དགོངས་ཚུལ།

ཐ་སྙད་རིག་གནས་འཛིན་གྲྭ་དང་པོའི་བསྐྱར་སྦྱོང་དྲི་བ་བརྒྱ་པ།།

༄༅། །ཐ་སྙད་རིག་གནས་འཛིན་གྲྭ་དང་པོའི་བསྐྱར་སྦྱོང་དྲི་བ་བརྒྱ་པ་བཞུགས་སོ།།

 

 

༼ལེགས་བཤད་ལྗོན་དབང༌།༽

 

ཨི་ཐི་ཉིད་ནི་ཇི་བཞིན་གཟིགས་པའི་དཔྱིད། །

ཨུ་དུམ་སྐུ་གསུང་ཐུགས་སུ་གུས་བཏུད་ཞུ། །

ཨེ་ཝཾ་དགེ་ལེགས་ཡེ་ཤེས་བདེ་སྟེར་དེར། །

ཨོ་ལོས་མཆོད་དོ་མགོན་པོས་སྐྱོང་གསོལ་ལོ། །

ཀཱ་ལི་མཁའ་མེའི་གྲངས་ལྡན་མཛའ་ན་མོར། །

ཁ་རྒྱན་སྔོན་རྗེས་མགོ་འདོགས་རྒྱན་སྤྲས་ཏེ། །

ག་ལེར་མིང་ཚིག་ཡི་གེའི་ཟློས་གར་གྱི། །

ང་རོའི་རྣམ་འགྱུར་སྣ་ཚོགས་གསལ་བར་བྱ། །

 

༡༽ དྲི་བ། ལྗོན་དབང་གི་གཞུང་དངོས་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། ས་བཅད་ཇི་ཙམ་དུ་དབྱེ་བ། དེ་དག་གང་དང་གང་ཡིན་ནམ།

ལན། ལྗོན་དབང་གི་གཞུང་དངོས་ལ་ནང་གསེས་གསུམ་སྟེ། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ། ཞར་བྱུང་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་དང་གསུམ་མོ། །ལྗཽན་དབང་གི་གཞུང་དེ་ཉིད་ས་བཅད་གསུམ་དུ་དབྱེ་ཡོད། དེ་ཡང་བསྟན་བཅོས་བརྩམ་པའི་ཡན་ལག་དང༌། བརྩམ་བྱའི་གཞུང་དངོས། མཇུག་གི་དོན་བསྡུ་བ་དང་གསུམ་མོ།།

༢༽ དྲི་བ། ལེགས་བཤད་ལྗོན་དབང་གི་མཆོད་བརྗོད་དང༌། བརྩམ་པར་དམ་བཅའ། གཞུང་དངོས་བཅས་ཀྱི་གཞུང་ཚིག་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ཞེས་པའི་ཚིག་རྐང་དང་པོ་གཉིས་མཆོད་བརྗོད་དང༌། ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །ཞེས་པའི་ཚིག་རྐང་ཕྱི་མ་གཉིས་བརྩམ་པར་དམ་བཅའ་དང༌། དབྱངས་ཀྱི་བྱ་བ་གསལ་པོ་རུ། །ཞེས་པ་ནས། ཞིབ་ཏུ་འབད། །ཅེས་པའི་བར་གཞུང་དོན་དངོས་སོ།།

 

༣༽ དྲི་བ། ལེགས་བཤད་ལྗོན་དབང་ཞེས་པའི་མཚན་དེ་གང་གི་སྒོ་ནས་བཏགས་པ་དང༌། མཚན་འདོགས་པར་དགོས་པ་རྒྱུ་མཚན་གང༌།

ལན། ལྗོན་དབང་ཞེས་པ་ནི་དཔེའི་སྒོ་ནས་མཚན་བཏགས་པ་དང༌། དེ་ཡང་མིང་དུ་གདགས་པར་མ་མཛད་ན། །ཞེས་སོགས་དང༌། མིང་ཀླད་དུ་སྨོས་པས་བཙལ་སླ་ཞིང༌། དོན་ཕྱིན་ཅི་མ་ལོག་པར་ངོས་འཛིན་སླ་བ། མིང་ལས་དོན་རྟོགས་ཤིང༌། དོན་མཐོང་བས་མིང་དྲན་པ་དང༌། དེ་ཡང་དབང་པོ་རབ་ཀྱིས་མིང་ལས་དོན་གོ་ཞིང༌། འབྲིང་གིས་རྣམ་པ་ཙམ་གོ་ལ༑ ཐ་མས་ཀྱང་བརྡ་དུས་སུ་མིང་དོན་ཤེས་པའི་དགོས་པའོ།།

 

༤༽ དྲི་བ། ན་མོ་གུ་རུ་མཛཉུ་གྷོ་ཥཱ་ཡ། ཞེས་པ་བོད་སྐད་དུ་བསྒྱུར་ན་ཇི་ལྟར་ཡིན། རྒྱ་གར་སྐད་དུ་སྨོས་པའི་དགོས་པ་རྒྱུ་མཚན་གང་ཡིན་ནམ།

ལན། ན་མོ་ཕྱག་འཚལ་ལོ། གུ་རུ་བླ་མ། མཛཉུ་འཇམ་པ། གྷོ་ཥཱ་དབྱངས་སྟེ་བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའོ།།

རྒྱ་སྐད་དུ་སྨོས་པས་རྒྱ་གར་མཁས་པའི་བསྟན་བཅོས་ལ་དཔེ་མཛད་ཅིང༌། བོད་སྐད་དུ་སྨོས་པས་བསྟན་བཅོས་འདི་ཉིད་བོད་སྐད་དུ་བཞུགས་པ། རྒྱ་བོད་གཉིས་ཀའི་སྐད་དུ་སྨོས་པས་བཀའ་བསྟན་དག་བོད་སྐད་དུ་བསྒྱུར་ནུས་པར་གོ་བའོ།།

 

༥༽ དྲི་བ། སྔོན་འགྲོའི་མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་གཉིས་ཀྱི་ཕན་ཡོན་ཇི་ཡོད་དང༌། དེ་དག་གང་དང་གང་ཡིན་ནམ།

ལན། མཆོད་པར་བརྗོད་པའི་ཕན་ཡོན་ནི། ཚོགས་དང་བསོད་ནམས་གསོག་པ་དང༌། བསམ་དོན་བདེ་བླག་ཏུ་འགྲུབ་པ། རྩོམ་པའི་བར་གེགས་མི་འབྱུང་བའི་ཆེད་དུ་མཆོད་པར་བརྗོད་ཅིང༌། བརྩམ་པར་དམ་བཅའི་ཕན་ཡོན་ནི། རྩོམ་པའི་གེགས་བར་ཞི་ཞིང་བརྩམས་པའི་བྱ་བ་མཐར་ཕྱིན་པ་དང༌། རྩོམ་པ་པོ་སྐྱེས་བུ་དམ་པར་མཚོན་པ། བསྟན་བཅོས་རྣམ་དག་ཡིན་པ་མཚོན་པའི་སླད་དུའོ།།

 

༦༽ དྲི་བ། དབྱངས་གསལ་གཉིས་པོ་སོྟན་བྱེད་ཀྱི་ལྗོན་དབང་རྩ་བ་ངོས་འཛིན་ནས་དབྱངས་གསལ་གྱི་གྲངས་ངེས་དང༌། མཚན་ཉིད་གང༌།

ལན། ལྗོན་དབང་ལས། དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ཞེས་གསུངས་པ་ལྟར་དབྱངས་ལ་གྲངས་བཞི་དང༌། གསལ་བྱེད་ལ་སུམ་ཅུར་གྲངས་ངེས་པ་དང༌། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་ལ་དབྱངས་ཞེས་དང༌། རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཡི་གེ་ལ་གསལ་བྱེད་ཅེས་སོ།།

 

༧༽ དྲི་བ། གསལ་བྱེད་རྣམས་སྡེ་པ་ཇི་ཙམ་དུ་དབྱེ་བ་དང༌། སྡེ་པ་དེ་དག་གང་ཡིན་དང༌། སྡེ་པ་རེར་ཡི་གེ་གྲངས་ཇི་ཙམ་ཡོད་དམ།

ལན། ཀ་ནས་ཨ་བར་གསལ་བྱེད་སུམ་ཅུ་རྣམས་སྡེ་པ་ཕྱེད་དང་བརྒྱད་དམ་སྡེ་པ་བདུན་དང་ཕྱེད་ཀར་དབྱེ་བ་ཕྱེ་ཡོད། སྡེ་པ་ཕྱེད་དང་བརྒྱད་པོ་དེ་དག་ནི་ཀ་སྡེ་དང༌། ཅ་སྡེ། ཏ་སྡེ། པ་སྡེ། ཙ་སྡེ། ཞ་སྡེ། ར་སྡེ་སྟེ་སྡེ་པ་རངས་པོའམ་ཆ་ཚང་བདུན་དང༌། ཧ་སྡེ་ཕྱེད་དུ་བྱས་པས་སྡེ་པ་བདུན་དང་ཕྱེད་དུ་དབྱེ་བ་ཕྱེ་ཞིང༌། སྡེ་པ་དེ་དག་རེ་རེ་ལའང་ཡི་གེ་གྲངས་བཞི་བཞི་རུ་ངེས་པ་ཡིན་ནོ།།

 

༨༽ དྲི་བ། དབྱངས་གསལ་གཉིས་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་ཡོད་དང༌། གྲངས་ཇི་ཙམ་དུ་འདོད་དམ།

ལན། སྤྱིར་དབྱངས་གསལ་གཉིས་ངོ་བོ་དང་བྱེད་རྩོལ་གྱི་ཆ་ནས་འགལ་བ་ཡིན་ལ། དབྱངས་ལ་བཞི་དང༌། གསལ་བྱེད་ལ་སུམ་ཅུར་འདོད་པའི་ལུགས་གཅིག་དང༌། དབྱངས་ལ་ལྔ་དང་གསལ་བྱེད་ལ་ཉེར་དགུར་འདོད་པའི་ལུགས་གཅིག དབྱངས་ཁོ་ན་ཡིན་པ་བཞི་དང༌། གསལ་བྱེད་ཁོ་ན་ཡིན་པ་ཉེར་དགུ། དབྱངས་གསལ་གཉིས་ཀའི་ཆ་ལྡན་གཅིག་ཏུ་འདོད་པའི་ལུགས་དང་གསུམ་མོ།།

 

༩༽ དྲི་བ། ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །ཞེས་གསུངས་ན་སུམ་ཅུ་པའི་དོན་དང༌། སུམ་རྟགས་ཀྱི་བརྗོད་བྱར་ཁྱད་པར་གང་ཡོད་དམ།

ལན། སུམ་ཅུ་པའི་དོན་ནི་སི་ཏུའི་ཞལ་ལུང་ལས། སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག གཞུང་ཚད་ཤོ་ལོ་ཀ་སུམ་ཅུར་གནས་པས་ན་སུམ་ཅུ་པ་ཞེས་བྱ་བ་དང༌། སུམ་ཅུ་པའི་བརྗོད་བྱ་རྗེས་འཇུག་གིས་འཇུག་པ་དང་དོན་གྱི་སྦྱོར་བ་ཡིན་ལ། རྟགས་འཇུག་གི་བརྗོད་བྱ་སྔོན་འཇུག་གི་འཇུག་པ་དང་སྒྲ་ཡི་སྦྱོར་བ་ཡིན་པས་ན་དེ་གཉིས་ཀྱི་བརྗོད་བྱ་མི་འདྲའོ།།

 

༡༠༽ དྲི་བ། རྗེས་འཇུག་སྟོན་བྱེད་ཀྱི་ལྗོན་དབང་རྩ་བ་ངོས་འཛིན་ནས་རྗེས་འཇུག་གི་མཚན་ཉིད་དང༌། དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ཞེས་པས་རྗེས་འཇུག་བསྟན་ལ། རྗེས་འཇུག་གི་དོན་ནི་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའམ་འཇུག་རུང་དུ་གྱུར་པའི་ཡི་གེ་ཡིན་པས་ན་རྗེས་འཇུག་དང༌། དཔེར་བརྗོད་ནི། ངག་བཟང་ཡིད་ངན་རྩུབ་འཇམ་དགའ་བདེར་སྤྲུལ་མཁས་པའི། །སྐྱེ་བོ་མཚན་ཉིད་མ་ཚང་སྤོངས་བརྩོན་གྲོགས་ཀུན་ཀུན། །ཞེས་པ་ལྟ་བུའོ།།

 

༡༡༽ དྲི་བ། ཡང་འཇུག་གི་གོ་དོན་དང༌། ཡང་འཇུག་ལ་གྲངས་ཇི་ཡོད་དང༌། ཡང་འཇུག་གི་སྒྲ་སྦྱོར་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། རྗེས་འཇུག་གི་རྗེས་སུ་ཡང་སྐྱར་འཇུག་པའམ་འཇུག་རུང་དུ་གྱུར་པས་ན་ཡང་འཇུག་ཅེས་དང༌། དེ་ལ་གྲངས་གཉིས་སུ་ངེས་ཤིང༌། དེ་གཉིས་ཀྱི་སྒྲ་སྦྱོར་ནི་ལྗོན་དབང་ལས། ད་དང་ས་གཉིས་ཡང་འཇུག་སྟེ།།

ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་ཐོབ། །ཅེས་དང༌། ཡང་འཇུག་གཉིས་ཀྱི་དཔེ་ནི་མཁྱེནད་གྱུརད་སྩལད་གསུམ་ལྟ་བུ་དང༌། བརྐྱངས་བསྐུམས་ཆགས་བསྒྲུབས་ལྟ་བུའོ།།

 

