དགོངས་ཚུལ།

ཐ་སྙད་རིག་གནས་འཛིན་གྲྭ་བཞི་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

༄༅། ། ཐ་སྙད་རིག་གནས་འཛིན་གྲྭ་བཞི་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ་བཞུགས་སོ།།

 

༼སི་ཏུའི་ཞལ་ལུང་རྟགས་འཇུག༽

ཙ་ར་ཀ་སོགས་བཅུ་ཕྲག་རིག་གནས་ལ། །

ཚ་གྲང་ངལ་བ་ཁྱད་བསད་འབད་པ་བརྒྱས། །

ཛ་ཡའི་གོ་འཕང་བརྙེས་པའི་ཐབས་ཚུལ་ལ། །

ཝ་ལེར་འཇུག་པར་མཛོད་ཅིག་ན་གཞོན་ཚོ། །

 

ཞྭ་ལྷམ་བོད་ཀྱི་ཆས་གོས་ལེགས་བཞེས་ཏེ། །

ཟ་རྒྱག་སྤྱོད་གསུམ་དག་ལ་མ་ཞེན་པར། །

འ་ཅག་གངས་ལྗོངས་རིག་གནས་སྲོག་རྩ་སྟེ། །

ཡ་ཟླ་ཀུན་བྲལ་བརྡ་སྤྲོད་གཞུང་ལ་བརྩོན། །

 

༡༽ དྲི་བ། བོད་ཀྱི་སྒྲ་རིག་པའམ་བརྡ་སྤྲོད་པའི་བསྟན་བཅོས་གསུམ་གང་དག་ཡིན་དང༌། བརྡ་སྤྲོད་གཞུང་དེ་དག་སོ་སོའི་བརྗོད་བྱ་གང་ཡིན་ནམ།

ལན། སུམ་རྟགས་དག་གསུམ་མམ་མིང་གི་ཚོགས་དང༌། ཕྲད་དང་རྣམ་དབྱེའི་ཚོགས། བྱ་བའི་ཚིག་གི་ཚོགས་ཏེ་ཚོགས་གསུམ་མམ་མིང་དང་ཚིག་ལ་མི་རྨོངས་པར་བྱེད་པ་དག་ཡིག་གི་གཞུང་དང༌། ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་སུམ་ཅུ་པའི་གཞུང༌། ངག་གི་སྒྲ་གདངས་དང་བྱ་ཚིག་ལ་མི་རྨོངས་པར་བྱེད་པ་རྟགས་འཇུག་གི་གཞུང་གསུམ་ལ་བོད་ཀྱི་སྒྲ་རིག་པའམ་བརྡ་སྤྲོད་པའི་གཞུང་ཞེས་བྱའོ།།

 

༢༽ དྲི་བ། རྟགས་འཇུག་ཅེས་པའི་གོ་དོན་ནམ་མཚན་ཉིད་གང་ཡིན་དང༌། རྟགས་དང༌། འཇུག་ཅེས་ཚིག་འབྲུ་སོ་སོས་དོན་གང་སྟོན་ནམ།

ལན། དབྱངས་གསལ་སྔོན་རྗེས་རྣམས་སྒྲའི་སྐྱེ་གནས་དང༌། བྱེད་རྩོལ་དྲག་ཞན་ལ་བརྟེན་ནས་ཕོ་མོ་མ་ནིང་སོགས་ཀྱི་རྟགས་སུ་དབྱེ་ནས་སྒྲ་དོན་གཉིས་ཀྱི་འཇུག་ཚུལ་སྟོན་པའི་གཞུང་ཡིན་པས་ན་རྟགས་འཇུག་ཅེས་དང༌། རྟགས་ཞེས་པའི་ཡིག་འབྲུས་ཡི་གེ་སོ་སོའི་བརྗོད་པའི་སྒྲ་གདངས་དྲག་ཞན་སོ་སོར་སྟོན་ཅིང༌། འཇུག་ཅེས་པའི་ཡིག་འབྲུས་དེ་དག་གི་སྒྲ་དང་དོན་གྱི་འཇུག་པ་བསྟན་པ་ཡིན་ནོ།།

 

༣༽ དྲི་བ། རྟགས་འཇུག་གི་དབུར་མཆོད་བརྗོད་ཡོད་མེད་ཀྱི་འདོད་ཚུལ་དང༌། མཆོད་བརྗོད་ཡོད་པའི་དབང་དུ་བཏང་ན་ཇི་ལྟར་ཡིན་ནམ།

ལན། རྟགས་འཇུག་གི་དབུར་མཆོད་བརྗོད་ཡོད་མེད་ཀྱི་འདོད་ཚུལ་གཉིས་ལས། པྲ་ཏིའི་ཀུན་བཟང་དགོངས་རྒྱན་གྱི་དབུར་མཆོད་བརྗོད་བཀོད་ཡོད། དེ་ཡང༌། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་དང༌། སི་ཏུས་སུམ་ཅུ་པར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མཛད་ནས་དེ་རྟགས་འཇུག་སོགས་གཞུང་ལྷག་མ་བདུན་གྱི་ཐུན་མོང་བར་བཞེད་དོ།།

 

༤༽ དྲི་བ། རྟགས་འཇུག་སྐབས་མཚན་དོན་དང༌། འགྱུར་ཕྱག་སྨོས་དབང་དུ་བཏང་ན་མཚན་དོན་དང༌། འགྱུར་ཕྱག་གཉིས་ཇི་ལྟར་ཡིན་ནམ།

ལན། རྟགས་འཇུག་སྐབས་མཚན་དོན་དང་འགྱུར་ཕྱག་ཡོད་མེད་ཀྱི་འདོད་ཚུལ་གཉིས་ལས། མཚན་དོན་སྨོས་དབང་དུ་བཏང་ན། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱ་ཨ་ཝ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཞེས་དང༌། འགྱུར་ཕྱག་ནི་སི་ཏུས། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་དང༌། པྲ་ཏིས། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་སོ།།

 

༥༽ དྲི་བ། སུམ་རྟགས་གཉིས་རྩ་འགྲེལ་ཡིན་པ་དང༌། མིན་པའི་འདོད་ཚུལ་གཉིས་ལས། རྩ་འགྲེལ་ཡིན་མིན་གྱི་རྒྱུ་མཚན་གང་དག་ཡིན་ནམ།

ལན། སུམ་རྟགས་གཉིས་ལ་མཱུ་ལའམ་རྩ་བ་ཞེས་དང༌། བསྟན་བཅོས་ཀུན་གྱི་མ་ཕྱིར་གྱུར་པ་ཡོད་མེད་དང༌། རྟགས་འཇུག་ཏུ་ཆོས་དངོས་ལས་དང༌། ཞེས་རྣམ་དབྱེ་བརྒྱད་ཀྱི་མཚན་ཉིད་སྟོན་པས་རྩ་འགྲེལ་ཡིན་ཞེས་དང༌། སུམ་རྟགས་གཉིས་སྒྲ་དོན་གྱི་སྦྱོར་བ་དང༌། སྔོན་རྗེས་ཀྱི་འཇུག་པ༑ མཆོད་བརྗོད་དང་རྩོམ་པར་དམ་བཅའ་སོགས་ཡོད་མེད་ཀྱིས་རྩ་འགྲེལ་མ་ཡིན་པར་ཡང་འདོད་དོ།།

 

༦༽ དྲི་བ། སུམ་རྟགས་གཉིས་སྔོན་རྗེས་ཀྱི་འཇུག་པ་དང༌། སྒྲ་དོན་གྱི་སྦྱོར་བ། ཚོགས་གསུམ་ལས་གང་དང་གང་ཞིག་སྟོན་པའི་གཞུང་ཡིན་ནམ།

ལན། སྔོན་རྗེས་གཉིས་ཀྱི་དབང་དུ་བྱས་ན་སུམ་ཅུ་པ་རྗེས་འཇུག་གི་འཇུག་པ་དང༌། རྟགས་འཇུག་སྔོན་འཇུག་གི་འཇུག་པ་ཡིན་ལ། སྒྲ་དོན་གཉིས་ཀྱི་དབང་དུ་བྱས་ན་སུམ་ཅུ་པ་དོན་གྱི་སྦྱོར་བ་དང༌། རྟགས་འཇུག་སྒྲ་ཡི་སྦྱོར་བ་ཡིན་ཞིང༌། ཚོགས་གསུམ་གྱི་དབང་དུ་བྱས་ན་སུམ་ཅུ་པ་ཕྲད་རྣམ་དབྱེའི་ཚོགས་དང༌། རྟགས་འཇུག་བྱ་བའི་ཚིག་གི་ཚོགས་སྟོན་པའི་གཞུང་ལུགས་ཡིན་ནོ།།

 

༧༽ དྲི་བ། རྟགས་འཇུག་ལ་སྤྱིར་རྟགས་དང༌། བྱེ་བྲག་རྟགས་ཀྱི་དབྱེ་བ་སོགས་ཇི་ཡོད། དེ་དག་ལས་རྟགས་ཀྱི་འཇུག་པ་ཡོད་པ་གང་དག་ཡིན།

ལན། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་བཞི་ཡོད། དེ་དག་ནི་སྤྱིར་རྟགས་ཀྱི་དབྱེ་བ་དང༌། མིང་གཞིའམ་བྱེ་བྲག་རྟགས་ཀྱི་དབྱེ་བ། སྔོན་འཇུག་རྟགས་ཀྱི་དབྱེ་བ། རྗེས་འཇུག་རྟགས་ཀྱི་དབྱེ་བ་དང་བཞིའོ། །སྔོན་རྗེས་གཉིས་ལ་རྟགས་ཀྱི་དབྱེ་བ་ཡོད་ཀྱང་སྔོན་རྗེས་རྟགས་ཀྱི་འཇུག་པ་གཙོ་ཆེ་བས་རྟགས་འཇུག་ལས་སྔོན་རྗེས་རྟགས་ཀྱི་འཇུག་པ་ལས་དབྱེ་བ་བཤད་པ་ཞེས་མ་གསུངས་སོ།།

 

༨༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བ་ཇི་ལྟར་ཡིན་དང༌། སྤྱིར་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་གང་ཡིན། དེ་ལྟར་དབྱེ་བའི་རྒྱུ་མཚན་གང་ཡིན་ནམ།

ལན། སྤྱིར་རྟགས་ཀྱི་དབྱེ་བ་ནི། རྩ་བ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་དང༌། དཀའ་གསལ་ལས། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །ཞེས་པ་ལྟར་དབྱངས་མོ་དང་གསལ་བྱེད་ཕོར་བཞག་ལ། སྤྱིར་རྟགས་ཀྱི་དབྱེ་སྒོ་ནི་ཕོ་མོ་གཉིས་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་རང་བཞིན་དང་ངོ་བོ་གཉིས་ལ་བརྟེན་ནས་དབྱངས་བཞི་མོ་དང་གསལ་བྱེད་སུམ་ཅུ་རྣམས་ཕོར་དབྱེ་བའོ།།

 

༩༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བའི་སྐབས་རྟགས་འཇུག་རྩ་བས་རྟགས་གང་ཞིག་དངོས་སུ་བསྟན་ནས་རྟགས་གང་ཞིག་ཤུགས་སུ་བསྟན་པ་ཡིན་ནམ།

ལན། རྩ་བ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་པས་གསལ་བྱེད་སུམ་ཅུ་ཕོ་ཡིན་པ་དངོས་སུ་བསྟན་ནས་ཤུགས་ལ་དབྱངས་བཞི་མོར་གྲུབ་པའམ་མོར་བསྟན་པ་ཡིན། དཀའ་གསལ་ལས། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །ཞེས་ཕོ་མོའི་རྟགས་གཉིས་ཀ་དངོས་སུ་བསྟན་པས་ན་དངོས་ཤུགས་བརྩི་གཞུང་ནི་སུམ་རྟགས་ཀྱི་རྩ་བར་འཇོག་པ་ལས་དཀའ་གསལ་མེ་ལོང་ལྟ་བུར་མི་བྱའོ།།

 

༡༠༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བ་ནི་རང་བཞིན་དང༌། ངོ་བོ་ལ་བརྟེན་ནས་དབྱེ་ཞེས་པའི་རང་བཞིན་དང༌། ངོ་བོ་གང་འདྲ་ཞིག་ལ་ཟེར་རམ།

ལན། སྤྱིར་རྟགས་ཀྱི་དབྱེ་བ་ནི་རང་བཞིན་དང་ངོ་བོ་གཉིས་ལ་བརྟེན་ནས་དབྱེ་ཞེས་པའི་རང་བཞིན་དང་ངོ་བོ་ནི་འདི་ལྟ་སྟེ། གསལ་བྱེད་རྣམས་རང་རང་ངག་ནས་བརྗོད་ཀློག་བྱེད་པའི་ཚེ་རང་སྟོབས་ཀྱིས་སྒྲ་གདངས་གསལ་ཐུབ་པས་ཕོ་དང༌། དབྱངས་རྣམས་གསལ་བྱེད་གང་རུང་ཞིག་ལ་མ་སྦྱར་ན་རང་རང་ངག་ནས་བརྗོད་དུ་མེད་ཅིང་རང་སྟོབས་ཀྱིས་སྒྲ་གདངས་གསལ་མི་ཐུབ་པས་མོར་བཞག་པའོ།།

 

༡༡༽ དྲི་བ། དབྱངས་རྣམས་ཤེས་རབ་ཀྱི་རང་བཞིན་མོ་དང༌། གསལ་བྱེད་རྣམས་ཐབས་ཀྱི་རང་བཞིན་ཕོར་བཞག་པའི་དགོས་པ་རྒྱུ་མཚན་ཅི།

ལན། གཞི་བདེན་པ་གཉིས་དང༌། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་འབྱུང་བ་ལ་བརྟེན་ནས་ལམ་ཐབས་ཤེས་གཉིས་ཡ་བྲལ་ན་འབྲས་བུ་སྐུ་གཉིས་མི་ཐོབ་པ་ཇི་བཞིན་དབྱངས་གསལ་ཡ་བྲལ་ན་བརྗོད་དོན་ཡོངས་རྫོགས་སྟོན་མི་ནུས་པས་བརྗོད་དོན་ཆ་ཚང་སྟོན་པར་དབྱངས་གསལ་གཉིས་ཡ་མ་བྲལ་བར་དབྱངས་གསལ་གཉིས་ཚོགས་དགོས་པ་ཐབས་ཤེས་དཔེ་དོན་དུ་སྦྱར་ཏེ་བསྟན་པ་ཡིན་ནོ།།

 

