དང༌། ཚེག་བཅས་སྲོག་གི་ཡི་གེ་དྲུག་ཏུ་བཞེད་དོ།།

 

༧༣༽ དྲི་བ། ཅིའི་ཕྱིར་དབྱངས་བཞི་དང་ཚེག་སོགས་ལ་སྲོག་གི་ཡི་གེ་ཞེས་བརྗོད་པ་དང༌། བོད་ཡིག་ལ་ཚེག་མེད་ན་སྐྱོན་གང་དག་ཡོད་དམ།

ལན། དབྱངས་རྣམས་གསལ་བྱེད་སུམ་ཅུར་ཞུགས་ནས་དོན་སྟོན་དགོས་པ་ལས་རང་ཚུགས་སུ་བརྗོད་དུ་མེད། དབྱངས་མེད་ན་གསལ་བྱེད་ཁོ་ནས་མིང་ཚིག་བརྗོད་པ་ཀུན་ལ་མ་ཁྱབ་ལ། ཁྱབ་པར་དབྱངས་བཞི་ངེས་པར་དགོས་ཤིང༌། ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ། ཚེག་ཁྱིམ་མེད་ན་སྔོན་རྗེས་མིང་གསུམ་འདྲེས་ཏེ་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་ཤིང་སྲོག་དང་འདྲ་བས་དེ་སྐད་ཅེས་བྱའོ།།

 

༧༤༽ དྲི་བ། གང་འདྲ་ཞིག་ལ་རྐྱེན་གྱི་ཡི་གེ་ཞེས་བྱ་བ་དང༌། རྐྱེན་གྱི་ཡི་གེར་དབྱེ་ན་ཇི་ཡོད་དང༌། མིང་གི་རྣམ་གྲངས་ཇི་ལྟར་ཡིན་ནམ།

ལན། ཐོག་མར་འབྲི་བའི་དབུ་ཁྱུད་དང༌། མཐའ་མར་འབྲི་བའི་ཤད་གཉིས་ལ་རྐྱེན་གྱི་ཡི་གེ་ཞེས་དང༌། དབུ་ཤད་ཀྱིས་རྐྱེན་བྱས་ཏེ་གཞུང་ཡིག་རྣམས་འབྲི་དགོས་པས་ན་རྐྱེན་གྱི་ཡི་གེ་ཞེས་བརྗོད་པ་དང༌། ཡིག་མགོ བེརྒ། དབུ་ཁྱུད། དང་ཀྱོག་རྣམས་མིང་གི་རྣམ་གྲངས་ཡིན་ལ། ཤད་ལ་ནང་གསེས་དབྱེ་ན། ཆིག་ཤད་དང༌། ཉིས་ཤད། བཞི་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད་དང་ལྔའོ།།

 

༧༥༽ དྲི་བ། རྐྱེན་ཡིག་དབུ་ཁྱུད་ཀྱི་བྱེད་ལས་སམ་ཁྱད་ཆོས་གང་ཡིན་དང༌། སྦྲུལ་ཤད་སོགས་ཀྱི་འཇུག་ཡུལ་དང༌། སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། རྐྱེན་ཡིག་དབུ་ཁྱུད་ནི་ལུས་མཛེས་པར་བྱེད་པའི་མགོ་ལྟ་བུ་དང༌། ཤད་ནི་ཚིག་མཚམས་གཅོད་པའི་རྟགས་མངོན་གསལ་ཅན་ཡིན་ལ་མིག་ལམ་དུའང་མཛེས་ཤིང༌། སྦྲུལ་ཤད་ནི་སརྒ་དང་ལེའུའི་མཚམས་འབྱེད་བྱེད་ཀྱི་རྟགས་མངོན་གསལ་ཅན་ཡིན་ལ། རིན་ཆེན་སྤུངས་ཤད་ནི་ཐིག་ཕྲེང་གི་མགོར་ཡིག་རྡོག་གཅིག་གཉིས་ལས་མེད་ཚེ་ཚུགས་ཐུབ་པའི་ཆེད་དུ་ཡིན་ལ་མཛེས་པའང་ཡིན་ནོ།།

 

༧༦༽ དྲི་བ། ལྗོན་དབང་ལྟར་ཆིག་ཤད་དང༌། ཉིས་ཤད། བཞི་ཤད་རྣམས་རང་རང་གི་འཇུག་ཡུལ་རྣམས་ལ་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། དབྱངས་ཅན་གྲུབ་པའི་རྡོ་རྗེས་ལྗོན་དབང་ལས། ལྷུག་པའི་དོན་མང་མིང་མཚམས་དང༌། དོན་འབྲིང་འབྱེད་པ་དང༌། དོན་ཉུང་རྫོགས་པ༑ ཚིགས་བཅད་ག་མཐར་བཅས་བཞི་པོར་ཆིག་ཤད་དང༌། རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། ཚིགས་བཅད་རྐང་མཐར་གཉིས་པོར་ཉིས་ཤད་དང༌། དོན་ཚན་ཆེན་མོ་རྫོགས་པ་དང༌། ལེའུའི་མཚམས་གཉིས་པོར་བཞི་ཤད་ཐོབ་ཚུལ་གསུངས་པ་ལྟར་སྦྱོར་དགོས་སོ།།

