དགོངས་ཚུལ།

ཐ་སྙད་རིག་གནས་འཛིན་གྲྭ་གཉིས་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

༄༅། ། ཐ་སྙད་རིག་གནས་འཛིན་གྲྭ་གཉིས་པའི་བསྐྱར་སྦྱོང་དྲི་བ་བརྒྱ་པ་བཞུགས་སོ།།

༼སི་ཏུའི་ཞལ་ལུང་གི་སུམ་ཅུ་པ།༽

 

པཀྵིའི་གོ་གནས་སྙན་གྲགས་ཐོབ་འདོད་ན། །

ཕ་སྐྱེས་བུ་རྣམས་བཅུ་ཕྲག་རིག་པར་བརྩོན། །

བ་ཉལ་མཛོ་གྲོད་འདུ་ཤེས་གསུམ་པའི་ངང༌། །

མ་རིག་རྨོངས་པའི་གནས་ལས་ཇི་ལྟར་གྲོལ། །

 

ཙདྲན་པ་ཡི་མཚན་སྙན་གཟི་བརྗིད་རྣམས། །

ཚ་གྲང་དཀའ་སྤྱད་འབད་ལས་བྱུང་བས་ན། །

ཛ་དྲག་བརྡ་སྤྲོད་གཞུང་ལ་འཇུག་གྱུར་ཏེ། །

ཝ་སྐྱེས་རྒྱལ་པོའི་ངང་ཚུལ་སྤོང་བར་མཛོད། །

 

༡༽ དྲི་བ། རྒྱ་གར་སྐད་དུ་ཞེས་པས་རྒྱ་གར་སྐད་ལ་ཇི་ཡོད་དང༌། དེ་དག་ལས་གང་གི་སྐད་དུ་སྨོས་པ་དང༌། སྨོས་པའི་དགོས་པ་རྒྱུ་མཚན་ཅི།

ལན། རྒྱ་གར་སྐད་ལ་སཾ་སྐྲྀ་ཏ་ལྷ་ཡི་སྐད་དང༌། པྲ་ཀྲྀ་ཏ་ཡུལ་མི་རང་བཞིན་པའི་སྐད། ཨ་ཝ་བྷཾ་ཤ་ཟུར་ཆག་གི་སྐད། པི་ཤ་ཙི་ཤ་ཟའི་སྐད་དང་བཞི་ལས་ལེགས་སྦྱར་ལྷ་ཡི་སྐད་དུ་སྨོས་པ་དང༌། དེ་ལྟར་སྨོས་པའི་དགོས་པ་ནི་ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པ་དང༌། རང་རྒྱུད་ལ་བྱིན་རླབས་འཇུག་པ། བསྟན་བཅོས་ཁུངས་བཙུན་ཞིང་གང་ལ་མ་ཕྱི་བྱས་པའམ་དཔེར་མཛད་པ་གོ་བའི་ཆེད་དུ་ཡིན་ནོ།།

༢༽ དྲི་བ། རྒྱ་གར་ཞེས་པའི་མིང་དེར་སྒྲ་བཤད་ཡོད་མེད་ཀྱི་འདོད་ཚུལ་དང༌། རྒྱ་དཀར་ཞེས་མི་འབྲི་བར་རྒྱ་གར་ཞེས་འབྲི་དགོས་དོན་གང༌།

ལན། བུ་སྟོན་རིན་ཆེན་དང༌། རྗེ་རིན་པོ་ཆེ་སོགས་སྔོན་མཁས་ཕལ་ཆེར་གྱིས་རྒྱ་གར་ཞེས་པ་འདོད་རྒྱལ་གྱི་མིང་དུ་འདོད་པ་དང༌། སི་ཏུ་སོགས་ཕྱིས་ཀྱི་མཁས་པས་ངེས་ཚིག་བཤད་དུ་ཡོད་པ་སྟེ་ནམ་རྒྱུན་དང་མྱ་ངན་སྐབས་གོས་དཀར་ནག་གྱོན་ཤས་ཆེ་ཆུང་གིས་རྒྱ་དཀར་ནག་ཞེས་མིང་བཏགས་ཤིང༌། དེ་ཡང་རྒྱ་གར་ལས་རྒྱ་དཀར་ཞེས་མི་འབྲི་བ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་སོ།།

༣༽ དྲི་བ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། ཞེས་པའི་སྐབས་ཀྱི་དྲི་ལན་གསུམ་གང་ཡིན་དང༌། བརྡ་སྤྲོད་པའམ་ལུང་དུ་སྟོན་པའི་དོན་གང་ཡིན་ནམ།

ལན། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བའོ། །ཞེས་དང༌། དེ་ཡང་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤོ་ལོ་ཀ་སུམ་ཅུར་གནས་པས་ན་སུམ་ཅུ་པ་ཞེས་དང༌། མིང་ཚིག་ཡི་གེའི་རྣམ་འགྱུར་གྱི་སྒོ་ནས་བརྗོད་བྱའི་དོན་ལུང་དུ་སྟོན་པས་ན་བརྡ་སྤྲོད་པའམ་ལུང་དུ་སྟོན་པ་ཞེས་བྱའོ།།

༤༽ དྲི་བ། སུམ་ཅུ་པ་ཞེས་པའི་མིང་འདོགས་ལུགས་ལ་པྲ་ཏི་དང་སི་ཏུ་གཉིས་ཀྱི་འདོད་ཚུལ་དང༌། དེ་གཉིས་ལ་སྐྱོན་ཡོན་གང་དག་ཡོད་དམ།

ལན། པྲ་ཏིས། ཀཱ་ལི་སུམ་ཅུའི་སྦྱོར་བ་རྒྱ་ཆེར་སྟོན་པས་ན་སུམ་ཅུ་པ་ཞེས་བརྗོད་བྱ་དོན་གྱི་སྒོ་ནས་མཚན་བཏགས་པར་འདོད་ལ། སི་ཏུས། གཞུང་ཚད་ཤོ་ལོ་ཀ་སུམ་ཅུར་གནས་པས་ན་སུམ་ཅུ་པ་ཞེས་རྗོད་བྱེད་ཚིག་གི་ཆ་ནས་མཚན་བཏགས་པར་འདོད་ཅིང༌། སྔ་མར་གཞུང་ཕལ་མོ་ཆེ་དེར་ཐལ་བའི་ཀླན་ཀ་དང་བཅས་ལ། ཕྱི་མར་མིང་ཤེས་པ་ཙམ་གྱིས་གཞུང་ཚད་རྟོགས་པའི་དགོས་པ་ཡོད་དོ།།

༥༽ དྲི་བ། སུམ་ཅུ་པ་ཞེས་པ་མིང་འདོགས་ལུགས་གང་གི་ཁོངས་གཏོགས་ཡིན་པ་དང༌། མིང་བཏགས་པའི་ཕན་ཡོན་གང་དང་གང་ཡོད་དམ།

ལན། སུམ་ཅུ་པ་ཞེས་པ་ནི་པྲ་ཏིས་བརྗོད་བྱའི་ཁོངས་དང་སི་ཏུས་ལེའུ་སྟེ་གཞུང་ཚད་ཀྱི་ཁོངས་སུ་གཏོགས་པ་དང༌། མདོ་ལས། མིང་དུ་འདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་འདགས་པར་མཛད།།

ཅེས་བསྟན་བཅོས་གཞན་དང་མ་ནོར་ཞིང་དབང་རྣོན་གྱིས་བརྗོད་བྱ་རགས་པ་ཙམ་རྟོགས་པའི་དགོས་པ་དང་ཕན་ཡོན་ཡོད་དོ།།

༦༽ དྲི་བ། སུམ་ཅུ་པའི་གཞུང་ཚད་ལ་ལཤཽ་ཀ་གཅིག་མི་ཚང་ཞེས་སུས་གསུངས་མིན་དང༌། རྐང་པ་གཅིག་དེར་འདོད་ཚུལ་མི་འདྲ་བ་གང་ཡོད་དམ།

ལན། སུམ་ཅུ་པའི་གཞུང་ཚད་ལ་ལཤཽ་ཀ་གཅིག་མི་ཚང་ཞེས་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་གསུངས་ཤིང༌། དེའི་དགོངས་པ་བླངས་ནས་གསེར་ཏོག་སུམ་འགྲེལ་ལས། དེ་བཞིན་མིང་གཞིའི་བདུན་པའང་གནས། །ཞེས་དང༌། མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་གྱིས། གསུམ་པ་བཅུ་པ་ཡང་འཇུག་སྟེ། །ཞེས་རྐང་པ་རེ་བསྣན་པ་དེ་ཡིན་ནམ་སྙམ་ཞེས་གསུངས་པས་དཔྱད་པར་འཚལ་ལོ།།

༧༽ དྲི་བ། སུམ་ཅུ་པ་ཞེས་པའི་ཡིག་འབྲུ་གསུམ་ལས་སུམ་དང་ཅུ་ལ་སྔོན་འཇུག་མི་ཐོབ་པའི་རྒྱུ་མཚན་གང་ཡིན། པ་དེ་བདག་སྒྲ་སོགས་ཅི།

ལན། སུམ་ལ་སྒྲ་གདངས་བརྗོད་པའི་ཆ་ནས་སྔོན་འཇུག་མི་ཐོབ་ཅིང༌། སུམ་གྱིས་རྗེས་འཇུག་གི་ནུས་པས་ཅུ་ཡི་འཕུལ་ཡིག་ཐོར་བའམ་སྔོན་འཇུག་ཉམས་པས་བ་འཕུལ་མི་ཐོབ་ཅིང༌། པ་ཡིག་ནི་སྔར་ནས་མིང་གི་ཆ་ཤས་སུ་ཡོད་པའི་མིང་མཐའི་པ་དང་སྔར་མེད་གསར་དུ་སྦྱར་བའི་བདག་སྒྲའི་པ་ཡིག་དག་མ་ཡིན་པར་འདི་ནི་ལྡན་པའི་སྒྲ་སྟེ་སུམ་ཅུ་པའི་གཞུང་ཚད་ལ་་ལཤཽ་ཀ་སུམ་ཅུ་ལྡན་པའི་དོན་ནོ།།

༨༽ དྲི་བ། ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༑ ༑ཞེས་པའི་འགྱུར་ཕྱག་གི་དགོས་པ་དང༌། ཕན་ཡོན་གང་ཡོད་དམ།

ལན། མཁས་འཇུག་ལས། མཆོད་བསྟོད་འདུད་པའི་བདག་ཉིད་ཅན།།

ཤིས་པར་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །

མཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་པ་ལྟར་དང༌། དགོས་པ་ནི། འགྱུར་གྱི་གེགས་བར་ཞི་ཞིང་འགྱུར་མཐར་ཕྱིན་པ་དང༌། ཚོགས་དང་བསོད་ནམས་གསོག་པ། བསམ་དོན་བདེ་བླག་ཏུ་འགྲུབ་པ་སོགས་ཀྱི་དགེ་མཚན་དང་ཕན་ཡོན་མཐའ་ཡས་སོ།།

༩༽ དྲི་བ། ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་དེ་འགྱུར་ཕྱག་ཡིན་མིན་གྱི་འདོད་ཚུལ་གང་དག་ཡོད་དམ།

ལན། པྲ་ཏིས། འགྱུར་ཕྱག་གི་ཚུལ་དུ་ཞེས་དང༌། སི་ཏུས། འགྱུར་ཕྱག་ཏུ་འདོད་ལ། ལ་ལས་འགྱུར་ཕྱག་དང་འདྲ་བ་ཞེས་དང༌། འགའ་རེས་ཐོན་མིས་ཐོག་མར་སུམ་རྟགས་ལེགས་སྦྱར་དུ་བརྩམས་ཤིང་ཕྱིས་སུ་བོད་སྐད་དུ་བསྒྱུར་བས་འགྱུར་ཕྱག་ཏུ་འདོད་པ་དང༌། ལ་ལས་གཞུང་དེ་ཉིད་སྡེ་སྣོད་གསུམ་གང་གི་ཁོངས་གཏོགས་ཡིན་མིན་ཤེས་ཕྱིར་ཕྱིས་སུ་ལོ་ཙཱ་བས་བར་དུ་བཅུག་པར་འདོད་དོ།།

༡༠༽ དྲི་བ། ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༑ ༑ཞེས་པའི་འགྱུར་ཕྱག་དེ་ཉིད་སྡེ་སྣོད་གསུམ་ལ་སྦྱར་ཚུལ་ཇི་ལྟར་ཡིན།

ལན། ཆོས་རྒྱལ་གྱིས་བཀས་བཅད་ལྟར་ལོ་ཙཱ་བས་སྡེ་སྣོད་གསུམ་གང་གི་ཁོངས་གཏོགས་ཡིན་མིན་ཤེས་པའི་ཕྱིར་དུ། མངོན་པའི་སྡེ་སྣོད་ཀྱི་དབུར་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བ་དང༌། མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་དང༌། འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བའི་སྲོལ་བཏོད་དོ།།

༡༡༽ དྲི་བ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཆེན་པོ་ལྔ་གང་ཡིན་དང༌། ཡན་ལག་ལྔ་པོ་དེ་དག་བསྡུ་ན་གང་དག་ཏུ་འདུ་བ་ཡིན་ནམ།

ལན། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཆེན་པོ་ལྔ་ནི། མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་བསྐུལ་བ། བར་གྱི་ངལ་གསོ་བའི་ཚིག མཇུག་གི་བསྔོ་སྨོན་དང་ལྔ་ཡིན་ཞིང༌། དེ་དག་བསྡུ་ན་ཐོག་མར་དགེ་བ་མཆོད་བརྗོད་ཀྱི་རིམ་པ་དང༌། བརྩམ་པར་དམ་བཅའ་གཉིས་དང༌། མཐའ་མར་དགེ་བ་བསྔོ་སྨོན་གྱི་རིམ་པ་དང་གསུམ་དུ་བསྡུ་བའོ།།

༡༢༽ དྲི་བ། གང་ལ་ཡོན་ཏན་མཆོག་མངའ་བའི། །ཞེས་པའི་ཡོན་ཏན་དེ་དག་གང་ཡིན་དང༌། ཅི་ཕྱིར་དཀོན་མཆོག་ཅེས་བརྗོད་དམ།

ལན། སྐུ་ལ་མཚན་དཔེའི་དཔལ་འབར་ཞིང༌། །གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན། །ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར། །ཞེས་པ་ལྟར་གསང་གསུམ་གྱི་ཡོན་ཏན་དང༌། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་རིན་པོ་ཆེ་དང་འདྲ་ཆོས་དྲུག་ཚང་བས་དཀོན་མཆོག་ཅེས་སོ།།

༡༣༽ དྲི་བ། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་མཆོག་གསུམ་གྱི་མཚན་ཉིད་གང་ཡིན་ནམ།

ལན། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དང༌། བསམ་མེད་གཉིས་མེད་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་ཆོས་དཀོན་མཆོག་གི་མཚན་ཉིད་དང༌། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་དེ་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན་ནོ།།

༡༤༽ དྲི་བ། དཀོན་མཆོག་གསུམ་གྱི་མཚན་གཞི་དང༌། དཀོན་མཆོག་གསུམ་ལ་ནང་གསེས་དབྱེ་བ་ཇི་ཡོད། དེ་དག་གང་དང་གང་ཡིན་ནམ།