༡༢༽ དྲི་བ། ད་སའི་ཡང་འཇུག་གཉིས་ཀྱི་ཐོབ་དོན་གསུམ་གང་དང་གང་ཡིན་དང༌། ཡང་འཇུག་ཐོབ་དོན་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ཡང་འཇུག་ཐོབ་དོན་གསུམ་ནི། ༡ ངག་གི་སྒྲ་གདངས་བརྗོད་པའི་ཆ་ནས་ཐོབ་པའི་ཡང་འཇུག དཔེར་ན་གངས་ལྗོངས་དང༌། སྟོནད་ཀ་ལྟ་བུའོ། ། ༢ གཙོ་བོ་དུས་གསུམ་སྐུལ་ཚིག་སྟོན་པའི་ཆ་ནས་ཐོབ་པའི་ཡང་འཇུག  དཔེར་ན་བསྒྲུབས་དང༌། བསྐངས་ལྟ་བུའོ། ། ༣ བྱ་བྱེད་ཀྱི་ཚིག་གསལ་བར་བྱེད་པའི་ཆ་ནས་ཐོབ་པའི་ཡང་འཇུག དཔེར་ན་འཛིན་ཅིང་ལྟ་བུ་ལ་སོགས་པ་རྣམས་སོ།།

 

༡༣༽ དྲི་བ། ཡང་འཇུག་གཉིས་གཞུང་གང་དག་ལས་ཚུལ་ཇི་ལྟར་གསུངས་མིན་དང༌། ད་དྲག་དངོས་སུ་འབྲི་མིན་གྱི་ཁྱད་པར་གང་ཡོད་དམ།

ལན། རྟགས་འཇུག་ལས། དྲག་པ་གསུམ་ཉིད་ནང་ཕྲད་དམ། །ཞེས་སོགས་ཀྱི་སྐབས་སུ་ཡང་འཇུག་བསྟན་ཅིང༌། གསུམ་པ་བཅུ་པ་ཡང་འཇུག་སྟེ༑ ༑ཞེས་པ་སུམ་ཅུ་པའི་རྩ་ཚིག་ཏུ་འདོད་ན་སུམ་ཅུ་པ་ལས་ཡང་འཇུག་ངོས་འཛིན་ཚུལ་བསྟན་ལ། ལྗོན་དབང་ལས། ད་དང་ས་གཉིས་ཡང་འཇུག་སྟེ༑ ༑ཞེས་ཡང་འཇུག་གི་གྲངས་ངེས་དང་སྒྲ་སྦྱོར་བསྟན་ལ། ཡིག་ཟོར་ཡང་སླད་ད་དྲག་དངོས་སུ་མི་འབྲིའོ།།

 

༡༤༽ དྲི་བ། སྔོན་རྗེས་མིང་གསུམ་གྱི་གོ་དོན་དང༌། སྔོན་རྗེས་མིང་གསུམ་སོ་སོར་གྲངས་ཇི་ཡོད། དེ་དག་ལ་གྲངས་དེ་ལྟར་ངེས་དོན་ཅི།

ལན། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེའི་སྔོན་དུ་འཇུག་པས་ན་སྔོན་འཇུག་དང༌། མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་ན་རྗེས་འཇུག་ཅེས་དང༌། མིང་གི་ཆེད་དུ་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པས་ན་མིང་གཞི་ཞེས་བྱ་བ་དང༌། སྔོན་འཇུག་ལྔ་དང༌། རྗེས་འཇུག་བཅུ། གསལ་བྱེད་སུམ་ཅུ་བཅས་གྲངས་དེ་ལྟར་དུ་ངེས་པ་ནི་བོད་ཀྱི་རང་སྐད་དང་མཐུན་པས་སོ།།

 

༡༥༽ དྲི་བ། སྔོན་རྗེས་ཡང་གསུམ་དང༌། མིང་གཞི་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་དང་གང་ཡོད་དམ།

ལན། མུ་གསུམ་ཏེ་སྔོན་རྗེས་ཡང་གསུམ་གང་རུང་ཡིན་ན་མིང་གཞི་ཡིན་པས་ཁྱབ་ཅིང༌། མིང་གཞི་ཡིན་ལ་སྔོན་རྗེས་ཡང་གསུམ་གང་རུང་མིན་པ་མི་འཇུག་པ་ཉི་ཤུ་དང༌། གཉིས་ཀ་ཡིན་པ་ཡང་འཇུག་ལྟ་བུ་དང༌། གཞན་ཡང་སྔོན་འཇུག་དང་ཡང་འཇུག་ཡིན་ན་རྗེས་འཇུག་ཡིན་པས་ཁྱབ་ལ༑ ཡང་འཇུག་ལ་སྔོན་འཇུག་ཡིན་མིན་ཆ་ཡོད་ཀྱང་ཡང་འཇུག་ཡིན་ན་རྗེས་འཇུག་ཡིན་པས་ཁྱབ་པའོ།།

 

༡༦༽ དྲི་བ། སླར་བསྡུ་བསྟན་པའི་རྩ་བ་ངོས་འཛིན་ཏེ་དེའི་གོ་དོན་དང༌། སླར་བསྡུའི་མིང་གི་རྣམ་གྲངས་གསུམ་པོ་གཞུང་གང་ལས་གསུངས་སམ།

ལན། ༡ དག་ཡིག་ལས། སྐབས་བབས་ཀྱི་བརྗོད་དོན་རེ་ཞིག་དེ་ཙམ་གྱིས་རྫོགས་པར་བྱེད་པས་ན་རྫོགས་ཚིག་དང༌། ༢ སུམ་ཅུ་པ་ལས། སྐབས་བབས་ཀྱི་བརྗོད་བྱའི་དོན་དེ་རེ་ཞིག་དེ་ཙམ་གྱིས་སླར་འཆད་རྒྱུ་བསྡུ་བར་སོང་བས་ན་སླར་བསྡུ་དང༌། ༣ སྨྲ་སྒོ་ལས། སྐབས་ཐོབ་ཀྱི་མིང་ཚིག་གང་ཡིན་གྱི་ཟླ་བོ་སྡུད་པར་བྱེད་པས་ན་ཟླ་སྡུད་ཅེས་བྱ་ཞིང༌། དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ།།

 

༡༧༽ དྲི་བ། རྫོགས་ཚིག་གི་སྒྲ་ཡི་སྦྱོར་ཚུལ་བསྟན་པའི་ལྗོན་དབང་གི་རྩ་ཚིག་ངོས་འཛིན་ཏེ་རྫོགས་ཚིག་གི་སྒྲ་ཡི་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །ཞེས་སྒྲ་སྦྱོར་བསྟན་ཅིང༌། དེ་ཡང་དྲག་ཡོད་ཏོ་ཞེས་པས་ད་དྲག་གམ་ཡང་འཇུག་ད་ཡིག་གི་རྗེས་སུ་སླར་བསྡུའི་ཕྲད་ཏོ་ཡིག་སྦྱར་དགོས་ཤིང༌། མཐའ་མེད་འོ་ཞེས་པས་མཐའ་མེད་དམ་རྗེས་འཇུག་མེད་པའི་རྗེས་སུ་འོ་ཡིག་དང༌། གཞན་རྣམས་མིང་མཐའི་རྗེས་འཇུག་དང་མཐུན་པར་ཕྲད་སྦྱར་དགོས་པ་ཡིན་ནོ།།

 

༡༨༽ དྲི་བ། རྣམ་དབྱེ་དང་པོའི་གོ་དོན་དང༌། དེ་ལ་དབྱེ་ན་ཇི་ཡོད་དང༌། དེ་དག་གང་ཡིན་དང༌། དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ཞིག་ལ་རྣམ་དབྱེ་དང་པོ་ཞེས་དང༌། དེ་ལ་དབྱེ་ན། ས་ཆུ་མེ་རླུང་ལྟ་བུ། བྱ་ཚིག་དང་མ་འབྲེལ་བའམ་མིང་རྐྱང་གི་རྣམ་དབྱེ་དང་པོ་དང༌། བརྡུང་གཅོག་འཕྲོག་གསུམ་ལྟ་བུ། བྱ་ཚིག་དང་འབྲེལ་བའམ་བླ་དྭགས་ཀྱི་རྣམ་དབྱེ་དང་པོ་དང་གཉིས་སོ། ། ཡང་ན། མིང་རྐྱང་དང་བླ་དྭགས་སམ་ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་མིང་དང་གཉིས་སུ་དབྱེ་བའོ།།

 

༡༩༽ དྲི་བ། ལ་དོན་སྟོན་པའི་ལེགས་བཤད་ལྗོན་དབང་གི་རྩ་བ་ངོས་འཛིན་ཏེ་ལ་དོན་གྱི་ཕྲད་དེ་དག་ལ་ལ་དོན་ཞེས་མིང་བཏགས་དོན་གང༌།

ལན། ལྗོན་དབང་ལས། སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ཅེས་ལ་དོན་བསྟན་ལ། སུ་ལ་སོགས་པ་ཕྲད་དུ་སྦྱར་བའི་ཚེ་ལ་སྒྲ་དང་ཕལ་ཆེར་འཇུག་པ་མཐུན་པ་དང༌། དངོས་བསྟན་གྱི་ཕྲད་དྲུག་ལས་ལ་ཡིག་མཐའི་གསལ་བྱེད་ཀྱི་ཡི་གེ་ཡིན་པས་ན་ལ་དོན་ནམ་ལ་སྒྲ་ཞེས་མིང་བཏགས་པ་ཡིན་ནོ།།

 

༢༠༽ དྲི་བ། ལ་དོན་གྱི་སྒྲ་ཡི་སྦྱོར་ཚུལ་བསྟན་པའི་རྩ་བ་ངོས་འཛིན་གྱིས་སྒྲ་སྦྱོར་ཇི་ལྟར་ཡིན་དང༌། སྒྲ་སྦྱོར་གྱི་མཚན་ཉིད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །ཞེས་པ་ལྟར་རྗཻས་འཇུག་སའི་རྗེས་སུ་ཕྲད་སུ་དང༌། རྗེས་འཇུག་ག་བ་ད་དྲག་མཐར་ཕྲད་ཏུ། རྗེས་འཇུག་ང་ད་ན་མ་ར་ལའི་རྗེས་སུ་ཕྲད་དུ། འ་དང་མཐའ་མེད་ལ་ཕྲད་ར་དང་རུ་གང་རིགས་སྦྱོར་དགོས་ཤིང༌། རྗེས་འཇུག་གང་ཞིག་ལ་ལྟོས་ནས་ཕྲད་གང་ཞིག་སྦྱོར་དགོས་པར་སྒྲ་སྦྱོར་ཞེས་སོ།།

 

༢༡༽ དྲི་བ། རྣམ་དབྱེ་གཉིས་པའི་མཚན་ཉིད་དང༌། རྣམ་དབྱེ་གཉིས་པར་ཁྱད་ཆོས་ཇི་ཡོད་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དཀའ་གསལ་ལས། དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པ་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང༌། །ཞེས་པ་ལྟར་བྱ་བའི་ཡུལ་ལ་བྱ་བ་བྱས་པ་གཙོ་བོར་སྟོན་པའི་ལ་ཡི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་གཉིས་པ་ལས་སུ་བྱ་བའོ། །དཔེར་ན། འཕགས་ཡུལ་དུ་བྱོན་ལྟ་བུའོ།།

དེ་ལ་བྱ་བའི་ཡུལ་དང༌། བྱ་བ། ཕྲད་བཅས་ཁྱད་ཆོས་གསུམ་ལྡན་ལས་རྣམ་དབྱེ་དངོས་ནི་ཕྲད་དེར་ངོས་འཛིན་དགོས་སོ།།

 

༢༢༽ དྲི་བ། རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཀྱི་མཚན་ཉིད་དང༌། དེ་ཉིད་གཉིས་པའི་ཁོངས་སུ་བཞག་པའི་དགོས་པ་རྒྱུ་མཚན་གང༌།

ལན། བྱ་ལས་ངོ་བོ་ཐ་མི་དད་པར་ངོ་བོ་གཅིག་ཏུ་སྣང་བའི་ལ་ཡི་དོན་ཅན་ཞིག་ལ་དེ་ཉིད་ཟེར། དཔེར་ན། མེ་རུ་འབར་ལྟ་བུ་དང༌། དེ་ཉིད་དང་རྣམ་དབྱེ་གཉིས་པ་གཉིས་བྱ་བའི་ཡུལ་ལ་བྱ་བ་བྱས་ཞིང་བྱ་བའི་ཡུལ་ལ་ཕན་ཐོགས་མེད་པ་མཚུངས་པས་ན། དེ་ཉིད་གཉིས་པའི་ནང་ཚན་དུ་བཞག་པ་དང༌། བྱ་ལས་ངོ་བོ་གཅིག་དང་ཐ་དད་ཀྱི་ཁྱད་པར་ལས་དེ་ཉིད་གཉིས་པ་ལས་ལོགས་སུ་བཞག་པའོ།།

 

༢༣༽ དྲི་བ། རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་མཚན་ཉིད་དང༌། དེ་ཡི་དཔེར་བརྗོད། དགོས་པ་གསལ་བྱེད་ཀྱི་སྒྲ་བཞི་པོ་གང་དག་ཡིན་ནམ།

ལན། བྱ་བ་བྱས་པས་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་གང་རུང་ལ་ཕན་ཐོགས་པར་སྟོན་པའམ། བྱ་བ་བྱས་པའི་དགོས་པ་གཙོ་བོར་སྟོན་པའི་ལ་ཡི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་རྣམ་དབྱེ་བཞི་པ་དགོས་ཆེད་ཅེས་བྱ་ཞིང༌། དཔེར་ན། རྟར་རྩྭ་འབྱིན་དང༌། ཇ་ཉོ་རུ་འགྲོ་ལྟ་བུའོ། །རྣམ་དབྱེ་བཞི་པའི་དགོས་པ་གསལ་བྱེད་ཀྱི་སྒྲ་ལ་བཞི་སྟེ་ཕྱིར་དང༌། དོན། ཆེད། སླད་བཅས་བཞི་རྣམས་སོ།།