 

༧༧༽ དྲི་བ། ཅི་ཞིག་ལ་ཕ་མ་བུ་ཚའི་ཡི་གེ་ཞེས་བརྗོད་པ་དང༌། རྒྱུ་མཚན་གང་གི་སྒོ་ནས་དེ་དག་ལ་ཕ་མ་བུ་ཚའི་ཡི་གེར་བཞག་པ་ཡིན་ནམ།

ལན། ཨ་ནི་གསལ་བྱེད་གཞན་དག་གི་གདངས་དང་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་དང༌། ཤེས་རབ་ཀྱི་རང་བཞིན་ཡིན་པས་མ་ཡིག་དང༌། ཀ་ནས་ཧ་བར་ཉེར་དགུ་ནི་དོན་སྟོན་པར་བྱེད་པའི་ཐབས་སམ་གཙོ་བོ་ཡིན་པས་ཕའི་ཡི་གེ་ཞེས་དང༌། བུ་དྲུག་ཅན་རྣམས་ཕ་མའི་ཡི་གེར་ཕར་བལྟོས་ཤིང་གདགས་སུ་རུང་ལ། ཕ་མའི་ཡི་གེ་དེ་དག་ལ་ཕར་མི་བལྟོས་ཤིང་གདགས་སུ་མེད་པས་བུ་ཡིག་ཅེས་སོ།།

 

༧༨༽ དྲི་བ། སྔོན་གྱི་སློབ་དཔོན་དག་གིས་འདོགས་ཅན་ལས་ཝ་ཟུར་དང༌། ལ་བཏགས་གཉིས་བུ་ཡིག་གི་ཁོངས་སུ་མ་བཞག་པའི་རྒྱུ་མཚན་ཅི།

ལན། གསེར་ཏོག་སུམ་རྟགས་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས། ཡ་བཏགས་དང་ར་བཏགས་གཉིས་བཏགས་དོན་མཚོན་བྱེད་ཙམ་ཡིན་ཞིང༌། ཝ་བཏགས་ནི་ལྤ་དང་ལྦ་གཉིས་ལས་ཁྱད་པར་འབྱེད་ཕྱིར་བྲ་བོའི་དབྱིབས་ཅན་གྱི་བ་ཟུར་འདོད་པ་ཙམ་དང༌། ལ་བཏགས་ནི་རང་གཟུགས་དངོས་སུ་ཡོད་པ་སྟེ། དེའི་ཕྱིར་བུ་ཡིག་གི་གྲས་སུ་དང་པོའི་སློབ་དཔོན་རྣམས་ཀྱིས་མ་བཞག་པ་ཡིན་ཞེས་སོ།།

 

༧༩༽ དྲི་བ། དབྱངས་གསལ་གྱི་ཡི་གེ་རྣམས་ཕོ་མོ་མ་ནིང་དུ་དབྱེ་ཚུལ་ཇི་ལྟར་ཡིན་དང༌། རྒྱུ་མཚན་གང་གི་སྒོ་ནས་དེ་ལྟར་དབྱེ་བ་ཡིན་ནམ།

ལན། རང་བཞིན་དང་ངོ་བོ་གཉིས་ལ་བརྟེན་ནས་དབྱངས་བཞི་མོ་དང༌། གསལ་བྱེད་སུམ་ཅུ་ཕོར་དབྱེ་བ་དང༌། སྐྱེ་གནས་དང་བྱེད་རྩོལ་གྲིམ་ལྷོད། སྒྲ་གདངས་དྲག་ཞན་གྱི་སྒོ་ནས་ཀ་ཅ་ཏ་པ་ཙ་རྣམས་ཕོ་དང༌། ཁ་ཆ་ཐ་ཕ་ཚ་རྣམས་མ་ནིང་དང༌། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་མོ། ང་ཉ་ན་མ་རྣམས་ཤིན་ཏུ་མོ། ར་ལ་ཧ་ཨ་རྣམས་མོ་གཤམ་བཅས་ནང་གསེས་རྟགས་ལྔར་དབྱེ་བ་ཡིན་ནོ།།

 

༨༠༽ དྲི་བ། གང་འདྲ་ཞིག་ལ་རྐྱང་པའི་ཡི་གེ་ཞེས་བརྗོད་པ་དང༌། རྐྱང་པའི་ཡི་གེར་བཞེད་ལུགས་མི་མཐུན་པ་ཇི་ཡོད་དེ་དག་ཇི་ལྟར་ཡིན་ནམ།

ལན། རྐྱང་པའི་ཡི་གེ་ནི་ཀ་ནས་ཨའི་བར་གྱི་ཡི་གེ་རྣམས་ཡིན་ལ། མགོ་འདོགས་མ་སྦྱར་བའི་འཕུལ་ཅན་གྱི་ཡི་གེ་ལ་སྤྱིར་རྐྱང་པ་དང༌། དག་ཡིག་ངག་སྒྲོན་དུ་འཕུལ་དང་མགོ་གསུམ་མེད་པར་བཞེད་ཅིང༌། རྐྱང་པའི་ཡི་གེ་དེ་དག་ལ་གཞུག་རྒྱུའི་འཕུལ་དང་སྔོན་འཇུག་གཉིས་མིང་གི་རྣམ་གྲངས་དང༌། སྔོན་འཇུག་ནི་ག་ད་བ་མ་འ་ལྔའོ། །རྗེས་འཇུག་དང་མཐའ་རྟེན་ཞེས་པ་གཉིས་མིང་གི་རྣམ་གྲངས་ཡིན་ནོ།།