ལན། སངས་རྒྱས་དཀོན་མཆོག་ལ་དབྱེ་ན་ཆོས་གཟུགས་ཀྱི་སྐུ་གཉིས་དང༌། མཚན་གཞི་བདག་ཅག་གི་སྟོན་པ་ལྟ་བུ་དང༌། ཆོས་དཀོན་མཆོག་ལ་དབྱེ་ན་དངོས་དང་བཏགས་པ་བ་གཉིས། མཚན་གཞི་ནི་འཕགས་ལམ་གྱི་ཡོན་ཏན་དང་བཀའ་བསྟན་སོགས་ཆོས་ཀྱི་པོ་ཏི་དང༌། དགེ་འདུན་དཀོན་མཆོག་ལ་དབྱེ་ན་འཕགས་པ་དང་སོ་སྐྱེ་གཉིས། མཚན་གཞི་ནི་ཀླུ་སྒྲུབ་དང་སོ་སྐྱེའི་དགེ་འདུན་བཞི་གྲྭ་གཅིག་ལྟ་བུའོ།།

༡༥༽ དྲི་བ། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ལ་སྒྲ་གཉིས་ཕྲད་དང་རྣམ་དབྱེ་གང་ཡིན་ནམ།

ལན། གང་ལ་ཞེས་པའི་ལ་ཡིག་ནི་རྣམ་གླིང་པཎ་ཆེན་གྱིས་ངེས་བཟུང་དང༌། པྲ་ཏི་རིན་ཆེན་དོན་གྲུབ་དང༌། སི་ཏུས་པཎ་ཆེན་རྣམ་གཉིས་ཀྱིས་རྣམ་དབྱེ་བདུན་པ་བརྟེན་གནས་སུ་བཞེད་ཅིང༌། དེ་ལ་ཞེས་པའི་དེ་སྒྲ་ནི་པྲ་ཏི་དང་སི་ཏུས་ངེས་བཟུང་དུ་འདོད་ཅིང༌། དེ་ལ་ཞེས་པའི་ལ་ཡིག་ནི་རྣམ་པཎ་དང༌། པྲ་ཏིས་རྣམ་དབྱེ་བཞི་པ་དགོས་ཆེད་དང༌། སི་ཏུས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་བཞེད་དོ།།

༡༦༽ དྲི་བ། འཇམ་དཔལ་དབྱངས་སྒྲ་དབྱངས་གསུང་པ་པོ་ཡིན་པའི་ལུང་རིགས་དང༌། སྒྲ་དབྱངས་ལ་རང་ལུགས་དང་ཁ་ཅིག་གི་འདོད་ཚུལ་ཅི།

ལན། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས། འཇམ་དཔལ་དབྱངས་ཀྱིས་ང་རོས་དྲངས། །ཞེས་པས་འཇམ་དབྱངས་སྒྲ་དབྱངས་གསུང་པ་པོར་བསྟན་པ་དང༌། པྲ་ཏིས། སྒྲ་དབྱངས་ལ་དབྱངས་བཞིར་འདོད་པ་དང༌། སི་ཏུས། དབྱངས་བཞིར་འདོད་ན་ཁྱབ་ཆུང་བའི་སྐྱོན་དུ་གྱུར་ཏེ། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། །ཞེས་པ་ལྟར་སྒྲ་དབྱངས་ནི་འཇིག་རྟེན་ཁམས་ཀྱི་སྒྲ་དབྱངས་ཐམས་ཅད་ལ་བཞེད་དོ།།

 

༡༧༽ དྲི་བ། གང་གིས་མིང་གཞི་སྔོན་གསུངས་པའི། །ཞེས་པའི་མིང་གཞི་ལ་རང་ལུགས་དང༌། ཁ་ཅིག་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། པྲ་ཏིས་མིང་གང་ལས་བྱུང་བའི་གཞི་སྟེ། ཀ་ལ་སོགས་པའོ། །ཞེས་མིང་གཞི་ནི་ཀཱ་ལི་སུམ་ཅུར་འདོད་པ་དང༌། རང་ལུགས་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་འདིར་བསྟན་གྱི་མིང་གཞི་ནི་ཡི་གེ་ཙམ་ལ་ངོས་འཛིན་པ་ནི་རྒྱུ་མཚན་དང་བཅས་པ་སྟེ་ཞེས་གསུངས་ཏེ་འཇིག་རྟེན་ཁམས་ཀྱི་མིང་གཞི་ཡོད་དོ་ཅོག་ལ་བཞེད་དོ།།

 

༡༨༽ དྲི་བ། རྟག་ཞི་བ་ཞེས་པར་པྲ་ཏི་དང་སི་ཏུ་གཉིས་ཀྱི་འདོད་ཚུལ་གང་ཡིན་དང༌། རྟག་ཞི་བར་ཕྱག་འཚལ་བའི་དགོས་པ་རྒྱུ་མཚན་ཅི།

ལན། པྲ་ཏིས། རྟག་ཞི་བ་ནི་ཁྱབ་འཇུག་གམ་ཚངས་པ་ལ་འདོད་པ་དང༌། སི་ཏུས། རྟག་ཞི་བ་ནི་ལྷ་དབང་ཕྱུག་ལ་བཞེད་ཅིང༌། རྟག་ཞི་བ་ལ་ཕྱག་འཚལ་བའི་དགོས་པ་ནི། ཕྱི་རོལ་པ་རྗེས་སུ་འཛིན་པ་དང༌། མིང་གཞི་གསུང་པ་པོ་ཡིན་པས་བཀྲིན་རྗེས་སུ་དྲན་པ། བསྟན་བཅོས་འདི་ཉིད་ཕྱི་ནང་ཐུན་མོང་གི་སྦྱང་བྱའི་གཞུང་ཡིན་པ་གོ་བ་སོགས་ཀྱི་ཆེད་དུ་རྟག་ཞི་བར་ཕྱག་འཚལ་བ་ཡིན་ནོ།།

 

༡༩༽ དྲི་བ། སྡེབ་སྦྱོར་ལེགས་མཛད་ཅེས་པའི་སྡེབ་སྦྱོར་དེ་གང༌། བླ་མ་ལ་ཡང་ཕྱག་འཚལ་ནས། །ཞེས་པའི་བླ་མ་དེ་སུ་དང་སུ་ཡིན་ནམ།

ལན། སྐབས་འདིའི་སྡེབ་སྦྱོར་ནི་ཡི་གེ་ལྕི་ཡང་དང་འཇམ་རྩུབ་སོགས་བཤད་ཅིང་སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཞེས་པའི་རིག་གནས་ཆུང་བ་ལྔའི་སྡེབ་སྦྱོར་ཁོ་ན་མིན་ཏེ། ཕྲད་དང་རྣམ་དབྱེ་སོགས་ཕན་ཚུན་སྦྱར་བའི་ཡི་གེའི་སྦྱོར་བ་ཡིན་ལ། བླ་མ་ནི་གངས་ཅན་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་དངོས་རྒྱུད་ཀྱི་བླ་མ་སྟེ་བྲམ་ཟེ་ལི་བི་ཀ་ར་དང༌། ལྷ་རིག་པའི་སེངྒེ་སོགས་ཡིན་ནོ།།

 

༢༠༽ དྲི་བ། སྐབས་འདིའི་མཆོད་པར་བརྗོད་མཁན་སུ་ཡིན་དང༌། མཆོད་བརྗོད་ཀྱྀ་དགོས་པ་རྒྱུ་མཚན་དང༌། མཆོད་པར་བརྗོད་པའི་ཕན་ཡོན་གང༌།

ལན། མཆོད་པར་བརྗོད་མཁན་ནི་སློབ་དཔོན་ཐོན་མི་ཡིན་ལ། དགོས་པ་ནི། མདོ་ལས། རྣམ་དཀར་ལས་གང་བགྱིས་པ་ཡི། །དེ་ཡི་ཐོག་མར་རྒྱལ་བ་མཆོད། །ཅེས་ནང་པའི་ལུགས་སྲོལ་བསྟན་ཅིང༌། ས་པཎ་གྱིས། བསྟན་བཅོས་བྱེད་པའི་དམ་པ་ཡི། །ཞེས་སོགས་དང༌། ཚོགས་དང་བསོད་ནམས་གསོག་པ་དང༌། གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་པ་སོགས་ཀྱི་ཕན་ཡོན་ཡོད་དོ།།

 

༢༡༽ དྲི་བ། བརྩམ་པར་དམ་བཅའི་རྩ་བ་ངོས་འཛིན་ཏེ་དེ་ནས་བཤད་པའི་ཕྱི་རོལ་པའི་རིག་བྱེད་བཞི་དང༌། ནང་པའི་བསླབ་པ་གསུམ་གང་ཡིན།

ལན། རྩ་བ་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའིསྦྱོར་བ་བཤད་པར་བྱ། །ཞེས་དེ་ནས་བསྟན་པའི་ཕྱི་རོལ་པའི་རིག་བྱེད་བཞི་ནི། སྙན་ཚིག་དང༌། སྲིད་སྲུང༌། ངེས་བརྗོད། མཆོད་སྦྱིན་དང་བཞིའོ། །ནང་པའི་བསླབ་པ་གསུམ་ནི། ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ།།

 

༢༢༽ དྲི་བ། རྩ་བ་ལས། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་ཕྱི་རོལ་པའི་རིག་བྱེད་བཞི་ཡི་མཚན་ཉིད་གང་དག་ཡིན་ནམ།

ལན། རིག་བྱེད་བཞི་ཡི་གོ་དོན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས། རྩ་རླུང་མན་ངག་སྒོམ་སོགས་ནི། །ངེས་བརྗོད་ཀྱི་ནི་རིག་བྱེད་ཡིན། །གཏོར་མ་ཚོགས་འཁོར་སྦྱིན་གཏོང་སོགས། །མཆོད་སྦྱིན་གྱི་ནི་རིག་བྱེད་ཡིན།།

སྡེབ་སྦྱོར་ཚིགས་བཅད་ཚིག་རྒྱན་སོགས། །སྙན་ཚིག་གི་ནི་རིག་བྱེད་ཡིན།།

བྱིས་པ་བཙའ་གསོ་སྤེལ་བ་སོགས། །སྲིད་སྲུང་གི་ནི་རིག་བྱེད་ཡིན། །ཞེས་གསུངས་པ་ལྟར་རོ།།

 

༢༣༽ དྲི་བ། རིག་བྱེད་ཡན་ལག་ལ་ཇི་ཡོད་དང༌། བརྩམ་པར་དམ་བཅའི་ཚིགས་བཅད་འདིས་ཕྱི་ནང་གི་གྲུབ་མཐའ་ཇི་ལྟར་བསྟན་ཏམ།

ལན། རིག་བྱེད་ཡན་ལག་ལ་དབྱེ་ན་དྲུག་སྟེ། བསླབ་པ་ཆོ་ག་ལུང་སྟོན་དང༌། །ངེས་ཚིག་སྐར་དཔྱད་ཐོས་པ་དང༌། །སྡེབ་སྦྱོར་རྣམ་པར་སེམས་པ་སྟེ། །རིག་བྱེད་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལྟར་དང༌། བསླབ་པ་ཀུན་གྱི་ཞེས་སོགས་ཚིགས་རྐང་དང་པོས་ནང་པའི་གྲུབ་མཐའ་བསྟན་པ་དང༌། རིག་བྱེད་སྨྲ་བ་ཞེས་སོགས་ཚིགས་རྐང་གཉིས་པས་ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་བསྟན་པའོ།།

 

༢༤༽ དྲི་བ། མིང་ཚིག་བརྗོད་པ་གསུམ་གྱི་མཚན་ཉིད་དང༌། དེ་དག་ལ་མི་འདྲ་བའི་ཁྱད་པར་གང་ཡོད༌། ཡི་གེའི་བྱེད་ལས་གང་ཡིན་ནམ།

ལན། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང༌། དོན་གྱི་ཁྱད་པར་སྟོན་པ་ཚིག མིང་ཚིག་གཉིས་ཀྱི་ཕྲེང་བའམ་ངག་གི་རྒྱུན་ཞིག་ལ་བརྗོད་པ་ཟེར་ཞིང༌། མིང་ཚིག་བརྗོད་པ་གསུམ་ནང་ཕན་ཚུན་འགལ་བ་ཡིན། ཡི་གེའི་བྱེད་ལས་སམ་ལས་འགན་ནི། ༡ བསླབ་པ་ཀུན་གྱི་གཞི་འཛིན་པར་བྱེད་པ་དང༌། ༢ རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་བྱེད་པ་དང༌། ༣ མིང་ཚིག་བརྗོད་པ་ཀུན་གྱི་གཞི་བྱེད་པ་གསུམ་ཡིན་ནོ།།

 

༢༥༽ དྲི་བ། སུམ་ཅུ་པའི་དགོས་སོགས་ཆོས་བཞི་གང་ཡིན་དང་བརྩམ་པར་དམ་བཅའི་ཞར་ལ་དགོས་སོགས་ཆོས་བཞི་བསྟན་ཚུལ་ཇི་ལྟར་ཡིན།

ལན། སུམ་ཅུ་པའི་དགོས་སོགས་ཆོས་བཞི་ནི། བོད་ཀྱི་ཡི་གེའི་སྦྱོར་བ་ནི་བརྗོད་བྱ་དང༌། གཙུག་ལག་གཉིས་ཀྱི་བླང་དོར་ལ་མི་རྨོངས་པ་ནི་དགོས་པ། མཐར་ཐུག་རྣམ་མཁྱེན་ཐོབ་པ་ནི་ཉིང་དགོས། དེ་དག་སྔ་ཕྱི་འབྲེལ་བ་ཆགས་པ་ནི་འབྲེལ་བའོ། །བསླབ་པ་ཀུན་གྱི་ཞེས་སོགས་རྐང་པ་དང་པོ་གཉིས་ཀྱིས་ཉིང་དགོས་དང༌། རྐང་པ་གསུམ་པས་དགོས་པ། རྐང་པ་མཐའ་མས་བརྗོད་བྱ་བསྟན་ཏོ།།

 

༢༦༽ དྲི་བ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །ཞེས་སོགས་ཀྱིས་བརྩམ་པར་དམ་བཅའི་ཕན་ཡོན་གང་ཡོད་དམ།

ལན། བརྩམ་པར་དམ་བཅའི་ཕན་ཡོན་ནི། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་མཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རྩོམ་གྱི་བགེགས་བར་ཞི་ཞིང་རྩོམ་པ་མཐར་ཕྱིན་པ་དང༌། རྩོམ་པ་པོ་སྐྱེས་བུ་དམ་པ་དང་བསྟན་བཅོས་རྣམ་དག་ཡིན་པ་མཚོན་པའི་དགེ་མཚན་ཡོད་དོ།།

 

༢༧༽ དྲི་བ། གཙུག་ལག་གཉིས་ལ་འདོད་ཚུལ་མི་འདྲ་བ་ཇི་ཡོད་དང་དེ་དག་ལས་རང་ལུགས་གཙུག་ལག་གཉིས་གང་དུ་བཞེད་པ་ཡིན་ནམ།