༡༢༽ དྲི་བ། བྱེ་བྲག་རྟགས་ཀྱི་དབྱེ་བར་དབྱེ་སྒོ་ཇི་ཡོད་དང༌། རྒྱུ་མཚན་གང་གིས་སྒོ་ནས་ཕོ་མོ་མ་ནིང་སོགས་ཀྱི་རྟགས་སུ་དབྱེ་བ་ཡིན་ནམ།

ལན། བྱེ་བྲག་རྟགས་ལ་དབྱེ་བའི་དབྱེ་སྒོ་ལྔ་ཡོད་དེ། ཕོ་དང༌། མ་ནིང༌། མོ། ཤིན་ཏུ་མོ། མོ་གཤམ་དང་ལྔའོ། །དེ་ལྟར་དབྱེ་བའི་རྒྱུ་མཚན་ནི། ཀ་ནས་ཨ་བར་གསལ་བྱེད་རྣམས་རང་རང་ངག་ནས་བརྗོད་པའི་ཚེ་གཙོ་བོ་སྐྱེ་གནས་མགྲིན་རྐན་སོ་མཆུ་དང༌། བྱེད་རྩོལ་དམ་ལྷོད་ལ་བརྟེན་ནས་སྒྲ་གདངས་དྲག་ཞན་དུ་འགྱུར་བའི་ཆ་ནས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་ཀྱི་རྟགས་ལྔར་དབྱེ་བའོ།།

 

༡༣༽ དྲི་བ། རྟགས་འཇུག་ལས། སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །

ཞེས་པ་ལྟར་གསལ་བྱེད་རྣམས་སྡེ་ཚན་ལྔ་རུ་དྲིལ་ཚུལ་ཇི་ལྟར་ཡིན་ནམ།

ལན། གསལ་བྱེད་སྡེ་པ་ཕྱེད་དང་བརྒྱད་གནས་པ་རྣམས་ནང་གསེས་སྡེ་ཚན་ལྔ་རུ་དྲིལ་ཚུལ་ནི། དཀའ་གསལ་ལས། ཀ་ཅ་ཏ་པ་ཙ་རྣམས་ཕོ༑ ༑ཁ་ཆ་ཐ་ཕ་ཚ་མ་ནིང༌། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ༑ ༑ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པ་ལྟར་གསལ་བྱེད་རྣམས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་སྡེ་ཚན་ལྔར་དབྱེ་བ་ཡིན་ནོ།།

 

༡༤༽ དྲི་བ། སྡེ་པ་ཕྱེད་དང་བརྒྱད་དང༌། ཀ་ཁ་ག་ང་སོགས་སྡེ་པ་སོ་སོའི་ཡི་གེ་བཞི་པོ་སྔ་ཕྱི་གོ་རིམ་དེ་ལྟར་རྒྱུ་མཚན་གང་གི་སྒོ་ནས་བསྒྲིགས་སམ།

ལན། སྡེ་པ་ཕྱེད་དང་བརྒྱད་པོའི་གོ་རིམ་སྒྲིག་ཚུལ་ནི། སྡེ་པ་བཞི་པ་ཡན་ཆད་གཙོ་བོ་སྐྱེ་གནས་དང༌། སྡེ་པ་ལྔ་པ་མན་ཆད་བྱེད་རྩོལ་གཙོ་བོའི་ཆ་ནས་གོ་རིམ་སྒྲིག་པ་དང༌། སྡེ་པ་རེ་རེའི་ཡི་གེ་བཞི་པོ་རྣམས་བྱེད་རྩོལ་དམ་ལྷོད་དང༌། སྒྲ་གདངས་དྲག་ཞན་དང༌། ཕོ་མོ་མ་ནིང་ཤིན་ཏུ་མོའི་རྟགས་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་ཀ་ཁ་ག་ང་སོགས་སྡེ་པ་སོ་སོའི་ཡི་གེ་བཞི་པོ་རྣམས་གོ་རིམ་དེ་ལྟར་བསྒྲིགས་པའོ།།

 

༡༥༽ དྲི་བ། ཐོན་མིས་གསར་དུ་བཟོས་པའི་བོད་ཡིག་དྲུག་པོ་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པའི་རྒྱུ་མཚན་གང༌།

ལན། ཐོན་མིས་གསར་དུ་བཟོས་པའི་བོད་ཡིག་དྲུག་ནི་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པ་ནི་ཡི་གེའི་གཟུགས་དང་གཅིག སྐད་ཡིག་གི་བེད་སྤྱོད་དང་གཉིས། ཡི་གེའི་གོ་རིམ་སྒྲིག་ཚུལ་དང་གསུམ། ཕོ་མོའི་རྟགས་སུ་དབྱེ་ཚུལ་དང་བཞི་ལ་བརྟེན་ནས་ཐོན་མིས་གསར་དུ་བཟོས་པའི་ཡི་གེ་དྲུག་ནི་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པར་སེམས་སོ།།

 

༡༦༽ དྲི་བ། བྱེ་བྲག་རྟགས་དབྱེའི་སྐབས་ཕོ་མོ་མ་ནིང་གི་ཡི་གེ་རྣམས་བྱེད་འབྲེལ་བྱེད་མེད་དང༌། སྐུལ་ཚིག་ལ་འཇུག་པ་གཙོ་ཆེ་ཆུང་ཇི་ལྟར་ཡིན།

ལན། ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་བྱེད་འབྲེལ་ལས་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། དཔེར་ན། བཀོད་བཅད་བཏང་གསུམ་ལྟ་བུ་དང༌། མོ་ཡིག་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ་རྣམས་བྱེད་མེད་ལས་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། དཔེར་ན། གྲུབ་དངངས་ཉམས་གསུམ་ལྟ་བུའོ། །མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་སྐུལ་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། ཁོད་ཆད་ཐོངས་གསུམ་ལྟ་བུའོ།།

 

༡༧༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པས་ཨ་ཡིག་ལ་རྟགས་ཡོད་མེད་དང༌། ཕོ་དང་མ་ནིང་མཚན་མེད་དུ་འདོད་ཚུལ་ཇི་ལྟར་ཡིན།

ལན། རྣམ་གླིང་པཎ་ཆེན་གྱིས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་ཨ་ཡིག་ཕོ་རྟགས་སུ་འདོད་པ་དང༌། ས་པཎ་དང༌། ཞཱ་ལུ། པྲ་ཏི། ལོ་ཆེན་ནམ་བཟང་སོགས་ཀྱིས། ཨ་ཡིག་འདིར་ནི་རྟགས་མེད་ཡིན། །ཞེས་སོགས་ཨ་རྟགས་མེད་དུ་འདོད་ལ། སི་ཏུ་པཎ་ཆེན་དང༌། དངུལ་ཆུ་ཡབ་སྲས་གཉིས་ཀྱིས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་ཨ་ཡིག་མོ་གཤམ་གྱི་ཡི་གེ་ཡིན་པར་འདོད་དོ།།

 

༡༨༽ དྲི་བ། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་དང༌། ཨ་ནི་མཚན་མེད་ཅེས་བྱ། །ཞེས་གཞུང་གང་དུ་མཁས་པ་སུ་དང་སུས་གསུངས་སམ།

ལན། པྲ་ཏི་རིན་ཆེན་དོན་གྲུབ་སོགས་སྔོན་བྱོན་མཁས་པ་དག་གི་གཞུང་དུ༑ མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་བཀོད་པ་སི་ཏུ་པཎ་ཆེན་གྱིས་ཨ་ནི་ཞེས་པའི་ཡིག་ཟུར་ཉམས་ཏེ་མ་ནི་ཞེས་གྲུབ་པ་འདིར་འབྲེལ་བ་མེད་པས་ཕྱིས་སུ་དེ་ལ་ང་མཐའ་སྦྱར་བས་མ་ནིང་ཞེས་གྲུབ་པས་འདི་ནི་གཞུང་གི་ཡི་གེ་ཉམས་པའོ་ཞེས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་རྩ་བར་དག་བཅོས་མཛད་པའོ།།

 

༡༩༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་ཀྱང་སྒྲའི་ནུས་པ་གང་ཐོན་མིན་དང༌། རང་ལུགས་ཨ་ཡིག་རྟགས་གང་དུ་འདོད་དམ།

ལན། ཀྱང་སྒྲའི་ནུས་པས་ཨ་ཡིག་མོ་གཤམ་གྱི་ཡི་གེ་ཡིན་པར་བསྟན་པ་དང༌། རང་ལུགས་ཨ་ནི་མཚན་མེད་ཅེས་དམན་པའི་ཆ་ལ་དགག་སྒྲ་སྦྱར་བ་ལས་མཚན་མེད་རྟགས་མེད་དུ་མི་འདོད་དེ། དེ་ལྟར་འདོད་ན། རྩ་བར། སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཞེས་པ་དང་ནང་འགལ་དུ་འགྱུར་བས་ཨ་ཡིག་མོ་གཤམ་ལས་ཕོ་རྟགས་དང་རྟགས་མེད་དུ་མི་འདོད་དོ།།

 

༢༠༽ དྲི་བ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་ཀྱི་སྒྲ་དང་རྩོལ་བ་དྲག་ཞན་ཇི་ལྟར་བསྟན་ཏམ།

ལན། རྩ་བ་ལས། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་སྒྲ་རྩོལ་དྲག་ཞན་གྱི་སྒོ་ནས་ཕོ་སྒྲ་རྩོལ་དྲག་པ་དང༌། མ་ནིང་སྒྲ་རྩོལ་རན་པ། མོ་སྒྲ་རྩོལ་ཅུང་ཟད་ཞན་པ། ཤིན་ཏུ་མོ་དེ་ལས་སྒྲ་རྩོལ་ཅུང་ཟད་ཞན་པ། མོ་གཤམ་སྒྲ་རྩོལ་ཤིན་ཏུ་ཞན་པ་བཅས་ལ་བརྟེན་ནས་གསལ་བྱེད་རྣམས་སྡེ་ཚན་ལྔ་རུ་དབྱེ་བ་ཡིན་ནོ།།

 

༢༡༽ དྲི་བ། གསལ་བྱེད་རྣམས་སྲོག་ཆེན་སྲོག་ཆུང་དང༌། སྒྲ་ལྡན་སྒྲ་མེད་སོ་སོར་ངོས་འཛིན་དང༌། དེ་ལྟར་བཞག་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་གྱི་ཡི་གེ་དང༌། གསལ་བྱེད་ལྷག་མ་སྲོག་ཆུང་དང༌། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང༌། གསལ་བྱེད་ལྷག་མ་རྣམས་སྒྲ་མེད་ཡིན་ལ། ཕྱི་ནང་གི་རྩོལ་བའི་དབང་ལས་གསལ་བྱེད་དེ་དག་དབྱུང་ཚེ་དབུགས་ཐོན་ཆེ་ཆུང་གིས་སྲོག་ཆེན་སྲོག་ཆུང་དང༌། སྒྲ་ཐོན་ཆེ་ཆུང་གིས་སྒྲ་ལྡན་སྒྲ་མེད་དུ་དབྱེའོ།།

 

༢༢༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་མཚན་མེད་ལ་རང་ལུགས་དང༌། གཞན་ལུགས་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། ཨ་ཀྱཱ་ཡོངས་འཛིན་གྱིས། ཨ་ཡིག་འདིར་ནི་རྟགས་མེད་ཡིན།།

ཞེས་དང༌། ཞཱ་ལུས། ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ། །སུམ་ཅུ་པ་ལ་ཕྱོགས་ལྷུང་མེད། །ཅེས་ཨ་མཚན་མེད་རྟགས་མེད་དུ་འདོད། རང་ལུགས་སི་ཏུས། ཀྱང་ཞེས་པས་ཨ་ཡིག་མོ་གཤམ་ཡིན་པར་གྲུབ་ཅིང༌། ར་ལ་ཧ་གསུམ་ལས་རྩོལ་བ་ཞན་པས་མཚན་མེད་ཅེས་མིང་དུ་གདགས་པར་བྱའོ།།

ཞེས་ཨ་ཡིག་མོ་གཤམ་དུ་འདོད་དོ།།

 

༢༣༽ དྲི་བ། གསལ་བྱེད་རྣམས་སླར་ཡང་རྟགས་གསུམ་དུ་དྲིལ་ཚུལ་ཇི་ལྟར་ཡིན་དང༌། རྟགས་གསུམ་དུ་དྲིལ་བའི་དགོས་པ་གང་ཡོད་དམ།

ལན། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ༑ ༑ཞེས་པ་ལྟར་མོ་ལ་མོ་ཙམ་དང་ཤིན་ཏུ་མོ་དང་མོ་གཤམ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བར་མོར་བཞག་སྟེ་ཕོ་མོ་མ་ནིང་གསུམ་དུ་དྲིལ་བ་དང༌། སླར་ཡང་རྟགས་གསུམ་དུ་དྲིལ་བ་ནི། མོ་ཡིག་ཉི་ཤུ་ལས་རྗེས་འཇུག་བཅུ་དབྱུང་བདེ་བ་དང༌། ང་རོའི་རྩ་བ་གསུམ་དང་མཐུན་པ། མིང་མཐའ་དང་ཕྲད་རྣམ་དབྱེ་འདྲེན་བདེ་བས་སླར་ཡང་རྟགས་གསུམ་དུ་དབྱེ་བ་ཡིན་ནོ།།

 

༢༤༽ དྲི་བ། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །ཞེས་པའི་སྐབས་ཀྱི་མོ་ཡིག་དེ་གང་ལ་ངོས་འཛིན་དགོས་སམ།

ལན། མོའི་ཡི་གེ་ལ་མོ་ཙམ་དང༌། ཤིན་ཏུ་མོ། མོ་གཤམ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བར་གཅིག་ཏུ་བྱས་པའི་མོ་ཡིག་ཉི་ཤུ་ཐམ་པར་ངོས་འཛིན་དགོས་ཏེ། དེ་ལྟར་མིན་པར་སྡེ་ཚན་ལྔར་དབྱེ་བའི་མོ་ཡིག་བཅུ་གཉིས་ལ་བཞག་ན་དེ་ལས་རྗེས་འཇུག་ག་ད་བ་འ་ས་བཅས་ལྔ་ལས་མི་འབྱུང་བས་རྗེས་འཇུག་དབྱུང་བདེ་བའི་ཕྱིར་སླར་ཡང་རྟགས་གསུམ་དུ་དབྱེ་བའི་རྒྱུ་མཚན་ཡང་དེའི་གནད་ཀྱིས་སོ།།

 