 

༨༡༽ དྲི་བ། རྐྱང་པའི་ཡི་གེ་རྣམས་ལ་སྔོན་འཇུག་ཡི་གེ་གང་གིས་འཕུལ་ཚུལ་དང༌། དེ་དག་ལས་ཕྱེད་འཕུལ་ཐོབ་ཚུལ་བཅས་ཇི་ལྟར་ཡིན་ནམ།

ལན། དེ་ལ་ཕུལ་ཡིག་ཐོབ་ཚུལ་ལམ་དེ་དག་གིས་ཡི་གེ་གང་འཕུལ་ཚུལ་ནི། གས་འཕུལ་བཅུ་གཅིག་དང༌། དས་འཕུལ་དྲུག བས་འཕུལ་བཅུ། མས་འཕུལ་བཅུ་གཅིག འས་འཕུལ་གྱི་ཡི་གེ་བཅུའོ། །དེ་ལྟར་རྐྱང་ཡིག་འཕུལ་ཐོབ་པ་ཞེ་བརྒྱད་ཡོད་ལ། འཕུལ་གཏན་ནས་མི་འཐོབ་པ་དྲུག་ནི། ཝ་འ་ར་ལ་ཧ་ཨ་དྲུག་ལས་ར་ལ་གཉིས་མགོ་འདོགས་ཅན་དུ་སོང་ཚེ་ཕྱེད་འཕུལ་ཐོབ་པ་ཡིན་ནོ།།

 

༨༢༽ དྲི་བ། མགོ་ཅན་ཞེས་པའི་མིང་དོན་དང༌། མགོ་ཅན་ལ་གྲངས་ཇི་ཡོད། མགོ་ཅན་དེ་དག་གི་འཇུག་ཡུལ་གྱི་གྲངས་ངེས་ཇི་ལྟར་ཡིན་ནམ།

ལན། ར་ལ་སའི་མགོ་ཅན་གྱི་མིང་གཞིའི་ཡི་གེ་རྣམས་ལ་མགོ་ཅན་ཞེས་བརྗོད་པ་དང༌། མགོ་ཅན་གསུམ་སྟེ། ར་མགོ་དང༌། ལ་མགོ ས་མགོ་གསུམ་མོ། །དེ་དག་ལས་ར་མགོ་ཅན་བཅུ་གཉིས་དང༌། ལ་མགོ་ཅན་བཅུ། ས་མགོ་ཅན་བཅུ་གཅིག་སྟེ་ཁྱོན་མགོ་ཅན་སོ་གསུམ་ཡོད་ལ། ལ་མགོ་ཅན་ལ་འདོགས་བཞི་བྲལ། །ཞེས་ལ་མགོ་ཅན་ལ་ཡ་ར་ལ་ཝའི་སྨད་འདོགས་བཞི་པོ་མི་འཇུག་གོ།

 

༨༣༽ དྲི་བ། འདོགས་ཅན་གྱི་ཡི་གེའི་གྲངས་ངེས་དང༌། དེ་དག་གི་འཇུག་ཡུལ་ལ་ཇི་ཡོད། ཅིའི་ཕྱིར་འདོགས་ཅན་ཞེས་བརྗོད་པ་ཡིན་ནམ།

ལན། ཡ་བཏགས་དང༌། ར་བཏགས༌། ལ་བཏགས། ཝ་བཏགས་བཅས་ལ་འདོགས་ཅན་གྱི་ཡི་གེ་ཞེས་གྲངས་བཞིར་ངེས་ལ། དེ་དག་མིང་གཞིའི་ཡི་གེ་རྣམས་ཀྱི་སྨད་ནས་ཡར་འདོགས་པར་བྱེད་པས་དེ་སྐད་ཅེས་བྱའོ། །དེ་ལས་ཡ་བཏགས་ཅན་བདུན་དང༌། ར་བཏགས་ཅན་བཅུ་གཅིག ལ་བཏགས་ཅན་དྲུག ཝ་ཟུར་ཅན་རྐྱང་པ་བཅུ་གཉིས་དང༌། མགོ་འདོགས་ཅན་གྱི་ཝ་ཟུར་གསུམ་མོ།།

 

༨༤༽ དྲི་བ། གང་འདྲ་ཞིག་ལ་སྒྲའི་ང་རོ་ཞེས་བརྗོད་པ་དང༌། སྒྲའི་ང་རོའི་ལ་ཇི་ཡོད་དང༌། སྒྲའི་ང་རོའི་དབྱེ་བ་རྣམས་ཇི་ལྟར་ཡིན་ནམ།