ལན། ཕྱི་ནང་གི་གཙུག་ལག་གཉིས་དང༌། ཆོས་སྲིད་ཀྱི་གཙུག་ལག་གཉིས། སུམ་རྟགས་ཀྱི་གཙུག་ལག་གཉིས། ཐུན་མོང་དང་ཐུན་མིན་གྱི་གཙུག་ལག་གཉིས། དོན་དང་ཐ་སྙད་ཀྱི་གཙུག་ལག་གཉིས། བརྗོད་བྱ་རྗོད་བྱེད་ཀྱི་གཙུག་ལག་གཉིས། བཀའ་བསྟན་གྱི་གཙུག་ལག་གཉིས་སོགས་འདོད་ཚུལ་མི་འདྲ་བ་བཅུ་གཅིག་ཙམ་ལས་རང་ལུགས་སི་ཏུས་ཕྱི་ནང་གི་གཙུག་ལག་གཉིས་ལ་བཞེད་པ་ཡིན་ནོ།།

 

༢༨༽ དྲི་བ། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པའི་སྐབས་སྦྱར་གཞི་དང་སྦྱར་བྱ་གང་ཡིན་ངོས་འཛིན་དང༌། ཚོགས་གསུམ་གྱི་གོ་དོན་གང༌།

ལན། སྦྱར་གཞི་ཀཱ་ལི་སུམ་ཅུ་ལ་སྦྱར་བྱ་དབྱངས་བཞི་དང༌། སྔོན་འཇུག་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས། མགོ་ཅན་གསུམ། འདོགས་ཅན་བཞིའོ། །ཡང་ན། སྦྱར་བྱ་དབྱངས་གསལ་ལ། སྦྱོར་ཚུལ་ཕྲད་དང་རྣམ་དབྱེ་སོགས་སོ། །ཚོགས་གསུམ་གྱི་གོ་དོན་ནི། ཚོགས་གསུམ་གསལ་བ་ལས། དོན་གྱི་ངོ་བོ་སྟོན་པ་མིང༌། །དོན་གྱི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་སོ།།

 

༢༩༽ དྲི་བ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་པ་ནས། ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་པའི་གཉིས་དང༌། བཞི། བཅུའི་གྲངས་ངེས་རྣམས་ཅི།

ལན། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་པ་ནི་རིགས་བསྡུ་བའི་གྲངས་ངེས་ཏེ་ཡི་གེ་རྣམས་རིགས་བསྡུ་ན་ཨཱ་ལི་དང་ཀཱ་ལིར་བསྡུ་བས་སོ། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་དང༌། ཀཱ་ལི་སུམ་ཅུ་ཐམ་པ་འོ།།

ཞེས་པའི་བཞི་དང་བཅུའི་གྲངས་ངེས་ནི་དབྱངས་ལ་བཞི་དང་ལྔ། གསལ་བྱེད་ལ་ཉེར་དགུ་དང་སུམ་ཅུ་སོགས་ཀྱི་ལོག་རྟོག་ཡོད་པས་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་ནོ།།

 

༣༠༽ དྲི་བ། དབྱངས་གསལ་གཉིས་ཀྱི་གོ་དོན་དང༌། དབྱངས་གསལ་གཉིས་ལ་མིང་གི་རྣམ་གྲངས་ཇི་ཡོད། དེ་དག་གང་དག་ཡིན་ནམ།

ལན། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་ལ་དབྱངས་ཞེས་དང༌། རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་གྱི་ཡི་གེ་ལ་གསལ་བྱེད་ཅེས་བྱ་ཞིང༌། ཀ་ཕྲེང་དང༌། ཀ་མད། ཀཱ་ལི། གསལ་བྱེད། མིང་གཞི་རྣམས་དོན་གཅིག་མིང་གི་རྣམ་གྲངས་དང༌། དེ་བཞིན་དབྱངས་དང༌། ཨ་ཕྲེང༌། ཨཱ་ལི་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ།།

 

༣༡༽ དྲི་བ། རྒྱ་བོད་ཀྱི་ཨཱ་ལི་དང་ཀཱ་ལིར་རིང་ཆ་ཡོད་མེད་ཀྱི་ཁྱད་པར་དང༌། ཨཱ་ལི་དང༌། ཀཱ་ལི་བོད་བསྒྱུར་མ་མཛད་པའི་རྒྱུ་མཚན་གང༌།

ལན། ཨཱ་ལི་དང་ཀཱ་ལི་ནི་ལེགས་སྦྱར་གྱི་སྐད་ཡིན་པས་ལེགས་སྦྱར་ལ་རིང་ཐུང་དང་དབྱངས་སྲོག་ཞུགས། མཚམས་སྦྱོར་གྱི་རྣམ་གཞག་སོགས་ཡོད་པས་རིང་ཆ་ཡོད་ཅིང༌། བོད་ཡིག་ལ་རིང་ཐུང་སོགས་ཀྱི་རྣམ་གཞག་མེད་པས་ཨ་ཕྲེང་དང་ཀ་ཕྲེང་ལ་རིང་ཆ་མེད་ལ། ཨཱ་ལི་དང་ཀཱ་ལི་གཉིས་བོད་བསྒྱུར་མ་མཛད་པར་ལེགས་སྦྱར་རང་སོར་བཞག་པ་ནི་ངག་ནས་བརྗོད་བདེའི་དབང་གིས་ཡིན་ནོ།།

 

༣༢༽ དྲི་བ། དབྱངས་དངོས་གང་ཡིན་ངོས་འཛིན་དང༌། དབྱངས་བཞིའི་ཐ་སྙད་དང༌། དབྱངས་བཞིའི་མཚོན་རྟགས་རྣམས་ཇི་ལྟར་ཡིན་ནམ།

ལན། ཨི་ཨུ་ཨེ་ཨོ་བཞི་ནི་དབྱངས་དངོས་ཡིན་པ་དང༌། དེ་དག་གི་མཚོན་རྟགས་སུ་ ི་  ུ་  ེ་   ོ་ བཅས་ཡིན་ལ། དེ་དག་ལ་རིམ་བཞིན་གི་གུ ཞབས་ཀྱུ། འགྲེང་པོ། ན་རོ་བཅས་ཀྱི་ཐ་སྙད་བཏགས་ཤིང༌། ཚུགས་ཀྱི་མཚོན་བྱེད་ལ་ངག་རྒྱུན་གཏམ་རྒྱུད་དུ་གི་གུ་ལྷ་ཡི་ཕྱག་མཛུབ་འདྲ། ཞབས་ཀྱུ་སྒོ་ང་ཕྱེད་བཤག་འདྲ། འགྲེང་པོ་ལྕགས་ཀྱུ་བཀུག་པ་འདྲ། ན་རོ་རྒོད་པོ་ལྡིང་བ་འདྲ་ཞེས་སོ།།

 

༣༣༽ དྲི་བ། དབྱངས་ལ་བཞི་དང༌། དབྱངས་ལྔར་འདོད་མཁན་སུ་ཡིན་དེ་དག་གི་འདོད་ཚུལ་དང༌། རང་ལུགས་ཀྱི་འདོད་ཚུལ་གང་ཡིན་ནམ།

ལན། ས་པཎ་གྱིས་བོད་ཀྱི་དབང་དུ་བྱས་པའི་དབྱངས་རྣམས་ནི་ལྔའོ།།

ཞེས་དང༌། དཀའ་གསལ་ལས། དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ། །ཞེས་དང༌། ངག་སྒྲོན་དུའང༌། དབྱངས་ལྔ་ཡ་ར་ལ་ཝའི་འདོགས། །ཞེས་དབྱངས་ལྔར་འདོད་པ་དང༌། རང་ལུགས་སི་ཏུ་སོགས་བརྡ་སྤྲོད་སྨྲ་བ་ཕལ་ཆེར་གྱིས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་པ་ལྟར་དབྱངས་ལ་གྲངས་བཞིར་བཞེད་དོ།།

 

༣༤༽ དྲི་བ། སྔོན་རྗེས་མིང་གསུམ་གྱི་མཚན་ཉིད་གང་དང༌། སྔོན་རྗེས་མིང་གསུམ་གྲངས་དེ་ལྟར་དུ་ངེས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེའི་སྔོན་དུ་འཇུག་པས་ན་སྔོན་འཇུག་ཅེས་དང༌། མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་ན་རྗེས་འཇུག མིང་གི་ཆེད་དུ་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པས་ན་མིང་གཞི་ཞེས་བརྗོད་ལ། སྔོན་རྗེས་མིང་གསུམ་སོགས་གྲངས་དེ་ལས་མང་ན་མི་དགོས་ཤིང་ཉུང་ན་མི་བསྡུ་བས་ཕྱིར་གྲངས་དེ་དང་དེར་ངེས་པ་ཡིན་ནོ།།

 

༣༥༽ དྲི་བ། སྔོན་རྗེས་ཡང་གསུམ་རང་གི་འཇུག་ཡུལ་གྱི་སྔོན་རྗེས་སུ་སྦྱར་བས་གཙོ་བོའི་ནུས་པས་དོན་གང་དང་གང་ཞིག་སྟོན་པ་ཡིན་ནམ།

ལན། སྔོན་འཇུག་གིས་སྒྲ་འགྱུར་བ་དང༌། དོན་འགྱུར་བ། བདག་གཞན་དུས་གསུམ། བྱ་བྱེད་ལས་གསུམ་སོགས་སྟོན་ཅིང༌། རྗེས་འཇུག་གིས་སྒྲ་འགྱུར་བ་དང༌། དོན་འགྱུར་བ། མིང་མཐའ་དང་ཕྲད་རྣམ་དབྱེ་འདྲེན་པ། འདས་ཚིག་སྟོན་པའོ། །ཡང་འཇུག་གིས། མིང་ཚིག་གྲུབ་པར་གྲོགས་བྱེད་ཅིང༌། མིང་མཐའ་དང་ཕྲད་རྣམ་དབྱེ་འདྲེན་པ། འདས་སྐུལ་སོགས་ཀྱི་དོན་སྟོན་པའོ།།

 

༣༦༽ དྲི་བ། ཕྲད་རང་དབང་ཅན་དང་ཕྲད་གཞན་དབང་ཅན་གཉིས་ཀྱི་གོ་དོན་དང༌། དེ་གཉིས་ལ་སྒྲ་དོན་གྱི་སྦྱོར་བ་ཡོད་མེད་ཇི་ལྟར་ཡིན་ནམ།

ལན། རང་ཉིད་ཕྲད་དུ་སྦྱར་བའི་ཚེ་གོང་གི་རྗེས་འཇུག་ལ་བལྟོས་མི་དགོས་པར་ཕྲད་རང་དབང་ཅན་དང༌། བལྟོས་དགོས་པར་ཕྲད་གཞན་དབང་ཅན་ཞེས་དང༌། ཕྲད་རང་དབང་ཅན་ལ་དབྱེ་ན། ནི་སྒྲ་ནས་དགག་སྒྲ་བར་དྲུག་དང་དེ་དག་ལ་དོན་སྦྱོར་ལས་སྒྲ་སྦྱོར་མེད་ཅིང༌། གཞན་དབང་ཅན་ལ་དབྱེ་ན། སླར་བསྡུ་ནས་འབོད་སྒྲ་བར་བརྒྱད་དང་དེ་དག་ལ་སྒྲ་དོན་གྱི་སྦྱོར་བ་གཉིས་ཀ་ཡོད་དོ།།

 

༣༧༽ དྲི་བ། སུམ་ཅུ་པའི་གཞུང་གི་དངོས་སུ་བསྟན་པའི་ཕྲད་དང༌། རྣམ་དབྱེ་གཉིས་ཀྱི་གོ་དོན་ནམ་མཚན་ཉིད་གང་ཞིག་ཡིན་ནམ།

ལན། རང་གཅིག་པུས་དོན་ཅི་ཡང་སྟོན་མི་ནུས་ཤིང་མིང་གི་ཐོག་མཐའ་བར་གསུམ་ཅི་རིགས་སུ་འོས་ཤིང་འཚམ་པར་སྦྱར་ན་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་གྱི་ཡི་གེ་ཞིག་ལ་ཚིག་ཕྲད་ཅེས་དང༌། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་དང༌། ཚིག་ཕྲད་དང་རྣམ་དབྱེ་གཉིས་ལ་མི་འདྲ་བའི་ཁྱད་པར་མུ་བཞི་ཡོད་དོ།།

 

༣༨༽ དྲི་བ། ཕྲད་དང་རྣམ་དབྱེ་གཉིས་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་སོགས་གང་དང་གང་ཞིག་ཡོད་དམ།

ལན། ཕྲད་དང་རྣམ་དབྱེ་གཉིས་ལ་ཁྱད་པར་མུ་བཞི་སྟེ། ཕྲད་དང་རྣམ་དབྱེ་གཉིས་ཀ་ཡིན་པའི་མུ་ནི་ལ་དོན་དང༌། ཨི་ལྡན། འབྱུང་ཁུངས་གསུམ་དང༌། ཕྲད་ཡིན་ལ་རྣམ་དབྱེ་མིན་པའི་མུ་ནི། ཕྲད་རང་དབང་དྲུག་དང༌། རྣམ་དབྱེ་མིན་པའི་ཕྲད་གཞན་དབང་ཅན་རྣམས་སོ། །རྣམ་དབྱེ་ཡིན་ལ་ཕྲད་མ་ཡྀན་པའི་མུ་ནི། རྣམ་དབྱེ་དང་པོ། གཉིས་ཀ་མིན་པའི་མུ་ནི་ཀ་སོགས་ཡི་གེ་རེ་རེ་བ་རྣམས་སོ།།

 

༣༩༽ དྲི་བ། སླར་བསྡུའི་དོན་གཅིག་མིང་གི་རྣམ་གྲངས་གསུམ་པོ་གཞུང་གང་ནས་ཚུལ་ཇི་ལྟར་གསུངས་མིན་དང༌། དེ་དག་གི་གོ་དོན་གང༌།

ལན། སུམ་ཅུ་པ་ནས་སླར་བསྡུ་སྟེ། སྐབས་སུ་བབ་པའི་བརྗོད་དོན་དེ་ཉིད་རེ་ཞིག་སླར་བསྡུ་བར་སོང་བས་སླར་བསྡུ་དང༌། དཀའ་གསལ་དང་དག་ཡིག་ནས་རྫོགས་ཚིག་སྟེ། སྐབས་དོན་གྱི་བརྗོད་བྱ་གང་ཡིན་པ་དེ་ཉིད་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་ཅེས་དང༌། སྨྲ་སྒོ་ནས་ཟླ་སྡུད་དེ། སྐབས་སུ་བབས་པའི་མིང་ཚིག་གང་ཡིན་གྱི་ཚིག་གི་ཟླ་གྲོགས་བསྡུ་བར་སོང་བས་ཟླ་སྡུད་ཅེས་སོ།།

 

༤༠༽ དྲི་བ། སླར་བསྡུ་དང་རྣམ་དབྱེ་དང་པོ་གཉིས་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་དང༌། དེ་གཉིས་དང་པོར་འཆད་པའི་དགོས་པ་ཅི།

ལན། རྩ་བ་ལས། མིང་གང༌། །ཞེས་པས་རྣམ་དབྱེ་དང་པོ་དངོས་སུ་བསྟན་ནས་ཤུགས་ལ་སླར་བསྡུ་བསྟན་པར་འདོད་པ་དང༌། སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་པས་སླར་བསྡུ་དངོས་སུ་བསྟན་ནས་རྣམ་དབྱེ་དང་པོ་ཤུགས་སུ་བསྟན་པར་འདོད་པ་གཉིས་སོ། །རྣམ་དབྱེ་དང་པོར་ཐོག་མར་འཆད་པའི་དགོས་པ་ནི་ཕྲད་དང་རྣམ་དབྱེ་མཐའ་དག་རྣམ་དབྱེ་དང་པོའི་རྗེས་སུ་སྦྱར་དགོས་པའི་རྐྱེན་གྱིས་དང་པོར་བཤད་དོ།།