༢༥༽ དྲི་བ། མོ་ཡིག་ལས་རྗེས་འཇུག་དབྱུང་དགོས་པའི་རྒྱུ་མཚན་དང་སུམ་རྟགས་གཉིས་ལས་སྔོན་རྗེས་དག་དབྱུང་ཚུལ་མཚུངས་སམ་མི་མཚུངས།

ལན། ཕོ་དང་མ་ནིང་གི་ཡི་གེ་ཡིན་ན་སྔོན་རྗེས་གང་དུའང་མི་འཇུག་པས་ཁྱབ་ལ། སྔོན་རྗེས་ཀྱི་ཡི་གེ་ཡིན་ན་ཕོ་མོ་མ་ནིང་གསུམ་དུ་ཕྱེ་བའི་མོ་ཡིག་ཡིན་པས་ཁྱབ་པས་ན་མོ་ཡིག་ལས་རྗེས་འཇུག་བཅུ་དབྱུང་བ་དང༌། སུམ་རྟགས་ཀྱི་གཞུང་དུ་དབྱུང་བྱ་སྔོན་རྗེས་ཀྱི་ཡི་གེ་ཡིན་པ་མཚུངས་ཀྱང་སུམ་རྟགས་ཀྱི་གཞུང་ལས་སྔོན་རྗེས་གཉིས་དབྱུང་ཚུལ་མི་འདྲ་ཞིང༌། འདྲ་ན་དེ་གཉིས་ཟློས་སྐྱོན་དུ་འགྱུར་རོ།།

 

༢༦༽ དྲི་བ། སུམ་རྟགས་རྩ་བས་དབྱུང་བྱ་སྔོན་རྗེས་ཀྱི་ཡི་གེ་ཡིན་པ་མཚུངས་ཀྱང་དབྱུང་ཚུལ་མི་འདྲ་ཞེས་པའི་མི་འདྲ་ཚུལ་ཇི་ལྟར་ཡིན་ནམ།

ལན། སུམ་ཅུ་པ་ལས། དང་པོ་གསུམ་པ་བཞི་པ་ཡི། །ཞེས་སོགས་སྔོན་རྗེས་ཀྱི་ཡི་གེ་རྣམས་ངོས་འཛིན་ཚུལ་དང་ཕྲད་གྲུབ་ཚུལ་བཤད་ཅིང༌། རྟགས་འཇུག་ཏུ་མོ་ཡི་གེའི་ནང་ནས་ནི། །ཞེས་སོགས་སྔོན་རྗེས་ཀྱི་ཡི་གེ་རྣམས་ཕོ་མོ་སོགས་རྟགས་གང་ཡིན་དང་སྒྲ་གདངས་དྲག་ཞན་བསྟན་པས་ན་སུམ་རྟགས་གཉིས་སུ་སྔོན་རྗེས་གཉིས་ཀྱི་དགོས་པ་དང་རྒྱུ་མཚན་མི་འདྲ་བས་ཟློས་སྐྱོན་དུ་མི་འགྱུར་རོ།།

 

༢༧༽ དྲི་བ། སྔོན་འཇུག་ལྔ་པོ་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་གང་ཡིན་དང༌། སྔོན་འཇུག་ལྔ་པོ་རྒྱུ་མཚན་གང་གི་སྒོ་ནས་རྟགས་དེ་ལྟར་དབྱེ་བ་ཡིན་ནམ།

ལན། སྔོན་འཇུག་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་ནི། རྩ་བ་ལས། སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་པ་ལྟར་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་སྔོན་འཇུག་གི་ཡི་གེ་ལྔ་པོ་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་ཞན་དང༌། བྱེད་རྩོལ་ཤུགས་ཆེ་ཆུང་དུ་གྱུར་པའི་ཆ་ནས་དེ་ལྟར་དབྱེ་བའོ།།

 

༢༨༽ དྲི་བ། རྟགས་འཇུག་ཏུ་བྱེད་པ་བཞི་ཡིས་སྒོ་ནས་འཇུག་ཚུལ་བཤད་པ་ཇི་ཡོད་དང༌། སྤྱི་བྱེའི་རྟགས་གཉིས་ལ་དེ་ལྟར་མ་བཤད་པའི་རྒྱུ་མཚན་ཅི།

ལན། རྟགས་འཇུག་ཏུ་སྔོན་འཇུག་ལྔ་པོ་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་བཤད་པ་དང༌། རྗེས་འཇུག་བཅུ་པོ་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་བཤད་པ་དང་གཉིས་སོ། །སྤྱིར་རྟགས་ཀྱི་དབྱེ་བ་དང༌། བྱེ་བྲག་རྟགས་ཀྱི་དབྱེ་བ་གཉིས་ལ་རྟགས་ཀྱི་དབྱེ་བ་ལས་རྟགས་ཀྱི་འཇུག་པ་མེད་པའི་རྒྱུ་མཚན་གྱིས་སྤྱི་དང་བྱེ་བྲག་གི་རྟགས་གཉིས་པོར་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་མ་བཤད་པ་ཡིན་ནོ།།

 

༢༩༽ དྲི་བ། གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པའི་སྐབས་སྒྲ་དོན་གྱི་འཇུག་ཚུལ་ཇི་ལྟར་བསྟན་ཏམ།

ལན། བྱེད་པ་དང་པོ་གསུམ་གྱིས་མིང་ཚིག་དང་ལས་ཚིག་གཉིས་ཀ་བསྟན་པ་དང༌། བྱེད་པ་བཞི་པས་བྱ་ཚིག་རྐྱང་པ་བསྟན་པ་དང༌། དེ་ཡང་དངོས་བསྟན་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ཤུགས་སུ་བསྟན་ཅེས་དང༌། འོན་ཀྱང་ཅི་ཕྱིར་འཇུག་པར་དགོས་པ་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་བ་ལྟར་ན། དགོས་པ་སྤྱིས་མིང་རྐྱང་དང༌། དགོས་པ་བྱེ་བྲག་གིས་བྱ་ཚིག་བསྟན་པར་འདོད་དོ།།

 

༣༠༽ དྲི་བ། གང་ལ་འཇུག་བྱེད་གང་གིས་བྱེད། །ཅེས་སོགས་སྐབས་སྔོན་འཇུག་གི་བྱེད་པ་བཞི་པོ་ཁྱབ་ཆེ་ཆུང་ཇི་ལྟར་བསྟན་པ་ཡིན་ནམ།

ལན། བྱེད་པ་དང་པོས་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང༌། བྱེད་པ་གཉིས་པས་སྔོན་འཇུག་གང་གིས་འཇུག་པར་བྱེད་པ། བྱེད་པ་གསུམ་པས་སྒྲ་གདངས་དྲག་ཞན་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ། བྱེད་པ་བཞི་པས་དགོས་པ་རྒྱུ་མཚན་ཅི་ཕྱིར་འཇུག་པ་བསྟན་པས་བྱེད་པ་ཁྱབ་ཆེ་ཆུང་གི་གོ་རིམ་ནི་བྱེད་པ་གསུམ་པ་དང༌། དེ་ནས་བྱེད་པ་བཞི་པ། བྱེད་པ་དང་པོ། བྱེད་པ་གཉིས་པ་བཅས་ཡིན་ནོ།།

 

༣༡༽ དྲི་བ། སི་དངུལ་གཉིས་ཀྱིས་བྱེད་པ་བཞི་པོ་གྲངས་ཇི་ཙམ་གྱི་སྒོ་ནས་བཤད་པ་དང༌། དེ་ལྟར་བཤད་པའི་དགོས་པ་རྒྱུ་མཚན་གང༌།

ལན། དེ་ཡང༌། གང་ལ་འཇུག་པར་བྱེད་པ་དང༌། གང་གིས་འཇུག་པར་བྱེད་པ་ཐུན་མོང་དུ་བཤད་པ་དང༌། ཇི་ལྟར་འཇུག་པར་བཤད་པ། ཅི་ཕྱིར་འཇུག་པ་བཤད་པ་སྟེ་གསུམ་མོ། །ཞེས་བྱེད་པ་བཞི་པོ་ས་བཅད་གསུམ་གྱིས་སྒོ་ནས་བཤད་ཅིང༌། བྱེད་པ་དང་པོ་གཉིས་ཐུན་མོང་དུ་བཤད་དེ་ས་བཅད་ཟུར་པ་དགོས་སོ་སྙམ་ནའང་སྐྱོན་དུ་འགྱུར་རོ། །ཞེས་གསུངས་ཏེ་བྱེད་པ་བཞི་པོ་ས་བཅད་གསུམ་གྱི་སྒོ་ནས་བཤད་པའོ།།

 

༣༢༽ དྲི་བ། ཕོ་ནི་ཕོ་དང་མོ་ལ་འཇུག །ནས། མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པར་ཁྱབ་པ་ཡོད་མེད་དང༌། དེ་ལྟར་གསུངས་པའི་རྒྱུ་མཚན་ཅི།

ལན། ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་གསུངས་པ་ནི་སྔོན་འཇུག་ལྔ་པོ་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དེ་དང་དེར་འཇུག་པ་མང་བའི་རྒྱུ་མཚན་གྱིས་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་དང་དེ་ལ་འཇུག་ཅེས་གསུངས་པ་ལས་དེ་དག་ལ་ཁྱབ་པ་བསྟན་པ་མིན་ནོ།།

 

༣༣༽ དྲི་བ། སྔོན་འཇུག་ལྔ་པོ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གང་དང་གང་ལ་སྒྲ་རྩོལ་དྲག་ཞན་ཚུལ་ཇི་ལྟར་འཇུག་པ་ཡིན་ནམ།

ལན། དཀའ་གསལ་ལས། ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན༑ ༑ཛ་ཞ་ཟ་ར་ཤ་སར་འཇུག །མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ཤ །སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག །མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར། །ཤིན་ཏུ་མོ་ཡི་མ་ཡིག་ནི།།

ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག །ཅེས་དང༌། ཕོ་སྒྲ་རྩོལ་དྲག་པ་དང༌། མ་ནིང་རན་པ། མོ་ཞན་པ། ཤིན་ཏུ་མོ་མཉམ་པས་འཇུག་གོ།

 

༣༤༽ དྲི་བ། སྔོན་རྗེས་འཇུག་ཡུལ་གྱི་མིང་གཞི་ལ་གཙོ་ཕལ་གྱི་དབྱེ་བ་ཇི་ལྟར་ཕྱེ་མིན་དང༌། དབྱེ་བ་མ་ཕྱེ་ན་སྐྱོན་གང་དག་ཡོད་དམ།

ལན། སྔོན་རྗེས་དང་མགོ་འདོགས་འཇུག་ཡུལ་ལ་མིང་གཞི་གཙོ་བོ་དང༌། མགོ་འདོགས་གཉིས་མིང་གཞི་ཕལ་པར་འཇོག་པ་ཡིན་ལ།  གང་ལ་འཇུག་བྱེད་སྐབས་དེ་ལྟའི་འཇུག་ཡུལ་གཙོ་བོ་ལ་བྱེད་དགོས་ཏེ་དེ་ལྟར་མ་ཡིན་ན་འགྱེད་ཅེས་པ་ལྟ་བུའི་ཚེ་འ་ཡིག་རང་སྡེའི་ཡ་ཡིག་ལ་འཇུག་པར་ཁས་ལེན་དགོས་པས་དེས་ན། རང་གི་སྡེ་དང་འཕྲད་པ་ན། །ཞེས་སོགས་དང་འགལ་བའི་སྐྱོན་ཡོད་དོ།།

 

༣༥༽ དྲི་བ། རྐྱང་བརྩེགས་འདོགས་གསུམ་གྱི་གོ་དོན་དང༌། རྐྱང་འདོགས་གཉིས་གཅིག་ཏུ་བགྲང་ན་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།

ལན། སི་ཏུས། སྔོན་འཇུག་གི་འཇུག་ཡུལ་དུ་རྗེས་འཇུག་མི་བརྩི་བའི་མིང་གཞི་ཡི་གེ་རེ་རེ་ཡིན་ན་རྐྱང་པ་དང༌། གཉིས་གསུམ་འབྲེལ་བ་ཡིན་ན་བརྩེགས་མའི་ཐ་སྙད་འཇུག་ཅིང༌། འདོགས་ཅན་ཞེས་ཐ་སྙད་ཟུར་དུ་བྱེད་པའང་བརྩེགས་མའི་བྱེ་བྲག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། སྤྱིར་མགོ་འདོགས་གཉིས་མེད་པར་རྐྱང་པ་དང༌། དག་ཡིག་ངག་སྒྲོན་དུ། སྔོན་འཇུག་མེད་པར་རྐྱང་པར་འདོད་དོ།།

 

༣༦༽ དྲི་བ། རྟགས་འཇུག་སྐབས་འཕུལ་ཡིག་རྣམས་རང་གི་འཇུག་ཡུལ་མིང་གཞིར་རྐྱང་འདོགས་བརྩེགས་གསུམ་གྱིས་འཇུག་ཚུལ་ཇི་ལྟར་ཡིན།

ལན། སྔོན་འཇུག་བ་ཕོ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་བཅུ་དྲུག་ལ་རྐྱང་བརྩེགས་འདོགས་གསུམ་ཅི་རིགས་དང༌། མོ་འ་ཡིག་ནི་མིང་གཞི་བཅུ་ལ་རྐྱང་འདོགས་གཉིས་དང༌། མ་ནིང་ག་ཡིག་ནི་མིང་གཞི་བཅུ་གཅིག་ལ་རྐྱང་པ་ཁོ་ནས་འཇུག མ་ནིང་ད་ཡིག་ནི་མིང་གཞི་དྲུག་ལ་རྐྱང་འདོགས་གཉིས་དང༌། ཤིན་ཏུ་མོ་མ་ཡིག་ནི་མིང་གཞི་བཅུ་གཅིག་ལ་རྐྱང་འདོགས་གཉིས་ཀྱི་སྒོ་ནས་འཇུག་གོ།

 

༣༧༽ དྲི་བ། རྩ་བ་ལས། མི་འཇུག་པ་ནི་འདི་ལྟ་སྟེ། །ཞེས་པ་ལྟར་སྔོན་འཇུག་ལྔ་པོ་མིང་གཞི་གང་ལ་མི་འཇུག་པའི་ཚུལ་ཇི་ལྟར་ཡིན་ནམ།