ལན། དབྱངས་གསལ་གྱི་སྒྲ་སྐད་ལ་ང་རོ་ཞེས་དང༌། སྤྱིར་བོད་ཡིག་ལ་ང་རོ་ལྔ་སྟེ། དྲང་པོ་བཀུག་དང་སྨད་པ་དང༌། །བསྒྲེང་དང་བསྟོད་དང་རྣམ་པ་ལྔའོ། །ཞེས་དང་པོ་ཀ་ནས་ཨ་བར་གྱི་ཡི་གེ་སོ་གནས་རྣམས་སོ༑ ༑གཉིས་པ་གི་གུ་ཅན་གྱི་ཡི་གེ་ཇི་སྙེད་པའོ། །གསུམ་པ་ཞབས་ཀྱུ་ཅན་གྱི་ཡི་གེ་ཇི་སྙེད་པའོ། །བཞི་པ་འགྲེང་བུ་ཅན་གྱི་ཡི་གེ་ཇི་སྙེད་པའོ།།

ལྔ་པ་ན་རོ་ཅན་གྱི་ཡི་གེ་ཇི་སྙེད་པའོ།།

 

༨༥༽ དྲི་བ། བོད་ཡིག་ལ་ང་རོའི་རྩ་བ་ཇི་ཡོད་དང༌། དེ་དག་ལ་ཅིའི་ཕྱིར་ང་རོའི་རྩ་བ་ཞེས་ཟེར། ང་རོའི་འདྲེན་ཚུལ་ཇི་ལྟར་ཡིན་ནམ།

ལན། སྒྲའི་གཞི་དབུགས་འབྱུང་བའི་གནས་ཀྱི་རྩ་བ་ནི། ཁོག་པ་དང་མགྲིན་པ་ཡིན་ལ། ཁོག་པ་ནས་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་ཧ་ཡིག་གོ །མགྲིན་པ་བཙུམ་ཞིང་དོག་པར་བྱས་ཏེ་སྟོད་དུ་ཤུགས་ཀྱིས་འདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་གོ །མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ཏེ་སྨད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་འ་ཡིག་ཡིན་པས། དེས་ན་ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་ཞེས་བྱའོ།།

 

༨༦༽ དྲི་བ། རྒྱ་བོད་ཀྱི་ཡི་གེའི་སྐྱེ་གནས་ཀྱི་གྲངས་ངེས་དང༌། བོད་ཡིག་གི་སྐྱེ་གནས་ལ་གཙོ་བོ་ཕལ་གཉིས་སུ་དབྱེ་ཚུལ་ཇི་ལྟར་ཡིན་ནམ།

ལན། སྨྲ་སྒོ་ལས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་རྒྱ་གར་གྱི་ཡི་གེའི་སྐྱེ་གནས་ལ་བརྒྱད་དུ་བཞེད་ཅིང༌། བོད་ཡིག་ལ་མགྲིན་རྐན་སོ་མཆུ་བཞི་སྐྱེ་གནས་གཙོ་བོ་དང༌། སྤྱི་བོའི་གནས་ལས་ར་ཡིག་ཁོ་ན་ལས་མི་འབྱུང་བས་སྤྱི་བོ་སྐྱེ་གནས་ཕལ་པར་འདོད་ལ། ཁོག་པ་ལས་ཡི་གེ་ཐམས་ཅད་འབྱུང་བ་དང༌། སྣ་ལྡན་དང་ལྕེ་གཉིས་སྐྱེ་གནས་ལོགས་སུ་མི་འདོད་དོ།།

 

༨༧༽ དྲི་བ། ཡི་གེ་འབྱུང་བའི་རྒྱུ་ལ་དབྱེ་བ་ཇི་ཡོད་དང༌། ཡི་གེའི་རྒྱུ་དེ་དག་གིས་ཡི་གེ་སྦྱིན་པར་བྱེད་པའི་རྒྱུ་བྱེད་ཚུལ་ཇི་ལྟར་ཡིན་ནམ།

ལན། ཡི་གེའི་རྒྱུ་ལ་དབྱེ་ན་གནས་དང༌། བྱེད་པ། རྩོལ་བ། རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ཡིན་ལ། གནས་ནི་གཞིའི་རྒྱུ་སྟེ་དྲིལ་བུའི་ཁོག་པ་ལྟ་བུའོ། །བྱེད་པ་ནི་ཡི་གེ་སྦྱིན་པར་བྱེད་པའི་རྒྱུ་སྟེ་དྲིལ་བུའི་ལྕེ་ལྟ་བུའོ། །རླུང་ངམ་རྩོལ་བ་ནི་བསྐྱོད་པར་བྱེད་པའི་རྒྱུ་སྟེ་དྲིལ་བུ་བསྐྱོད་པའི་ལག་པ་ལྟ་བུའོ། །རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྒྱུ་སྟེ་དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ།།

 

༨༨༽ དྲི་བ། གང་འདྲ་ཞིག་ལ་བྱེད་པ་ཞེས་བརྗོད་པ་དང༌། ཡི་གེ་འབྱིན་པར་བྱེད་པའི་རྒྱུ་བྱེད་པ་ལ་དབྱེ་བ་ཇི་ཡོད། དེ་དག་གང་ཡིན་ནམ།