 

༤༡༽ དྲི་བ། ལ་དོན་ཞེས་མིང་བཏགས་ཚུལ་དང༌། སུམ་ཅུ་པའི་རྩ་བ་ལྟར་ལ་དོན་གྱི་ཕྲད་འཇུག་ཡུལ་ཇི་ཡོད་དང༌། དེ་དག་གང་ཡིན་ནམ།

ལན། སུ་ལ་སོགས་པ་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང༌། མཇུག་མཐའི་ཡི་གེའི་དབང་གིས་ལ་དོན་ཞེས་མིང་བཏགས་པ་དང༌། ལ་དོན་གྱི་དོན་གྱི་འཇུག་ཡུལ་ལ་ལྔ་སྟེ། རྩ་བ་ལས། ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་དང༌། ལྗོན་དབང་ལས། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ཅེས་སོ།།

 

༤༢༽ དྲི་བ། ལ་དོན་གྱི་འཇུག་ཡུལ་ལྔ་ལ་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་དག་ཡོད་པ་དང༌། དེ་དག་མཐུན་མིན་ཇི་ལྟར་ཡིན་ནམ།

ལན། རྣམ་དབྱེ་གཉིས་བཞི་གཉིས་བྱ་ཡུལ་ལ་བྱ་བ་བྱས་པ་མཚུངས་ཀྱང་བྱ་ཡུལ་ལ་ཕན་ཐོགས་མིན་གྱི་ཁྱད་པར་དང༌། གཉིས་པ་དང་དེ་ཉིད་གཉིས་བྱ་བའི་ཡུལ་ལ་བྱ་བ་བྱས་ཤིང་ཕན་ཐོགས་མེད་པ་མཚུངས་ཀྱང་བྱ་ལས་ངོ་བོ་གཅིག་དང་ཐ་དད་ཀྱི་ཁྱད་པར་དང༌། བདུན་པ་དང་གཉིས་བཞི་གཉིས་བྱ་བ་བྱས་མིན་དང༌། བདུན་པ་དང་ཚེ་སྐབས་གང་ཞིག་གང་ལ་ཡོད་པ་དང་དུས་ཚོད་སྟོན་པའི་ཁྱད་པར་རོ།།

 

༤༣༽ དྲི་བ། ལ་དོན་འཇུག་ཡུལ་ལྔ་སྟེ་རྣམ་དབྱེ་གཉིས་པ་དང༌། བཞི་པ། བདུན་པ། དེ་ཉིད། ཚེ་སྐབས་སོ་སོའི་གོ་དོན་ཇི་ལྟར་ཡིན་ནམ།

ལན། བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ལ་ལས་སུ་བྱ་བ་དང༌། བྱ་བ་བྱས་པའི་དགོས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ལ་དགོས་ཆེད། གང་ཞིག་གང་ལ་གནས་པ་གཙོ་བོར་སྟོན་པའི་ལ་དོན་ཅན་གྱི་རྣམ་དབྱེ་ལ་རྟེན་གནས། བྱ་ལས་ངོ་བོ་གཅིག་ཏུ་སྟོན་པའི་ལ་ཡི་དོན་ཅན་ཞིག་ལ་དེ་ཉིད། དུས་གཙོ་བོར་སྟོན་པའི་ལ་ཡི་དོན་ཅན་ལ་ཚེ་སྐབས་ཞེས་སོ།།

 

༤༤༽ དྲི་བ། དེ་ཉིད་གཉིས་པའི་ནང་ཚན་དང་ཚེ་སྐབས་བདུན་པའི་ནང་ཚན་དུ་བཞག་པའི་དགོས་པ་དང༌། ན་ལ་དེ་ཉིད་ལ་འཇུག་མིན་ཇི་ལྟར་ཡིན།

ལན། དེ་ཉིད་དང་རྣམ་དབྱེ་གཉིས་པ་གཉིས་བྱ་ལས་ཐ་དད་མིན་ལས་བྱ་ཡུལ་ལ་བྱ་བ་བྱས་ཤིང་ཕན་ཐོགས་མེད་པ་མཚུངས་ཤས་ཆེ་བ་དང༌། ཚེ་སྐབས་དང་བདུན་པ་གཉིས་བྱ་བ་ཡོད་མེད་དང་ཕན་ཐོགས་མེད་པ་མཚུངས་ཤས་ཆེ་བས་དེ་དང་དེའི་ནང་ཚན་དུ་བཞག་པ་དང༌། སྨྲ་སྒོ་དང༌། དཀའ་གསལ་མེ་ལོང་ལས། ན་ལ་དེ་ཉིད་ལ་མི་འཇུག་པར་གསུངས་པ་ནི་གཙོ་ཆེ་བར་དགོངས་པ་ཡིན་ནོ།།

 

༤༥༽ དྲི་བ། ལ་དོན་གྱི་དངོས་ཤུགས་སུ་བསྟན་པའི་ཕྲད་དང༌། ལ་དོན་རྣམ་དབྱེ་ལ་ཁྱད་ཆོས་ཇི་ཡོད། དེ་དག་ལས་རྣམ་དབྱེ་དངོས་གང་ཡིན།

ལན། རྣམ་དབྱེ་གཉིས་བཞི་གཉིས་ལ་བྱ་ཡུལ་དང༌། བྱ་བ། ཕྲད་བཅས་གསུམ་དང༌། རྣམ་དབྱེ་བདུན་པ་ལ་རྟེན་དང༌།  རྟེན་པ། ཕྲད་བཅས་ཁྱད་ཆོས་གསུམ་ལྡན་དང་དེ་དག་ལས་རྣམ་དབྱེ་དངོས་ནི་ཕྲད་དེར་ངོས་འཛིན་དགོས་ལ། ལ་དོན་གྱི་ཕྲད་སུ་ར་རུ་དུ་ན་ལ་བཅས་དྲུག་པོ་རྗེས་འཇུག་ལས་བྱུང་བས་དངོས་བསྟན་དང༌། ཏུ་ཡིག་མིང་གཞི་རྐྱང་པའི་ཕྲད་ཡིན་པས་ཤུགས་སུ་བསྟན་པ་ཡིན་ནོ།།

 

༤༦༽ དྲི་བ། བྱེད་འབྲེལ་གཉིས་ཀྱི་གོ་དོན་དང༌། ཨི་ལྡན་གྱི་རྣམ་དབྱེ་འདི་གཉིས་སུམ་ཅུ་པའི་དཀའ་གནད་ཡིན་པའི་རྒྱུ་མཚན་གང༌།

ལན། བྱ་བ་བྱེད་པ་པོ་གཙོ་བོར་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ལ་གསུམ་པ་བྱེད་སྒྲ་དང༌། ཆོས་སྔ་ཕྱི་གཉིས་ཀྱི་འབྲེལ་བ་གཙོ་བོར་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ལ་འབྲེལ་སྒྲ་ཞེས་བྱ་ལ། བྱེད་འབྲེལ་གྱི་ས་མཚམས་འབྱེད་དཀའ་བ་དང༌། འབྲེལ་སྒྲ་ལ་མཐའ་ཡས་པ་དང༌། བྱེད་འབྲེལ་གྱི་སྒྲ་སྦྱོར་དངོས་སུ་བསྟན་ཅིང༌། རྒྱས་བསྡུས་གཉིས་ཀྱིས་སྒོ་ནས་བཤད་པ་སོགས་ལས་དཀའ་གནད་དུ་བཞེད་དོ།།

 

༤༧༽ དྲི་བ། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང༌། དྲུག་པ་འབྲེལ་སྒྲ་གཉིས་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། དེ་དག་གང་དང་གང་ཡིན་ནམ།

ལན། རྣམ་དབྱེ་དྲུག་པ་ལ་རིགས་སམ་རིས་བསྡུ་བའི་དབང་དུ་བྱས་ནས་དབྱེ་ན། ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ་དང༌། རྒྱུ་དང་འབྲས་བུའི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། ནོར་དང་བདག་པོའི་འབྲེལ་བ། ཚིག་སྔ་ཕྱིའི་འབྲེལ་བ་དང་དྲུག་གོ །རྣམ་དབྱེ་གསུམ་པར་དབྱེ་ན་བྱ་བ་ཉེ་བར་བྱས་པ་དང༌། བྱ་བ་འགྱངས་བར་བྱས་པ་གཉིས་སོ།།

 

༤༨༽ དྲི་བ། ཨི་ལྡན་གྱི་ཕྲད་རྣམས་བྱེད་འབྲེལ་མིན་པའི་དོན་གཞན་ལ་འཇུག་མིན་དང༌། ཨི་ལྡན་ཞེས་པའི་མིང་བཏགས་ཚུལ་ཇི་ལྟར་ཡིན་ནམ།

ལན། ཨི་ལྡན་གྱི་ཕྲད་རྣམས་བྱེད་འབྲེལ་ལས་གཞན་པའི་དོན་གཞན་ཕྱི་ཚིག་འགལ་བའམ་མི་མཐུན་པའི་ཚིག་རྒྱན་དང༌། རྒྱུ་མཚན། སྐུལ་ཚིག་བཅས་ལ་འཇུག་པ་དང༌། ཨི་ལྡན་ཞེས་པའི་མིང་ནི་རྩ་བ་ལས། ཨི་དང་མཐུན་ལུགས། ཞེས་དང༌། དེ་དག་ཨི་སྦྱར། ཞེས་པ་ལྟར་བྱེད་འབྲེལ་གྱི་ཕྲད་དེ་དག་ལ་དབྱངས་ཨི་སྦྱར་བའམ་དབྱངས་ཨི་དང་ལྡན་པས་ཨི་ལྡན་ཞེས་མིང་བཏགས་པ་ཡིན་ནོ།།

 

༤༩༽ དྲི་བ། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང༌། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་གཉིས་ཀྱི་ཕྲད་དང༌། དོན་གཉིས་ལ་ཁྱད་པར་གང་དག་ཡོད་དམ།

ལན། རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་དྲུག་པ་འབྲེལ་སྒྲ་གཉིས་ཀྱི་ཕྲད་ལ༑ རྩ་བ་ལས། དེ་ཉིད་ལ་ནི་བཅུ་པ་སྦྱར། །ཞེས་པ་ལྟར་ས་མཐའ་ཡོད་མེད་ཀྱི་ཁྱད་པར་ལས་ས་མཐའ་མེད་ན་འབྲེལ་སྒྲ་དང་ས་མཐའ་ཡོད་ན་བྱེད་སྒྲ་ཡིན་ལ། དོན་གྱི་ཁྱད་པར་ནི་བྱ་བ་བྱེད་པ་པོ་གཙོ་བོར་སྟོན་པ་ལ་གསུམ་པ་བྱེད་སྒྲ་དང༌། བྱ་བ་གཏན་ནས་མི་བྱེད་པར་སྔ་ཕྱི་འབྲེལ་བ་ཙམ་སྟོན་པ་ལ་དྲུག་པ་འབྲེལ་སྒྲ་ཞེས་བྱའོ།།

 

༥༠༽ དྲི་བ། རྒྱན་སྡུད་གཉིས་པོ་སོ་སོའི་གོ་དོན་དང༌། ཚིག་རྒྱན་ལ་རང་ལུགས་དང༌། ཁ་ཅིག་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། ཚིག་སྔ་ཕྱི་མཐུན་པ་དང་མི་མཐུན་པར་སྟོན་པའི་དོན་ཅན་ལ་ཚིག་རྒྱན་དང༌། གཞིའམ་དོན་གཞན་ཞིག་དངོས་སུ་མ་སྨོས་པར་སྡུད་ནས་སྟོན་པའི་དོན་ཅན་ལ་སྡུད་པ་ཞེས་བྱའོ། །པྲ་ཏིས། ཚིག་མཐུན་མིན་ཇི་ལྟར་ཡང་དོན་མཐུན་པ་གཙོ་བོ་མཛད་དགོས་པར་འདོད་ཅིང༌། རང་ལུགས་སི་ཏུ་པཎ་ཆེན་གྱིས། དོན་མཐུན་མིན་ཇི་ལྟར་ཡང་ཚིག་མཐུན་པ་གཙོ་བོར་བྱེད་དགོས་པར་བཞེད་དོ།།

 

༥༡༽ དྲི་བ། མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་གྱི་མཚན་ཉིད་དང༌། ཚིག་རྒྱན་གྱི་དབྱེ་བ། དཔེར་བརྗོད་བཅས་ཇི་ལྟར་ཡིན།

ལན། ཚིག་རྒྱན་ལ་དབྱེ་ན་གཉིས་ཏེ། མཛེས་ཀྱང་མཛེས་ལྟ་བུ་མཐུན་པའི་ཚིག་རྒྱན་དང༌། བཏུད་ཀྱང་ཁྲོ་ལྟ་བུ་མི་མཐུན་པའི་ཚིག་རྒྱན་གཉིས་སོ༑ ༑མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་ལ་མཐུན་པའི་ཚིག་རྒྱན་དང༌། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་ལ་མི་མཐུན་པའི་ཚིག་རྒྱན་ཞེས་བྱ་བའོ།།

 

༥༢༽ དྲི་བ། སྡུད་པར་ནང་གསེས་དབྱེ་བ་ཇི་ཡོད་དང༌། སྡུད་པར་བསྡུ་གཞི་དངོས་སུ་སྨོས་པ་དང་བསྡུ་གཞི་དངོས་སུ་མ་སྨོས་པའི་ཁྱད་པར་ཅི།

ལན། སྡུད་པར་དབྱེ་བ་བཞི་སྟེ། གོང་མས་འོག་མ་སྡུད་པ་དང༌། འོག་མས་གོང་མ་སྡུད་པ། གཞན་སྡུད་པ། གཞི་མཐུན་སྡུད་པ་དང་བཞིའོ།།

བསྡུ་གཞི་དངོས་སུ་སྨོས་མིན་གཉིས་ཀྱི་ཁྱད་པར་ནི། བོད་ཡིག་ཀྱང་ཤེས་ལྟ་བུ་བསྡུ་གཞི་དངོས་སུ་མ་སྨོས་པ་དང༌། ལེགས་སྦྱར་མ་ཟད་བོད་ཡིག་ཀྱང་ཤེས་ལྟ་བུ་བསྡུ་གཞི་ལེགས་སྦྱར་ཤེས་པ་དངོས་སུ་སྨོས་པས་བསྡུ་གཞི་དངོས་སུ་སྨོས་པའོ།།

 

༥༣༽ དྲི་བ། ལྷག་བཅས་ཀྱི་ཕྲད་དངོས་དང་ཤུགས་སུ་བསྟན་ཚུལ་དང་ལྷག་བཅས་ཀྱི་མཚན་ཉིད། ལྷག་བཅས་ཀྱི་ལྡོག་ཕྱོགས་གང་ཡིན་ནམ།

ལན། སྟེ་དེ་ཏེ་གསུམ་གྱིས་བསྟན་བྱའི་དོན་ལྷག་མ་འདྲེན་པ་ལ་ལྷག་བཅས་དང༌། ལྷག་བཅས་ཀྱི་ཕྲད་ལས་ས་སྟེ་དངོས་སུ་བསྟན་ནས་དེ་ཡི་ཤུགས་བསྟན་ཏེ་རྐྱང་དང་འོག་ནས་བྱུང་བའི་དེ་དང་གསུམ་མོ། །ལྷག་བཅས་ཀྱི་ལྡོག་ཕྱོགས་སླར་བསྡུ་ཡིན་ཏེ། དཀའ་གསལ་ལས། དེ་བཞིན་བསྟན་བྱ་ལྷག་ཡོད་ན། །ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི། །རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར། །ཞེས་སོ།།