 

༢༤༽ དྲི་བ། ལ་དོན་ལས་རྣམ་དབྱེ་བདུན་པའི་མཚན་ཉིད་དང༌། དཔེར་བརྗོད། རྣམ་དབྱེ་བདུན་པར་བྱ་བ་ཡོད་མེད་ཀྱི་ཁྱད་པར་ཇི་ལྟར་ཡིན་ནམ།

ལན། གང་ཞིག་གང་ལ་ཡོད་པའམ་གནས་པ་གཙོ་བོར་སྟོན་པའི་ལ་ཡི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་བདུན་པ་བརྟེན་གནས་ཞེས་བྱ་སྟེ། དཔེར་ན༑ བོད་དུ་རྒྱ་རིགས་མང་ལྟ་བུའོ། །རྣམ་དབྱེ་བདུན་པར་བྱ་བ་ཡོད་པ་དབུས་སུ་ཇོ་བོ་བཞུགས་ལྟ་བུ་དང༌། བྱ་བ་གཏན་ནས་མེད་པ་ཨ་རིར་བོད་པ་མང་ལྟ་བུའོ། །བྱ་བ་ཡོད་ཀྱང་བྱ་བ་གཙོ་བོར་སྟོན་པ་མ་ཡིན་པས་ན་སྐྱོན་གྱི་རིགས་འདིར་མི་འཇུག་གོ།

 

༢༥༽ དྲི་བ། རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཀྱི་གོ་དོན་དང་དཔེར་བརྗོད། ཚེ་སྐབས་བདུན་པའི་ནང་ཚན་དུ་བཞག་པའི་རྒྱུ་མཚན་ཅི།

ལན། ཚེ་དང་སྐབས་གཉིས་དང་འདྲ་བར་དུས་ཚོད་གཙོ་བོར་སྟོན་པའི་ལ་ཡི་དོན་ཅན་ཞིག་ལ་ཚེ་སྐབས་ཞེས་བྱ་ཞིང༌། དཔེར་ན། ཉི་མ་ཤར་བ་ན་བསྐྱོད་ལྟ་བུའོ། །ཚེ་སྐབས་བདུན་པའི་ནང་ཚན་དུ་བཞག་པ་ནི། བདུན་པ་དང་ཚེ་སྐབས་གཉིས་ལ་ཡི་དོན་ཅན་ཡིན་པ་དང༌། བྱ་བ་ཡོད་མེད་དང༌། གང་ཞིག་གང་ལ་ཡོད་པ་སོགས་མཚུངས་ཤས་ཆེ་བས་ཚེ་སྐབས་བདུན་པའི་ནང་ཚན་དུ་བཞག་པའོ།།

 

༢༦༽ དྲི་བ། ལ་དོན་གྱི་དོན་གྱི་འཇུག་ཡུལ་ལ་གྲངས་ཇི་ཡོད་ངོས་འཛིན་དང༌། ལ་དོན་གྱི་ཕྲད་ལ་ཇི་ཡོད། དེ་དག་གང་དག་ཡིན་ནམ།

ལན། ལ་དོན་གྱི་དོན་གྱི་འཇུག་ཡུལ་ལ་ལྔ་ཡོད་དེ། ལྗོན་དབང་ལས། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།

ཅེས་དང༌། ལ་དོན་གྱི་ཕྲད་ལ་བདུན་ཏེ། ལྗོན་དབང་ལས། སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །ཞེས་སུམ་ཅུ་པ་ལས་ཕྲད་དངོས་བསྟན་དྲུག་དང་ཤུགས་བསྟན་གཅིག་སྟེ་གྲངས་བདུན་ཡོད་དེ། ལྗོན་དབང་ལས། སུ་ར་རུ་དུ་ན་ལ་ཏུ། །ཞེས་གསུངས་སོ།།

 

༢༧༽ དྲི་བ། རྣམ་དབྱེ་དྲུག་པའི་དོན་དང༌། རྣམ་དབྱེ་དྲུག་པའི་ཕྲད་ལ་ཇི་ཡོད་དང༌། རྣམ་དབྱེ་དྲུག་གསུམ་གཉིས་ལ་ཁྱད་པར་གང་ཡོད་དམ།

ལན། ཆོས་སྔ་ཕྱི་གཉིས་ཀྱི་མིང་དོན་སོགས་འབྲེལ་བ་གཙོ་བོར་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ཞིག་ལ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་དང༌། དེ་ཡི་ཕྲད་ལ་ལྔ་སྟེ། ལྗོན་དབང་ལས། གི་ཀྱི་གྱི་འི་ཡི་ལྔ་པོ། །ཞེས་སོ།།

བྱེད་འབྲེལ་གཉིས་ཀྱི་ཕྲད་ལ་ས་མཐའ་ཡོད་མེད་དང༌། དོན་ལ་བྱ་བ་ཡོད་མེད། གཅིག་གི་བྱེད་པ་དང་གཅིག་ཤོས་ཀྱིས་འབྲེལ་བ་སྟོན་པའི་ཁྱད་པར་སོགས་སོ།།

 

༢༨༽ དྲི་བ། རྣམ་དབྱེ་དྲུག་པར་ནང་གསེས་དབྱེ་བ་ཇི་ཡོད་དང༌། ནང་གསེས་དབྱེ་བ་རྣམས་ཀྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། རིགས་སམ་རིས་བསྡུས་ཏེ་དབྱེ་ན། ནས་ཀྱི་མྱུ་གུ་ལྟ་བུ་རྒྱུ་དང་འབྲས་བུའི་འབྲེལ་བ་དང༌། ཟས་ཀྱི་རོ་བཅུད་ལྟ་བུ་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ། ཤིང་རྩེའི་བྱ་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་བ། ལག་པའི་སོར་མོ་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བདག་གི་དེབ་ལྟ་བུ་ནོར་དང་བདག་པོའི་འབྲེལ་བ། འགྲོ་ཡི་འདུག་ལྟ་བུ་ཚིག་སྔ་ཕྱིའི་འབྲེལ་བ་དང་དྲུག་རྣམས་སོ།།

 

༢༩༽ དྲི་བ། རྣམ་དབྱེ་གསུམ་པའི་གོ་དོན་དང༌། རྣམ་དབྱེ་གསུམ་པར་དབྱེ་བ་ཇི་ཡོད་དང༌། དབྱེ་བའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། བྱེད་པ་པོ་གཙོ་བོར་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ཞིག་ལ་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཞེས་བྱ་ཞིང༌། དེ་ལ་དབྱེ་ན། བཀྲ་ཤིས་ཀྱིས་བྲིས་ལྟ་བུ་བྱ་བ་དང་བྱེད་པ་གཉིས་ཀྱི་བར་དུ་ཚིག་གཞན་གྱི་བར་དུ་མ་ཆོད་པ་བྱ་བ་ཉེ་བར་བྱས་པ་དང་གཅིག བཀྲ་ཤིས་ཀྱི་ལག་པས་ཡི་གེ་བྲིས་ལྟ་བུ་བྱ་བྱེད་གཉིས་ཀྱི་བར་དུ་ཚིག་གཞན་གྱིས་བར་དུ་ཆོད་པའི་བྱ་བ་འགྱངས་བར་བྱས་པ་དང་གཉིས་སོ།།

 

༣༠༽ དྲི་བ། རྣམ་དབྱེ་དྲུག་གསུམ་གཉིས་དང༌། ཨི་ལྡན་གྱི་རྣམ་དབྱེ་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་གང་ཞིག་ཡོད་དམ།

ལན། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་ཨི་ལྡན་གཉིས་ལ་མུ་གསུམ་ཡིན་ཏེ། རྣམ་དབྱེ་དྲུག་པ་ཡིན་ན་ཨི་ལྡན་ཡིན་པས་ཁྱབ་པ་དང༌། ཨི་ལྡན་ཡིན་ན་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་པས་མ་ཁྱབ་པ་རྣམ་དབྱེ་གསུམ་པ་བྱེད་སྒྲ་དང༌། གཉིས་ཀ་མིན་པ་དེ་སྒྲ་ལྟ་བུ་མུ་གསུམ་མོ། །དེ་བཞིན་བྱེད་སྒྲ་ཡིན་ན་ཨི་ལྡན་པས་ཁྱབ་པ་དང༌། ཨི་ལྡན་ཡིན་ན་བྱེད་སྒྲ་ཡིན་པས་མ་ཁྱབ་པ་འབྲེལ་སྒྲ་དང༌། གཉིས་ཀ་མིན་པ་ལ་དོན་ལྟ་བུའོ།།

 

༣༡༽ དྲི་བ། རྣམ་དབྱེ་དྲུག་གསུམ་གྱི་སྒྲ་སྦྱོར་བསྟན་པའི་རྩ་བ་ངོས་འཛིན་ཏེ་རྣམ་དབྱེ་དེ་གཉིས་ཀྱི་སྒྲ་སྦྱོར་མཚུངས་མིན་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །ཞེས་པ་ལྟར་སྒྲ་སྦྱོར་སྐབས་རྗེས་འཇུག་ན་མ་ར་ལ་བཞིའི་རྗེས་སུ་ཕྲད་གྱི་དང༌། རྗེས་འཇུག་ད་བ་ས་གསུམ་གྱི་རྗེས་སུ་ཕྲད་ཀྱི། རྗེས་འཇུག་ག་ང་གཉིས་ཀྱི་རྗེས་སུ་ཕྲད་གི རྗེས་འཇུག་འ་དང་མཐའ་མེད་གཉིས་ཀྱི་རྗེས་སུ་ཕྲད་འི་ཡི་གཉིས་གང་རིགས་སྦྱོར་དགོས་པ་མཚུངས་པ་ཡིན་ནོ།།

 

༣༢༽ དྲི་བ། རྒྱན་སྡུད་བསྟན་པའི་རྩ་བ་ངོས་འཛིན་ནས་རྒྱན་སྡུད་ཀྱི་མཚན་ཉིད་དང༌། རྒྱན་སྡུད་གཉིས་ཀྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་ད་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཞེས་པས་རྒྱན་སྡུད་བསྟན་ཅིང༌། རྒྱན་སྡུད་ཀྱི་གོ་དོན་ནི་མཐུན་མིན་གྱི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ནས་ཁྱད་པར་གྱི་ཚིག་མཛེས་པར་བྱེད་པ་ལ་ཚིག་རྒྱན་དང༌། གཞིའམ་དོན་གཞན་ཞིག་སྡུད་ནས་སྟོན་པར་བྱེད་པ་ལ་སྡུད་པ་ཞེས་བྱའོ།།

 

༣༣༽ དྲི་བ། ཚིག་རྒྱན་ལ་དབྱེ་བ་ཇི་ཡོད་དང༌། ཚིག་རྒྱན་གྱི་ནང་གསེས་དབྱེ་བ་རྣམས་ཀྱི་མཚན་ཉིད་དང་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ཚིག་རྒྱན་ལ་མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་གཉིས་སོ།།

མཐུན་པའི་ཆོས་གཉིས་གཞི་གཅིག་ལ་སྦྱར་ནས་ཁྱད་པར་གྱི་ཚིག་མཛེས་པར་བྱེད་པ་ནི་མཐུན་པའི་ཚིག་རྒྱན་སྟེ། དཔེན་ན། དཀར་ཡང་དཀར་ལྟ་བུའོ། །ཚིག་དོན་སྔ་ཕྱི་འགལ་བའམ་མི་མཐུན་པའི་ཆོས་གཉིས་གཞི་གཅིག་ལ་སྦྱར་བ་ནི་མི་མཐུན་པའི་ཚིག་རྒྱན་ཡིན་ཏེ། དཔེར་ན་རྒྱུ་ནོར་ཕྱུག་ཀྱང་ཤེས་ཡོན་དབུལ་ལྟ་བུའོ།།

 

༣༤༽ དྲི་བ། སྡུད་པའི་མཚན་ཉིད་དང༌། སྡུད་པར་ནང་གསེས་དབྱེ་བ་ཇི་ཡོད་ཀྱི་གྲངས་འདྲེན་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ཚིག་དོན་ལ་དངོས་སུ་མ་གསལ་ཡང་གཞིའམ་དོན་གཞན་ཞིག་ཤུགས་ལ་འདྲེན་པ་ཞིག་སྟེ། དེ་ལ་དབྱེ་ན། ༡ སུམ་ཅུ་པ་ཡང་མ་ཤེས་ན་རྟགས་འཇུག་ལྟ་ཅི་སྨོས་ལྟ་བུ་གོང་མས་འོག་མ་སྡུད་པ་དང༌། ༢ བོད་ཡིག་མ་ཟད་དབྱིན་ཡིག་ཀྱང་ཤེས་ལྟ་བུ་འོག་མས་གོང་མ་སྡུད་པ་དང༌། ༣ བདག་ཀྱང་འགྲོ་ལྟ་བུ་གཞན་སྡུད་པ་དང༌། ༤ བོད་པ་ཡིན་ལ་གྲྭ་པ་ཡང་ཡིན་ལྟ་བུ་གཞི་མཐུན་སྡུད་པ་དང་བཞིའོ།།

 

༣༥༽ དྲི་བ། ཚིག་རྒྱན་དང་སྡུད་པ་གཉིས་ཀྱི་སྒྲ་སྦྱོར་བསྟན་པའི་རྩ་བ་ངོས་འཛིན་དང༌། རྒྱན་སྡུད་གཉིས་ཀྱི་སྒྲ་ཡི་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཞེས་པ་ལྟར་རྗེས་འཇུག་ག་ད་བ་ས་བཞི་དང་ད་དྲག་གམ་ད་ཡང་འཇུག་གི་རྗེས་སུ་རྒྱན་སྡུད་ཀྱི་ཕྲད་ཀྱང་དང༌། རྗེས་འཇུག་ང་ན་མ་ར་ལ་ལྔ་ཡི་རྗེས་སུ་རྒྱན་སྡུད་ཀྱི་ཕྲད་ཡང༌། རྗེས་འཇུག་འ་དང་མཐའ་མེད་གཉིས་ཀྱི་རྗེས་སུ་རྒྱན་སྡུད་ཀྱི་ཕྲད་འང་དང་ཡང་གང་རིགས་སྦྱོར་དགོས་སོ།།