ལན། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། ལྕེ་རྐན་གཉིས་གཙོ་བོ་ཡིན་ཞིང་དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་རྣམ་པ་དྲུག་བྱེད་དེ། ནང་དུ་ཕྲད་པ་དང༌། ཅུང་ཟད་ཕྲད་པ་དང༌། བཙུམ་པ་དང༌། ཕྱེ་བ་དང༌། དོག་པ་དང༌། ཡངས་པར་བྱས་པ་ལས་ཡི་གེ་སོ་སོ་འབྱུང་བ་དང༌། གཞི་སྒྲ་གཅིག་ཉིད་ཡིན་ཀྱང་སྐྱེ་གནས་དང་བྱེད་པའི་ཁྱད་པར་ལས་ཡི་གེ་སྣ་ཚོགས་པར་འགྱུར་རོ།།

 

༨༩༽ དྲི་བ། སྐྱེ་གནས་བྱེད་རྩོལ་གསུམ་དང་རྣམ་རྟོག་བཅས་ཡི་གེའི་རྒྱུ་བཞི་ལས་ཡི་གེ་སྐྱེ་ཚུལ་དང༌། དེ་དག་གི་གོ་རིམ་ཇི་ལྟར་ཡིན་ནམ།

ལན། ཐོག་མར་ཡི་གེའི་རྣམ་པར་ཤར་བའི་རྟོག་པ་སྐྱེ་ཞིང༌། དེ་སྐྱེས་པས་ཡི་གེ་བརྗོད་འདོད་ཀྱི་ཀུན་སློང་སྐྱེ། ཀུན་སློང་དེས་བསྐུལ་བ་ན། ནང་གི་རླུང་གཡོས་ཏེ་གནས་དང་བྱེད་པ་རྣམས་སྐྱོད་པར་བྱེད་ཅིང༌། དབུགས་དབྱུང་བ་དང་ལྷན་ཅིག་སྒྲའི་རྣམ་འགྱུར་ཡི་གེ་སོ་སོའི་རྣམ་པར་སྐྱེ་བར་འགྱུར་ཏེ༑ ཡི་གེ་ནི་སྒྲ་གཞིར་བྱས་པ་ལ་གནས་དག་ཏུ་ལྕེ་སོགས་བསྐྱོད་པ་ལས་བྱུང་བའི་རྣམ་འགྱུར་ཙམ་མོ།།

 

༩༠༽ དྲི་བ། གཞིའི་རྒྱུ་སྐྱེ་གནས་ལ་ནང་གསེས་དབྱེ་བ་ཇི་ཡོད་དེ་དག་གང་ཡིན་དང༌། སྐྱེ་གནས་རྣམས་དབྱེ་བསྡུ་བྱ་ཚུལ་ཇི་ལྟར་ཡིན་ནམ།

ལན། སྐྱེ་གནས་ལ་དབྱེ་ན་བརྒྱད་ཡོད་ལ། དེ་དག་ཡངས་དོག་གཉིས་སུ་འདུ་ཐུབ་སྟེ། ཡངས་པའི་གནས་སུ་སྐྱེ་གནས་བརྒྱད་ལས་ཁོག་པ་དང༌། རྐན། ལྕེ། སོ། མཆུ་བཅས་ལྔ་གཏོགས་ལ། དོག་པའི་གནས་སུ་སྐྱེ་གནས་བརྒྱད་ལས་མགྲིན་པ་དང༌། སྣ། སྤྱི་བོ་གསུམ་བསྡུ་བ་དང༌། བོད་ལུགས་སྐྱེ་གནས་རྐན་སོ་མཆུ་གསུམ་ཡངས་པ་དང༌། མགྲིན་སྤྱི་གཉིས་དོག་པའི་གནས་སུ་གཏོགས་སོ།།

 

༩༡༽ དྲི་བ། བོད་ཀྱི་དབྱངས་གསལ་སོ་བཞིའི་ཡི་གེ་རྣམས་སྐྱེ་གནས་མགྲིན་རྐན་སོ་མཆུ་དང༌། སྤྱི་བོ་བཅས་གང་དག་ལས་བྱུང་བ་ཡིན་ནམ།

ལན། ཀ་སྡེ་དང་ནི་ང་རོའི་རྩ་བ་གསུམ། །མགྲིན་པ་ལས་སྐྱེས་ཅ་སྡེ་ཙ་ཚ་ཛ། །ཞ་ཡ་ཤ་དང་ཨི་ཨེ་རྐན་ལས་སྐྱེས། །ཏ་སྡེ་ཟ་ལ་ས་རྣམས་སོ་ལས་དང༌། །པ་སྡེ་ཝ་དང་ཨུ་ཨོ་མཆུ་ལས་སྐྱེས། །ར་ཡིག་ལྕེ་རྩེ་ཉེ་བའི་སྟེང་ཕྱོགས་ཏེ། །ང་ཉ་ན་མ་རང་རང་སྐྱེ་གནས་དང༌། །སྣ་ལྡན་ཞེས་བརྗོད་ཡི་གེའི་སྐྱེ་གནས་སོ། །ཞེས་དང༌། ལ་ལར་ཨི་ཨེ་གཉིས་མགྲིན་པ་དང་ཨུ་ཨོ་གཉིས་མགྲིན་ཆུ་ལས་སྐྱེས་པར་ཡང་འདོད་དོ།།