 

༥༤༽ དྲི་བ། ལྷག་བཅས་ཀྱི་དབྱེ་བ་རྒྱས་བསྡུས་གཉིས་ལ་ནང་གསེས་ཀྱི་དབྱེ་བ་ཇི་ཡོད་དང༌། དབྱེ་བ་དེ་དག་གང་དང་གང་ཡིན་ནམ།

ལན། སྨྲ་སྒོ་ལས། མཚམས་སྦྱོར་བ་དང་དམ་བཅའ་དང༌། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་བསྡུས་པར་དབྱེ་ན་གསུམ། རྒྱས་པར་དབྱེ་ན། མཚམས་སྦྱོར་ལ་བྱེད་པས་བྱ་བ་འདྲེན་པ་དང༌། བྱ་བས་བྱ་བ་འདྲེན་པ། བྱ་བ་གཉིས་ཅིག་ཅར་དུ་འདྲེན་པ། དམ་བཅའ་ལ་དབྱེ་བ་འདྲེན་པ་དང༌། རྒྱས་བཤད་འདྲེན་པ། གཏན་ཚིགས་འདྲེན་པ། ངེས་ཚིག་འདྲེན་པ། གཞན་འདྲེན་དང་བརྒྱད་དོ།།

 

༥༥༽ དྲི་བ། ལྷག་བཅས་ལས་མཚམས་སྦྱོར་ལྷག་བཅས་དང༌། དམ་བཅའ་ལྷག་བཅས། གཞན་འདྲེན་གསུམ་གྱི་མཚན་ཉིད་ཇི་ལྟར་ཡིན་ནམ།

ལན། ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་ནས་དང་ཚིག་ཕྲད་ཞིང་སོགས་དང་འཇུག་པ་མཐུན་པར་མཚམས་སྦྱོར་ལྷག་བཅས་དང༌། ཚིག་སྔ་མར་དམ་བཅས་པ་དེའི་གསལ་བྱེད་དམ་སྒྲུབ་བྱེད་དུ་ཚིག་ཕྱི་མ་འདྲེན་པ་ཞིག་ལ་དམ་བཅའ་ལྷག་བཅས་དང༌། མཚམས་སྦྱོར་དང་དམ་བཅའ་གཉིས་མ་ཡིན་པར་དོན་ཞིག་གི་རྗེས་སུ་དོན་གཞན་ཞིག་འདྲེན་པར་གཞན་འདྲེན་ལྷག་བཅས་ཞེས་བྱ་བ་ཡིན་ནོ།།

 

༥༦༽ དྲི་བ། འབྱེད་པ་དང༌། སྡུད་པའི་དོན་གང་ཡིན་དང༌། དེ་གཉིས་ལ་དོན་གྱི་འཇུག་ཡུལ་ཇི་ཡོད། དེ་དག་གང་དང་གང་ཡིན་ནམ།

ལན། དབྱེ་གཞི་སྔོན་དུ་བྱས་ནས་དེ་ལས་དབྱེ་བའི་ཆོས་དུ་མ་སོ་སོར་འབྱེད་པ་ལ་འབྱེད་པ་དང༌། ཕྱེ་ཟིན་པའི་དབྱེ་བ་རྣམས་དབྱེ་གཞི་གཅིག་གི་ནང་དུ་སྡུད་པ་ལ་སྡུད་པ་ཞེས་བྱ་ཞིང༌། གམ་སོགས་ཀྱི་ཕྲད་ཀྱིས་དོན་གྱི་འཇུག་ཡུལ་ལ་དྲུག་སྟེ། འབྱེད་པ་ལ་འཇུག་པ་དང༌། སྡུད་པ་ལ་འཇུག་པ༑ དེ་མིན་དོན་གཞན་དྲི་བ་ལ་འཇུག་པ་དང༌། ཐེ་ཚོམ་ལ་འཇུག་པ། གདམ་ག་ལ་འཇུག་པ་བཅས་སོ།།

 

༥༧༽ དྲི་བ། གམ་སོགས་དངོས་ཤུགས་སུ་བསྟན་པའི་ཕྲད་ངོས་འཛིན་དང་སྒྲ་སྦྱོར་སྐབས་གང་དང་མཚུངས་ཤིང་མཚུངས་ཚུལ་ཇི་ལྟར་ཡིན།

ལན། གམ་སོགས་རྗེས་འཇུག་བཅུ་ལས་བྱུང་བའི་ཕྲད་རྣམས་དངོས་བསྟན་དང༌། དྲག་མཐར་ཐོབ་པ་མིང་གཞི་རྐྱང་པའི་ཕྲད་ཏོ་ཡིག་ཤུགས་བསྟན་ཡིན་ལ། སྒྲ་སྦྱོར་སླར་བསྡུའི་སྐབས་དང་མཚུངས་ཏེ་ལྗོན་དབང་ལས། སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ཞེས་པ་ལྟར། དྲག་ཡོད་ཏམ་དང་མཐའ་མེད་འམ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །ཞེས་ཁ་བསྒྱུར་ན་འགྲིགས་པའོ།།

 

༥༨༽ དྲི་བ། འབྱུང་ཁུངས་ཀྱི་མཚན་ཉིད་དང༌། འབྱུང་ཁུངས་ལ་དབྱེ་ན་ཇི་ཡོད་དང༌། དེ་དག་ནང་ཕན་ཚུན་མི་འདྲ་བའི་ཁྱད་པར་གང་ཡོད་དམ།

ལན། གང་ཞིག་གང་ལས་བྱུང་བའི་ཁུངས་གཙོ་བོར་སྟོན་པའི་ནས་ལས་ཀྱི་རྣམ་དབྱེ་ཞིག་ལ་འབྱུང་ཁུངས་དང༌། འབྱུང་ཁུངས་དངོས་དང༌། འབྱུང་ཁུངས་ཆ་འདྲ། འབྱུང་ཁུངས་རྗེས་མཐུན་གསུམ་མོ། །བ་ལས་འོ་མ་ལྟ་བུ་འབྱུང་གཞི་འབྱུང་ཆོས་ཐ་དད་དུ་བཞག་རྒྱུ་ཡོད་པས་དངོས་དང༌། འོ་མ་ལས་ཞོ་ལྟ་བུ་ཞོའི་དུས་སུ་འོ་མ་ཞོའི་ངོ་བོར་སོང་ནས་ཐ་དད་དུ་བཞག་རྒྱུ་མེད་པས་ཆ་འདྲ་དང༌། ས་ལས་རྩྭ་མི་སྐྱེས་ལྟ་བུ་རྗེས་མཐུན་པའོ།།

 

༥༩༽ དྲི་བ། ནས་ལས་ཀྱི་དགར་བའི་མཚན་ཉིད་དང༌། ནས་ལས་ཀྱི་དགར་བར་དབྱེ་བ་ཇི་ཡོད། དེ་དག་གི་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། དགར་གཞི་ལས་ལོགས་སུ་འགར་ཆོས་ཤིག་གི་ཐོག་ནས་དགར་བ་ནི་དགར་བའི་དོན་དང༌། དེ་ལ་དབྱེ་ན་རིགས་མཐུན་དགར་བ་དང༌། རིགས་མི་མཐུན་དགར་བ་གཉིས་སོ། །དེ་མིན་པྲ་ཏིས། དགར་བར་རིགས་བྱ་བ་ཡོན་རྫས་བཅས་བཞིར་འདོད་ཀྱང༌། སི་ཏུས་དེ་དག་ལས་རྫས་རྐྱང་པ་དགར་བ་མི་རྙེད་པས་རིགས་བྱ་བ་ཡོན་ཏན་གསུམ་དགར་བ་ལས་རྫས་དགར་བ་མི་བཞེད་དོ།།

 

༦༠༽ དྲི་བ། སྡུད་པའི་དོན་དང༌། སྡུད་པར་ནང་གསེས་དབྱེ་ན་ཇི་ཡོད་དང༌། དགར་བ་དང་སྡུད་པའི་ཕྲད་ལ་ཁྱད་པར་གང་ཞིག་ཡོད་དམ།

ལན། ནས་ལས་ཀྱི་སྒྲ་རྣམས་ཡུལ་དུས་དངོས་གྲངས་སོགས་མཚམས་འཛིན་ཅིང་སྡུད་པའི་དོན་དུ་འཇུག་པ་ལ་སྡུད་པ་དང༌། སྡུད་པ་ལ་དབྱེ་ན་ཡུལ་སྡུད་པ་དང༌། དུས་སྡུད་པ། དངོས་པོ་སྡུད་པ། གྲངས་སྡུད་པ་དང་བཞིའོ། །དགར་སྡུད་ཀྱི་ཕྲད་ནི་ལྗོན་དབང་ལས། རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཅེས་གསུངས་པ་ལྟར་སྦྱར་དགོས་པ་ཡིན་ནོ།།

 

༦༡༽ དྲི་བ། ནས་ལས་གཉིས་འབྱུང་ཁུངས་དང༌། དགར་སྡུད་མིན་པའི་དོན་གཞན་གང་ལ་འཇུག་མིན། ནས་ལས་གཉིས་ཕྲད་རང་གཞན་ཅི།

ལན། ནས་ལས་གཉིས་འབྱུང་ཁུངས་དང་དགར་སྡུད་མིན་པའི་དོན་གཞན་མཚམས་སྦྱོར་ལྷག་བཅས་དང༌། རྒྱུ་མཚན་སྟོན་པ་ལ་འཇུག་པ་ཡོད་ཅིང༌། ནས་ལས་གཉིས་གོང་གི་རྗེས་འཇུག་ལ་ལྟོས་མི་དགོས་པས་ཕྲད་རང་དབང་ཅན་ཡིན་ཡང་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པའི་ས་བཅད་ཀྱི་ཁོངས་སུ་བཞག་པ་ནི་རྣམ་དབྱེ་ཡིན་པའི་རྒྱུ་མཚན་ལས་གཞན་དབང་ཅན་ཡིན་པའི་རྒྱུ་མཚན་མ་ཡིན་ནོ།།

 

༦༢༽ དྲི་བ། འབོད་སྒྲའི་གོ་དོན་དང༌། དངོས་ཤུགས་སུ་བསྟན་པའི་ཕྲད་ཇི་ཡོད། དེ་དག་ཡུལ་མཆོག་དམན་ལ་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། མིང་གི་ཐོག་མཐའ་བར་གསུམ་དུ་སྦྱར་ནས་གཞན་ཕ་རོལ་པོ་འབོད་པ་ལ་འབོད་སྒྲ་དང༌། རྩ་བ་ལས། ཀྱེ་སྦྱར་བ་ནི་བོད་པ་ཡིན།།

ཞེས་པ་ལྟར་ཀྱེ་སྒྲ་དངོས་བསྟན་དང་ཀཱ་ཡེ་དང་ཝ་ཡེ་གཉིས་ཤུགས་སུ་བསྟན་ཅིང༌། དེ་དག་ལས་ཀྱེ་རྒྱལ་པོ་ལྟ་བུ་ཡུལ་མཆོག་ལ་ཀྱེ་སྒྲ་དང༌། ཀཱ་ཡེ་གྲོགས་པོ་ལྟ་བུ་ཡུལ་རང་མཉམ་ལ་ཀཱ་ཡེ་དང༌། ཝ་ཡེ་མ་བྱན་ལྟ་བུ་ཡུལ་དམན་པ་ལ་ཝ་ཡེ་ཞེས་སྦྱར་དགོས་སོ།།

 

༦༣༽ དྲི་བ། འབོད་སྒྲ་རྣམ་དབྱེར་མི་འདོད་མཁན་མཁས་པ་སུ་ཡིན་དང༌། དེས་འབོད་སྒྲ་རྣམ་དབྱེར་མ་འདོད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། སི་ཏུ་པཎ་ཆེན་གྱིས། འགྲེལ་བྱེད་ཕལ་ཆེར་གྱིས། ཀྱེ། ཞེས་པ་བོད་པའི་རྣམ་དབྱེར་འདོད་ཀྱང་མི་འཐད་དེ། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་མེད་པའི་ཕྱིར་དང༌། དོན་གྱི་ཁྱད་པར་སྟོན་ན་རྣམ་དབྱེ་དྲུག་པོ་གང་རུང་དང་དོན་གྱི་ངོ་བོ་ཙམ་སྟོན་ན་རྣམ་དབྱེ་དང་པོར་བསྡུ་བས་ལོགས་སུ་དབྱེར་མེད་པས་དེས་ན་ཀྱེ་ཞེས་པ་རྣམ་དབྱེ་མ་ཡིན་ཞིང་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ཞེས་གསུངས་པ་ལྟར་རོ།།

 

༦༤༽ དྲི་བ། གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་པར་ཁྱབ་པ་ཡོད་མེད་ཀྱི་ལུང་རིགས་ཇི་ལྟར་ཡིན་ནམ།

ལན། རྩ་བ་ལས། གང་མིང་བརྗོད་པའི་དང་པོ་རུ། །ཞེས་པ་ནི་གཙོ་ཆེ་བ་ལས་ཁྱབ་པ་མིན་ཏེ། ལྗོན་དབང་ལས། ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ཞེས་ཕལ་ཆེར་གྱི་སྒྲ་སྨོས་པས་མིང་གི་བར་མཐར་སྦྱར་བ་ཡོད་པ་བསྟན་ཏེ། ངག་གི་དངོས་གྲུབ་སྩོལ་ཅིག་འཇམ་དབྱངས་ཀྱེ། །ཞེས་མིང་མཐར་སྦྱར་བ་དང༌། ངག་གི་དངོས་གྲུབ་སྩོལ་ཀྱེ་འཇམ་དཔལ་དབྱངས། །ལྟ་བུ་མིང་གི་བར་དུ་སྦྱར་བའོ།།

 

༦༥༽ དྲི་བ། རྣམ་དབྱེ་བརྒྱད་ལ་ཚིག་ཕྲད་ཡོད་མེད་ཀྱི་ཁྱད་པར་གང་ཡོད་དང༌། རྣམ་དབྱེའི་རྣམ་གཞག་གསུངས་པར་གོ་དོན་གང་ཡོད་དམ།

ལན། རྣམ་དབྱེ་བརྒྱད་ལས་ལ་དོན་དང༌། ཨི་ལྡན། འབྱུང་ཁུངས་གསུམ་ནི་ཕྲད་ལྡན་གྱི་རྣམ་དབྱེ་དང༌། རྣམ་དབྱེ་དང་པོ་མིང་ཙམ་ལས་ཕྲད་མེད་པའི་རྣམ་དབྱེ་ཡིན་ལ། རྣམ་དབྱེའི་རྣམ་གཞག་གསུངས་པས་བྱ་བ་དང་བྱ་ཡུལ། བྱ་བ་དང་བྱེད་པོ། བྱ་བ་དང་དགོས་པ། འབྱུང་གཞི་དང་འབྱུང་ཆོས། རྒྱུ་དང་འབྲས་བུ། རྟེན་དང་བརྟེན་པ་སོགས་ཕན་ཚུན་མ་འདྲེས་པ་སོ་སོར་སྟོན་པའི་དགོས་པའོ།།