 

༣༦༽ དྲི་བ། ལྷག་བཅས་བསྟན་པའི་རྩ་བ་ངོས་འཛིན་ནས་ལྷག་བཅས་ཀྱི་གོ་དོན་དང༌། ལྷག་བཅས་ལ་ཕྲད་ཇི་ཡོད་དང་དེ་དག་གང་ཡིན་ནམ།

ལན། བསྟན་བྱའི་ཚིག་དོན་གྱི་ལྷག་མ་ཡོད་པར་སྟོན་པའམ་ལྷག་མ་དང་བཅས་པ་འདྲེན་པའི་དོན་དུ་འགྱུར་བ་ཞིག་ལ་ལྷག་བཅས་ཞེས་དང༌། རྩ་བ་ལས། ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ཞེས་པ་ལྟར་ལྷག་བཅས་ཀྱི་ཕྲད་ལ་སུམ་ཅུ་པ་ནས་གསུངས་པ་ལྟར་ཤུགས་བསྟན་ཏེ་རྐྱང་དང༌། འོག་ནས་ཕྲད་རང་དབང་ཅན་གྱི་སྐབས་ནས་བྱུང་བའི་དེ་དང༌། དངོས་བསྟན་གྱི་ཕྲད་ས་སྟེ་བཅས་ཕྲད་གསུམ་མོ།།

 

༣༧༽ དྲི་བ། ལྷག་བཅས་ཀྱི་སྒྲ་སྦྱོར་བསྟན་པའི་རྩ་ཚིག་ངོས་འཛིན་དང༌། དེ་ལས་ལྷག་བཅས་ཀྱི་སྒྲ་ཡི་སྦྱོར་ཚུལ་ཇི་ལྟར་བསྟན་ཡོད་དམ།

ལན། ལེགས་བཤད་ལྗོན་དབང་ལས། ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །ཅེས་པ་ལྟར། ༡ རྗེས་འཇུག་ན་ར་ལ་ས་བཞི་དང་ད་དྲག་བཅས་ཀྱི་མཐར་ལྷག་བཅས་ཀྱི་ཕྲད་ཏེ་དང༌། ༢ རྗེས་འཇུག་དའི་རྗེས་སུ་ལྷག་བཅས་ཀྱི་ཕྲད་དེ་དང༌། ༣ རྗེས་འཇུག་ག་ང་བ་མ་འ་དང་མཐའ་མེད་བཅས་ཀྱི་རྗེས་སུ་ལྷག་བཅས་ཀྱི་ཕྲད་ས་སྟེ་བཅས་སྦྱོར་དགོས་པར་བསྟན་པའོ།།

 

༣༨༽ དྲི་བ། ལྷག་བཅས་ཀྱི་ནང་གསེས་དབྱེ་བ་རྒྱས་པ་དང་བསྡུས་པ་གཉིས་ལ་གྲངས་ཇི་ཡོད་དང༌། དབྱེ་བ་དེ་དག་གང་དང་གང་ཡིན་ནམ།

ལན། ལྷག་བཅས་ཀྱི་དབྱེ་བ་བསྡུས་པར་མཚམས་སྦྱོར་དང༌། དམ་བཅའ། གཞན་འདྲེན་དང་གསུམ་མོ། །རྒྱས་པར་དབྱེ་ན། མཚམས་སྦྱོར་ལ་བྱེད་པས་བྱ་བ་འདྲེན་པ་དང༌། བྱ་བས་བྱ་བ་འདྲེན་པ། བྱ་བ་གཉིས་ཅིག་ཅར་དུ་འདྲེན་པ་དང་གསུམ། དམ་བཅའ་ལ་དབྱེ་བ་འདྲེན་པ་དང༌། གཏན་ཚིགས་འདྲེན་པ། རྒྱས་བཤད་འདྲེན་པ། ངེས་ཚིག་འདྲེན་དང་བཞི། དེ་མིན་གཞན་འདྲེན་དང་བརྒྱད་ཡོད་དོ།།

 

༣༩༽ དྲི་བ། འབྱེད་སྡུད་བསྟན་པའི་རྩ་བ་ངོས་འཛིན་ཏེ་འབྱེད་སྡུད་ཀྱི་མཚན་ཉིད་དང༌། འབྱེད་སྡུད་གཉིས་ཀྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །ཞེས་པ་ལྟར་འབྱེད་པའི་གོ་དོན་ནི།  དབྱེ་གཞི་གཅིག་ལས་དབྱེ་བའི་རྣམ་གྲངས་དུ་མ་སོ་སོར་འབྱེད་པ་དང༌། ཕྱེ་ཟིན་པའི་དབྱེ་བ་རྣམས་དབྱེ་གཞི་གཅིག་གི་ནང་དུ་སྡུད་པ་ལ་འབྱེད་སྡུད་ཅེས་བྱ་ཞིང༌། དཔེར་ན། ཇའམ་ཆང་ནི་བཏུང་བྱའོ། །བཏུང་བྱ་ནི་ཇའམ་ཆང་གང་རུང་ངོ་ལྟ་བུའོ།།

 

༤༠༽ དྲི་བ། འབྱེད་སྡུད་ཀྱི་སྒྲ་སྦྱོར་གང་གི་སྐབས་དང་མཚུངས་མིན་དང༌། གམ་སོགས་འབྱེད་སྡུད་མིན་པའི་དོན་གང་ཞིག་སྟོན་པར་འཇུག་གམ།

ལན། ལྗོན་དབང་ལས། སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།

ཞེས་པ་ལྟར་འབྱེད་སྡུད་ཀྱི་སྒྲ་སྦྱོར་སླར་བསྡུའི་སྒྲ་སྦྱོར་དང་མཚུངས་ཏེ། དཔེར་ན། དྲག་ཡོད་ཏམ་དང་མཐའ་མེད་འམ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །ཞེས་ཁ་བསྒྱུར་མཛད་ན་འགྲིགས་ཤིང༌། གམ་སོགས་འབྱེད་སྡུད་མིན་པའི་དོན་གཞན་གདམ་ག་དང༌། ཐེ་ཚོམ། དྲི་བ་བཅས་ལའང་འཇུག་པ་ཡོད་དོ།།

 

༤༡༽ དྲི་བ། ལྗོན་དབང་ལས། ར་རུ་འི་ཡི་འང་ཡང་རྣམས།།

ཞེས་པའི་ཚིགས་བཅད་ཀྱིས་དོན་གྱི་སྦྱོར་བ་གང་དང་གང་ལ་འཇུག་གམ།

ལན། ལ་དོན་གྱི་ར་རུ་དང༌། ཨི་ལྡན་གྱི་འི་ཡི། རྒྱན་སྡུད་ཀྱི་འང་ཡང༌། སླར་བསྡུའི་འོ། མིང་གི་འུ། འབྱེད་སྡུད་ཀྱི་འམ་རྣམས་རྐང་པ་ཁ་སྐོང་དགོས་ན་ཕྲད་རུ་ཡི་ཡང་དང༌། ཁ་སྐོང་མི་དགོས་ན་ཕྲད་ར་འི་འང་རྣམས་ཐོབ་པ་ལས་དོན་ལ་ཁྱད་པར་མི་འགྱུར་ཅིང༌། དེ་བཞིན་འོ་འུ་འམ་རྣམས་ཀྱང་རྐང་པ་ཁ་སྐོང་དགོས་མིན་གྱི་དབང་ལས་གོང་དུ་ཚེག་ཡོད་མེད་ཀྱི་ཁྱད་པར་ཙམ་ལགས་སོ།།

 

༤༢༽ དྲི་བ། འབྱུང་ཁུངས་བསྟན་པའི་རྩ་བ་ངོས་འཛིན་དང༌། འབྱུང་ཁུངས་དངོས་དང་འབྱུང་ཁུངས་ཆ་འདྲའི་མཚན་ཉིད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ནས་ལས་འབྱུང་ཁུངས་དགར་སྡུད་དེ། །

འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །ཞེས་པ་ལྟར་ཆོས་གང་ཞིག་གང་ལས་བྱུང་བའི་ཁུངས་གཙོ་བོར་སྟོན་པའི་ནས་ལས་ཀྱི་ཕྲད་དང་ལྡན་པའི་རྣམ་དབྱེ་ཞིག་ལ་འབྱུང་ཁུངས་དངོས་དང༌། ཆོས་དེ་གནས་སྐབས་ཙམ་གཞི་དེ་ལས་བྲལ་བའམ་བྱེ་བའམ་ལྷུང་བའི་ཁུངས་གཙོ་བོར་སྟོན་པ་ཞིག་ལ་འབྱུང་ཁུངས་ཆ་འདྲ་ཞེས་བྱ་བའོ།།

 

༤༣༽ དྲི་བ། ནས་ལས་ཀྱི་དགར་བ་དང༌། སྡུད་པ་བསྟན་པའི་ལྗོན་དབང་རྩབ་ངོས་འཛིན་ཏེ་དགར་སྡུད་གཉིས་ཀྱི་གོ་དོན་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། རིགས་མཐུན་དགར་ནས་མི་མཐུན་ལས།།

སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཅེས་གསུངས་པ་ལྟར་དགར་བའི་དོན་ནི་རིགས་ལ་སོགས་པ་དགར་གཞི་ལས་དགར་བྱའི་ཁྱད་ཆོས་སམ་འབྱེད་བྱེད་ཀྱི་དོན་དེ་ལོགས་སུ་དགར་བ་ཙམ་ལ་དགར་བ་ཞེས་བྱ་ཞིང༌། ཡུལ་དུས་དངོས་གྲངས་བཞི་པོ་རྣམས་མཚམས་འཛིན་ཅིང་སྡུད་པའི་དོན་ཅན་ཞིག་ལ་སྡུད་པ་ཞེས་བྱ་བ་ཡིན་ནོ།།

 

༤༤༽ དྲི་བ། རིགས་མཐུན་དགར་བའི་དོན་དང༌། གང་འདྲ་ཞིག་ལ་རིགས་མཐུན་དགར་བ་ཟེར་མིན་དང༌། དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། རིགས་མཐུན་དགར་ནས། །ཞེས་དགར་གཞི་དང་དགར་བྱ་གཉིས་རིགས་མཐུན་གྱི་ནང་ནས་དགར་ཆོས་ཀྱིས་ལོགས་སུ་དགར་བ་དེ་ནས་སྒྲས་སྟོན་པས་ན་རིགས་མཐུན་དགར་བ་ཞེས་བྱ་སྟེ། དཔེར་ན། བྱ་ཡི་ནང་ནས་རྨ་བྱ་མཛེས་ལྟ་བུའི་བྱ་ནི་དགར་གཞི་དང༌། ནས་ནི་དགར་བའི་ཕྲད། རྨ་བྱ་ནི་དགར་བྱ། ཁྱད་ཆོས་སམ་འབྱེད་བྱེད་ནི་མཛེས་པ་དེ་ཡིན་ནོ།།

 

༤༥༽ དྲི་བ། སྡུད་པའི་གོ་དོན་དང༌། སྡུད་པར་ནང་གསཻས་དབྱེ་བ་ཇི་ཡོད་ཀྱི་གྲངས་ངེས་དང༌། སྡུད་པའི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། རྗོད་བྱེད་ཚིག་གི་མགོ་དང་རྔ་མ་ལས་བར་གྱི་ཆོས་རྣམས་བསྡུས་ནས་སྟོན་པ་ལ་སྡུད་པ་ཞེས་བྱ་བ་དང༌། སྡུད་པ་ལ་ནང་གསེས་དབྱེ་ན། གཅིག་ནས་བརྒྱ་བར་ལྟ་བུ་གྲངས་སྡུད་པ་དང༌། བོད་ནས་རྒྱ་གར་བར་ལྟ་བུ་ཡུལ་སྡུད་པ། མགོའི་ཞྭ་ནས་རྐང་པའི་ལྷམ་བར་ལྟ་བུ་དངོས་པོ་སྡུད་པ་དང༌། འདི་ལོ་ནས་ཕྱི་ལོ་བར་ལྟ་བུ་དུས་སྡུད་པ། སྟེང་ནས་འོག་བར་ལྟ་བུ་གནས་སྡུད་པ་དང་ལྔའོ།།

 

༤༦༽ དྲི་བ། འབྱུང་ཁུངས་དང༌། རིགས་མཐུན་མི་མཐུན་གྱི་དགར་བ་དང༌། སྡུད་པ་སོ་སོར་ནས་ལས་ཀྱི་ཕྲད་གང་ཞིག་འབྲི་དགོས་སམ།

ལན། ལྗོན་དབང་ལས། འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།།

རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག།

ཅེས་པ་ལྟར་འབྱུང་ཁུངས་དངོས་དང༌། འབྱུང་ཁུངས་ཆ་འདྲ། འབྱུང་ཁུངས་རྗེས་མཐུན་གསུམ་ལ་ཕྲད་ནས་ལས་གང་རིགས་དང༌། རིགས་མཐུན་དགར་བར་ནས་སྒྲ་དང༌། རིགས་མི་མཐུན་དགར་བར་ལས་སྒྲ། སྡུད་པར་ནས་ཀྱི་སྒྲ་ཁོ་ན་སྦྱར་དགོས་སོ།།

 