 

༩༢༽ དྲི་བ། བརྡ་སྤྲོད་གཞུང་གི་སྐྱེ་གནས་བརྒྱད་དང༌། གནས་བརྒྱད། ཡི་གེ་འཇུག་པའི་གནས་བརྒྱད་རྣམས་ཀྱི་གྲངས་ངེས་ཇི་ལྟར་ཡིན་ནམ།

ལན། སྐྱེ་གནས་བརྒྱད་ནི། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་པ་ལྟར་དང༌། གནས་བརྒྱད་ནི། འབྱེད་དང་བསྡུས་དང་བསྒྱུར་དྲང་དང༌། །འཇུག་དང་རྣམ་དབྱེ་ཕྱོགས་དངོས་སོ།།

ཞེས་པ་རྣམས་ཡིན་ལ། ཡི་གེ་འཇུག་པའི་གནས་བརྒྱད་ནི། སྒྲ་སྐད་མིང་དང་མཚན་མ་དང༌། །བརྡ་དང་ཐ་སྙད་ཚིག་དོན་ནོ། །ཞེས་པའི་རྣམ་གྲངས་བརྒྱད་པོ་རྣམས་ཡིན་ནོ།།

 

༩༣༽ དྲི་བ། ཁྱབ་ཆེ་ཆུང་གི་ཡི་གེའི་གྲངས་ངེས་དང༌། ཁྱབ་ཆུང་བའི་ཡི་གེ་གང་དག་ཡིན། དེ་དག་ཁྱབ་ཆུང་བའི་རྒྱུ་མཚན་གང་ཡིན་ནམ།

ལན། འཇུག་ཚུལ་ཁྱབ་ཆེ་ཆུང་གི་ཡི་གེའི་གྲངས་ལ་ཁ་མཚོན་གཅོད་དཀའ་བ་ཞིག་ཡིན། དེས་ན། ལྐ་དང་ལྒ། ལྤ་དང་ལྦ། དཀྱེ་དང་ལྔ། ཏྲ་དང་ཐ྄། སྩ་དང་སྣྲ། མགྱ་དང་མགྲ། བགྱ་ལ་སོགས་པ་དེ་སྔར་འཇུག་པ་ཉུང་མོད་ཕྱིས་སུ་མ་ངེས་ཤིང༌། དེ་རྣམས་ལ་སྔོན་རྗེས་དང༌། དབྱངས་འཇུག་མི་འཇུག་ཅི་རིགས་ཀྱི་སྒོ་ནས་གཞན་ལ་འཇུག་པ་ཉུང་ཟད་ལས་མེད་པས་ཁྱབ་ཆུང་བའི་ཡི་གེ་ཞེས་བྱའོ།།

 

༩༤༽ དྲི་བ། སུམ་རྟགས་གཞུང་ནས་བཤད་པའི་བོད་ཡིག་ལ་སྦྱོར་དུ་མི་རུང་བའི་ཡི་གེ་ཇི་ཡོད་དེ་དག་སྦྱོར་དུ་མི་རུང་བའི་ཚུལ་ཇི་ལྟར་ཡིན་ནམ།

ལན། མིང་གཞི་ཝ་དང་ཝ་ཟུར་ཅན་ལ་དབྱངས་སྦྱོར་དུ་མི་རུང་ཞིང༌། ལ་མགོ་ཅན་ལ་ཡ་ར་ལ་ཝའི་སྨད་འདོགས་སྦྱོར་དུ་མི་རུང༌། སྔོན་འཇུག་ལྔ་པོ་རང་སྡེར་སྦྱོར་དུ་མི་རུང༌། སྔོན་འཇུག་མ་ནིང་ག་ད་གཉིས་མིང་གཞིའི་མ་ནིང་ལ་སྦྱོར་དུ་མི་རུང༌། ཝ་འ་ར་ལ་ཧ་ཨ་བཅས་རྐྱང་པར་སྔོན་འཇུག་སྦྱོར་དུ་མི་རུང་བ་སོགས་མིང་ཚིག་གཞན་དང་སྦྱར་ན་དོན་སྟོན་པ་མི་སྲིད་པས་ཕྱིས་ཀྱང་སྦྱར་བར་མི་བྱའོ།།

 

༩༥༽ དྲི་བ། རྗེས་འཇུག་གི་གྲངས་དང༌། མིང་གི་རྣམ་གྲངས་ཇི་ཡོད། དེ་དག་གི་འཇུག་ཡུལ་དང༌། འ་མཐའ་སྤོང་ཚུལ་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ཞེས་བོད་མིའི་ངག་ལས་ཐོན་ཚུལ་ལྟར་གྲངས་བཅུ་ཉིད་དུ་ངེས་ཤིང༌། རྗེས་འཇུག་དང་མཐའ་རྟེན་གཉིས་མིང་གི་རྣམ་གྲངས་ཡིན་ལ༑ དེ་བཅུ་པོ་རེ་རེ་ནས་གསལ་བྱེད་སུམ་ཅུ་རེ་རེ་ལ་འཇུག་ཅིང༌། འོན་ཀྱང་སྐད་གསར་བཅད་སྐབས་ཡིག་ཚོགས་སྐྱུང་ཕྱིར་བུ་དྲུག་ཅན་ལ་འ་མཐའ་སྤངས་ཀྱང་དོན་ཐོབ་ལ་བརྩི་དགོས་སོ།།