 

༦༦༽ དྲི་བ། རྣམ་དབྱེ་དང་པོའི་མིང་དང༌། མིང་ཚིག་བརྗོད་པ་གསུམ་གྱི་མིང་གཉིས་ཀྱི་གོ་དོན་དང༌། དེ་དག་ལ་མི་འདྲ་བའི་ཁྱད་པར་གང༌།

ལན། ཆོས་གང་རུང་བ་ཞིག་གི་རང་གི་ངོ་བོ་ཙམ་སྟོན་པའི་མིང་ཞིག་ལ་རྣམ་དབྱེ་དང་པོ་དང༌། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་པ་ལ་མིང་ཚིག་བརྗོད་པ་གསུམ་གྱི་མིང་དང༌། མིང་ཚིག་བརྗོད་པ་གསུམ་གྱི་མིང་ཡིན་ན་རྣམ་དབྱེ་དང་པོའི་མིང་ཡིན་པས་ཁྱབ་སྟེ་ལྷ་ཀླུ་ལྟ་བུ་དང༌། རྣམ་དབྱེ་དང་པོའི་མིང་ཡིན་ན་མིང་ཚིག་བརྗོད་པ་གསུམ་གྱི་མིང་ཡིན་པས་མ་ཁྱབ་སྟེ། དཔེར་ན་ལམ་རིམ་ཆེན་མོ་ལྟ་བུའོ།།

 

༦༧༽ དྲི་བ། བོད་ལུགས་རྣམ་དབྱེ་བརྒྱད་པོ་རྣམས་གཞི་སེམས་ལྡན་དང༌། སེམས་མེད་གཉིས་ཀྱི་ཐོག་ནས་དཔེར་བརྗོད་རེ་བཞག་ན་ཇི་ལྟར་ཡིན།

ལན། གཞི་སེམས་ལྡན་གྱི་དཔེར་བརྗོད་ནི། སློབ་མ། སློབ་མར་ཞུས། སློབ་མས་ངུས། སློབ་མར་རྔན་པ་སྟེར། སློབ་མ་ལས་དགོད་སྒྲ། སློབ་མའི་ཡོན་ཏན། སློབ་མར་དེབ། ཀཱ་ཡེ་སློབ་མ་ལྟ་བུ་དང༌། གཞི་སེམས་མེད་ཀྱི་དཔེར་བརྗོད་ནི། ཤིང༌། ཤིང་ལ་སྟ་རེ་བསྣུན། ཤིང་གིས་ཉི་མ་བསྒྲིབས། ཤིང་ལ་ཆུ་འདྲེན། ཤིང་ལས་འབྲས་བུ། ཤིང་གི་ཡལ་ག ཤིང་རྩེར་བྱ། ཀྱེ་ཤིང་བདག་ལྟ་བུའོ།།

 

༦༨༽ དྲི་བ། ནི་སྒྲའི་གོ་དོན་དང༌། ནི་སྒྲའི་དོན་གྱི་འཇུག་ཡུལ་ཇི་ཡོད་གྲངས་འདྲེན། ནི་སྒྲའི་དམིགས་བསལ་གྱི་འཇུག་པ་གང་དག་ཡོད་དམ།

ལན། ནི་སྒྲ་རང་ཉིད་ཕྲད་དུ་སྦྱར་ཚེ་དགར་བ་དང་བརྣན་པའི་དོན་སྟོན་པ་ནི་ནི་སྒྲའི་དོན་དང༌། ནི་སྒྲའི་དོན་གྱི་འཇུག་ཡུལ་ནི། རྩ་བ་ལས། དགར་དང་བརྣན་པའི་ཚིག་ཏུ་གྱུར། །ཞེས་དང༌། ལྗོན་དབང་ལས། ནི་ནི་དགར་དང་བརྣན་པའི་སྒྲ། །ཞེས་པ་ལྟར་དགར་བརྣན་གཉིས་ལ་འཇུག་ཅིང༌། ནི་སྒྲའི་དམིགས་བསལ་གྱི་འཇུག་པ་ནི་ངེས་བཟུང་དང༌། ཚིགས་བཅད་ཁ་སྐོང་ལ་འཇུག་གོ།

 

༦༩༽ དྲི་བ། ནི་སྒྲས་དགར་བའི་གོ་དོན་དང༌། ནི་སྒྲས་དགར་བར་དབྱེ་བ་ཇི་ཡོད། དེ་དག་ལ་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དགར་གཞི་ལས་དགར་ཆོས་ཐ་དད་དུ་དམིགས་སུ་བསལ་ནས་དགར་བ་ནི་དགར་བའི་དོན་དང༌། ནི་སྒྲས་དགར་བར་དབྱེ་ན་མཆོག་དམན་ཐ་དད་དུ་དགར་བ་གསུམ་སྟེ། ཕན་སེམས་ནི་བྱ་བ་རྣམས་ཀྱི་མཆོག་ལྟ་བུ་མཆོག་ཏུ་དགར་བ་དང༌། སྣང་ཚུལ་ནི་གནས་ཚུལ་དང་མི་མཚུངས་ལྟ་བུ་ཐ་དད་དུ་དགར་བ་དང༌། གནོད་སེམས་ནི་བྱ་བའི་ཐ་མ་ཡིན་ལྟ་བུ་དམན་པར་དགར་བ་དང་གསུམ་མོ།།

 

༧༠༽ དྲི་བ། ནི་སྒྲས་དགར་བ་དང་ནས་ལས་ཀྱིས་དགར་བར་མི་འདྲ་བའི་ཁྱད་པར་གང༌། དེ་དག་གི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། སློབ་ཕྲུག་གི་ནང་ནས་བློ་གྲོས་ནི་རིག་པ་བཀྲ་ཤོས་ཡིན་ལྟ་བུ་ནས་སྒྲས་དགར་བ་དང༌། ནི་སྒྲ་ངེས་བཟུང་ལ་འཇུག་ཅིང༌། བློ་རིག་བཀྲ་ཤོས་ནི་བློ་གྲོས་ཡིན་ལྟ་བུ། དགར་གཞི་དངོས་སུ་མ་སྨོས་པའི་ནི་སྒྲས་དགར་བ་ཡིན་ཏེ་དགར་ཆོས་སམ་ཁྱད་ཆོས་ཀྱི་རྗེས་སུ་ནི་སྒྲ་སྦྱར་བའི་ཕྱིར་རོ༑ ༑ནས་སྒྲས་དགར་བ་དང་ནི་སྒྲས་དགར་བ་གཉིས་པོ་ཕན་ཚུན་མ་འདྲེས་པར་དཔེར་བརྗོད་སོ་སོར་བྱུང་ན་ཤིན་ཏུ་ལེགས་པའོ།།

 

༧༡༽ དྲི་བ། སུམ་ཅུ་པའི་རྩ་བ་ལྟར་དང་སྒྲའི་དོན་གྱི་འཇུག་ཡུལ་ཇི་ཡོད་དང༌། དང་སྒྲས་འབྱེད་པ་དང་གམ་སོགས་ཀྱི་འབྱེད་པར་ཁྱད་པར་ཅི།

ལན། རྩ་བ་ལས། དེ་ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པ་ལྟར་དང་སྒྲའི་དོན་གྱི་འཇུག་ཡུལ་ལ་སྡུད་པ་དང༌། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་དང་ལྔའོ། །དང་སྒྲས་འབྱེད་པ་དང་གམ་སོགས་ཀྱིས་འབྱེད་པ་གཉིས་ཕྲད་ཀྱི་ཁྱད་པར་ཡོད་པ་དང་གམ་སོགས་ཀྱི་འབྱེད་པར་གདམ་ག་ཅུང་ཟད་འདྲེས་པ་ལས་གཞན་འབྱེད་སྡུད་ཀྱི་དོན་ཕལ་ཆེར་མཚུངས་སོ།།

 

༧༢༽ དྲི་བ། སུམ་ཅུ་པའི་སྐབས་སྡུད་པའི་དོན་སྟོན་པའི་སྒྲ་ལྔ་ཡོད་པ་དེ་དག་གང་ཡིན་དང༌། དེ་དག་གི་དོན་བསྡུ་ཚུལ་ཇི་ལྟར་ཡིན་ནམ།

ལན། སྡུད་པ་ལྔ་ནི། ཟླ་སྡུད་དང༌། རྒྱན་སྡུད། འབྱེད་སྡུད། དགར་སྡུད། དང་སྒྲས་སྡུད་པ་དང་ལྔ་ལས། ཟླ་སྡུད་ནི་སྐབས་དོན་གྱི་མིང་ཚིག་གང་ཡིན་གྱི་ཟླ་བོ་སྡུད་པ་དང༌། རྒྱན་སྡུད་ཀྱིས་གཞིའམ་དོན་གཞན་ཞིག་སྡུད་པ་དང༌། ནས་སྒྲས་བར་གྱི་ཡུལ་དུས་དངོས་གྲངས་རྣམས་མཚམས་འཛིན་ཅིང་སྡུད་པ་དང༌། དང་སྒྲ་དང་གམ་སོགས་ཀྱིས་ཕྱེ་ཟིན་པ་རྣམས་དབྱེ་གཞི་གཅིག་གི་ནང་དུ་སྡུད་པའོ།།

 

༧༣༽ དྲི་བ། སུམ་ཅུ་པའི་སྐབས་རྒྱུ་མཚན་སྟོན་པ་ལ་འཇུག་པའི་སྒྲ་ལྔ་ཡོད་པ་གང་ཡིན་དང༌། རྒྱུ་མཚན་སྟོན་ཚུལ་གྱི་དཔེར་བརྗོད་ཇི་ལྟར་ཡིན།

ལན། ན་ལ་རྒྱུ་མཚན་ལ་འཇུག་པ་དང༌། བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ༑ ནས་ལས་རྒྱུ་མཚན་ལ་འཇུག་པ། ལྷག་བཅས་རྒྱུ་མཚན་ལ་འཇུག་པ༑ དང་སྒྲ་རྒྱུ་མཚན་ལ་འཇུག་པ་དང་ལྔའོ། །དཔེར་ན། དུ་བ་མཐོང་བ་ན་མེ་ཡོད་པ་ཤེས། དུ་བ་མཐོང་བས་མེ་ཡོད་པ་ཤེས། དུ་བ་མཐོང་བ་ལས་མེ་ཡོད་པ་ཤེས། དུ་བ་མཐོང་སྟེ་མེ་ཡོད་པ་ཤེས། དུ་བ་མཐོང་བ་དང་མེ་ཡོད་པ་ཤེས་ཞེས་པ་ལྟ་བུའོ།།

 

༧༤༽ དྲི་བ། རྩ་བ་ལས། དེ་ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པ་ལྟར་དེ་དག་གི་གོ་དོན་ཇི་ལྟར་ཡིན་ནམ།

ལན། དེ་དག་གི་གོ་དོན་ནི། ཕྱེ་ཟིན་པའི་དབྱེ་བ་རྣམས་དབྱེ་གཞི་གཅིག་གི་ནང་དུ་སྡུད་པ་ལ་སྡུད་པ་དང༌། དབྱེ་གཞི་གཅིག་ལས་དབྱེ་བའི་ཆོས་དུ་མ་སོ་སོར་འབྱེད་པ་ལ་འབྱེད་པ་དང༌། སྒྲུབ་བྱེད་འདི་ལ་བརྟེན་ནས་བསྒྲུབ་བྱ་འདི་བྱུང་ལྟ་བུ་རྒྱུ་མཚན། གཞན་ལ་ཕན་པའི་བསླབ་བྱའམ་བསྐུལ་མ་བྱེད་པ་ལ་གདམས་ངག་དང༌། ཚེ་དང་སྐབས་གཉིས་དང་འདྲ་བར་དུས་ཚོད་གཙོ་བོར་སྟོན་པ་ལ་ཚེ་སྐབས་ཞེས་བྱའོ།།

 

༧༥༽ དྲི་བ། དེ་སྒྲའི་དོན་གྱི་འཇུག་ཡུལ་ལ་རྒྱས་བསྡུས་གཉིས་སུ་དབྱེ་ཚུལ་དང༌། རྒྱས་པ་དེ་དག་སྡུས་པའི་ནང་དུ་བསྡུ་ཚུལ་ཇི་ལྟར་ཡིན།

ལན། བསྡུས་པར་དབྱེ་ན། ཐ་སྙད་དངོས་དང་དུས་འཇུག་གསུམ།།

ཞེས་པ་ལྟར་དང༌། རྒྱས་པར་དབྱེ་ན། ཐ་སྙད་ཀྱི་དབང་དུ་ཐ་སྙད་འདས་མ་ཐག་པ་དང༌། ཐ་སྙད་རྣམ་གྲངས་གཞན། ཐ་སྙད་ལྷག་བཅས་དང༌། དངོས་པོའི་དབང་དུ་བདེན་པའི་དངོས་པོ་དང༌། གསང་བའི་དངོས་པོ། བདག་གི་བའི་དངོས་པོ། གཞན་གྱི་དངོས་པོ་དང་བཞི། དུས་ཀྱི་དབང་དུ་འདས་དང་མ་འོངས་གཉིས་སོ།།

 

༧༦༽ དྲི་བ། འདི་སྒྲ་དང༌། དེ་སྒྲའི་དོན་གྱི་འཇུག་ཡུལ་ལ་ཁྱད་པར་ཇི་ཡོད་དང༌། དེ་སྒྲ་དུས་ད་ལྟར་མི་འཇུག་པའི་རྒྱུ་མཚན་གང་ཡིན་ནམ།

ལན། དངོས་པོའི་དབང་གིས་མངོན་འགྱུར་ལ་འདི་དང་ལྐོག་འགྱུར་ལ་དེ་དང༌། ཉེ་རིང་གི་དབང་གིས་ཉེ་བ་ལ་འདི་དང་རིང་བ་ལ་དེ་དང༌། བདག་གཞན་གྱི་དབང་གིས་བདག་ལ་འདི་དང་གཞན་ལ་དེ། དུས་ཀྱི་དབང་གིས་ད་ལྟ་བར་འདི་དང་འདས་དང་མ་འོངས་གཉིས་ལ་དེ་སྦྱོར་བའོ། །དེ་སྒྲ་དུས་ད་ལྟ་བར་མི་འཇུག་སྟེ། སྨྲ་སྒོ་ལས། བདག་ཉིད་ད་ལྟ་ཉིད་ལ་སྤངས། །ཞེས་གསུངས་པས་སོ།།

 

༧༧༽ དྲི་བ། རྩ་བ་ལས། ཐ་སྙད་དབང་དུ་གསུམ་ཡིན་ཏེ། །ཞེས་པའི་ཐ་སྙད་དབང་གི་གསུམ་གང་དག་ཡིན་དང༌། དེ་དག་གི་མཚན་ཉིད་ཅི།

ལན། ཐ་སྙད་དབང་དུ། ཐ་སྙད་འདས་མ་ཐག་པ་དང༌། ཐ་སྙད་རྣམ་གྲངས་གཞན། ཐ་སྙད་ལྷག་བཅས་དང་གསུམ་མོ། །སྔར་མེད་གསར་དུ་ནན་གྱིས་བཏགས་པ་ནི་ཐ་སྙད་འདས་མ་ཐག་པ་དང༌། དོན་གྱི་རྣམ་པ་གཞན་ཞིག་སྦྱོར་རྒྱུ་ཡོད་པར་སྟོན་པ་ནི་ཐ་སྙད་རྣམ་གྲངས་གཞན། རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་ཀྱང་བརྗོད་བྱའི་ལྷག་མ་འདྲེན་པ་ནི་ཐ་སྙད་ལྷག་བཅས་དང་གསུམ་མོ།།