༤༧༽ དྲི་བ། ནས་ལས་གཉིས་འབྱུང་ཁུངས་དང༌། དགར་སྡུད་གཉིས་མིན་པའི་དོན་གཞན་གང་ལ་འཇུག་མིན་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ནས་ལས་ཀྱི་སྒྲའམ་ནས་ལས་ཀྱི་ཕྲད་གཉིས་པོ་འབྱུང་ཁུངས་དང༌། དགར་སྡུད་མིན་པའི་དོན་གཞན་ལ་འཇུག་པ་ཡོད་དེ། དུ་བ་མཐོང་བ་ལས་མེ་ཡོད་པ་ཤེས་ལྟ་བུ་རྒྱུ་མཚན་སྟོན་པ་ལ་འཇུག་པ་དང༌། འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ལྟ་བུ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ་དང༌། གྲོ་ནས་སྲན་གསུམ་གྱི་ནས་དང་ལས་རྒྱུ་འབྲས་ཀྱི་ལས་ལྟ་བུ་མིང་ལའང་འཇུག་གོ།

 

༤༨༽ དྲི་བ། འབོད་སྒྲའི་ཕྲད་རྩ་བས་དངོས་ཤུགས་སུ་བསྟན་པ་གང་ཡིན་དང་ཕྲད་དེ་དག་འཇུག་ཡུལ་མཆོག་དམན་ལ་སྦྱར་ཚུལ་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ཞེས་ལྗོན་དབང་ལས་ཀྱེ་དང་ཀྭ་ཡེ་གཉིས་དངོས་བསྟན་དང༌། ཤུགས་སུ་ཝ་ཡེ་བསྟན་ཅིང༌། དེ་དག་ལས་ཀྱེ་སྒྲ་ནི་ཀྱེ་རྒྱལ་པོ་ལྟ་བུ་ཡུལ་མཆོག་ལ་ཀྱེ་སྒྲ་དང༌། ཀྭ་ཡེ་གྲོགས་པོ་ལྟ་བུ་རང་དང་ཡུལ་མཉམ་པར་ཀྭ་ཡེ་དང༌། ཝ་ཡེ་མ་གཡོག་ལྟ་བུ་རང་ལས་ཡུལ་དམན་པར་ཝ་ཡེ་སྒྲ་རྣམས་སྦྱོར་དགོས་སོ།།

 

༤༩༽ དྲི་བ། ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ཀྱི་མཚན་ཉིད་དང་དེ་གཉིས་ལ་དབྱེ་བ་ཇི་ཡོད་དང༌། དེ་དག་གང་དག་ཡིན་ནམ།

ལན། རྗེས་འཇུག་ལ་ལྟོས་ནས་སྦྱོར་མི་དགོས་པར་ཕྲད་རང་དབང་ཅན་དང༌། རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པར་ཕྲད་གཞན་དབང་ཅན་ནོ། །གཞན་དབང་ཅན་རྣམ་དབྱེ་དང་བཅས་ལ་སླར་བསྡུ། ལ་དོན། ཨི་ལྡན། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། འབོད་སྒྲ་དང་བརྒྱད་དོ། །རང་དབང་ཅན་ལ་ནི་སྒྲ་དང༌། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་དང་དྲུག་གོ།

 

༥༠༽ དྲི་བ། ཕྲད་གཞན་དབང་ཅན་གྱི་ཁོངས་སུ་རང་དབང་ཅན་ཇི་ཡོད་དང༌། དེ་དག་གཞན་དབང་ཅན་གྱི་ཁོངས་སུ་བཞག་དགོས་དོན་ཅི།

ལན། ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པའི་ཁོངས་སུ་ཕྲད་རང་དབང་ཅན་ལ་དོན་གྱི་ན་ལ་གཉིས་དང༌། འབྱུང་ཁུངས་ཀྱི་ནས་ལས་གཉིས། འབོད་སྒྲ་བཅས་དང༌། དེ་དག་རྣམ་དབྱེ་ཡིན་པའི་ཆ་ནས་ཕྲད་གཞན་དབང་ཅན་གྱི་ཁོངས་སུ་བཞག་པ་ནི་རྣམ་དབྱེ་རྣམས་སྡེ་ཚན་གཉིས་སུ་མི་འགྲོ་བའི་དགོས་པ་ལས། དེ་དག་ཕྲད་གཞན་དབང་ཅན་ཡིན་པའི་རྒྱུ་མཚན་གྱིས་བཞག་པ་མ་ཡིན་ནོ།།

 

༥༡༽ དྲི་བ། ཕྲད་དང་རྣམ་དབྱེ་གཉིས་ཀྱི་གོ་དོན་དང༌། དེ་གཉིས་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་ཡོད་དམ།

ལན། རང་གཅིག་པུས་དོན་ཅི་ཡང་སྟོན་མི་ནུས་ཤིང་མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་དུ་འོས་ཤིང་འཚམས་པར་ཕྲད་ན་བརྗོད་དོན་གང་ཡིན་པ་དེ་ཉིད་སྟོན་པར་ཕན་ཐོགས་པའི་ཡི་གེ་ཞིག་ལ་ཕྲད་དང༌། ཆོས་གང་ཡང་རུང་བ་ཞིག་གི་རྣམ་པ་གཞན་དང་མ་འདྲེས་པར་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་ཞིང༌། དེ་གཉིས་ལ་མི་འདྲ་བའི་ཁྱད་པར་མུ་བཞི་ཡོད་དོ།།

 

༥༢༽ དྲི་བ། ནི་སྒྲས་དགར་བའི་མཚན་ཉིད་དང༌། དེ་ལ་དབྱེ་བ་ཇི་ཡོད། ནི་སྒྲས་དགར་བའི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ནི་ནི་དགར་དང་བརྣན་པའི་སྒྲ། །ཞེས་པ་ལྟར། ནི་སྒྲ་དེ་དགར་གཞི་གང་རུང་ཞིག་ལས་དགར་ཆོས་ཁྱད་པར་ཅན་དེས་ལོགས་སུ་བཀར་བ་ནི་དགར་བའི་དོན་དང༌། དེ་ལ་དབྱེ་ན། ཡོན་ཏན་ཅན་ནི་མི་ཡི་མཆོག་ལྟ་བུ་མཆོག་ཏུ་དགར་བ་དང༌། གཡོ་སྒྱུ་ཅན་ནི་མི་ཡི་ཐ་མ་ཡིན་ལྟ་བུ་དམན་པར་དགར་བ་དང༌། བོད་ནི་རྒྱ་དང་མི་འདྲ་ལྟ་བུ་ཐ་དད་ཙམ་དུ་དགར་བ་དང་གསུམ་མོ།།

 

༥༣༽ དྲི་བ། ནི་སྒྲ་མཆོག་ཏུ་དགར་བ་དང༌། དམན་པར་དགར་བ༑ ཐ་དད་ཙམ་དུ་དགར་བ་གསུམ་པོ་སོ་སོའི་མཚན་ཉིད་གང་ཡིན་ནམ།

ལན། དགར་གཞི་ལས་དགར་བྱ་ལོགས་སུ་བཀར་ཏེ་ཁྱད་པར་དགར་ཆོས་ལེགས་པའི་ཆ་ནས་སྨོས་པ་ཞིག་ལ་མཆོག་ཏུ་དགར་བ་དང༌། དགར་གཞི་ལས་དགར་བྱ་ལོགས་སུ་བཀར་ནས་ཁྱད་པར་དགར་ཆོས་དམན་པའི་ཆ་ནས་སྨོས་པ་ཞིག་ལ་དམན་པར་དགར་བ། དགར་གཞི་དང་དགར་བྱ་གཉིས་ཐ་དད་ཙམ་དུ་དགར་བ་ལས་དགར་ཆོས་མ་སྨོས་པ་ཞིག་ལ་ཐ་དད་ཙམ་དུ་དགར་བ་ཞེས་བྱའོ།།

 

༥༤༽ དྲི་བ། ནི་སྒྲ་བརྣན་པ་ལ་འཇུག་པའི་གོ་དོན་དང༌། འཇུག་ཡུལ་གཉིས་ལས་ནི་སྒྲ་བརྣན་པར་འཇུག་པའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དོན་གང་ལ་ནན་ཏན་གྱི་སྒོ་ནས་འཇུག་པར་བསྟན་པ་ནི་ནི་སྒྲ་བརྣན་པའི་དོན་ཏེ། དཔེར་ན། བློ་རིག་གསལ་བའི་དུས་འདིར་སློབ་ལ་བརྩོན་པ་ནི་ཐབས་ཀྱི་མཆོག་ཡིན་ལ། དེ་ལས་ལྡོག་སྟེ་གཏི་མུག་ལེ་ལོའི་མལ་དུ་ཞུགས་པ་ནི་སྨྱོན་པའམ་མི་ཡི་ཐ་མ་ཡིན། དེས་ན་ཤེས་ཡོན་གྱི་རྒྱ་མཚོ་ནས་ཡོན་ཏན་གྱི་ནོར་བུ་ལེན་ན་སླད་ཁྱོད་ནི་ཤེས་ནོར་ནི་ཕྱུག་ཅིང༌། བློ་རྒྱ་ནི་ཟབ་པའི་མཁས་པར་འགྱུར་རོ་ལྟ་བུའོ།།

 

༥༥༽ དྲི་བ། ནི་སྒྲ་དགར་བ་དང༌། བརྣན་པ་གཉིས་ལས་གཞན་དོན་གང་དག་ལ་འཇུག་མིན་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ནི་སྒྲ་དགར་བ་དང་བརྣན་པ་གཉིས་ལས་དོན་གཞན་ལ་འཇུག་པ་ཡོད་དེ། ལེ་ལོས་མི་ཤེས་མུན་ནས་ནི། །ནམ་ཡང་ཐར་བར་མི་སྲིད་པས། །བརྩོན་པས་དཀའ་བ་སྤྱད་ནས་ནི། །མཁས་པའི་གོ་འཕང་ཐོབ་ལ་བརྩོན། །ལྟ་བུ་ཚིགས་བཅད་ཁ་སྐོང་ལ་འཇུག་པ་དང༌། ང་ནི་དགེ་རྒན་ཁོང་ནི་སློབ་མ་སྟེ། །ཁྱེད་ནི་བོད་མི་དེ་ནི་བོད་ལྗོངས་སོ། །ལྟ་བུ་ནི་སྒྲ་ངེས་བཟུང་ལ་འཇུག་པ་གཉིས་སོ།།

 

༥༦༽ དྲི་བ། ཕྲད་རང་དབང་ཅན་དང་སྒྲ་བསྟན་པའི་རྩ་བ་ངོས་འཛིན་ཏེ་དང་སྒྲའི་དོན་གྱི་འཇུག་ཡུལ་ལ་ཇི་ཡོད་དང༌། དེ་དག་གང་ཡིན་ནམ།

ལན། ལྗོན་དབང་ལས། དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །ཅེས་གསུངས་པ་ལྟར་རྣམ་གྲངས་དུ་མ་གཞི་གཅིག་ཏུ་སྡུད་པ་དང༌། རྣམ་གྲངས་དུ་མ་སོ་སོར་འབྱེད་པ་དང༌། རྒྱུ་མཚན་ཏེ་གཏན་ཚིགས་སྟོན་པ་དང༌། ཚེ་སྐབས་ཏེ་དུས་ཚོད་སྟོན་པ་དང༌། གདམས་ངག་སྟེ་གཞན་ལ་ཕན་པའི་བསླབ་བྱ་སོགས་དོན་ལྔ་པོ་རྣམས་ལ་འཇུག་པ་ཡིན་ནོ།།

 

༥༧༽ དྲི་བ། དང་སྒྲ་སྡུད་བྱེད་དང༌། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་དོན་ལྔ་ལ་འཇུག་པའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དཔེར་ན། ཁྲིམས་བཟོ་དང༌། ཁྲིམས་ཞིབ་དང༌། འཛིན་སྐྱོང་གསུམ་ནི་མང་གཙོའི་ཀ་བ་གསུམ་མོ་ལྟ་བུ་སྡུད་པ་དང༌། མང་གཙོའི་ཀ་བ་གསུམ་ནི་ཁྲིམས་བཟོ་དང༌། ཁྲིམས་ཞིབ་དང༌། འཛིན་སྐྱོང་གསུམ་ལྟ་བུ་འབྱེད་པ། སྨན་བཟས་པ་དང་ནད་དྲག་ལྟ་བུ་རྒྱུ་མཚན་དང༌། ཉི་མ་ཤར་བ་དང་ཕྱིན་ལྟ་བུ་ཚེ་སྐབས་དང༌། ལེགས་པར་སློབས་དང་རང་ལ་ཕན་ལྟ་བུ་གདམས་ངག་གོ།

 

༥༨༽ དྲི་བ། སྡུད་འབྱེད་གཉིས་ཀྱི་མཚན་ཉིད་དང༌། གམ་སོགས་ཀྱི་འབྱེད་སྡུད་དང་དང་སྒྲའི་འབྱེད་སྡུད་ལ་མི་འདྲ་བའི་ཁྱད་པར་གང༌།

ལན། ལྗོན་དབང་ལས། དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །ཅེས་གསུངས་པ་ལྟར། ཕྱེ་ཟིན་པའི་དབྱེ་བ་རྣམས་དབྱེ་གཞི་གཅིག་གི་ནང་དུ་སྡུད་པ་ལ་སྡུད་པ་དང༌། དབྱེ་གཞི་གཅིག་ལས་དབྱེ་བའི་རྣམ་གྲངས་དུ་མ་སོ་སོར་འབྱེད་པ་ལ་འབྱེད་པའོ།།

གམ་སོགས་ཀྱིས་འབྱེད་པར་གདམ་ག་ཅུང་ཟད་འདྲེས་པ་ལས་གཞན་དང་སྒྲས་འབྱེད་པ་དང་མཚུངས་སོ།།

 