 

༩༦༽ དྲི་བ། སླར་ཡང་འཇུག་པའི་ཡི་གེའི་གྲངས་ངེས་དང༌། འཇུག་ཡུལ་ཇི་ཡོད། ཡང་འཇུག་ཐོབ་དོན་གསུམ་པོ་གང་དག་ཡིན་ནམ།

ལན། ལྗོན་དབང་ལས། ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་ཐོབ། །ཅེས་དང༌། ཡང་འཇུག་ཐོབ་དོན་གསུམ་ནི། གངས་ལྗོངས་ལྟ་བུ་ངག་གི་སྒྲ་གདངས་ཀྱི་ཆ་ནས་ཐོབ་པའི་ཡང་འཇུག་དང༌། འཛིནད་ཅིང་ལྟ་བུ་བྱ་བྱེད་ཀྱི་ཚིག་གསལ་བར་བྱེད་པའི་ཆ་ནས་ཐོབ་པའི་ཡང་འཇུག བསྒྲིགས་དང་སྒྲིགས་ལྟ་བུ་གཙོ་བོ་དུས་གསུམ་སྐུལ་ཚིག་གི་ཆ་ནས་ཐོབ་པའི་ཡང་འཇུག་དང་གསུམ་མོ༑༑

 

༩༧༽ དྲི་བ། མིང་ཚིག་བརྗོད་པ་གསུམ་གྱི་དོན་དང༌། ཚོགས་གསུམ་གང་དག་ཡིན། དེ་དག་ཕན་ཚུན་རྒྱུ་འབྲས་སུ་འགྲོ་ཚུལ་ཇི་ལྟར་ཡིན་ནམ།

ལན། དཔང་ལོས། དོན་གྱི་ངོ་བོ་སྟོན་པ་མིང༌། །དོན་གྱི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་པ་ལྟར། སྤྱིར་ཡི་གེ་ལས་མིང་དང༌། མིང་ལས་ཚིག ཚིག་ལས་བརྗོད་པ་བྱུང་སྟེ། ཡི་གེ་དུ་མ་འདུས་པ་ལས་མིང་དང༌། མིང་དུ་མ་འདུས་པ་ལས་ཚིག མིང་ཚིག་གི་ཕྲེང་བའི་ངག་གི་རྒྱུན་ལས་བརྗོད་པ་བྱུང་བ་དང༌། བརྗོད་བྱ་གང་ཡང་མི་སྟོན་པའི་ཀ་སོགས་ཡི་གེ་རེ་རེ་ནི་ཡི་གེའོ།།

 

༩༨༽ དྲི་བ། ཚིག་གི་འགལ་འབྲེལ་གཅོད་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཤེས་ན་ཕན་ཡོན་གང་དང་གང་ཡོད་དམ།

ལན། དེ་ཡང༌། སྔོན་བྱོན་མཁས་པས། གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང༌། །མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད།།

གཞུང་ལུགས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི། །ཞེས་བརྡ་སྤྲོད་བསྟན་བཅོས་ནི། རིག་གནས་ཀུན་ལ་འཇུག་པའི་སྒོ་ཡིན་ལ། ཤེས་བྱ་ཀུན་ལ་བལྟ་བའི་མིག་དང༌། བརྡ་དོན་ཡོངས་སུ་རྫོགས་ཤིང་མ་འཆོལ་བར་སྟོན་ནུས་པའོ།།

 

༩༩༽ དྲི་བ། ཚིག་སྡུད་ཅེས་པའི་དོན་དང་ཚིག་སྡུད་རྣམས་གཞུང་གང་ནས་བཤད་པ་དང༌། ཚིག་སྡུད་ལ་དབྱེ་ན་ཇི་ཡོད་དེ་དག་གང་ཡིན་ནམ།

ལན། མིང་ཚིག་བར་གྱི་ཕྲད་དང་ཡན་ལག་སོགས་བསྡུས་ནས་ཚིག་འབྲུ་ཉུང་ངུར་བསྡུས་པས་ཚིག་སྡུད་ཅེས་དང༌། དབྱངས་ཅན་སྒྲ་མདོ་ལས། དེ་ཡང་དྲུག་ཏུ་དབྱེའོ། །ཞེས་པ་ལྟར་ཚིག་སྡུད་ལ་དབྱེ་ན་དྲུག་སྟེ། ལས་འཛིན་གྱི་བསྡུ་བ་དང༌། བ་གཉིས་པའི་བསྡུ་བ། དེའི་སྐྱེས་བུས་བསྡུ་བ། འབྲུ་མང་པོའི་འདུ་བ། ཟླས་དབྱེ་བའི་བསྡུ་བ། མི་ཟད་པའི་བསྡུ་བ་དང་དྲུག་ལས་མཐའ་མ་བོད་སྐད་ལ་མི་མཁོ་བས་དོར་བའོ།།