 

༧༨༽ དྲི་བ། ཐ་སྙད་རྣམ་གྲངས་གཞན་ཅན་གྱི་དོན་དང༌། རང་ལུགས་དང༌། ཁ་ཅིག་གི་ཐ་སྙད་རྣམ་གྲངས་ལ་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། པྲ་ཏིས། དོན་གཅིག་མིང་གི་རྣམ་གྲངས་སྟེ་འདི་ནི་ཚངས་པ་སྟེ༑ གདོང་བཞི་པ་ཡང་དེ་ཡིན། མེས་པོ་ཡང་དེ་ཡིན་ལྟ་བུ་དོན་གཅིག་མིང་གི་རྣམ་གྲངས་ལ་འདོད་པ་དང༌། སི་ཏུས། དེ་སྒྲ་དེའི་ཤུལ་དུ་དོན་གྱི་རྣམ་པ་གཞན་ཞིག་སྦྱོར་རྒྱུ་ཡོད་པ་སྟེ་དཔེར་ན། དེ་ལ་བྲིས་ཤིག་ལྟ་བུ་འདྲི་གཞི་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་ཤོག་བུ་ལྟ་བུ་དོན་གྱི་རྣམ་པ་གཞན་ཞིག་གོ་རྒྱུ་ཡོད་པ་ལྟ་བུར་བཞེད་དོ།།

 

༧༩༽ དྲི་བ། སྨྲ་སྒོ་ལས། ཐ་སྙད་དངོས་དང་དུས་འཇུག་གསུམ།།

ཞེས་གསུངས་པ་ལྟར་དེ་སྒྲའི་འཇུག་ཡུལ་རྣམས་ཁྱབ་ཆེ་ཆུང་ཇི་ལྟར་ཡིན།

ལན། སི་ཏུའི་ཞལ་ལུང་ལས། ཐ་སྙད་ཀྱི་དབང་དུ་བྱས་ནས་དབྱེ་བའི་དབྱེ་ཚུལ་དེས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་པ་དང༌། དངོས་པོའི་དབང་དུ་བྱས་ནས་དབྱེ་བའི་དབྱེ་ཚུལ་དེས་ལྷག་བཅས་ལས་གཞན་པའི་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་ཅིང༌། དུས་ཀྱི་དབང་དུ་བྱས་ནས་དབྱེ་བའི་དབྱེ་ཚུལ་དེས་དུས་ཁོ་ན་བརྗོད་པ་དང་འབྲེལ་བའི་དེ་སྒྲའི་འཇུག་པ་ཙམ་ལ་ཁྱབ་པ་ཡིན་ནོ། །ཞེས་སོ།།

 

༨༠༽ དྲི་བ། བརྡ་སྤྲོད་སུམ་ཅུ་པའི་གཞུང་ལས་ཕྲད་དང་རྣམ་དབྱེ་རྣམས་དངོས་ཤུགས་དང༌། སྔོན་དང་རྗེས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།

ལན། སུམ་ཅུ་པ་ལས་ཕྲད་གང་མང་བ་དང་བྱ་བ་གང་མང་བ་བྱེད་པ་རྣམས་སྔོན་དང་དངོས་སུ་བསྟན་ཅིང༌། ཕྲད་གང་ཉུང་བ་དང་བྱ་བ་ཉུང་བ་བྱེད་པ་རྣམས་རྗེས་དང་ཤུགས་སུ་བསྟན་པ་དང༌། རྗེས་འཇུག་བཅུ་ལས་བྱུང་བའི་ཕྲད་དང་རྣམ་དབྱེ་རྣམས་དངོས་བསྟན་དང༌། རྗེས་འཇུག་བཅུ་ལས་བྱུང་བ་མ་ཡིན་ཞིང་མིང་གཞི་རྐྱང་པའི་ཕྲད་ཏོ་ལ་སོགས་པ་དོན་ལ་འཇུག་པ་ཡོད་པ་རྣམས་ཤུགས་སུ་བསྟན་པའོ།།

 

༨༡༽ དྲི་བ། སྤྱི་སྒྲའི་གོ་དོན་དང༌། སྤྱི་སྒྲ་ཞེས་པའི་མིང་བཏགས་ཚུལ། སྤྱི་སྒྲའི་དངོས་ཤུགས་སུ་བསྟན་པའི་ཕྲད་རྣམས་ཇི་ལྟར་ཡིན་ནམ།

ལན། གོ་དོན་ནི། གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ལ་སྤྱི་སྒྲ་ཞེས་བྱ་ལ། སྤྱི་སྒྲ་ཞེས་པའི་མིང་ནི་དོན་གྱི་ཆ་ནས་བཏགས་ཤིང༌། གང་སྒྲ་ཞེས་པའི་མིང་ནི་དངོས་བསྟན་ཕྲད་ཀྱི་ཆ་ནས་བཏགས་པ་དང༌། སྤྱི་སྒྲའི་ཕྲད་ལས་གང་སྒྲ་རྗེས་འཇུག་བཅུ་ལས་བྱུང་བས་དངོས་བསྟན་དང༌། ཅི་ཇི་སུ་གསུམ་གང་སྒྲ་དང་འཇུག་པ་མཐུན་པས་ན་ཤུགས་སུ་བསྟན་པ་ཡིན་ནོ།།

 

༨༢༽ དྲི་བ། སྤྱི་སྒྲ་ལ་ནང་གསེས་དབྱེ་བ་ཇི་ཡོད་ངོས་འཛིན་དང༌། སུ་སྒྲའི་འཇུག་ཡུལ་ཇི་ཡོད་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། སྤྱི་སྒྲ་ལ་དབྱེ་ན། གང་གིས་སློབ་ལ་བརྩོན་གྱུར་ན། །མཁས་པར་གྱུར་པ་གདོན་མི་ཟ། །ལྟ་བུ་སྤྱི་སྒྲ་སྤྱི་ལ་འཇུག་པ་དང༌། གང་ལ་ཡོན་ཏན་མཆོག་མངའ་བའི། །ལྟ་བུ་སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་གཉིས་སོ།།

སུ་སྒྲའི་འཇུག་ཡུལ་ལ་སྒྲ་ཡངས་དོག་གཉིས་ལས་སྒྲ་ཡངས་པའི་དབང་དུ་གང་ཟག་སྤྱི་དང༌། སྒྲ་དོག་པའི་དབང་དུ་བྱས་ན་སྨྲ་ཤེས་དོན་གོ་བའི་གང་ཟག་མི་ཁོ་ནར་འཇུག་གོ།

 

༨༣༽ དྲི་བ། གང་སོགས་སྤྱི་སྒྲ་མིན་པའི་དོན་གཞན་གང་ལ་འཇུག་མིན་དང༌། སྤྱི་སྒྲའི་ཕྲད་ཡིན་ན་གང་སྒྲ་ཡིན་པས་ཁྱབ་མིན་ཇི་ལྟར་ཡིན་ནམ།

ལན། ཅི་ཇི་སུ་གང་བཞི་པོ་སྤྱི་སྒྲ་སྤྱི་དང༌། སྤྱི་སྒྲ་བྱེ་བྲག་མིན་པའི་དོན་གཞན་དྲི་བ་ལ་འཇུག་པ་དང༌། ཚིག་རྒྱན་དང་ཁ་སྐོང་སྦྲགས་ནས་འཇུག་པ་ཡོད་ཅིང༌། དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་ཉིད་དུ་གྱུར། །ཞེས་པ་ལྟར་སྤྱི་སྒྲའི་ཕྲད་ཡིན་ན་གང་སྒྲ་ཡིན་པས་མ་ཁྱབ་སྟེ་ཅི་ཇི་སུ་གསུམ་སྤྱི་སྒྲའི་ཕྲད་ཡིན་ཀྱང་གང་སྒྲ་མིན་པ་དང་དེ་དག་གང་དང་འཇུག་པ་མཐུན་པས་ཤུགས་སུ་བསྟན་པ་ཡིན་ནོ།།

 

༨༤༽ དྲི་བ། བདག་སྒྲ་དང་མིང་མཐའི་པ་བ་སོགས་ཀྱི་དོན་སོ་སོར་བཞག་ཏེ་བདག་སྒྲ་དང་མིང་མཐའི་པ་བར་ཁྱད་པར་གང་དག་ཡོད་དམ།

ལན། མིང་མཐར་སྔར་ནས་པུ་ལིངྒའི་སྒྲ་མེད་པར་གསར་དུ་པུ་ལིངྒའི་སྒྲ་སྦྱར་ཏེ་བདག་པོའི་དོན་གསལ་བར་བྱེད་པ་ལ་བདག་སྒྲ་ཞེས་དང༌། སྔར་ནས་མིང་གི་ཆ་ཤས་སུ་གྲུབ་པའི་པ་བ་ནི་མིང་མཐའི་པ་བ་སོགས་ཀྱི་དོན་དང༌། མིང་མཐའི་པ་བ་ཡིན་ན་སྔར་ནས་མིང་གི་ཆ་ཤས་སུ་ཡོད་དགོས་ལ༑ བདག་སྒྲ་ཡིན་ན་མིང་མཐར་སྔར་མེད་གསར་དུ་སྦྱར་ནས་བདག་པོའི་དོན་གསལ་བར་བྱེད་དགོས་པ་ཡིན་ནོ།།

 

༨༥༽ དྲི་བ། རྩ་བ་ལས། པུ་ལིངྒ་ཡི་སྒྲ་མེད་པ། །དེ་པུ་ལིངྒ་སྦྱར་ན༑ ༑ཞེས་པར་པུ་ལིངྒར་སི་ཏུ་དང༌། དངུལ་ཆུའི་འདོད་ཚུལ་ཇི་ལྟར་ཡིན།

ལན། པྲ་ཏི་དང་སི་ཏུས། པུ་རུ་ཥ་སྐྱེས་པ་དང༌། ལིངྒ་རྟགས་ཡིན་ལ༑ པུ་རུ་ཥའི་རུ་དང་ཥ་ཕྱིས་ནས་པུ་ལིངྒར་བསྡུས་པས་སྐྱེས་པའི་རྟགས་སམ་ཕོ་རྟགས་སུ་འདོད་པས་ཕྲད་པ་པོ་དང༌། དངུལ་ཆུས། ཨུཏ་ཀྱི་སྡེ་དང༌། ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ་ཞེས་པ་ལས་པུ་ཞེས་པ་སྡེ་དང༌། ལིངྒ་རྟགས་ཏེ། པ་སྡེ་ནས་བྱུང་བའི་ཕྲད་ཕོ་རྟགས་པ་དང༌། མོ་རྟགས་མ་དང༌། མ་ནིང་གི་རྟགས་བ་གསུམ་དུ་འདོད་དོ།།

 

༨༦༽ དྲི་བ། རྩ་བས་བདག་སྒྲའི་ཕྲད་དངོས་ཤུགས་སུ་བསྟན་ཚུལ་དང་སི་དངུལ་གཉིས་ཀྱིས་བདག་སྒྲའི་ཕྲད་གང་དག་ཏུ་འདོད་དམ།

ལན། སི་ཏུས། པུ་ལིངྒ་ཞེས་པ་སྐྱེས་པའི་རྟགས་སུ་གསུངས་ཏེ་དེ་ལ་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ། ཞེས་བདག་སྒྲའི་ཕྲད་ལ་པ་དང་པོ་གཉིས་སུ་འདོད་པ་དང༌། དངུལ་ཆུས་པུ་ལིངྒ་ཞེས་པ་པ་སྡེར་འདོད་པས། པ་སྡེ་ནས་བྱུང་བའི་ཕྲད་དེ། ལྗོན་དབང་ལས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ། །ཞེས་སོགས་ལས་བདག་སྒྲར་ཕྲད་དྲུག་ཏུ་བཞེད་དོ།།

 

༨༧༽ དྲི་བ། ཅན་དང༌། ལྡན། མཁན་སོགས་བདག་སྒྲ་ཡིན་མིན་གྱི་འདོད་ཚུལ་དང༌། དེ་དག་བདག་སྒྲར་མི་བཞེད་པའི་རྒྱུ་མཚན་གང༌།

ལན། སྨྲ་སྒོ་ལས། པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་པ་ལྟར་པྲ་ཏིས། ཅན་སོགས་བདག་སྒྲར་བཞེད་ཅིང༌། རང་ལུགས་སི་དངུལ་གཉིས་ཀྱིས། ཅན་ལྡན་མཁན་སོགས་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་བར་སྣང་ཡང་དེ་དག་ནི་སྐབས་འགར་གང་ཟག་མིན་པའི་སེམས་མེད་བེམ་པོར་འཇུག་པས་བདག་སྒྲ་མིན་པར་བཞེད་དོ།།

 

༨༨༽ དྲི་བ། བདག་སྒྲ་ལ་ཆ་ཡ་དང་ངེས་མེད་སོ་སོར་ཕྲད་གང་ཞིག་སྦྱར་དགོས་མིན་གྱི་ཕྲད་རྣམས་ངོས་འཛིན་ནས་སྦྱར་ཚུལ་ཇི་ལྟར་ཡིན།

ལན། ལྗོན་དབང་ལས། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་དང༌། མ་ནི་ངེས་མེད་སྐབས་དང་སྦྱར། །ཞེས་པ་ལྟར་ཕྱི་རྒྱལ་བ་ལྟ་བུ་བདག་སྒྲ་ཡར་གྱུར་པ་ལ་ཕྲད་བ་དང༌། བོད་པ་ལྟ་བུ་བདག་སྒྲ་ཆ་ལ་ཕྲད་པ་དང༌། ཇ་མ་དང༌། གཞོན་ནུ་མ་ལྟ་བུ་ཕྲད་མ་ནི་ཆ་ཡ་གང་དུའང་མ་ངེས་པས་གཉིས་ཀར་སྦྱོར་བ་ལེགས་ཞེས་པ་ལས་སྒྲ་སྦྱོར་བསྟན་པ་མིན་ནོ།།

 

༨༩༽ དྲི་བ། པུ་ལིངྒ་དང༌། སྟྲཱི་ལིངྒ་གཉིས་བོད་བསྒྱུར་མ་མཛད་པར་ལེགས་སྦྱར་རང་སོར་བཞག་པའི་དགོས་པ་དང་རྒྱུ་མཚན་གང་ཡིན་ནམ།

ལན། སློབ་དཔོན་ཐོན་མིས། པུ་ལིངྒ་དང་སྟྲཱི་ལིངྒ་གཉིས་བོད་བསྒྱུར་མཛད་ན་བོད་པའི་སྐད་ཡིག་གིས་འདང་ན་ཡང༌། པུ་ལིངྒ་དང་སྟྲཱི་ལིངྒ་གཉིས་སུམ་ཅུ་པའི་སྐབས་བདག་པོ་གང་ཟག་ཕོ་མོར་གོ་ལ། དེས་ན་རྟགས་འཇུག་སྐབས་ཕོ་མོ་ནི་ཡི་གེར་གོ་བས་སུམ་རྟགས་གཉིས་ཀྱི་ཕོ་མོ་གཉིས་ནོར་ཉེན་ཆེ་བའི་དབང་གིས་དེ་གཉིས་མི་ནོར་བའི་ཆེད་དུ་བོད་བསྒྱུར་མ་མཛད་པར་ལེགས་སྦྱར་རང་སོར་བཞག་པའོ།།