༥༩༽ དྲི་བ། དང་སྒྲ་རྒྱུ་མཚན་ལ་འཇུག་པ་དང༌། ཚེ་སྐབས་ལ་འཇུག་པའི་གོ་དོན་དང༌། དེ་གཉིས་ཀྱི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། རྒྱུ་དེའི་རྐྱེན་གྱིས་འབྲས་བུ་འདི་འབྱུང་ལྟ་བུ་གཏན་ཚིགས་འདྲེན་པར་རྒྱུ་མཚན་ལ་འཇུག་པ་ཞེས་བྱ་སྟེ། དཔེར་ན། དུ་བ་མཐོང་བ་དང་མེ་ཡོད་པ་ཤེས་ལྟ་བུའོ། །ཚེ་དང་སྐབས་གཉིས་དང་འདྲ་བར་དུས་ཚོད་གཙོ་བོར་སྟོན་པའི་དང་སྒྲའི་ཕྲད་དང་ལྡན་པ་ཞིག་ལ་དང་སྒྲ་ཚེ་སྐབས་ལ་འཇུག་པ་ཞེས་བྱ་སྟེ། དཔེར་ན། ཉི་མ་ཤར་བ་དང་འགྲོ། སྐྱ་རེངས་འཆར་བ་དང་མལ་ལས་ལངས་ལྟ་བུ་ཡིན་ནོ།།

 

༦༠༽ དྲི་བ། དང་སྒྲ་གདམས་ངག་ལ་འཇུག་པའི་མཚན་ཉིད་དང༌། དཔེར་བརྗོད་དང༌། དང་སྒྲ་དེ་ཉིད་ཕྲད་རང་གཞན་ཅན་གང་ཞིག་ཡིན་ནམ།

ལན། གཞན་ལ་ཕན་པའི་བསླབ་བྱའམ་གདམས་ངག་འདོམས་པ་སྟེ་སྐུལ་བའི་ཚིག་དང་འདྲེས་ནས་འཇུག་པ་སྟེ། དཔེར་ན། ལེགས་པར་སློབས་དང་རང་ལ་ཕན། བརྩོན་འགྲུས་རྩོམས་དང་ལྟ་བུའོ། །དང་སྒྲ་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ལས་ཕྲད་རང་དབང་ཅན་ཡིན་ཏེ། རང་ཉིད་ཕྲད་དུ་སྦྱར་བའི་ཚེ་གོང་གི་རྗེས་འཇུག་ལ་ལྟོས་མི་དགོས་པས་ཕྲད་རང་དབང་ཅན་ཞེས་བྱ་བའོ།།

 

༦༡༽ དྲི་བ། དེ་སྒྲ་བསྟན་པའྀ་རྩ་བ་ངོས་འཛིན་ཏེ་དེ་སྒྲའི་དོན་གྱི་འཇུག་ཡུལ་ལ་ཇི་ཡོད་དང༌། འཇུག་ཡུལ་དེ་དག་གི་དཔེ་བཅས་ཇི་ལྟར་ཡིན།

ལན། ལྗོན་དབང་ལས། མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་གསུངས་པ་ལྟར་དེ་སྒྲ་དེ་སྤྱིར་དོན་མང་པོར་འཇུག་པ་བཤད་ཀྱང༌། མདོར་བསྡུས་ན༑ བུམ་པ་དེ་ལྟོ་བ་ལྡིར། དེ་ཆུ་སྐྱོར། དེ་དོན་བྱེད་ནུས་པའོ་ལྟ་བུ་ཐ་སྙད་འདས་མ་ཐག་པ་དང༌། དེ་ལ་བྲིས་ཤིག་ལྟ་བུ་རྣམ་གྲངས་གཞན་ཅན་ལ་འཇུག་པ་དང་གཉིས་སོ།།

 

༦༢༽ དྲི་བ། དེ་སྒྲའི་དོན་གྱི་འཇུག་ཡུལ་ལས་ཐ་སྙད་འདས་མ་ཐག་པ་དང༌། ཐ་སྙད་རྣམ་གྲངས་གཞན་ཅན་གཉིས་ཀྱི་མཚན་ཉིད་ཇི་ལྟར་ཡིན།

ལན། བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར་རྗོད་ཚུལ་དེ་ཉིད་ལ་ཐད་ཀར་བཏགས་པའི་དུས་འདས་པ་འཇུག་པ་ལ་ཐ་སྙད་འདས་མ་ཐག་པ་ཞེས་དང༌། ཚིག་ཟིན་དུ་དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་རྣམ་གྲངས་གཞན་ཞིག་གོ་རྒྱུ་ཡོད་པ་མཚོན་པར་འཇུག་པ་ལ་ཐ་སྙད་རྣམ་གྲངས་གཞན་དང༌། དེ་མིན་ཐ་སྙད་ལྷག་བཅས་གསུམ་ལ་འཇུག་ཀྱང་ཐ་སྙད་ལྷག་བཅས་ཀྱི་སྐོར་གོང་དུ་བཤད་ཟིན་ཏོ།།

 

༦༣༽ དྲི་བ། དེ་སྒྲའི་འཇུག་ཡུལ་ཐ་སྙད་དབང་གིས་གསུམ་པོ་མིན་པའི་དོན་གཞན་གང་དག་ལ་འཇུག་མིན་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། དེ་སྒྲའི་དོན་གྱི་འཇུག་ཡུལ་རྒྱས་པར་ཕྱེ་ན། སུམ་ཅུ་པ་ལས། ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་གྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པ་གསུངས་ལྟར་དེ་སྒྲ་དོན་དགུ་ལ་འཇུག་པ་གསུངས་ཀྱང་ལེགས་བཤད་ལྗོན་དབང་གི་ཚིག་ཟིན་ལྟར་ན་དོན་གཉིས་དང༌། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ལྟ་བུ་དེ་སྒྲ་ངེས་བཟུང་སོགས་ལ་འཇུག་པ་ཡོད་དོ།།

 

༦༤༽ དྲི་བ། ཕྲད་རང་དབང་ཅན་གྱི་དེ་སྒྲ་དེ་དུས་གསུམ་དང༌། བདག་དང་གཞན་སོགས་ལས་དོན་གང་དང་གང་ཞིག་ལ་མི་འཇུག་པ་ཡིན་ནམ།

ལན། དྲན་པའི་ཡེ་ཤེས་གྲགས་པས་སྨྲ་སྒོ་མཚོན་ཆར། བདག་ཉིད་ད་ལྟ་ཉིད་ལ་སྤངས། །ཞེས་པ་གསུངས་ལྟར་དེ་སྒྲ་དུས་གསུམ་ལས་དུས་ད་ལྟ་བར་མི་འཇུག་ཅིང༌། བདག་གཞན་གཉིས་ལས་བདག་ལ་མི་འཇུག་པ་དང༌། མངོན་ལྐོག་གཉིས་ལས་མངོན་གྱུར་ལ་མི་འཇུག་པ་དང༌། ཉེ་རིང་གཉིས་ལས་ཉེ་བ་ལ་མི་འཇུག་ཅིང་དེ་ལས་ལྡོག་པ་རྣམས་ལ་དེ་སྒྲ་འཇུག་པར་གསུངས་སོ།།

 

༦༥༽ དྲི་བ། སྤྱི་སྒྲ་བསྟན་པའི་རྩ་བ་ངོས་འཛིན་ཏེ་དེ་ལ་སྤྱི་སྒྲ་དང༌། གང་སྒྲ་ཞེས་པའི་མིང་གཉིས་རྒྱུ་མཚན་གང་གི་ཆ་ནས་བཏགས་སམ།

ལན། ལྗོན་དབང་ལས། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞེས་པ་ལྟར། གང་སྒྲ་དང་འཇུག་པ་མཐུན་པའི་ཅི་ཇི་སུ་གསུམ་སུམ་ཅུ་པ་ནས་ཤུགས་ལ་བསྟན་ཅིང་ཕྲད་དེ་དག་གིས་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་སྟོན་པས་ན་དོན་གྱི་ཆ་ནས་སྤྱི་སྒྲ་ཞེས་དང༌། སུམ་ཅུ་པ་ལས་གང་སྒྲ་དངོས་སུ་བསྟན་པས་ན་དངོས་བསྟན་ཕྲད་ཀྱི་ཆ་ནས་གང་སྒྲ་ཞེས་མིང་བཏགས་པ་ཡིན་ནོ།།

 

༦༦༽ དྲི་བ། སྤྱི་སྒྲའི་དོན་དང༌། སྤྱི་སྒྲའི་ཕྲད་རྣམས་དོན་གྱི་སྦྱོར་ཚུལ་སྐབས་ཚིག་གྲོགས་གང་དང་གང་གི་རྗེས་སུ་སྦྱར་དགོས་པ་ཡིན་ནམ།

ལན། སྤྱི་སྒྲའི་མཚན་ཉིད་ནི། དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་གཙོ་བོར་སྟོན་པས་ན་སྤྱི་སྒྲ་ཞེས་བྱ་བ་དང༌། ལྗོན་དབང་ལས། ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ཞེས་པ་ལྟར། སྤྱི་སྒྲའི་ཕྲད་ཅི་དང་ཇི་དང་སུ་དང་གང་རྣམས་དོན་གྱི་སྦྱོར་བའི་སྐབས་སུ་ཚིག་གྲོགས་དེ་དང་དེར་སྦྱོར་དགོས་པ་ཡིན་ནོ།།

 

༦༧༽ དྲི་བ། སྤྱི་སྒྲའི་ཕྲད་དེ་དག་ཕྲད་རང་དབང་ཅན་དང༌། ཕྲད་གཞན་དབང་ཅན་གང་ཡིན་དང་སྤྱི་སྒྲའི་ཕྲད་རྣམས་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། སྤྱི་སྒྲའི་ཕྲད་ཅི་ཇི་སུ་གང་རྣམས་ཕྲད་དུ་སྦྱར་བའི་ཚེ་གོང་གི་རྗེས་འཇུག་དག་ལ་ལྟོས་མི་དགོས་པས་ན་ཕྲད་རང་དབང་ཅན་ཡིན། འོན་ཀྱང་ཕྲད་དེ་དག་དོན་གྱི་འཇུག་ཚུལ་སྐབས། ཞིག་སྟེ་སླད་འདྲ་ཕྱིར་རྣམས་ཀྱི་སྔོན་དུ་ཕྲད་ཅི་དང༌། སྙེད་སྲིད་ལྟར་བཞིན་སྐད་རྣམས་ཀྱི་སྔོན་དུ་ཕྲད་ཇི་དང༌། གང་ཟག་ལ་སུ་དང༌། གང་ཀུན་ལ་འཇུག་པས་ན་དེ་ལྟར་སྦྱོར་དགོས་པར་བསྟན་པའོ།།

 

༦༨༽ དྲི་བ། སྤྱི་སྒྲ་ལ་ནང་གསེས་དབྱེ་བ་ཇི་ཡོད་ཀྱི་དཔེར་བརྗོད་དང༌། ཕྲད་དེ་དག་སྤྱི་སྒྲ་མིན་པའི་དོན་གཞན་གང་ལ་འཇུག་པ་ཡིན་ནམ།

ལན། སྤྱི་སྒྲ་ལ་དབྱེ་ན། གང་ཞིག་འཆད་རྩོད་རྩོམ་ལ་མཁས་འགྱུར་ན༑ ༑ལྟ་བུ་སྤྱི་སྒྲ་སྤྱི་ལ་འཇུག་པ་དང༌། སུམ་ཅུ་པ་ལས། གང་ལ་ཡོན་ཏན་མཆོག་མངའ་བའི། །ཞེས་པ་ལྟ་བུ་སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་དང་གཉིས་སོ༑ ༑གཞན་སྤྱི་སྒྲའི་ཕྲད་དེ་དག་སྤྱི་སྒྲ་ལས་གཞན་པའི་དོན་གཞན། ཁྱོད་སུ་ཡིན། ཕ་ཡུལ་གང༌། ན་ཚོད་ཇི་ཙམ་ཡིན། མིང་ལ་ཅི་ཟེར་ལྟ་བུ་དྲི་བ་འཇུག་པའང་ཡོད་དོ།།

 

༦༩༽ དྲི་བ། ལྗོན་དབང་ལས། སུ་ནི་གང་ཟག་གང་ཀུན་ལའོ། །

ཞེས་པའི་ནང་ཚན་གང་ཟག་ཅེས་དང༌། ཀུན་ཞེས་པ་རྣམས་ཇི་ལྟར་ཡིན་ནམ།

ལན། སུ་ནི་གང་ཟག །ཅེས་པར་སྒྲ་ཡང་དོག་གཉིས་ལས་སྒྲ་ཡངས་པའི་དབང་དུ་གང་ཟག་ཡིན་ནོ་ཅོག་ལ་འཇུག་པ་དང༌། སྒྲ་དོག་པའི་དབང་དུ་བྱས་ན་སྨྲ་ཤེས་དོན་གོ་བའི་གང་ཟག་ཁོ་ན་ལ་འཇུག་པ་གཉིས་ལས། སྐབས་འདིའི་གང་ཟག་ནི་སྒྲ་དོག་པའི་དབང་གི་གང་ཟག་ལ་གོ་བ་དང༌། གང་ཀུན་ལའོ། །ཞེས་པ་ནི་སེམས་ལྡན་གང་ཟག་དང་སེམས་མེད་བེམ་པོ་ཀུན་ལ་འཇུག་ཅེས་པའོ།།

 