ལན། རྩ་བ་ལས། མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །ཅེས་སྔོན་འཇུག་དེ་དང་དེས་མིང་གཞི་དེ་དང་དེར་མི་འཇུག་པར་བསྟན་ཅིང༌། རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །ཞེས་སྤུན་ཉེ་ཕན་ཚུན་གཉེན་སྒྲིག་མི་བྱེད་པ་ལྟར་སྔོན་འཇུག་ལྔ་པོ་རང་གི་སྡེ་པ་གཅིག་པའི་ཡི་གེ་དག་ལ་མི་འཇུག་པར་བསྟན་ཏོ།།

 

༣༨༽ དྲི་བ། རྐྱང་འཕུལ་མི་ཐོབ་པའི་ཡི་གེ་དྲུག་གང་ཡིན་དང༌། དེ་དག་ལས་མགོ་འདོགས་དབང་གིས་ཕྱེད་འཕུལ་ཐོབ་ཚུལ་ཇི་ལྟར་ཡིན་ནམ།

ལན། སྔོན་འཇུག་ཐོབ་པར་མི་སྲིད་པ། །ཝ་འ་ར་ལ་ཧ་ཨ་དྲུག །ར་ལ་གཉིས་ཀྱང་རྐྱང་པའི་དབང༌། །ཞེས་པ་ལྟར། ཝ་འ་ར་ལ་ཧ་ཨ་བཅས་མིང་གཞིའི་ཡི་གེ་དྲུག་པོར་རྐྱང་པའི་དབང་དུ་འཕུལ་ཡིག་གཏན་ནས་མི་ཐོབ་པས་འཕུལ་ཡིག་མི་ཐོབ་པའི་ཡི་གེ་དྲུག་ཅེས་བརྗོད་ཅིང༌། འོན་ཀྱང་དེ་དག་ལས་ར་ལ་གཉིས་ལ་བརླ་བརྙན་ལྟ་བུ་མགོ་འདོགས་གི་དབང་དུ་འཕུལ་ཡིག་ཐོབ་པས་ཕྱེད་འཕུལ་ཐོབ་ཅེས་སོ།།

 

༣༩༽ དྲི་བ། རྩ་བ་ལས། ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པའི་ཡང་སྒྲ་སྔ་ཕྱི་གཉིས་ཀྱིས་དོན་གང་བསྡུས་སམ།

ལན། རང་གི་སྡེ་དང་འཕྲད་པའི་ཚེ་སྔོན་འཇུག་ཕོ་བ་ཡིག་རང་སྡེའི་བ་དང་མ་ལ་མི་འཇུག་ཅིང༌། ཡང་སྒྲས་ཕོ་པ་ལའང་མི་འཇུག་པ་བསྟན་ལ༑ དེ་བཞིན་སྔོན་འཇུག་ག་ཡིག་རང་སྡེའི་ཀ་ག་ང་གསུམ་ལ་མི་འཇུག་པ་དང༌། ད་ཡིག་རང་སྡེའི་ཏ་ད་ན་གསུམ་ལ་མི་འཇུག་ཅིང༌། འ་ཡིག་ཞ་ཟ་འ་ཡ་བཞི་ལ་མི་འཇུག་པ་དང༌། མ་ཡིག་རང་སྡེའི་ཕ་བ་མ་གསུམ་ལ་མི་འཇུག་པ་བསྡུས་ནས་བསྟན་པའོ།།

 

༤༠༽ དྲི་བ། སྔོན་འཇུག་ལྔ་པོ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་གདངས་དང་བྱེད་རྩོལ་དྲག་ཞན་ཚུལ་ཇི་ལྟ་བུས་འཇུག་གམ།

ལན། རྩ་བར། ཇི་ལྟར་འཇུག་པ་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ༑ ༑ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་ལྟར། ཕོ་བ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་དག་ལ་སྒྲ་རྩོལ་དྲག་པས་འཇུག་ཅིང༌། མ་ནིང་ག་ད་གཉིས་སྒྲ་རྩོལ་རན་པས་འཇུག་པ་དང༌། མོ་འ་ཡིག་སྒྲ་རྩོལ་ཞན་པས་དང༌། ཤིན་ཏུ་མོ་མ་ཡིག་ནི་སྒྲ་རྩོལ་མཉམ་པས་འཇུག་གོ།

 

༤༡༽ དྲི་བ། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་བསྟན་པའི་མཉམ་པའི་དོན་ལ་བཤད་ཚུལ་མང་ཡང་དོན་གྱི་འབབ་ས་གཅིག་ཡིན་ཟེར་དོན་གང༌།

ལན། མཉམ་པའི་སྒྲར་འདོད་ཚུལ་མང་ཡང་མཐར་གཏུགས་ན། སྒྲ་རྩོལ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པའི་སྟེང་དུ་བབ་ཡོད་པས། མིང་གཞིའི་རྟགས་ཀྱི་ཤིན་ཏུ་མོའི་འཇོག་བྱེད་དེ་རང་ལ་དགོངས་པ་ཡིན་པར་གྲུབ། དེས་ན་མཉམ་ཞེས་མིང་གཞིའི་སྐབས་ཀྱི་ཤིན་ཏུ་མོའི་འཇོག་བྱེད་དང་མཉམ་པའི་དོན་དང༌། ཡང་ན་མཉམ་ཞེས་པ་ཉམ་ཆུང་བ་སྟེ་སྒྲ་དང་བྱེད་རྩོལ་ཞན་པའི་སྒོ་ནས་འཇུག་པའི་དོན་ནོ།།

 

༤༢༽ དྲི་བ། རྩ་བ་ལས། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་དང༌། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་མཉམ་སྒྲ་སོ་སོས་དོན་གང་སྟོན་ནམ།

ལན། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་ནི་ཇི་ལྟར་འཇུག་པ་སྟེ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞི་ལ་འཇུག་སྐབས་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ཞན་པས་འཇུག་པར་བསྟན་པ་དང༌། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པས་ཅི་ཕྱིར་འཇུག་པ་སྟེ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དུས་གསུམ་དང་བཅས་པ་ཚང་མར་མཉམ་པ་སྟེ་མཚུངས་པར་འཇུག་པ་བསྟན་ཏོ།།

 

༤༣༽ དྲི་བ། རྐྱང་འཕུལ་ཁོ་ནར་ངེས་པའི་སྔོན་འཇུག་དང༌། བརྩེགས་འཕུལ་ཡིན་ན་དེ་ཡིན་པས་ཁྱབ་པའི་སྔོན་འཇུག་དེ་གང་དག་ཡིན་ནམ།

ལན། རྐྱང་འཕུལ་ཁོ་ནར་ངེས་པའི་སྔོན་འཇུག་དེ་ག་འཕུལ་ཡིན་ཏེ། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ལས། སྤྱིར་ནི་ཡི་གེ་སུམ་ཅུ་ལ། །སྔོན་འཇུག་ལྔ་དང་མཐའ་རྟེན་བརྒྱད། །ཡི་གེ་ཕྱེད་དང་བཅུ་གསུམ་ཡིན། །ཞེས་ག་ཡིག་རྐྱང་འཕུལ་ཁོ་ནར་འཇུག་པས་ཡི་གེ་ཕྱེད་དུ་བཞག་ཅིང༌། བརྩེགས་འཕུལ་ཡིན་ན་ཕོ་བ་ཡིག་ཡིན་པས་ཁྱབ་སྟེ། བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །ཞེས་སོ།།

 

༤༤༽ དྲི་བ། སྔོན་འཇུག་ལྔ་ལས་རྐྱང་འཕུལ་དང༌། རྐྱང་འདོགས། རྐྱང་བརྩེགས་འདོགས་གསུམ་ལ་འཇུག་པའི་སྔོན་འཇུག་དེ་གང་དག་ཡིན་ནམ།

ལན། འཕུལ་ཡིག་ལྔ་ལས་མ་ནིང་ག་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་རྣམས་ལ་རྐྱང་པ་ཁོ་ནས་འཇུག་ཅིང༌། མ་ནིང་ད་ཡིག་དང༌། མོ་འ་ཡིག ཤིན་ཏུ་མོ་མ་ཡིག་གསུམ་ནི་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་རྐྱང་འདོགས་གཉིས་ཀར་འཇུག་པ་དང༌། ཕོ་བ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་རྣམས་ལ་རྐྱང་བརྩེགས་འདོགས་གསུམ་ཅི་རིགས་ཀྱི་སྒོ་ནས་འཇུག་གོ།

 

༤༥༽ དྲི་བ། བྱེད་འབྲེལ་དང་བྱེད་མེད་གཉིས་ཀྱི་གོ་དོན་གང་ཡིན། དེ་གཉིས་ལ་བདག་གཞན་གྱི་རྣམ་གཞག་ཕྱེ་རྒྱུ་ཡོད་མེད་ཇི་ལྟར་ཡིན་ནམ།

ལན། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་འབྲེལ་ལས་ཚིག་དང༌། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་དེ་ནི་བྱེད་མེད་ལས་ཚིག་གི་དོན་ནོ། །བྱེད་འབྲེལ་ལས་ཚིག་ལ་བདག་གཞན་གྱི་རྣམ་གཞག་ཕྱེ་བ་ལས། བྱེད་མེད་ལས་ཚིག་ལ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་མེད་དོ།།

 

༤༦༽ དྲི་བ། བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །

ཞེས་པའི་ཁྱད་ཆོས་གསུམ་པོ་གང་དག་ཡིན། གང་ལས་གཞན་པ་ཡིན་ནམ།

ལན། དཀའ་གསལ་ལས། ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །ཞེས་པ་ལྟར། ལས་གང་ཞིག་བྱེད་ཀྱང་དེར་བྱེད་པ་པོ་ཡོད་པ་དང་གཅིག དེ་ཡང་ལས་ལས་གཞན་པའི་བྱེད་པ་པོ་ཡིན་པ་དང་གཉིས། དེ་ཡང་ལས་དང་དངོས་སུ་འབྲེལ་བ་དང་གསུམ་མོ༑ ༑གཞན་ཞེས་པ་ནི་ལས་ལས་གཞན་པའི་བྱེད་པ་པོ་ཡོད་པ་ཞིག་དགོས་པས་ན་གཞན་ཞེས་པ་ལས་ལས་གཞན་པ་ཡིན་ནོ།།

 

༤༧༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་ཞེས་སོགས་ཀྱིས་དངོས་ཤུགས་དང༌། སྔ་ཕྱི། བྱེད་འབྲེལ་བྱེད་མེད་རྣམས་གཙོ་ཆེ་ཆུང་ཇི་ལྟར་བསྟན་ཏམ།

ལན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ༑ ༑ཞེས་པའི་སྐབས་གང་མང་བ་དངོས་སུ་བསྟན་ནས་གང་ཉུང་བ་ཤུགས་ལ་བསྟན། གང་མང་བ་སྔོན་དང༌། གང་ཉུང་བ་རྗེས་ལ་བསྟན། བྱེད་འབྲེལ་ལས་ཚིག་དངོས་བསྟན་དང༌། བྱེད་མེད་ལས་ཚིག་ཤུགས་སུ་བསྟན་པ་རྣམས་གཙོ་ཆེ་བའི་དབང་དུ་བྱས་ཀྱི་ཁྱབ་པ་ནི་མིན་ནོ།།

 

༤༨༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་སྐབས་རྟགས་འཇུག་གི་དཀའ་གནད་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།

ལན། རྟགས་འཇུག་ནི་སྔོན་འཇུག་གི་སྦྱོར་བ་སྟོན་པའི་གཞུང་ཡིན་ལ༑ སྔོན་འཇུག་གི་སྦྱོར་བ་ནི་ཕོ་ནི་འདས་དང་ཞེས་སོགས་ཀྱིས་བསྟན་པ་དང༌། ངག་གི་སྒྲ་གདངས་དང༌། བྱ་བྱེད་ལས་གསུམ། བདག་གཞན་དུས་གསུམ་དང་བཅས་པ་སྔོན་འཇུག་གི་ཅི་ཕྱིར་འཇུག་པའི་སྐབས་འདིར་མདོར་བསྟན་དང༌། རྒྱས་བཤད། དྲིས་ལན་གྱི་ལམ་ནས་བསྟན་པ་སོགས་ལས་དཀའ་གནད་དུ་བཞེད་དོ།།

 

༤༩༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་ཞེས་པའི་ཚིག་རྐང་འདིས་དུས་གསུམ་གསུམ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། ཕོ་ནི་འདས་དང་ཞེས་པའི་ཚིགས་རྐང་དང་པོས་དུས་གསུམ་བྱེ་བྲག་བསྟན་པ་དང༌། ཚིག་རྐང་དང་པོ་གསུམ་གྱིས་དུས་གསུམ་སྤྱི་བསྟན་པ་དང༌། ཚིག་རྐང་མཐའ་མས་དུས་གསུམ་ཐོར་བུ་བསྟན་ཅིང༌། དེ་ཡང་དུས་གསུམ་སྤྱི་དང་བྱེ་བྲག་གཉིས་པོ་དངོས་བསྟན་དང༌། ཤུགས་ལ་ཐོར་བུའི་སྡེ་ཚན་བསྟན་པར་གྲག་ཅེས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་དུ་གསལ་བར་གསུངས་སོ།།

 

༥༠༽ དྲི་བ། དུས་གསུམ་སྤྱི་ཡི་གོ་དོན་དང༌། དུས་གསུམ་སྤྱི་ལ་ཁྱད་ཆོས་ཇི་ཡོད་དང༌། ཅིའི་ཕྱིར་དུས་གསུམ་སྤྱི་ཞེས་བརྗོད་པ་ཡིན་ནམ།

ལན། ཐོན་མིའི་ཞལ་ལུང་ལས། དང་པོ་སྤྱི་ནི་བྱ་ཚིག་མ་ནིང་དང༌།།

བྱེད་པར་མོས་འཕུལ་བརྗོད་བདེར་མ་ནིང་སྲིད། །པ་སྡེ་ལས་གཞན་འདས་པར་ཕོས་འཕུལ་ཅིང༌། །མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བའོ། །ཞེས་དུས་གསུམ་སྤྱི་ཡི་མཚན་ཉིད་དང་འདིའི་ནང་སྤྱི་ཡི་ཁྱད་ཆོས་དྲུག་བསྟན་ལ༑ སྔོན་འཇུག་སྤྱིས་དུས་གསུམ་གྱི་རྣམ་གཞག་བསྟན་པས་ན་དུས་གསུམ་སྤྱིའམ་སྤྱིར་བཏང་ཞེས་བརྗོད་དོ།།

 

༥༡༽ དྲི་བ། དུས་གསུམ་བྱེ་བྲག་གི་དོན་དང༌། དུས་གསུམ་བྱེ་བྲག་ལ་ཁྱད་ཆོས་ཇི་ཡོད། ཅིའི་ཕྱིར་དུས་གསུམ་བྱེ་བྲག་ཅེས་བརྗོད་དམ།