 

༡༠༠༽ དྲི་བ། མིང་དང་ཚིག་གི་གོ་དོན་གང་ཡིན་དང༌། མིང་ཚིག་གཉིས་ལ་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་ཞིག་ཡོད་དམ།

ལན། ཡི་གེ་དུ་མ་འདུས་པ་ལས་དོན་རང་གི་ངོ་བོ་ཙམ་སྟོན་པའི་མཉན་བྱ༑ མིང་ཚིག་གཉིས་སུ་ཕྱེ་བའི་མིང་གི་དོན་དང༌། མིང་ཚིག་གཉིས་ལ་མུ་བཞི་སྟེ། ལྗོན་ཤིང་གི་ཡལ་ག་ལྟ་བུ་མིང་ཚིག་གཉིས་ཀ་ཡིན་པའི་མུ་དང༌། ལྗོན་ཤིང་ལྟ་བུ་མིང་ཡིན་ལ་ཚིག་མིན་པའི་མུ། ལྗོན་ཤིང་འདི་ཡལ་ག་མང་ལ་ལོ་འདབ་རྒྱས་ལྟ་བུ་ཚིག་ཡིན་ལ་མིང་མིན་པའི་མུ། ཡི་གེ་རེ་རེ་བ་རྣམས་གཉིས་ཀ་མིན་པའི་མུའོ།།    །།

 

ཀ་ཅས་སྟོང་པས་རྩོམ་གཞིའི་རིག་རྩལ་ཞན། །

ཁ་ཆེ་མཐུས་ཕྲ་འཚག་བཟང་ལང་ཚོ་དམན། །

གྲྭ་ཇ་དད་འབུལ་རྫབ་འུག་ཤིང་ཕོར་ལས། །

ང་ཉིད་ནོར་མེད་ཝ་གཡོ་ཨུ་ཧུ་ལགས། །

 

ཚིགས་སུ་བཅད་པ་འདིར་དབྱངས་གསལ་སྔོན་རྗེས་ཡང་གསུམ་དང༌། མགོ་འདོགས་བརྩེགས་གསུམ་བཅས་ཚང་ཞིང༌། ཕྲེད་དུ་ཀློག་ཚེ་རྐང་པ་སོ་སོར་ཕོ་མོ་མ་ནིང་ཤིན་ཏུ་མོའི་རྟགས་དང༌། གཞུང་དུ་རིམ་པར་ཀློག་ཚེ་གསལ་བྱེད་སུམ་ཅུ་རིམ་ལྡན་གྱི་ཁྱད་ཡོན་ལྡན་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།

 

བོདྃ་མིར་སྐྱེས་ནས་བོདྃ་ཟས་བཟས་པའི་རིན། །

བོདྃ་མིའི་སྲོག་རྩ་བོདྃ་ཀྱི་རིག་གཞུང་འདི། །

བོདྃ་ཞེན་ཆེ་བའི་བོདྃ་རིགས་ན་གཞོན་སླད། །

བོདྃ་ཡིག་སྐྱོབ་ཕྱིར་བོདྃ་ཕྲུག་ཁོ་བོས་བྲིས། །

 

འཇིག་རྟེན་མིག་ལ་དབྱངས་མཐའ་ལག་པའི་མདའ། །

མཚམས་ཀྱི་རྒྱ་མཚོར་མཐའ་རྟེན་ཀླུ་ཆེན་གྱིས། །

མཛེས་པར་སྤུད་པའི་འབོད་བྱ་ལྡན་པ་དེས། །

བཞུགས་སྒར་ཆོས་ཀྱི་མགྲོན་སའི་སྤོ་ནས་སྤེལ། །

 

ཞེས་ཤེས་རིག་གི་ལང་ཚོས་སྒེག་པའི་རང་རིགས་བློ་གསལ་དོན་གཉེར་ཅན་རྣམས་ལ་མཁོ་ཕན་སྤྱོད་ཕྱིར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གི་ཉེ་འགྲམ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དུ་ཆུ་རྟ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པར་མཇུག་གྲུབ་པར་བགྱིས་པ་འདིས་ཀྱང་བརྡ་སྤྲོད་གཙུག་ལག་གི་བསྟན་པ་དར་རྒྱས་ཡུན་དུ་གནས་པའི་རེ་སྨོན་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༥༡༡༠༡
ཟླ་བ་རྒྱལ་མབཚན།
བྱེད་པ་པོ་རྣམ་དབྱེ་དང་པོར་བཞག་ན་འཐད་དང་མི་འཐད་ཀྱི་དཔྱད་པ།
རྣམ་དབྱེའི་རྐྱེན་ལ་དཔྱད་པ།
རྣམ་དབྱེ་བརྒྱད་དགོས་མི་དགོས་ཀྱི་དཔྱད་པ།



བརྗོད་གཞི་གཞན་ཁག་ལ་གཟིགས།