 

༩༠༽ དྲི་བ། དགག་སྒྲའི་མཚན་ཉིད་དང་དབྱེ་བ། དགག་སྒྲའི་ཕྲད་དེ་དག་དུས་གསུམ་ལས་གང་ཞིག་དགག་པར་འཇུག་མིན་ཇི་ལྟར་ཡིན་ནམ།

ལན། མིང་གི་ཐོག་མཐར་སྦྱར་ནས་དོན་དེ་མེད་པའམ་མ་ཡིན་པར་སྟོན་པ་ལ་དགག་སྒྲ་ཞེས་དང༌། དེ་ལ་དབྱེ་ན། འདི་ནི་སེལ་བ་རྣམ་གཉིས་ཏེ༑ ༑མ་ཡིན་པ་དང་མེད་པ་འོ། །ཞེས་པ་ལྟར་དགག་སྒྲ་ལ་མ་ཡིན་དགག་དང་མེད་དགག་གཉིས་སོ། །འཇུག་ཚུལ་ནི། སྨྲ་སྒོ་ལས། འདས་དང་སྐུལ་ཚིག་དགག་ལ་མ། །ད་ལྟ་མ་འོངས་གཉིས་ལ་མི། །དབྱེ་བ་དེ་ནི་ཡང་དག་ཡིན། །ཞེས་པ་ལྟར་རོ།།

 

༩༡༽ དྲི་བ། དགག་སྒྲའི་ཕྲད་རྣམས་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན། དེ་དག་ཕྲད་རང་གཞན་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་ནམ།

ལན། སི་ཏུས། དགག་སྒྲའི་ཕྲད་མ་ཡིག་ཉིད་བཟུང་བར་བྱ་ཞིང༌། དེ་དང་འབྲེལ་བའི་མི་ཡིག་ཀྱང་ཞར་གྱིས་ཐོབ་པས་དེ་དག་དགག་སྒྲར་སྦྱར་ཚེ་དགག་བྱའི་མིང་ཐོག་ཁོ་ནར་ངེས་ཞེས་དང༌། དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་ལས། མ་མི་ཐོག་མ་མིན་མེད་མཇུག །ཅེས་པ་ལྟར་ཕྲད་ལ་མ་མི་མིན་མེད་བཞིར་བཞེད་ཅིང༌། དེ་ཡང་མིང་གི་ཐོག་མཐའ་གཉིས་ཀར་སྦྱོར་བར་གསུངས་སོ།།

 

༩༢༽ དྲི་བ། དབེན་དང༌། སྟོང༌། དག་སོགས་དགག་སྒྲ་ཡིན་མིན་དང་རྗེས་མཐུན་པའི་དོན་དང་དེ་དག་རྗེས་མཐུན་པ་ཡིན་མིན་ཇི་ལྟར་ཡིན།

ལན། རྩ་བ་ལས། གང་མིང་བརྗོད་པའི་ཡ་མཐའ་ན། །ཞེས་པ་ལྟར་དབེན་དང་དག་སྟོང་ལ་སོགས་པ་མིང་གི་ཐོག་མར་མི་འཇུག་པ་དང༌། སྟྲཱི་ལིངྒའི་སྒྲ་དང་དེའི་ཆ་ཤས་སུ་མ་གཏོགས་ལ། དེ་དག་མིང་ཡིན་པས་སུམ་ཅུ་པའི་བསྟན་བྱ་མ་ཡིན་པས་དེ་དག་དགག་སྒྲར་མི་བཞེད་ཅིང༌། དེ་དག་གིས་དོན་གྱི་སྦྱོར་ཡུལ་དེ་དག་མེད་པའམ་མ་ཡིན་པར་སྟོན་པས་ན་དགག་སྒྲ་རྗེས་མཐུན་པར་འདོད་དོ།།

 

༩༣༽ དྲི་བ། སུམ་ཅུ་པའི་ཚིགས་བཅད་གྲོལ་ཚུལ་ལ་འདོམས་པའི་སྐབས་སུ་གང་ཞིག་སྡུད་མིན་དང༌། དེ་དག་ཚུལ་ཇི་ལྟར་སྦྱར་དགོས་སམ།

ལན། རྒྱལ་བའི་བཀའ་བསྟན་ཡན་ལག་དང་བཅས་པ་ཕལ་ཆེར་ཚིགས་བཅད་ཀྱི་རྣམ་པར་གནས་པས་གཙོ་ཆེ་བའི་དབང་དུ་ཚིགས་བཅད་རྣམས་ལ་ཚིག་སྡུད་མང་བས། ཚིགས་བཅད་སྐབས་ཕྲད་དང་རྣམ་དབྱེ་ལ་སོགས་པའི་མཚམས་སྦྱོར་མང་ཉུང་གང་ཞིག་སྡུད་ཡོད་ཀྱང༌། དེ་དག་གོང་དུ་སླར་བསྡུ་ནས་དགག་སྒྲའི་བར་བཤད་པ་ལྟར་བསྣན་ཅིང་སྦྱར་ཏེ་དོན་ཁོང་དུ་ཆུད་པར་བྱ་དགོས་པར་གསུངས་སོ།།

 

༩༤༽ དྲི་བ། རྗེས་འཇུག་མེད་དུ་མི་རུང་བ་ཡིན་པའི་རྒྱུ་མཚན་དང༌། རྗེས་འཇུག་ཤེས་པའི་དགོས་པའམ་ཕན་ཡོན་གང་དག་ཡོད་དམ།

ལན། མིང་ཚིག་གི་སྦྱོར་བ་རྣམས་ལ་མིང་གཞི་ནང་ཕན་ཚུན་གཉིས་གསུམ་འབྲེལ་བ་དང༌། དབྱངས་དང་སྔོན་འཇུག་གང་ཞིག་ལྡན་ཡང་རྗེས་འཇུག་བཅུ་པོ་མ་ཞུགས་ན་ཡི་གེའི་གཟུགས་དེ་ཉིད་ལས་མིང་ཚིག་བརྗོད་པ་གསུམ་གང་ཡང་སྟོན་མི་ཐུབ་ཅིང༌། རྗེས་འཇུག་གིས་མིང་ཚིག་བརྗོད་པ་གསུམ་དང༌། འཆད་རྩོད་རྩོམ་གསུམ་དང༌། འདྲི་ཀློག་དང་སྒྲ་དོན་གྱི་སྦྱོར་བ་སོགས་ཤེས་པའི་དགོས་པའམ་ཕན་ཡོན་ཡོད་དོ།།

 

༩༥༽ དྲི་བ། རྗེས་འཇུག་དེ་དོན་ལ་དབབ་པའི་ཚུལ་བཤད་པའི་སྐབས་སུ་ཆ་རྐྱེན་གང་དག་ཚང་དགོས་པ་དང༌། ཆ་རྐྱེན་དེ་དག་གང༌།

ལན། རྩ་བ་ལས། རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང༌། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །ཞེས་པ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་གི་ལུང་དང་གཅིག རྗེས་འཇུག་བཞི་ཡི་སྦྱོར་བ་ལ་མཁས་པའི་རིགས་པ་དང་གཉིས། བསླབ་བྱའི་དོན་ལ་མཁས་པའི་བླ་མའི་མན་ངག་དང་གསུམ་ཚང་དགོས་པར་བསྟན་པ་ཡིན་ནོ།།

 

༩༦༽ དྲི་བ། སུམ་ཅུ་པ་ལས་བསླབ་ཚུལ་གོ་རིམ་ལ་འདོམས་པའི་སྐབས་སུ་དབྱངས་གསལ་སྔོན་རྗེས་རྣམས་གོ་རིམ་ཇི་ལྟར་བསླབ་དགོས་སམ།

ལན། རྩ་བ་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང༌། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ཞེས་ཐོག་མར་ཡི་གེ་སོ་སོའི་སྐྱེས་གནས་བྱེད་རྩོལ་དང་མཐུན་པར་ང་རོ་དབྱུང་ཚུལ་དང༌། དེ་ནས་སྔོན་འཇུག་དང༌། མིང་གཞི། རྗེས་འཇུག སྔོན་རྗེས་མིང་གསུམ་གཅིག་ཏུ་སྦྱོར་ཚུལ་གྱི་གོ་རིམ་ལྟར་སྦྱང་དགོས་པར་བསྟན་ཏོ།།

 

༩༧༽ དྲི་བ། སུམ་ཅུ་པའི་གདམས་ངག་སྣོད་རུང་ལ་བསྟན་དགོས་པའི་སྐབས་སུ་སུམ་ཅུ་པ་འཁྲིད་ཡུལ་གྱི་སློབ་མའི་མཚན་ཉིད་གང་དག་ཡིན།

ལན། རྩ་བ་ལས། སློབ་དཔོན་དེ་ཉིད་དུ་འཛིན་ཅིང༌། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེ་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཞེས་པ་ལྟར་གདམས་ངག་སྟོན་མཁན་གྱི་སློབ་དཔོན་ལ་སློབ་དཔོན་དུ་འཛིན་པ་དང༌། འགལ་རྐྱེན་ལེ་ལོ་གཡེང་བ་རྣམ་པར་སྤངས་པ། སྐྱེས་བུ་རང་བཞིན་བཟང་ཞིང་དད་ལྡན་གྱི་ཁྱད་ཆོས་གསུམ་ཚང་དགོས་པའོ།།

 

༩༨༽ དྲི་བ། གདམས་ངག་སྣོད་རུང་ལ་བསྟན་དགོས་པའི་སྐབས་སློབ་གཉེར་གྱི་འགལ་རྐྱེན་དང་མཐུན་རྐྱེན་གང་དང་གང་ཞིག་བསྟན་ཡོད་དམ།

ལན། འགལ་རྐྱེན་གདམས་ངག་སྟོན་པའི་སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན་ཅིང་མ་གུས་པ་དང༌། ཞེ་ས་དང་བཅས་པས་དྲིན་དུ་མི་གཟོ་བ༑ བསླབ་པར་བྱ་བའི་གནས་ལ་སྤྲོ་བ་ཞན་པའི་ལེ་ལོ་དང༌། བྱ་བ་གཞན་ལ་འཇུག་པའི་གཡེང་བ་སོགས་དང༌། མཐུན་རྐྱེན་ནི་དེ་དག་ལས་ལྡོག་ཅིང་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ། སློབ་དཔོན་དང་བསླབ་བྱའི་གནས་ལ་དད་པ་ལ་སོགས་པ་ཡིན་ནོ།།

 

༩༩༽ དྲི་བ། སུམ་ཅུ་པའི་བརྗོད་བྱ་གང་ཡིན་དང༌། སུམ་ཅུ་པའི་གཞུང་ལ་བསླབ་པའི་དགོས་པ་རྒྱུ་མཚན་དང་ཕན་ཡོན་གང་ཡོད་དམ།

ལན། སུམ་ཅུ་པའི་བརྗོད་བྱ་ཕྲད་དང་རྣམ་དབྱེའམ་རྗེས་འཇུག་གི་འཇུག་པ་ཡིན་ཏེ། སླར་བསྡུ་ནས་དགག་སྒྲའི་བར་དངོས་བསྟན་ཕྲད་རྣམ་དབྱེའི་སྡེ་ཚན་བཅུ་བཞི་རྣམས་རྗེས་འཇུག་ནང་ཕྲད་མ་ཕྲད་དང་དབྱངས་ཀྱིས་བརྒྱན་མ་བརྒྱན་གྱིས་ཡིན་པའི་ཕྱིར། སུམ་ཅུ་པ་ཤེས་ན་ཕྲད་དང་རྣམ་དབྱེ་དང༌། སྒྲ་དོན་གྱི་སྦྱོར་བ། མིང་ཚིག་བརྗོད་གསུམ་གྱི་རྨོངས་པ་སེལ་ཕྱིར་སུམ་ཅུ་པའི་གཞུང་ལ་བསླབ་དགོས་སོ།།

 

༡༠༠༽ དྲི་བ། ཨ་འདུས་རིག་བྱེད་སྲད་བུ་ལ་བརྒྱུས་པའི། །ཀཱ་ཕྲེང་མཁའ་མེའི་གྲངས་འཁྱུད་ཨཀྵ་ར། །མིང་གཞི་སྔོན་རྗེས་འཇུག་པའི་རྣམ་འགྱུར་ཅན། །ཚིག་ཕྲད་རྣམ་དབྱེའི་མགུལ་རྒྱན་སྤེལ་ཟིན་ནས། །

ཞེས་པའི་ཚིགས་བཅད་ཀྱི་བསྟན་དོན་གང༌།

ལན། ཨ་འདུས་རིག་བྱེད་སྲད་བུ་སྟེ་དབྱངས་བཞིའི་སྐུད་པ་ལ་བརྒྱུས་པའི་ཀཱ་ཕྲེང་མཁའ་མེ་སྟེ། གསལ་བྱེད་སུམ་ཅུའི་གྲངས་འཁྱུད་ཨཀྵ་ར་ཡི་གེ་ལ། སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་མིང་གཞིར་འཕུལ་རྟེན་གྱི་ཚུལ་དུ་འཇུག་པའི་སྔོན་རྗེས་གཉིས་སྦྱར་བས། མིང་ཚིག་བརྗོད་པ་གསུམ་གྱི་རྣམ་འགྱུར་སྣ་ཚོགས་པའི་ཕྲད་དང་རྣམ་དབྱེའི་ཚོགས་ཀྱི་རིན་ཆེན་མགུལ་རྒྱན་སྐལ་ལྡན་གཞོན་ནུའི་མགྲིན་པ་མཛེས་བྱེད་ཀྱི་རྒྱན་དུ་སྤེལ་བ་སྟེ་བཤད་ཟིན་ཏོ་ཞེས་པའོ།།    །།

 

ཞ་ལྟར་མཛེས་པའི་སྟེང་གི་ཡི་གེ་གསུམ། །

ཟ་འོག་གོས་འདྲའི་གདན་མཛེས་ཡི་གེ་དང༌། །

འ་མཐའ་ད་དྲག་སྔོན་རྗེས་འཇུག་ཚུལ་གྱི། །

ཡ་མཚན་བརྡ་སྤྲོད་གཞུང་འདི་ཨེ་མ་མཚར། །

 

ར་མགོ་ལ་སོགས་མགོ་ཅན་རྣམ་གསུམ་དང༌། །

ལ་སོགས་སྨད་ཀྱི་འདོགས་པ་རྣམ་པ་བཞི། །

ཤ་སོགས་དྲོ་བའི་ཡི་གེའི་གནད་རྟོགས་ན། །

ས་སྟེང་མཁས་པའི་སྙན་པ་འདི་ཡིས་འབར། །

 

ཧ་ཅང་སུམ་རྟགས་གཞུང་གི་དཀའ་བའི་གནད། །

ཨ་ནུ་རང་རིགས་གཞོན་ནུའི་ལེགས་སྐྱེས་སུ། །

ཧ་ཅང་རྒྱས་བསྡུས་སྐྱོན་གཉིས་རབ་སྤངས་ནས། །

ཨ་མའི་ཨོ་ལོ་ཐུབ་ཡར་མིང་པས་བྲིས། །

 

ཞེས་པ་ནི་བར་གྱི་ངལ་གསོའི་ཚིགས་སུ་བཅད་པའོ།།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།