ལན། མཚན་ཉིད་ནི། གཉིས་པ་བྱེ་བྲག་བྱ་འདས་ཕོས་འཕུལ་བ། །

བྱེད་པར་མ་ནིང་མོས་འཕུལ་འཕུལ་མེད་བཞི། །འཕུལ་ཅན་ལ་བལྟོས་མགོ་ཅན་མང་བའི་སྡེ། །འདས་སྐུལ་གཉིས་ལ་ཡང་འཇུག་ཐོབ་ངེས་པའོ།།

ཞེས་གོ་དོན་དང་དེའི་ཞར་ལ་བྱེ་བྲག་གི་ཁྱད་ཆོས་བཞི་བསྟན་ཅིང༌། སྔོན་འཇུག་ལྔ་ལས་བྱེ་བྲག་བ་ཕོ་ཡིག་གིས་དུས་གསུམ་གྱི་རྣམ་གཞག་བསྟན་པས་ན་དུས་གསུམ་བྱེ་བྲག་ཅེས་བརྗོད་དོ།།

 

༥༢༽ དྲི་བ། དུས་གསུམ་ཐོར་བུའི་གོ་དོན་དང༌། དུས་གསུམ་ཐོར་བུར་ཁྱད་ཆོས་ཇི་ཡོད། ཅིའི་ཕྱིར་དུས་གསུམ་ཐོར་བུ་ཞེས་བརྗོད་དམ།

ལན། མཚན་ཉིད་ནི། ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན།།

དབྱེ་བ་བཞི་སྟེ་བྱེ་བྲག་ཕྱོགས་མཐུན་དང༌། །ད་མཐའ་ཅན་དང་འ་ས་གཉིས་སྲེས་སྡེ། །བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའོ། །ཞེས་མཚན་ཉིད་དང་འདིའི་ནང་ཐོར་བུའི་ཁྱད་ཆོས་གསུམ་བསྟན་ཅིང༌། དུས་གསུམ་སྤྱི་བྱེ་གཉིས་སུ་མ་གཏོགས་པའི་དུས་གསུམ་ཆ་སྙོམས་དང་སྔོན་འཇུག་མེད་པའི་དུས་གསུམ་སོགས་ལ་དུས་གསུམ་ཐོར་བུ་ཞེས་བྱའོ།།

 

༥༣༽ དྲི་བ། དུས་གསུམ་གསུམ་པོ་ཐོག་མར་སྲོལ་གཏོད་པ་པོ་མཁས་དབང་སུ་ཡིན་དང༌། དུས་གསུམ་ཡིན་ན་དེ་གསུམ་ཡིན་པས་ཁྱབ་བམ།

ལན། དུས་གསུམ་གསུམ་པོ་ཐོག་མར་ཁམས་ཀྱི་མཁས་པ་བླ་མ་ནོར་བུ་བསྟན་འཛིན་ནམ་ད་དྲག་བསྡུས་པའི་འགྲོས་ལྟར་ས་ཡང་འཇུག་བསྡུས་པས་ས་ཕུད་བླ་མའམ་ས་ཟད་བླ་མ་ཞུ་བ་གང་དེས་སྲོལ་གཏོད་ཅིང༌། དུས་གསུམ་ཡིན་ན་དུས་གསུུམ་སྤྱི་དང་བྱེ་བྲག་ཐོར་བུ་གང་རུང་ཡིན་པས་ཁྱབ་ཀྱང་དུས་གསུམ་གྱི་མཚན་ཉིད་དང་དབྱེ་བ་སོགས་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་དོ།།

 

༥༤༽ དྲི་བ། རྟགས་འཇུག་སྐབས་ཀྱི་བདག་གཞན་གཉིས་དེ་གང་ལ་ངོས་འཛིན་དགོས་པ་དང༌། བདག་གཞན་གཉིས་ཀྱི་དོན་ཇི་ལྟར་ཡིན་ནམ།

ལན། རྟགས་འཇུག་སྐབས་ཀྱི་བདག་གཞན་དེ་རང་ལ་བདག་དང་ཕ་རོལ་པོ་ལ་གཞན་ཟེར་བ་སོགས་ཀྱི་བདག་གཞན་དེ་ཉིད་མིན་པར་དཀའ་གསལ་ལས། ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང༌། །དེ་ཡི་བྱེད་པ་གཉིས་པོ་ནི། །

དངོས་པོ་བདག་ཡིན་བྱ་ཡུལ་དང༌། །བྱ་བ་གཉིས་པོ་དངོས་པོ་གཞན། །ཞེས་པའི་སྐབས་ཀྱི་བདག་གཞན་ལ་གོ་དགོས་སོ།།

 

༥༥༽ དྲི་བ། བདག་དང་གཞན་གཉིས་ཀྱི་དབྱེ་བའི་ཁྱབ་ཁོངས་དང༌། བདག་གཞན་དང༌། དུས་གསུམ་གཉིས་ཁྱབ་ཆེ་ཆུང་ཇི་ལྟར་ཡིན་ནམ།

ལན། ལས་གང་ཞིག་གི་བྱེད་པ་པོ་དང༌། དེ་ཡི་བྱེད་པ། བྱེད་ལས་དང་བཅས་པ་དངོས་པོ་བདག་གི་ཁྱབ་ཁོངས་དང༌། བྱ་ཡུལ་དང༌། བྱ་བ༑ བྱ་ལས་གསུམ་པོ་དངོས་པོ་གཞན་གྱི་ཁྱབ་ཁོངས་ཡིན་ལ། བདག་གཞན་གྱིས་ངག་གི་སྦྱོར་བ་ཀུན་ལ་མ་ཁྱབ་ཀྱང་དུས་གསུམ་གྱིས་བྱ་བྱེད་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་པས། དུས་གསུམ་ཁྱབ་ཆེ་བས་བདག་གཞན་ལས་ལོགས་སུ་དུས་གསུམ་གཞག་པའོ།།

 

༥༦༽ དྲི་བ། སྤྱིར་ལས་ལ་དབྱེ་ན་ཇི་ཡོད། དེ་དག་གང་ཡིན། གང་འདྲ་ཞིག་ལ་ལས་ཀྱི་དངོས་པོ་དང༌། བྱ་བྱེད་ཀྱི་ལས་ཟེར་བ་ཡིན་ནམ།

ལན། པྲ་ཏིས། བྱ་བ་སྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། །བྱ་བའི་ཡུལ་དང་འབྲེལ་བའི་ལས། །བྱ་བའི་ལས་ཞེས་འདོགས་པ་ཡིན། །ཞེས་པ་ལྟར་སྤྱིར་ལས་ལ་གསུམ་དང༌། བྱ་ཡུལ་ལ་ལས་ཀྱི་དངོས་པོ་ཟེར་ཞིང༌། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དང༌། བྱེད་པ་པོ་ལ་ཡོད་པའི་བྱ་བ་གཉིས་ལ་བྱ་བྱེད་ཀྱི་ལས་ཞེས་ཟེར་རོ།།

 

༥༧༽ དྲི་བ། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་ལས་དང་བྱ་ཡུལ་གཉིས་དོན་གཅིག་པ་དང༌། དོན་མི་གཅིག་པའི་ཚུལ་ཇི་ལྟར་ཡིན་ནམ།

ལན། རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་ཡུལ་ནི་ལ་དོན་གྱི་ཕྲད་འཇུག་ས་སྟེ་ནགས་སུ་ཤིང་བཅད་ལྟ་བུའི་ནགས་ནི་བྱ་ཡུལ་དང༌། ཤིང་ནི་ལས་ཡིན་པས་ལས་དང་བྱ་ཡུལ་ཐ་དད་ཡིན་ཞིང༌། ཤིང་མཁན་གྱི་སྟ་རེས་ཤིང་བཅད་ཅེས་པའི་ཤིང་ནི་ལས་དང་བྱ་ཡུལ་གཉིས་ཀ་ཡིན་པས་ལས་དང་བྱ་ཡུལ་དོན་གཅིག་དང༌། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་པ་བྱ་བྱེད་ལས་གསུམ་གྱི་ལས་ལ་གོ་དགོས་སོ།།

 

༥༨༽ དྲི་བ། བྱ་བྱེད་ལས་གསུམ་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། སྟ་རེ་བྱེད་པ་པོ་ཡིན་མིན་གྱི་རྒྱུ་མཚན་གང་དང་གང་ཞིག་ཡིན་ནམ།

ལན། བྱ་བྱེད་ལས་གསུམ་གྱི་བྱ་བར་དབྱེ་ན་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དང༌། བྱེད་པ་པོ་ལ་ཡོད་པའི་བྱ་བ་གཉིས་དང༌། བྱ་བྱེད་ལས་གསུམ་གྱི་བྱེད་ལ་བྱེད་པ་པོ་གཙོ་ཕལ་གཉིས་སམ་བྱེད་པོ་དང་བྱེད་པ་གཉིས། ལས་ལ་དབྱེ་བ་མེད་ཅིང༌། སྟ་རེ་སེམས་མེད་བེམ་པོ་ལ་སོང་བྱེད་པ་པོ་ཞེས་བདག་སྒྲ་མི་འཇུག་པས་སྟ་རེ་ལ་བྱེད་པ་ཞེས་བརྗོད་པ་ལས་བྱེད་པ་པོ་ཕལ་པ་ཞེས་བརྗོད་མི་རིགས་སོ།།

 

༥༩༽ དྲི་བ། སུམ་རྟགས་གཉིས་དང༌། ཚད་མའི་གཞུང༌། སྤྱིར་བཏང༌། བྱ་བྱེ་དང་འབྲེལ་བའི་དུས་གསུམ་བཅས་འཇོག་ཚུལ་ཇི་ལྟར་ཡིན་ནམ།

ལན། སུམ་ཅུ་པའི་སྐབས་ཀྱི་དུས་གསུམ་ནི་དུས་ཁོ་ནའི་ཆ་ནས་བཞག་པ་དང༌། རྟགས་འཇུག་སྐབས་ཀྱི་དུས་གསུམ་ནི་བྱ་ཚིག་གི་ཆ་ནས་བཞག་ཅིང༌། ཚད་མའི་སྐབས་ཀྱི་དུས་གསུམ་ནི་གཞི་གྲུབ་པའི་ཆ་ནས་བཞག དེ་མིན་བྱ་བྱེད་དང་འབྲེལ་བའི་དུས་གསུམ་ནི་བདག་གཞན་ཁོ་ནའི་ཆ་ནས་བཞག སྤྱིར་བཏང་གི་དུས་གསུམ་ནི་བདག་གཞན་གྱི་དབྱེ་བ་ཡོད་མེད་གཉིས་ཀའི་ཆ་ནས་བཞག་པ་ཡིན་ནོ།།

 

༦༠༽ དྲི་བ། ཐུན་མོང་དང་ཐུན་མིན་གྱི་སྟོབས་མཚུངས་སམ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཤེད་མཚུངས་གཏོང་ཚུལ་ཇི་ལྟར་ཡིན་ནམ།

ལན། ཤེད་མཚུངས་ལ་ཐུན་མོང་དང་ཐུན་མིན་གྱི་ཤེད་མཚུངས་གཉིས་ལས་ཐུན་མོང་གི་ཤེད་མཚུངས་ནི་དཔེར་ན་གཅོད་པ་པོ་དང་གཅོད་པར་བྱེད་གཉིས་བདག་ནང་ཕན་ཚུན་ཤེད་མཚུངས། གཅད་བྱའི་ཤིང་དང་གཅད་པར་བྱ་གཉིས་གཞན་ནང་ཕན་ཚུན་ཤེད་མཚུངས། ཐུན་མིན་གྱི་ཤེད་མཚུངས་ནི་གཅོད་པ་པོ་དང་གཅད་བྱའི་ཤིང་དང༌། གཅོད་པར་བྱེད་དང་གཅད་པར་བྱ་གཉིས་ཤེད་མཚུངས་སོ།།

 

༦༡༽ དྲི་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེད་མཚུངས་སམ་སྟོབས་མཚུངས་གཏོང་བའི་དགོས་པ་དང་རྒྱུ་མཚན་གང་ཞིག་ཡིན་ནམ།

ལན། ཐུན་མོང་གི་ཤེད་མཚུངས་ནི་ཚིག་གི་ཆ་ནས་ཡི་གེའི་དག་སྡེབ་མཚུངས་མིན་དང༌། ཐུན་མིན་གྱི་ཤེད་མཚུངས་ནི་དོན་གྱི་ཆ་ནས་ཁ་གཏད་ཡོད་མེད་ལ་བཞག་པ་དང༌། ཡང་ན། ཐུན་མོང་དུ་ནང་ཕན་ཚུན་ཤེད་མཚུངས་དང༌། ཐུན་མིན་གྱི་དབང་དུ་སྟོབས་མཉམ་པ་ལ་བྱ་བ་སི་ཏུའི་བཞེད་པ་དང༌། དགོས་པ་ནི་ཡི་གེའི་དག་སྡེབ་དང་བྱེད་འབྲེལ་བྱེད་མེད་ཤེས་ཕྱིར་ཤེད་མཚུངས་ཀྱི་རྣམ་གཞག་བཞག་པ་ཡིན་ནོ།།

 

༦༢༽ དྲི་བ། བྱ་བྱེད་ཕན་ཚུན་ཤེད་མཚུངས་ཇི་ལྟར་ཡིན། ཤེད་མཚུངས་དང༌། སྟོབས་མཚུངས། དོ་མཉམ་རྣམས་དོན་གཅིག་མིན་ཇི་ལྟར་ཡིན་ནམ།

ལན། བྱ་བྱེད་ཤེད་མཚུངས་ནི་བདག་གཞན་ཤེད་མཚུངས་དང༌། སྤྱིར་ཤེད་མཚུངས་ནི་སྟོབས་མཚུངས་ཡིན་པས་བདག་གི་ཁོངས་ནང་ཕན་ཚུན་ཤེད་མཚུངས་དང༌། གཞན་གྱི་ཁོངས་ནང་ཕན་ཚུན་ཤེད་མཚུངས་པ་དཔེར་ན༑ གཅོད་པ་པོ་དང་གཅོད་བྱེད་ཕན་ཚུན་ཤེད་མཚུངས་ནི་བདག་གི་ཁོངས་ཤེད་མཚུངས་དང༌། ཤེད་མཚུངས་དང་སྟོབས་མཚུངས་དོ་མཉམ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ།།