༧༠༽ དྲི་བ། སྤྱི་སྒྲའི་དངོས་ཤུགས་གཉིས་ཀྱི་ཕྲད་ཅི་ཇི་སུ་གང་བཞི་པོ་དོན་གྱི་འཇུག་ཚུལ་སྐབས་ཚིག་གྲོགས་ལ་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ཞེས་པ་ལྟར་སྦྱོར་ཚུལ་ནི། ཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར། ཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད་རྣམས་སྦྱོར་ཞིང༌། སྨྲ་ཤེས་དོན་གོ་བའི་གང་ཟག་དེ་དང་འབྲེལ་བའི་རིགས་ལ་སུ་དང༌། གང་ནི་སེམས་ལྡན་དང་སེམས་མེད་བེམ་པོར་འཇུག་གོ།

 

༧༡༽ དྲི་བ། བདག་སྒྲ་བསྟན་པའི་རྩ་བ་ངོས་འཛིན་ནས་བདག་སྒྲའི་མཚན་ཉིད་དང༌། བདག་སྒྲ་ལ་དབྱེ་བ་ཇི་ཡོད་དང༌། དེ་དག་གང་དག་ཡིན་ནམ།

ལན། ལྗོན་དབང་ལས། ན་རོ་ཡོད་མེད་པ་བ་མ། །ཞེས་པ་ནས། སྦྱོར་བ་ལེགས། །ཞེས་སོགས་ལས་བདག་སྒྲ་བསྟན་ཅིང༌། མིང་མཐར་སྔར་མེད་གསར་དུ་སྦྱར་ནས་བདག་པོའི་དོན་གསལ་བར་བྱེད་པ་ཞིག་ལ་བདག་སྒྲ་ཞེས་བྱ་ཞིང༌། ན་རོ་ཡོད་མེད་པ་བ་མ། །ཞེས་པ་ལྟར། བདག་སྒྲའི་ཕྲད་ལ་ན་རོ་ཡོད་པ་པོ་བོ་མོ་གསུམ་དང༌། ན་རོ་མེད་པ་བ་མ་གསུམ་སྟེ་ལྗོན་དབང་ལས་ཕྲད་དྲུག་ཏུ་འདོད་དོ།།

 

༧༢༽ དྲི་བ། བདག་སྒྲའི་ཕྲད་རྣམས་སེམས་ལྡན་དང་སེམས་མེད་རྣམས་ལ་འཇུག་པ་དང༌། མི་འཇུག་པའི་ཁྱད་པར་གང་དག་ཡོད་དམ།

ལན། ལྗོན་དབང་ལས། ན་རོ་ཡོད་མེད་པ་བ་མ། །ཞེས་པ་ལྟར་ཕྲད་དྲུག་པོ་རྣམས་དངོས་པོ་སོགས་གང་ཞིག་གང་ལ་ཡོད་པར་སྟོན་པའི་ཆ་ནས་བདག་པོའི་དོན་ཅན་དུ་སོང་བས་བདག་སྒྲའི་ཕྲད་དངོས་ཡིན་ལ། ཅན། ལྡན། མཁན་སོགས་སེམས་ལྡན་གང་ཟག་དང་སེམས་མེད་བེམ་པོ་ཀུན་ལ་འཇུག་ཅིང་བདག་སྒྲའི་དོན་སྟོན་པར་མཚུངས་པས་བདག་སྒྲ་རྗེས་མཐུན་པར་འདོད་པ་ཡིན་ནོ།།

 

༧༣༽ དྲི་བ། བདག་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་དང༌། བདག་སྒྲ་ཕྲད་རང་དབང་ཅན་དང༌། ཕྲད་གཞན་དབང་ཅན་གཉིས་ལས་གང་ཡིན་ནམ།

ལན། ལྗོན་དབང་ལས། བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི༑ ༑ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་རྗེས་འཇུག་དེ་དང་དེའི་རྗེས་སུ་ཕྲད་དེ་དང་དེ་སྦྱོར་དགོས་པར་བསྟན་པ་ནི་བརྗོད་དོན་སྟོན་ཚུལ་དང་ངག་ནས་བརྗོད་བདེ་བ་སོགས་ཀྱིས་དེ་ལྟར་གསུངས་པ་ལས་གཞན་དབང་ཅན་ལྟར་སྒྲ་སྦྱོར་གསུངས་པ་མིན་ནོ།།

 

༧༤༽ དྲི་བ། བདག་སྒྲ་ལ་ཆ་ཡ་གཉིས་དང༌། ངེས་མེད་སོ་སོར་ཕྲད་གང་དང་གང་འབྲི་དགོས་མིན་དང༌། དེ་ཡི་རྒྱུ་མཚན་གང་ཡིན་ནམ།

ལན། ལྗོན་དབང་ལས། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ལྟར་རྒྱ་གར་བ་ལྟ་བུ་བདག་སྒྲའི་ཡིག་འབྲུ་ཡ་གྲངས་ཅན་དུ་གྱུར་པ་རྣམས་ལ་ཕྲད་བ་དང༌། ཞིང་པ་ལྟ་བུ་བདག་སྒྲའི་ཡིག་འབྲུ་ཆ་གྲངས་ཅན་ལ་ཕྲད་པ་ཉིད་དང༌། ཕྲད་མ་ནི་ཆ་ཡ་གཉིས་སུ་ངེས་པ་མེད་པར་གང་བདེར་སྦྱོར་ན་ལེགས་ཞེས་རང་རེའི་ངག་ནས་བརྗོད་བདེ་བའི་ཆ་ནས་གསུངས་སོ།།

 

༧༥༽ དྲི་བ། ཅན་དང་ལྡན་མཁན་གསུམ་བདག་སྒྲ་ཡིན་མིན་གྱི་རྒྱུ་མཚན་དང༌། བདག་སྒྲ་ལ་འཇུག་མིན་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ཅན་དང༌། ལྡན། མཁན་གསུམ་པོ་བདག་སྒྲ་མ་ཡིན་ཏེ། ཁ་བ་ཅན་དང༌། ཡལ་ག་ལོ་འདབ་དང་ལྡན་པ་ལྟ་བུ་སེམས་མེད་བེམ་པོར་འཇུག་པས་ཕྱིར། ཞེས་བདག་སྒྲ་ཡིན་ན་སེམས་མེད་བེམ་པོར་མི་འཇུག་པ་ཞིག་དགོས་པར་བསྟན་ཅིང༌། དེ་དག་ཤེས་ཡོན་ཅན་དང༌། བྱ་བ་སྒྲུབ་མཁན། འབྱོར་ལྡན་ལྟ་བུ་བདག་པོ་གང་ཟག་སྟོན་བྱེད་དུ་འཇུག་པས་བདག་སྒྲ་རྗེས་མཐུན་པར་འདོད་པ་ཡིན་ནོ།།

 

༧༦༽ དྲི་བ། མིང་མཐའི་པ་བའི་དོན་དང༌། མིང་མཐའི་པ་བ་རྣམས་བདག་སྒྲ་དང་ཕལ་ཆེར་འདྲ་ཚུལ་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། མིང་མཐར་སྔར་མེད་གསར་དུ་སྦྱར་བ་མ་ཡིན་པར་སྔར་ནས་མིང་རང་གི་ཆ་ཤས་སུ་གྲུབ་པ་ནི་མིང་མཐའི་པ་བའི་དོན་དང༌། མིང་མཐའི་པ་བ་དག་ཀྱང་བདག་སྒྲ་ལྟར་ཆ་ལ་པ་དང༌། ཡ་ལ་བ། མ་ནི་ཆ་ཡ་གཉིས་སུ་ངེས་པ་མེད་པར་འཇུག་པས་ན། ལྗོན་དབང་ལས། མིང་མཐའི་པ་བའང་ཕལ་ཆེར་འདྲ། །ཞེས་བདག་སྒྲ་དང་སྦྱོར་ཚུལ་ཕལ་ཆེར་འདྲ་བས་ན་དེ་ལྟར་གསུངས་པ་ལགས་སོ།།

 

༧༧༽ དྲི་བ། ལྗོན་དབང་ལས། མ་ནི་ངེས་མེད་སྐབས་དང་སྦྱར། །

ཞེས་གང་དུ་ངེས་མིན་དང༌། དེ་ལྟར་འཇུག་པའི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ལྟར་བདག་སྒྲ་ལ་ཆ་ཡ་གཉིས་སུ་གསུངས་པ་ལས་མ་ནི་དེ་གཉིས་གང་དུ་ཡང་ངེས་པ་མེད་པར་ཆ་ཡ་གཉིས་ཀར་གང་བདེར་སྦྱར་ཆོག་པ་ཡིན་ཏེ། དཔེར་ན། ཆང་མ་ལྟ་བུ་བདག་སྒྲ་ཆ་དང༌། མཁའ་འགྲོ་མ་ལྟ་བུ་བདག་སྒྲ་ཡ་སྟེ་ཆ་ཡ་གཉིས་ཀར་ཕྲད་མ་ཉིད་སྦྱར་ཆོག་པར་བསྟན་པའོ།།

 

༧༨༽ དྲི་བ། དགག་སྒྲའི་དོན་དང༌། དགག་སྒྲ་ལ་དབྱེ་བ་ཇི་ཡོད། དབྱེ་བ་དེ་དག་གང་ཡིན་གྱི་དཔེར་བརྗོད་བཅས་ཇི་ལྟར་ཡིན་ནམ།

ལན། མིང་གི་ཐོག་མཐར་སྦྱར་ནས་བརྗོད་དོན་དེ་ཉིད་མེད་པའམ་མ་ཡིན་པར་སྟོན་པའི་མ་མི་མིན་མེད་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་དགག་སྒྲ་དང༌། དེ་ལ་དབྱེ་ན། མ་ཡིན་པ་དང་མེད་པ་འོ། །ཞེས་པ་ལྟར། མ་ཡིན་པར་དགག་པ་དང༌། མེད་པར་དགག་པ་གཉིས་སོ། །དཔེར་ན། ང་ལ་ཤེས་ཡོན་མེད་ལྟ་བུ་མེད་པར་དགག་པ་དང༌། ང་བོད་པ་མིན་ལྟ་བུ་མ་ཡིན་པར་དགག་པ་དང་གཉིས་སོ།།

 

༧༩༽ དྲི་བ། དགག་སྒྲའི་ཕྲད་རྣམས་དགག་བྱའི་མིང་ཚིག་གི་སྔ་ཕྱི་གང་དུ་སྦྱོར་དགོས་མིན་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་ལས། མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །ཅེས་པ་ལྟར། མ་མཐོང༌། མི་འདུག་ལྟ་བུ་དགག་སྒྲའི་ཕྲད་མ་དང་མི་གཉིས་པོ་དགག་བྱའི་མིང་ཚིག་གང་གི་སྔོན་དུ་སྦྱོར་དགོས་ལ། ང་མིན། ང་ལ་མེད་ལྟ་བུ་དགག་སྒྲའི་ཕྲད་མིན་དང་མེད་གཉིས་པོ་དགག་བྱའི་མིང་ཚིག་གང་གི་མཇུག་ཏུ་སྦྱོར་དགོས་པར་གསུངས་པ་ནི་དོན་སྟོན་ཚུལ་གྱི་ཆ་ནས་ཡིན་ནོ།།

 

༨༠༽ དྲི་བ། བདག་སྒྲའི་མ་ཡིག་དེ་བར་གྱི་གསལ་བྱེད་དང༌། གོ་བ་གཉིས་འགྲོ་ཅན་ལ་འཇུག་ཚུལ་དཔེར་བརྗོད་ཇི་ལྟར་ཡིན་ནམ།

ལན། ལྗོ་ན་དབང་ལས། མ་ནི་བར་གྱི་གསལ་བྱེད་ལའང༌། །ཞེས་མ་ཡིག་དེ་ཉིད་མིང་ཚིག་གོང་འོག་གཉིས་ཀྱི་བར་དུ་སྦྱར་ནས་རིགས་གཉིས་མ་འདྲེས་པར་དོན་གཉིས་གསལ་བར་བྱེད་པ་ཞིག་ལ་བར་གྱི་གསལ་བྱེད་ཅེས་བྱ་ཞིང༌། དཔེར་ན། གངས་མ་ཆར། རྒྱ་མ་བོད་ལྟ་བུའོ། །དེ་མིན་མ་ཡིག་དེ་ཉིད་མཛེས་མ་ཡིན་དང༌། དྲི་མ་ཡིན་ལྟ་བུ་ཀློག་ཚུལ་གྱི་དབང་ལས་གོ་བ་གཉིས་སུ་འགྲོ་བའོ།།

 

༨༡༽ དྲི་བ། ཚིག་ཕྲད་ཀྱི་དོན་དང༌། ཞར་བྱུང་ཚིག་ཕྲད་ཀྱི་རྣམ་གཞག་འཆད་སྐབས་ཚིག་ཕྲད་གྲངས་ལ་ཇི་ཡོད་དང་དེ་དག་གང་ཡིན་ནམ།

ལན། རང་གཅིག་པུས་དོན་ཅི་ཡང་སྟོན་མི་ནུས་ཤིང་མིང་ཚིག་གི་ཐོག་མཐའ་བར་གསུམ་དུ་འོས་ཤིང་འཚམས་པར་སྦྱར་ན་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་གྱི་ཡི་གེ་ཞིག་ལ་ཚིག་ཕྲད་དང༌། ལྗོན་དབང་གི་ཞར་བྱུང་ཚིག་ཕྲད་ཀྱི་འཇུག་པ་བཤད་པའི་སྐབས་སུ་ཚིག་ཕྲད་གྲངས་བཅོ་ལྔ་བཤད་ཡོད་དེ། ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ཅིང་ཅེས་ཅེ་འོ་ཅེ་ན་ཅིག།

ཤིང་ཤེས་ཤེ་འོ་ཤེ་ན་འཐོབ། །ཅེས་གསུངས་པ་ལྟར་རོ།།

 

༨༢༽ དྲི་བ། ཞར་བྱུང་ཚིག་ཕྲད་ཀྱི་འཇུག་པ་བཤད་པའི་རྩ་བ་ངོས་འཛིན་ཏེ་དེ་དག་ཕྲད་རང་དབང་ཅན་དང༌། གཞན་དབང་ཅན་གང་ཡིན་ནམ།