 

༦༣༽ དྲི་བ། བྱ་བྱེད་ཐ་དད་པའི་བྱ་ཚིག་ལ་ནང་གསེས་ཀྱི་དབྱེ་བ་ཇི་ཡོད་དང༌། དེ་དག་ལ་སེམས་ལྡན་དང༌། སེམས་མེད་ཀྱི་ཁྱད་པར་གང༌།

ལན། བཀྲ་ཤིས་ཀྱིས་རི་མོ་བྲིས་ལྟ་བུ་སྨྲ་ཤེས་དོན་གོ་བའི་བྱེད་པོ་སེམས་ལྡན་གྱིས་བྱ་བ་བྱས་པའི་ལས་ཚིག་དབྱེ་བ་དགུ་ལྡན་དང་གཅིག ལུག་གིས་རྩྭ་བཟས་ལྟ་བུ་སེམས་ལྡན་ཡིན་ཡང་སྨྲ་ཤེས་དོན་གོ་བའི་བྱེད་པོ་མིན་པའི་ལས་ཚིག་དབྱེ་བ་བདུན་ལྡན་དང་གཉིས། སེར་བས་ལོ་ཏོག་བཅོམ་ལྟ་བུ་བྱེད་པོ་སེམས་མེད་བེམ་པོའི་རང་བཞིན་གྱི་བྱེད་པས་བྱ་བ་བྱས་པའི་ལས་ཚིག་དབྱེ་བ་བདུན་ལྡན་དང་གསུམ་མོ།།

 

༦༤༽ དྲི་བ། བྱ་བྱེད་ལས་གསུམ་དུ་དབྱེ་བའི་བྱེད་པ་དང་བྱེད་པ་པོ་གཉིས་དངོས་ཤུགས་སུ་བསྟན་ཚུལ་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། སྨྱུ་གུས་རི་མོ་འབྲི་ལྟ་བུ་བྱེད་པ་དངོས་བསྟན་དང་བྱེད་པོ་ཤུགས་བསྟན་ཡིན་ལ། བཀྲ་ཤིས་ཀྱིས་རི་མོ་བྲིས་ལྟ་བུ་བྱེད་པོ་དངོས་བསྟན་དང་བྱེད་པ་ཤུགས་སུ་བསྟན་ཅིང༌། བཀྲ་ཤིས་ཀྱིས་སྨྱུ་གུས་རི་མོ་བྲིས་ལྟ་བུ་བྱེད་པ་དང༌། བྱེད་པ་པོ་གཉིས་ཀ་དངོས་སུ་བསྟན་པ་ཡིན། གཞན་དུ་ན་བྱེད་པ་ཡོད་ན་བྱེད་པ་པོ་ཡོད་པས་མ་ཁྱབ་ཀྱང་བྱེད་པ་པོ་ཡོད་ན་བྱེད་པ་དངོས་ཤུགས་གང་རུང་དུ་ཡོད་དགོས་སོ།།

 

༦༥༽ དྲི་བ། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་ནང་གསེས་དབྱེ་བ་ཇི་ཡོད་དེ་ལ་ལས་ཚིག་དབྱེ་བ་ལྔ་གསུམ་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། བཀྲ་ཤིས་གདན་ལ་བཞུགས་ལྟ་བུ་སྨྲ་ཤེས་དོན་གོ་བའི་བྱེད་པོ་སེམས་ལྡན་ཡིན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་དགུ་ལྡན་དང་གཅིག འཕྱི་བ་ཁུང་དུ་འཛུལ་ལྟ་བུ་སྨྲ་ཤེས་དོན་གོ་བ་མིན་ལ་སེམས་ལྡན་ཡིན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་གསུམ་ལྡན་དང་གཉིས། འཁོར་ལོ་འཁོར་ལྟ་བུ་བྱེད་པ་དང་ལས་གཉིས་ངོ་བོ་གཅིག་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་ལྔ་ལྡན་དང་གསུམ་མོ།།

 

༦༦༽ དྲི་བ། གཞི་གཅིག་གི་སྟེང་ནས་བྱ་བྱེད་ལས་གསུམ་དང༌། བདག་གཞན་དང༌། དུས་གསུམ་བཅས་ངོས་འཛིན་ཚུལ་ཇི་ལྟར་ཡིན་ནམ།

ལན། བཀྲ་ཤིས་ཀྱིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུར་མཚོན་ན་བཀྲ་ཤིས་ནི་བྱ་བྱེད་ལས་གསུམ་ལས་བྱེད་དང༌། བདག་གཞན་གཉིས་ལས་བདག་དང༌། ཡི་གེ་ནི་བྱ་བྱེད་ལས་གསུམ་ལས་ལས་དང༌། བདག་གཞན་གཉིས་ལས་གཞན། བྲིས་ནི་བྱ་བྱེད་ལས་གསུམ་ལས་བྱ་བ་དང༌། བདག་གཞན་གཉིས་ཀའི་ཆ་ཡོད། དུས་གསུམ་ལས་བྲི་ནི་དུས་མ་འོངས་པ་དང༌། འབྲི་ནི་དུས་ད་ལྟ་བ། བྲིས་ནི་དུས་འདས་པའོ།།

 

༦༧༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།

ཞེས་པའི་རྐང་པས་བསྟན་བྱ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་འཇུག་པ་དངོས་བསྟན་དང༌། བྱེད་མེད་ལས་ཚིག་གི་དུས་འདས་པར་འཇུག་པ་ཤུགས་སུ་བསྟན་ཅིང༌། དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་དངོས་སུ་བསྟན་ཏོ།།

 

༦༨༽ དྲི་བ། རྩ་བ་ལས། མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པའི་རྐང་གཉིས་པས་བསྟན་བྱ་དངོས་དང་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། གཉིས་ཀ་ཞེས་པས་གཞན་དང་བདག་ལ་འཇུག་པ་དངོས་སུ་བསྟན་ནས་ཤུགས་ལ་ཚིག་གྲོགས་ཀྱིས་བསྒྱུར་བའི་དུས་མ་འོངས་པར་འཇུག་པ་བསྟན་པ་དང༌། ད་ལྟར་ཆེད། ཅེས་པས་བདག་གཞན་གཉིས་སུ་མ་གཏོགས་པའི་ཚིག་གྲོགས་ཀྱིས་བསྒྱུར་བའི་བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་དངོས་བསྟན་དང༌། བྱེད་མེད་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་ཤུགས་ལ་བསྟན་པའོ།།

 

༦༩༽ དྲི་བ། རྩ་བ་ལས། མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པའི་ཚིག་རྐང་གསུམ་པས་བསྟན་བྱ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། བདག་ཅེས་པས་བདག་ལ་འཇུག་པ་མང་བས་དངོས་བསྟན་དང་བདག་གི་ཤུགས་ལ་ད་ལྟ་བར་འཇུག་པ་བསྟན་པ་དང༌། ད་ཞེས་པས་བྱེད་འབྲེལ་ལས་ཚིག་གི་ད་ལྟ་བར་འཇུག་པ་དངོས་བསྟན་དང་ཤུགས་ལ་བྱེད་མེད་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་བསྟན། མ་འོངས་ཕྱིར་ཞེས་པས་དུས་མ་འོངས་པར་འཇུག་པ་མང་བས་དངོས་བསྟན་དང་གཞན་ལ་འཇུག་པ་ཉུང་བས་ཤུགས་ལ་བསྟན་ཏོ།།

 

༧༠༽ དྲི་བ། རྩ་བ་ལས། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་ཚིག་རྐང་གིས་བསྟན་བྱ་དངོས་དང་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། དངོས་བསྟན་བྱེད་འབྲེལ་ལས་ཚིག་གི་བདག་གཞན་དུས་གསུམ་ཆ་མཉམ་ལ་འཇུག་པ་བསྟན་ཅིང༌། དེའི་ནང་ནས་སྔོན་འཇུག་གི་ཤིན་ཏུ་མོས་དུས་གསུམ་ཆ་མཉམ་ལ་འཇུག་ཚུལ་གཙོ་བོར་སྟོན་ཅིང༌། སྔོན་འཇུག་གཞན་བཞི་ལའང་དེ་ལྟའི་འཇུག་པ་ཡོད་པ་ཤུགས་ལ་བསྟན་པ་དང༌། བྱེད་འབྲེལ་གྱི་བདག་གཞན་དང་འདས་པ། བྱེད་མེད་ཀྱི་དུས་གསུམ་བཅས་ལ་འཇུག་པ་དངོས་སུ་བསྟན་ཏོ།།

 

༧༡༽ དྲི་བ། རྗེས་འཇུག་རྟགས་ལ་སྤྱིར་རྟགས་གསུམ་དང༌། ནང་གསེས་རྟགས་བརྒྱད་དུ་དབྱེ་ཚུལ་ཇི་ལྟར་ཡིན་དེ་ལྟར་དབྱེ་བའི་རྒྱུ་མཚན་གང༌།

ལན། རྗེས་འཇུག་བཅུ་པོ་སྤྱིར་ཕོ་མོ་མ་ནིང་གི་རྟགས་གསུམ་དུ་དབྱེ་བ་དང༌། ནང་གསེས་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང༌། མོ་ལ་མོ་དང་ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་དང༌། མཚན་མེད་མ་ནིང་བཅས་རྗེས་འཇུག་རྣམས་མིང་གཞིར་སྦྱར་ནས་ཀློག་པའི་ཚེ་སྒྲ་རྩོལ་དང་གཙོ་བོ་རྗེས་འཇུག་ནང་ཕྲད་ཡོད་མེད་ཀྱིས་ནང་གསེས་རྟགས་བརྒྱད་དུ་དབྱེ་བའོ།།

 

༧༢༽ དྲི་བ། རྩ་བ་ལས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །ཞེས་པའི་རྣམ་པ་གཉིས་དེ་གང་ཡིན་དང༌། རྣམ་པ་གཉིས་ཀྱི་དོན་གང་ཡིན་ནམ།

ལན། རྩ་བ་ལས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པ་ལྟར་རྣམ་པ་གཉིས་ནི་སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་སོ། །དེ་ཡང་རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་གདངས་དྲག་ཞན་དུ་གྱུར་པ་ནི་སྒྲ་ཡི་འཇུག་ཚུལ་དང༌། དེ་ལྟར་ཞུགས་པས་བདག་གཞན་དུས་གསུམ་སོགས་དོན་ཅི་ཞིག་སྟོན་པ་ནི་དོན་གྱི་འཇུག་ཚུལ་ཏེ་སྒྲ་དང་དོན་གཉིས་ཀྱི་འཇུག་ཚུལ་ལོ།།

 

༧༣༽ དྲི་བ། རྩ་བ་ལས། དྲག་པ་གསུམ་ཉིད་ནང་འཕྲད་དམ།།

ཞེས་པའི་དྲག་པ་གསུམ་གང་ཡིན།དེར་པྲ་སིའི་འདོད་ཚུལ་ཇི་ལྟར་ཡིན།

ལན། པྲ་ཏིའི་ཀུན་བཟང་དགོངས་རྒྱན་ལས། དྲག་པ་གསུམ་ནི་བཀས་ལྟ་བུ་སྔོན་རྗེས་མིང་གསུམ་ཕོ་ཡིག་སྒྲ་དྲག་པ་དང་འཕྲད་པས་དྲག་པ་གསུམ་དུ་འདོད་ཅིང༌། སི་ཏུའི་མུ་ཏིག་ཕྲེང་མཛེས་ལས་དྲག་པ་གསུམ་སྟེ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ནང་འཕྲད་དུ་གྱུར་པ་ལ་ལྟོས་ནས་དབྱེ་སྟེ་ཞེས་དྲག་པ་གསུམ་ནི་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་འདོད་པས་རང་ལུགས་ཕྱི་མ་ལྟར་རོ།།

 

༧༤༽ དྲི་བ། སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བའི་རྒྱུ་མཚན་དང༌། དམ་ཞེས་པས་ཚིག་གིས་གང་ཞིག་སྡུད་མིན་དང༌། དབྱེ་ཚུལ་ཇི་ལྟར་ཡིན།

ལན། སྒྲ་གདངས་དྲག་པ་རྗེས་འཇུག་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ནི་རྗེས་འཇུག་ནང་འཕྲད་མ་འཕྲད་ཀྱིས་ཡིན་ལ། དམ་ཞེས་པའི་སྡུད་ཚིག་གིས་དེ་ལའང་ནང་གི་ཆ་ཤས་དྲག་ཞན་གཉིས་སུ་དབྱེ་བ་སྡུད་ལ། དབྱེ་ཚུལ་ནི་སྐྱེས་བུ་རབ་འབྲིང་གཉིས་ལ་ནང་འཕྲད་ཡོད་པས་སྒྲ་དྲག་པའི་དྲག་པ་དང༌། སྐྱེས་བུ་ཐ་མར་ནང་འཕྲད་མེད་པས་སྒྲ་དྲག་པའི་ཞན་པ་གཉིས་སུ་དབྱེ་བའོ།།

 

༧༥༽ དྲི་བ། རྩ་བ་ལས། ཞན་དང་འཕྲད་ན་ཞན་པར་གྱུར། །ཅེས་པའི་ཞན་པར་དབྱེ་བ་ཇི་ཡོད་དང་རྒྱུ་མཚན་གང་གིས་དེ་ལྟར་བཞག་པ་ཡིན།

ལན། སྒྲ་གདངས་ཞན་པ་རྗེས་འཇུག་མོ་ཡིག་ལ་མོ་ཙམ་དང༌། ཤིན་ཏུ་མོ་གཉིས་སུ་དབྱེ་ཞིང༌། དབྱེ་བ་དེ་ཡང་རྗེས་འཇུག་ཕན་ཚུན་ནང་འཕྲད་ན་སྟེ་ནང་འཕྲད་མ་འཕྲད་ཀྱིས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་བ་ཕྱེ་བ་ཡིན་ཏེ། དེ་ལའང་ནང་གི་ཆ་ཤས་ཀྱིས་མོ་ཙམ་ལ་ནང་འཕྲད་ཡོད་པས་སྒྲ་ཞན་པའི་དྲག་པ་དང༌། ཤིན་ཏུ་མོ་ལ་ནང་འཕྲད་མེད་པས་སྒྲ་ཞན་པའི་ཞན་པ་གཉིས་སུ་དབྱེ་བ་ཡིན་ནོ།།

 

༧༦༽ དྲི་བ། མ་ནིང་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། དབྱེ་བ་དེ་དག་གང་ཡིན་དང༌། རྒྱུ་མཚན་གང་གིས་སྒོ་ནས་དེ་ལྟར་དབྱེ་བ་ཡིན་ནམ།

ལན། རྩ་བ་ལས། མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་མ་ནིང་ལ་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང༌། མཚན་མེད་མ་ནིང་གསུམ་དུ་དབྱེ་ཞིང༌། དེ་དག་ནི་མིང་གཞིར་འཇུག་ཚུལ་དང་གཅིག རྗེས་འཇུག་ཕན་ཚུན་ནང་འཕྲད་མ་འཕྲད་གཉིས་ཀའི་སྒོ་ནས་སྒྲ་གདངས་དྲག་ཞན་དུ་གྱུར་བས་དེ་ལྟར་དབྱེ་བའོ།།

 

༧༧༽ དྲི་བ། རྗེས་འཇུག་གི་ནང་གསེས་ལ་རྟགས་བརྒྱད་དུ་ཕྱེ་བ་ལས་མིང་གཞི་ལ་ལྟོས་དགོས་པ་དང་མི་དགོས་པའི་ཁྱད་པར་ཇི་ལྟར་ཡིན་ནམ།

ལན། རྗེས་འཇུག་ཕོ་ལ་ནང་འཕྲད་ཡོད་མེད་ཀྱི་སྟོབས་ལས་སྐྱེས་བུ་རབ་འབྲིང་ཐ་གསུམ་དང༌། མོ་ལའང་རྗེས་འཇུག་ནང་འཕྲད་ཡོད་མེད་ཀྱིས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་ཞིང༌། མ་ནིང་ན་ར་ལ་གསུམ་ནི་མིང་གཞི་དང་རྗེས་འཇུག་ནང་འཕྲད་ཡོད་མེད་གཉིས་ཀ་ལ་ལྟོས་ནས་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་དང༌། མཚན་མེད་མ་ནིང་བཅས་རྟགས་བརྒྱད་དུ་དབྱེ་བའོ།།

 

༧༨༽ དྲི་བ། རྗེས་འཇུག་གི་བྱེད་པ་བཞི་པོ་གང་ཡིན་དང༌། སྔོན་རྗེས་གཉིས་ཀྱི་བྱེད་པ་བཞི་པོ་རྣམས་མཚུངས་མིན་བཅས་ཇི་ལྟར་ཡིན་ནམ།

ལན། བྱེད་པ་བཞི་ནི་གང་ལ་འཇུག་པར་བྱེད་པ་དང༌། གང་གིས་འཇུག་པར་བྱེད་པ། ཇི་ལྟར་འཇུག་པར་བྱེད་པ། ཅི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །སྔོན་འཇུག་གི་གང་ལ་འཇུག་པ་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་དང༌། རྗེས་འཇུག་གི་གང་ལ་འཇུག་པ་ནི་ཡི་གེ་ཐམས་ཅད། གང་གིས་འཇུག་པར་བྱེད་པ་ནི་སྔོན་རྗེས་སོ་སོ་དང༌། ཇི་ལྟར་འཇུག་ནི་སྒྲ་གདངས་སོགས་སྔོན་རྗེས་གཉིས་མི་མཚུངས་སོ།།

 

༧༩༽ དྲི་བ། གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཞེས་པར་ཁྱབ་པ་ཡོད་མེད་དང༌། དེ་ལ་སྒྲ་དོན་གྱི་ཁྱད་པར་ཅི།

ལན། དཀའ་གསལ་མེ་ལོང་ལས། མིང་གཞིའི་ཡི་གེ་ཀུན་ལ་འཇུག།

ཅེས་རྗེས་འཇུག་གི་ཡི་གེ་བཅུ་པོ་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་པར་གསུངས་ཤིང༌། སྒྲ་ཡི་དབང་དུ་བྱས་ན་དེ་ལྟར་ཁྱབ་ཀྱང༌། དོན་གྱི་དབང་དུ་བྱས་ན་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་རྗེས་འཇུག་གི་ཡི་གེ་བཅུ་པོ་སྦྱར་ན་དོན་སྟོན་པས་མ་ཁྱབ་པས་ན་དོན་གྱི་དབང་དུ་དེ་ལྟར་ཁྱབ་པ་མ་ཡིན་ནོ།།

 

༨༠༽ དྲི་བ། དོན་ནི་རྣམ་པ་གཉིས་ཡིན་ཏེ། །ཞེས་པའི་རྣམ་པ་གཉིས་དེ་གང་ཡིན་གང་འདྲ་ཞིག་ལ་སྔ་མ་དང་ཕྱི་མ་གང་ལྟར་འགྱུར་བ་ཟེར་རམ།

ལན། རྣམ་པ་གཉིས་ནི་རྩ་བ་ལས། སྔ་མ་གང་ལྟར་འགྱུར་བ་དང༌།།

ཕྱི་མ་གང་ལྟར་འགྱུར་བའོ། །ཞེས་པ་ལྟར་དང༌། སྔ་མ་གང་ལྟར་འགྱུར་བ་ནི། རྗེས་འཇུག་གང་ལ་ཞུགས་པའི་མིང་དེས་བདག་གཞན་དུས་གསུམ་གང་ཞིག་སྟོན་པ་དེར་བྱ་ཞིང༌། ཕྱི་མ་གང་ལྟར་འགྱུར་བ་ནི་རྗེས་འཇུག་ཕོ་མོ་མ་ནིང་གསུམ་པོས་མིང་མཐའི་ཕོ་མོ་མ་ནིང་སོགས་རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་ལ་བྱའོ།།

 

༨༡༽ དྲི་བ། སྒྲ་དོན་གྱི་སྦྱོར་བ་གཉིས་སྔ་མའི་རྗེས་འཇུག་དང༌། ཕྱི་མའི་བརྗོད་བྱ་དག་ལ་དབང་ཚུལ་དང༌། དེ་དག་གཙོ་ཆེ་ཆུང་ཇི་ལྟར་ཡིན་ནམ།

ལན། ཕྲད་དང་རྣམ་དབྱེ་རྣམས་ཀྱི་སྒྲ་སྦྱོར་རྗེས་འཇུག་ལ་གཙོ་བོར་ལྟོས་པ་དང༌། དོན་སྦྱོར་ཕྱི་མའི་མིང་མཐའ་ལ་གཙོ་བོར་ལྟོས་དགོས་ཤིང༌། བརྗོད་བྱ་དོན་གྱི་རིམ་པའི་དབང་དུ་བྱས་ན་མིང་མཐའ་གཙོ་ཆེ་བ་དང༌། རྗོད་བྱེད་ཚིག་གི་རིམ་པའི་དབང་དུ་བྱས་ན་རྗེས་འཇུག་གཙོ་ཆེ་སྟེ། དཔེར་ན་ཤར་ཕྱོགས་ཀྱི་མི་ལྟ་བུ་བརྗོད་བྱ་དོན་གྱི་ཆ་ནས་ཕྱི་མ་གཙོ་ཆེ་བ་དང༌། རྗོད་བྱེད་ཚིག་གི་ཆ་ནས་སྔ་མ་གཙོ་ཆེ་བའོ།།

 

༨༢༽ དྲི་བ། ད་སའི་ཡང་འཇུག་གཉིས་པོ་ཕོ་མོའི་རྟགས་ཀྱི་དབྱེ་བ་ཇི་ལྟར་ཡིན་དང༌། ཡང་འཇུག་ཐོབ་དོན་གསུམ་པོ་གང་དག་ཡིན་ནམ།

ལན། ཡང་འཇུག་གཉིས་ཀྱི་རྟགས་ནི་རྗེས་འཇུག་རྟགས་ཀྱི་དབྱེ་བ་ལྟར་ཡིན་ལ། ཡང་འཇུག་ཐོབ་དོན་གསུམ་ནི། གངས་ལྗོངས་ལྟ་བུ་ངག་གི་སྒྲ་གདངས་སམ་མིང་གི་ཆ་ནས་ཐོབ་པའི་ཡང་འཇུག་དང༌། འཛིནད་ཅིང་ལྟ་བུ་བྱ་བྱེད་ཀྱི་ཚྀག་གསལ་བར་བྱེད་པའི་ཆ་ནས་ཐོབ་པའི་ཡང་འཇུག བསྒྲུབས་ལྟ་བུ་གཙོ་བོ་དུས་གསུམ་སྐུལ་ཚིག་སྟོན་པའི་ཆ་ནས་ཐོབ་པའི་ཡང་འཇུག་དང་གསུམ་མོ།།

 

༨༣༽ དྲི་བ། རྟགས་མཚུངས་འདྲེན་པར་དབྱེ་བ་ཇི་ཡོད་དང༌། རྩ་བ་ལས་ཕོ་མོ་མ་ནིང་གི་རྟགས་གསུམ་ལས་མ་གསུངས་པའི་རྒྱུ་མཚན་གང༌།

ལན། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་ངོ༌། །ཞེས་པ་ལྟར་རྟགས་མཚུངས་འདྲེན་པ་ལ་ཕོ་མོ་མ་ནིང་གསུམ་ཡོད་ཅིང༌། རྟགས་མཚུངས་འདྲེན་པའི་སྐབས་འདིར་ཕོ་མོ་མ་ནིང་གི་རྟགས་གསུམ་ལས་མ་གསུངས་པ་ནི་རྟགས་མཚུངས་ཡིན་ན་དེ་གསུམ་གང་རུང་ཡིན་པས་ཁྱབ་པས་ན་དེ་གསུམ་ལས་མ་གསུངས་པ་ཡིན་ནོ།།

 

༨༤༽ དྲི་བ། མིང་མཐའ་དྲངས་པར་དབྱེ་བ་ཇི་ཡོད་དང་མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་དྲངས་པ་ཡིན་པས་ཁྱབ་མིན་ཇི་ལྟར་ཡིན།

ལན། མིང་མཐའ་དྲངས་པ་ལ་རྟགས་མཚུངས་འདྲེན་པ་དང༌། སྒྲ་མཐུན་ནམ་བརྗོད་བདེ་འདྲེན་པ་གཉིས་སུ་ཡོད་ལ། མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་ཡིན་པས་མ་ཁྱབ་སྟེ་བརྗོད་བདེ་དེའི་ཕྱིར། མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་དང་བརྗོད་བདེ་གང་རུང་ཡིན་པས་ཁྱབ་སྟེ་མིང་མཐའ་འདྲེན་པར་རྟགས་མཚུངས་དང༌། བརྗོད་བདེ་འདྲེན་པ་མ་ཡིན་པའི་མིང་མཐའ་དྲངས་པ་མེད་པས་ཕྱིར་རོ།།

 

༨༥༽ དྲི་བ། རྟགས་མཚུངས་དང༌། བརྗོད་བདེ་གཉིས་སུམ་རྟགས་ཀྱི་གཞུང་ལས་དངོས་ཤུགས་བསྟན་གང་དུ་བསྟན་མིན་ཇི་ལྟར་ཡིན་ནམ།

ལན། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །ཞེས་སོགས་ཀྱིས་རྟགས་མཚུངས་དངོས་སུ་བསྟན་པ་དང༌། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་སྒྲ་མཐུན་དྲངས་པའམ་བརྗོད་བདེ་འདྲེན་པ་ཡང་དངོས་སུ་བསྟན་ཏེ། ཞལ་ལུང་ལས། རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ། །ཞེས་གསུངས་སོ།།

 

༨༦༽ དྲི་བ། རྟགས་མཚུངས་དང་བརྗོད་བདེ་འདྲེན་པའི་དོན་དང༌། རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་གཉིས་གཙོ་ཆེ་ཆུང་ཇི་ལྟར་ཡིན་ནམ།

ལན། རྗེས་འཇུག་ཕོས་མིང་མཐའ་ཕོ་དང༌། རྗེས་འཇུག་མོས་མོ་སོགས་དྲང་པ་ནི་དྲང་བྱ་དང་འདྲེན་བྱེད་གཉིས་རྟགས་མཚུངས་པར་འདྲེན་པ་ལ་རྟགས་མཚུངས་འདྲེན་པ་དང༌། དེ་མིན་ཕོས་མོ་སོགས་དྲང་བྱ་དང་འདྲེན་བྱེད་རྟགས་མཚུངས་མིན་པའི་མིང་མཐའ་འདྲེན་པ་ནི་བརྗོད་བདེ་འདྲེན་པ་ཡིན་ཞིང༌། རྟགས་མཚུངས་ལས་བརྗོད་བདེ་གཙོ་ཆེ་སྟེ་རྟགས་མཚུངས་ཀྱང་བརྗོད་བདེའི་ཆེད་ཡིན་པས་སོ།།

 

༨༧༽ དྲི་བ། རྩ་བ་ལས། ཆོས་དངོས་ལས་དང་འབྱེད་པ་དང༌། །ཞེས་སོགས་སུམ་ཅུ་པའི་རྣམ་དབྱེ་བཤད་པའི་སྐབས་དང་ཟློས་སྐྱོན་མིན་ཚུལ་གང༌།

ལན། རྟགས་འཇུག་སྐབས་སུ། ཆོས་དངོས་ལས་དང་འབྱེད་པ་དང༌།།

ཞེས་པ་ནས། གནས་དང་འབོད་པའི་སྒྲ་ཡང་དྲངས།།ཞེས་པའི་བར་གྱི་རྣམ་དབྱེ་བརྒྱད་བཤད་པ་སུམ་ཅུ་པའི་སྐབས་དང་ཟློས་སྐྱོན་མིན་ཏེ།སུམ་ཅུ་པའི་སྐབས་སུ་རྣམ་དབྱེ་བརྒྱད་ཀྱི་འཇུག་དོན་བཤད་པ་དང༌། རྟགས་འཇུག་གི་སྐབས་སུ་རྣམ་དབྱེ་བརྒྱད་ཀྱི་མཚན་ཉིད་བཤད་པས་ན།དེ་གཉིས་ཟློས་པའི་སྐྱོན་དུ་མི་འགྱུར་རོ།།

 

༨༨༽ དྲི་བ། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་གཉིས་དང༌། དབྱེ་བ་གསུམ། དབྱེ་བ་བཞི། རྟགས་ཀྱི་དབྱེ་བ་ལྔ་བཅས་གང་དག་ཡིན་ནམ།

ལན། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་མི་འདྲ་བ་བཞི་ལས། རྟགས་ཀྱི་དབྱེ་བ་གཉིས་ནི། སྤྱིར་རྟགས་སམ་དབྱངས་གསལ་རྟགས་ཀྱི་དབྱེ་བ་དང༌། རྟགས་ཀྱི་དབྱེ་བ་གསུམ་ནི། རྗེས་འཇུག་རྟགས་ཀྱི་དབྱེ་བ་ཡིན་ཞིང༌། རྟགས་ཀྱི་དབྱེ་བ་བཞི་ནི། སྔོན་འཇུག་རྟགས་ཀྱི་དབྱེ་བ་ཡིན། རྟགས་ཀྱི་དབྱེ་བ་ལྔ་ནི། བྱེ་བྲག་རྟགས་ཀྱི་དབྱེ་བ་ཡིན་ལ། ཐོག་མཐའ་གཉིས་ལ་དབྱེ་བ་ལས་འཇུག་པ་མེད་དོ།།

 

༨༩༽ དྲི་བ། རྩ་བ་ལས། དགག་སྒྲུབ་རྒྱན་དང་དུས་ལ་འཇུག།

ཅེས་པའི་སྒྲུབ་ཡིག་གི་དོན་དང༌། རང་ལུགས་ཀྱི་འདོད་ཚུལ་གང་ཡིན་ནམ།

ལན། སི་ཏུའི་མུ་ཏིག་ཕྲེང་མཛེས་དང༌། གཙོས་རྟགས་འཇུག ཐོན་མིའི་ཞལ་ལུང་གསུམ་ལས་སྒྲུབ་ནི་བདག་པོ་སྒྲུབ་པ་དང་དགག་པ་སྒྲུབ་པ་ལ་བཞེད་ཅིང༌། ཀརྨ་སྨོན་ལམ་གྱིས་སྒྲུབ་པ་ནི་དགར་སྡུད་ཀྱི་ནས་ལས་ལ་ངོས་བཟུང་ཀྱང༌། པྲ་ཏི་དང༌། རང་ལུགས་མཁན་པོ་བརྩོན་འགྲུས་ཀྱིས་སྒྲུབ་ནི། ཀ་བ་ལྟ་བུའི་བ་བཞིན་རང་གི་མིང་གི་ཆ་ཤས་སྒྲུབ་པར་བྱེད་པ་ཞིག་ལ་འདོད་པ་ལྟར་ལེགས་པ་ཡིན་ནོ།།

 

༩༠༽ དྲི་བ། རྩ་བ་ལས། སྤྱི་འཇུག་ཡོད་དང་བྱེད་པ་ཡོད། །ཅེས་པའི་ཚིགས་བཅད་ཀྱི་བསྟན་དོན་གང༌། བྱེད་པའི་གནས་བརྒྱད་གང་ཡིན་ནམ།

 ལན། རྩ་བ་ལས། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །ཞེས་པའི་ཚིག་རྐང་གིས་བྱེད་པའི་གནས་བརྒྱད་བཤད་པ་སྟེ། གནས་བརྒྱད་ནི་གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད་ཅེས་པ་རྣམས་སོ།།

 

༩༡༽ དྲི་བ། གང་འདྲ་ཞིག་ལ་མིང་མཐས་མིང་མཐའ་དྲང་པ་དང༌། མིང་མཐས་ཕྲད་དང་རྣམ་དབྱེ་འདྲེན་པ་ཟེར། དེ་གཉིས་ལ་ཁྱད་པར་གང༌།

ལན། ཤར་ཕྱོགས་ལྟ་བུ་མིང་མཐས་མིང་མཐས་དྲང་པ་དང༌། ཤར་དུ་འགྲོ་ལྟ་བུ་མིང་མཐས་ཕྲད་རྣམ་དབྱེ་འདྲེན་པ་དང༌། ཤར་ཕྱོགས་སུ་འགྲོ་ལྟ་བུ་མིང་མཐས་མིང་མཐའ་དང་དེས་ཕྲད་དང་རྣམ་དབྱེ་འདྲེན་ཞིང༌། མིང་མཐས་མིང་མཐའ་དྲང་ན་དྲང་བྱ་དང་འདྲེན་བྱེད་གཉིས་ཀ་མིང་ཡིན་དགོས་ལ། མིང་མཐས་ཕྲད་རྣམ་དབྱེ་དྲང་ན་དྲང་བྱ་ཕྲད་རྣམ་དབྱེ་དང་འདྲེན་བྱེད་མིང་མཐའ་ཡིན་དགོས་སོ།།

 

༩༢༽ དྲི་བ། རྩ་བ་ལས། གཞན་ཡང་ཚིག་དོན་འོག་མ་ལས། །ནས། རྣམ་གྲངས་དག་ཀྱང་བཀོད་པ་ལས། །ཞེས་པའི་བར་སྡུད་ཚིག་ཇི་ལྟར་ཡིན།

 ལན། རྩ་བ་ལས། བསྡུ་རྒྱུ་ཡོད་དམ་མེད་པ་དང༌། །ཞེས་པས་དང་སྒྲས་སྡུད་པ་བསྟན་ཅིང༌། གོང་མ་ལས་ཀྱང་དེ་བཞེན་ཏེ། །ཞེས་པས་རྒྱན་སྡུད་ཀྱི་སྡུད་པ་བསྟན། རྣམ་གྲངས་དག་ཀྱང་བཀོད་པ་ལས།།

ཞེས་པས་འབྱེད་སྡུད་ཀྱི་སྡུད་པ་བསྟན་པ་ཡིན་ཏེ། དཀའ་གསལ་ལས། གཞན་ཡང་ཚིག་དོན་གོང་འོག་ཏུ། །བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར། །ཞེས་གསུངས་སོ།།

 

༩༣༽ དྲི་བ། དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་ན་ཚིག་ཕྲད་དང༌། ཚིག་ཕྲད་ཡིན་ན་དོན་ལྡོག་སྟོན་པ་ཡིན་པས་ཁྱབ་བམ་མི་ཁྱབ།

ལན། སི་ཏུའི་ཞལ་ལུང་ལས། དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་པས་ཁྱབ་ཀྱང༌། ཚིག་ཕྲད་ཡིན་ན་དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་པས་མ་ཁྱབ་བོ། །ཞེས་གསུངས་སོ། །དཔེར་ན་རྗེས་འཇུག་ལ་མ་བལྟོས་པའི་ཕྲད་རང་དབང་ཅན་དྲུག་དང་རྣམ་དབྱེ་མིན་པའི་སླར་བསྡུ་དང༌། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་རྣམས་ཚིག་ཕྲད་ཡིན་ཀྱང་རྣམ་དབྱེ་མ་ཡིན་ནོ།།

 

༩༤༽ དྲི་བ། ཚིག་ཕྲད་དང་རྣམ་དབྱེ་གཉིས་ཀྱི་དོན་དང༌། ཚིག་ཕྲད་དང་རྣམ་དབྱེ་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་སོགས་གང་ཡོད་དམ།

ལན། མིང་ཚིག་ལ་མ་སྦྱར་ན་རང་སྟོབས་ཀྱི་དོན་མི་སྟོན་ཅིང༌། མིང་གི་ཐོག་མཐའ་བར་གསུམ་དུ་སྦྱར་ན་བརྗོད་བདེ་བ་དང༌། མཚམས་སྦྱོར་བ༑ དོན་གསལ་བར་ཕན་འདོགས་པ་ཞིག་ལ་ཚིག་ཕྲད་དང༌། ཆོས་གང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་དང་དེ་གཉིས་ལ་ཁྱད་པར་མུ་བཞིའོ།།

 

༩༥༽ དྲི་བ། རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཞེས་བརྗོད་པ་མེད་ཚུལ་དང༌། རང་ལུགས་གང་ཡིན་ནམ།

ལན། མོ་ཡིག་གི་གུ་སོགས་ཨཱ་ལི་དབྱངས་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ། མི་འགྱུར་རྡོ་རྗེ་ལྟ་བུ་ཨཱ་ལི་དབྱངས་ལྡན་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར། ལ་ལས་བརྗོད་པ་གཏན་ནས་མེད་པར་བཞེད་ཀྱང༌།རང་ལུགས་དབྱངས་ལྡན་གྱི་བརྗོད་པ་མེད་པར་འགྱུར་བ་ལས་བརྗོད་པ་མཐའ་དག་མེད་པར་འགྱུར་བར་མི་འདོད་དེ་ལྟར་ན་ཧ་ཅང་ཐལ་ལོ།།

 

༩༦༽ དྲི་བ། རྩ་བ་ལས། འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་པའི་སྐབས་ཀྱི་བསྟན་དོན་གང་ཡིན་ནམ།

ལན། འཇུག་པར་བཅས་པ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་པོ་མེད་ན་ནི༑ དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌། དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་མི་ནུས་ལ། མིང་ཚིག་གསལ་བ་མེད་ན་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་བརྗོད་པ་རྣམས་མེད་པར་འགྱུར་བས་ཚིག་རྐང་འདི་དག་གིས་རྗེས་འཇུག་གི་ནུས་པའམ་རྗེས་འཇུག་གི་བྱེད་ལས་དང༌། དགོས་པ་ལྡོག་ཕྱོགས་ནས་བསྟན་པའོ།།

 

༩༧༽ དྲི་བ། རྩ་བ་ལས། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཞེས་དང༌།བསླབ་པ་རྣམས་ཀྱང་མེད་པར་འགྱུར། །སོགས་ཀྱིས་བསྟན་དོན་གང༌།

ལན། མིང་ཚིག་བརྗོད་པ་གསུམ་མེད་ན་འཇིག་རྟེན་འདིར་དོན་མཚོན་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས།དེས་ན་ཡི་གེར་བལྟོས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་དང༌། ནང་པའི་ཉན་རང་ཐེག་པའི་བསླབ་པ་རྣམས་སྟོན་ཅིང་སྨྲ་བའང་མེད་པར་འགྱུར་བས།དེའི་ཕྱིར་ཚིག་རྐང་འདི་དག་གིས་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ཡིན་ནོ།།

 

༩༨༽ དྲི་བ། རྩ་བ་ལས། ཕུང་པོ་ཁམས་དང་སྐྱེད་མཆེད་དང༌།།

ཞེས་པ་ལྟར་ཕུང་ཁམས་སྐྱེད་མཆེད་རྣམས་ཀྱིས་གྲངས་ངེས་ཇི་ལྟར་ཡིན་ནམ།

ལན། ཕུང་པོ་ལྔ་ནི། གཟུགས་ནས་རྣམ་ཤེས་བར་གྱི་ཕུང་པོ་ལྔའོ།།

ཁམས་བཅོ་བརྒྱད་ནི། གཟུགས་སྒྲ་སོགས་དམིགས་པ་ཡུལ་གྱི་ཁམས་དྲུག་དང༌། མིག་རྣའི་དབང་པོ་སོགས་རྟེན་དབང་པོའི་ཁམས་དྲུག མིག་རྣའི་རྣམ་ཤེས་སོགས་རྟེན་པ་དབང་པོའི་ཁམས་དྲུག་རྣམས་སོ། །སྐྱེད་མཆེད་བཅུ་གཉིས་ནི། མིག་སོགས་ནང་གི་སྐྱེད་མཆེད་དྲུག་དང༌། གཟུགས་སོགས་ཕྱི་ཡི་སྐྱེད་མཆེད་དྲུག་གོ།

 

༩༩༽ དྲི་བ། ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང༌།།

མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས། །ཞེས་པའི་བསྟན་དོན་གང༌།

ལན། ལག་པའི་མིག་ལ་ཞེས་པ་གྲངས་ཀྱི་མངོན་བརྗོད་ཡིན་ལ། དེ་ཡང་གཉིས་པའི་གཉིས་པ་སྟེ་ཆ་ཡིག་ལ་དབྱངས་འཇུག་བཞི་བཅུ་སྟེ་དབྱངས་བཞི་པ་ན་རོ་དང་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས་ཆོས་ཞེས་གྲུབ་པ་དང༌། མཚམས་དྲུག་དང་བགྲོད་པ་གཉིས་སྟེ་ཟ་ཡིག་བསྟན་ལ། འཕུལ་རྟེན་རྩེ་ཟུང་ཞེས་བ་འཕུལ་དང་ང་མཐའ་སྦྱར་བས་བཟང་སྟེ་ཆོས་བཟང་ཞེས་གབ་ཚིག་རྒྱན་གྱིས་བསྟན་པའོ།།

 

༡༠༠༽ དྲི་བ། སི་ཏུའི་ཞལ་ལུང་རྟགས་འཇུག་འདི་མཁས་དབང་སུས་གནས་གང་དུ། རང་ལོ་དང༌། ལོ་ཟླ་ཚེས་བཅས་གང་ལ་བརྩམས་སམ།

ལན། ཤཱཀྱའི་དགེ་སློང་མཁས་མཆོག་དངུལ་ཆུ་དྷརྨ་བྷ་དྲའམ་དངུལ་ཆུ་བླ་མ་ཆོས་བཟང་གིས་གནས་གཙང་གཡས་རུ་བཞད་ཀྱི་བྱེ་བྲག་དངུལ་ཆུའི་རི་ཁྲོད་དགའ་ལྡན་རྩེའི་སྤོང་ཁང་དུ་རང་ལོ་ ༣༥ སོན་པའི་ཟད་པ་ཞེས་པ་མེ་སྟག་ལོ་སྟེ་ཕྱི་ལོ་ ༡༨༦༦ ལོའི་གྲོ་བཞིན་ཟླ་བ་སྟེ་བོད་ཟླ་ ༧ པའི་དཀར་ཚེས་དགའ་བ་དང་པོ་སྟེ་ཡར་ངོའི་ཚེས་ ༡ ཉིན་ལེགས་པར་བརྩམས་པ་ལགས་སོ།།    །།

ར་རིའི་དྲི་བྲལ་གངས་ཅན་ན་གཞོན་ཚོ། །

ལ་རྒྱ་ལྷག་བསམ་ཞེན་པ་དཀར་པོ་ཡིས། །

ཤ་ཟད་རུས་ལ་ཐུག་པའི་དཔེ་བཞིན་དུ། །

ས་ཡ་དྲུག་གིས་བསྟན་སྲིད་དོན་ལ་འབུངས། །

ཧ་ལས་ལོག་པའི་ལམ་དུ་མ་འཕྱན་པར། །

ཨ་མའི་བུ་ཆུང་མཁས་འདོད་བརྩོན་ལྡན་རྣམས། །

ཧ་ཅང་གུས་རྟག་བརྩོན་པ་ཆེན་པོ་ཡིས། །

ཨ་ནུ་ཐོན་མིའི་བརྡ་སྤྲོད་གཞུང་ལ་འབུངས། །

 

ཞེས་པ་ནི་བར་གྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།