ལན། ལྗོན་དབང་ལས། ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞེས་པ་ནས། ཤིང་ཤེས་ཤེ་འོ་ཤེ་ན་འཐོབ། །ཅེས་པ་ལྟར་དང༌། ཚིག་ཕྲད་དེ་དག་ཕྲད་དུ་སྦྱར་ཚེ་རྗེས་འཇུག་ལ་ལྟོས་དགོས་པས་ཕྲད་གཞན་དབང་ཅན་ཡིན་ཡང༌། སུམ་ཅུ་པ་ནས་བསྟན་པའི་ཕྲད་རང་དབང་ཅན་དང༌། ཕྲད་གཞན་དབང་ཅན་གང་ཡང་མ་ཡིན་ཏེ། ཞར་བྱུང་གི་ཚིག་ཕྲད་ཡིན་པས་སོ།།

 

༨༣༽ དྲི་བ། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཞེས་ས་མཐའ་དམིགས་བསལ་དུ་བཞག་པའི་དགོས་པ་རྒྱུ་མཚན་གང་ཡིན་ནམ།

ལན། ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས།།

ཤིང་ཤེས་ཤེ་འོ་ཤེ་ན་འཐོབ། །ཅེས་གསུངས་པ་ནི། དཔེར་ན། ཆོས་ཞེས་བྱའོ་ལྟ་བུའི་ས་མཐར་ཤེས་སྦྱར་ན་ཆོས་ཤེས་བྱའོ་ཞེས་སྦྱར་ན་ཆོས་དེ་ཉིད་བློས་རྟོགས་པའི་དོན་དུ་འཁྲུལ་ཉེན་ཆེ་བས་དམིགས་བསལ་དུ་ཞེས་འབྲི་དགོས་པ་དང༌། དེ་མིན་ས་མཐའ་ཅན་གྱི་རྗེས་སུ་ཤིང་ཤིག་ཤེ་འོ་ཤེ་ན་རྣམས་སྦྱོར་དགོས་པ་ཡིན་ནོ།།

 

༨༤༽ དྲི་བ། ལྗོན་དབང་ལས། མིང་གི་ཆ་དང་མ་ནོར་གཅེས།།

ཞེས་པ་ལྟར་མིང་གི་ཆ་དང༌། ཚིག་ཕྲད་ལ་ཁྱད་པར་གང་དང་གང་ཡོད་དམ།

ལན། ལྗོན་དབང་ལས། འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །ཞེས་མིང་གི་ཁ་ཅིག་དང༌། ལྷན་ཅིག ཆབས་ཅིག་དང་ཚིག་ཕྲད་ཀྱི་ཅིང་ཅེས་ཅེ་འོ་སོགས་ཕན་ཚུན་མ་ནོར་ཞིང་ལེགས་པར་སྦྱོར་དགོས་ཞིང༌། མིང་མཐའི་ཅིག་སོགས་གོང་གི་རྗེས་འཇུག་ལ་ལྟོས་མི་དགོས་ཤིང༌། ཚིག་ཕྲད་ཀྱི་ཅིག་སོགས་ཕྲད་གཞན་དབང་ཅན་ཡིན་པས་རྗེས་འཇུག་ལ་ལྟོས་དགོས་སོ།།

 

༨༥༽ དྲི་བ། རྩ་བ་ལས། རྐྱང་པ་ཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ཞེས་པའི་བསྟན་དོན་གང་ཡིན་ནམ།

ལན། མགོ་འདོགས་གཉིས་ཀྱིས་མ་བརྒྱན་པའི་རྐྱང་པ་འཕུལ་ཅན་རྣམས་ལ་འ་མཐའ་འབྲི་དགོས་ཏེ་མ་བྲིས་ན། སྔོན་རྗེས་མིང་གསུམ་འདྲེས་པར་འགྱུར་བ་དང༌། གུག་ཀྱེད་བརྩེགས་འདོགས་ཅན་སྟེ་བུ་དྲུག་ཅན་ལ་ཡིག་ཟོར་ཡངས་བའི་ཆེད་དུ་འ་མཐའ་སྤངས་པས་འ་མཐའ་མེད་ཀྱང་སྔོན་རྗེས་མིང་གསུམ་འདྲེས་པའི་ཉེས་སྐྱོན་མེད་པས་ན་བུ་དྲུག་ཅན་ལ་འ་མཐའ་སྤོང་དགོས་པར་བསྟན་པ་ཡིན་ནོ།།

 

༨༦༽ དྲི་བ། གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ཞེས་པའི་གུག་ཀྱེད་སོགས་སོ་སོར་ངོས་འཛིན་ནས་དེ་དག་ལ་འ་མཐའ་སྤང་དོན་གང༌།

ལན། གུག་ཅེས་པ་གི་གུ་ཞབས་ཀྱུ་གཉིས་དང༌། ཀྱེད་ཅེས་པ་འགྲེང་པོ་དང་ན་རོ་གཉིས། བརྩེགས་ཞེས་པ་ར་ལ་ས་གསུམ་གྱི་མགོ་ཅན་དང༌། འདོགས་ཞེས་པ་ཡ་ར་ལ་ཝའི་སྨད་འདོགས་བཞི་སྟེ་མདོར་ན་དབྱངས་བཞི་དང་མགོ་འདོགས་གཉིས་ཏེ་བུ་དྲུག་ཅན་ལ་སྔོན་རྗེས་མིང་གསུམ་ཕན་ཚུན་ནོར་ཉེན་མེད་པས་བཀས་བཅད་ཀྱི་དགོངས་པ་ལྟར་ཡི་གེ་ཟོར་ཡངས་པའི་ཆེད་འ་མཐའ་སྤང་པའོ།།

 

༨༧༽ དྲི་བ། རྐྱང་པ་འཕུལ་ལ་འ་མཐའ་དགོས། །ཞེས་པ་ལྟར་འ་མཐའ་མེད་ན་སྐྱོན་གང་ཡོད་དང༌། དེ་དག་གི་དཔེར་བརྗོད་ཇི་ལྟར་ཡིན།

ལན། ངག་སྒྲོན་ལས། སྔོན་འཇུག་མེད་པ་ལ་རྐྱང་པ་དང༌། ཡོངས་གྲངས་མགོ་འདོགས་མེད་པའི་རྐྱང་འཕུལ་རྣམས་ལ་འ་མཐའ་ངེས་པར་འབྲི་དགོས་ཤིང་མ་བྲིས་ན། དགའ་དང༌། མདའ་ལྟ་བུ་སྟེ། དག་གཉིས་དང༌། མད་བདེན་པ་ལྟ་བུ་དོན་གཞན་དུ་འགྱུར་བས། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ལས། དགའ་མདའ་དམའ་ལ་སོགས་པའོ། །ཞེས་དེ་དག་ལ་འ་མཐའ་སྦྱོར་དགོས་པར་བསྟན་ཏོ།།

 

༨༨༽ དྲི་བ། ཚེག་ཤད་སྦྱོར་ཚུལ་གྱི་རྩ་བ་ངོས་འཛིན་ཏེ་ཤད་ལ་ཇི་ཡོད་དང༌། ཤད་དེ་དག་ཡིག་གཟུགས་གང་གི་དབང་དུ་བྱས་ནས་གསུངས་སམ།

ལན། ལྗོན་དབང་ལས། ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཚིག་ཤད་བྱ༑ ༑རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ཞེས་ཤད་ལ་ཆིག་ཤད་དང༌། ཉིས་ཤད། བཞི་ཤད་རྣམས་དབུ་ཅན་ཡིག་གཟུགས་ཀྱི་དབང་དུ་བྱས་པའོ།།

 

༨༩༽ དྲི་བ། ཡིག་ཤད་འཇུག་སྟངས་ལས་ཆིག་ཤད་དང༌། ཉིས་བཤད་བཞི་ཤད་བཅས་སོ་སོར་འཐོབ་ཡུལ་ཇི་ཡོད་དེ་དག་གང་ཡིན་ནམ།

ལན། ཤད་ལས་ཆིག་ཤད་ཐོབ་ཡུལ་ནི། ཚིག་ལྷུག་སྐབས་དོན་མང་པོའི་མིང་མཚམས་དང༌། དོན་འབྲིང་འབྱེད་པ། དོན་ཉུང་རྫོགས་པ། ཚིག་བཅད་ག་ཡིག་མཐའ་ཅན་བཞི་པོར་འཐོབ་པ་དང༌། ཉིས་ཤད་ནི། ཚིག་ལྷུག་གི་རྫོགས་ཚིག་མཐའ་ཅན་དང༌། ཚིགས་བཅད་ཀྱི་རྐང་མཐའ་གཉིས་སུ་འཐོབ་ཅིང༌། བཞི་ཤད་ནི། དོན་ཚན་ཆེན་མོ་རྫོགས་པ་དང༌། ལེའུའི་མཚམས་གཉིས་སུ་ཐོབ་པར་གསུངས་སོ།།

 

༩༠༽ དྲི་བ། ལྗོན་དབང་ལས། ང་ཡིག་མ་གཏོགས་ཡིག་ཤད་བར།།

ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཅེས་པའི་བསྟན་དོན་གང་ཡིན་ནམ།

ལན། ཚིག་མཐའི་ང་ཡིག་དང་ཤད་གཉིས་ཀྱི་བར་དུ་ཚེག་རེ་ཐོབ་པ་དམིགས་བསལ་དང༌། ང་ཡིག་དང་ཡིག་ཤད་ཀྱི་བར་དུ་ཚེག་མེད་ན་པ་དང་ནོར་ཉེན་ཆེ་བས་དེ་ལྟར་མ་ནོར་བའི་ཆེད་དུ་ཚེག་ཐོབ་པ་དམིགས་ཀར་གསུངས་ཤིང༌། ཡི་གེ་གཞན་དང་ཤད་གཉིས་ཀྱི་བར་དུ་ཚེག་མེད་ལ། དེ་ལྟར་ན་འ་ཡིག་དང་ཤད་གཉིས་ཀྱི་བར་ཚེག་མེད་ཚེ་ལ་དང་ནོར་ཉེན་ཆེ་ཡང་དེ་དག་ལ་མ་གསུངས་པ་ནི་དཔྱད་གཞིའོ།།

 

༩༡༽ དྲི་བ། བོད་ཀྱི་ཡི་གེ་སུམ་ཅུ་བདུན་གང་དག་ཡིན་དང༌། དེ་དག་ལས་ཚེག་དང༌། ཤད་གཉིས་ཀྱི་བྱེད་ལས་གང་དང་གང་ཡིན་ནམ།

ལན། བོད་ཀྱི་རྩ་བའི་ཡི་གེ་སོ་བདུན་ནི། དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ་སྟེ་དབྱངས་གསལ་སོ་བཞི་དང༌། དེའི་སྟེང་སྲོག་དང་རྐྱེན་གྱི་ཡི་གེ་དབུ་ཤད་ཚེག་གསུམ་སྟེ་ཡི་གེ་སོ་བདུན་ནོ། །བྱེད་ལས་ནི་རྒྱ་རིམ་པ་བདུན་དུ་གསལ་བ་ལྟར་དང༌། ཡི་གེ་ཕན་ཚུན་མ་འཁྲུག་པ་དང༌། བརྗོད་བདེ་བ། ཚིག་གི་གཅོད་མཚམས་གསལ་བ་སོགས་ཀྱི་རྐྱེན་བྱེད་པས་དེ་དག་ལ་རྐྱེན་གྱི་ཡི་གེ་ཞེས་བྱའོ།།

 

༩༢༽ དྲི་བ། ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ཞེས་པ་མཇུག་བསྡུའི་ཚིགས་བཅད་ཀྱི་བསྟན་དོན་གང༌།

ལན། ཕན་མེད་ཚིག་གི་ལོ་མ་ཟང་ཟིང་མང་དག་གིས་དོན་གྱི་འབྲས་བུ་མ་བསྒྲིབས་ཤིང༌། དགོས་ངེས་དོན་གྱི་འབྲས་བུ་ལེགས་པར་སྨིན་ཏེ་གཡུར་དུ་ཟ་བའི་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པའི་སྙིང་པོ་བསྡུས་པ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་པའི་གཞུང་འདི་ཉིད་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་ཡོངས་སུ་གྲགས་པའི་མཁས་དབང་དེ་ཉིད་ཀྱིས་སྤེལ་བ་སྟེ་བརྩམས་པ་རེ་ཞིག་རྫོགས་སོ་ཞེས་པའོ།།

 

༩༣༽ དྲི་བ། ལེགས་བཤད་ལྗོན་དབང་ཞེས་པའི་བསྟན་བཅོས་ཀྱི་མཚན་འདོགས་པའི་རྒྱུ་མཚན་དང་ལྗོན་དབང་གི་བརྗོད་བྱ་གཙོ་བོ་གང༌།

ལན། ལེགས་བཤད་ལྗོན་དབང་ཞེས་པའི་མཚན་འདི་ཉིད་དཔེ་དོན་སྦྱར་བའི་ཐོག་ནས་མཚན་བཏགས་པ་དང༌། རྒྱུ་མཚན་ནི། མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཞེས་སོགས་གསུངས་པ་ལྟར་དང༌། བརྗོད་བྱ་ནི་སུམ་ཅུ་པའི་སྙིང་པོ་བསྡུས་པས་ན་ཕྲད་དང་རྣམ་དབྱེའི་རྣམ་གཞག་སྟེ་རྗེས་འཇུག་གི་འཇུག་པ་དང་སྒྲ་ཡི་སྦྱོར་བ་ཞིབ་རྒྱས་སུ་གསུངས་པའི་གཞུང་ཡིན་ནོ།།

 

༩༤༽ དྲི་བ། ལེགས་བཤད་ལྗོན་པའི་དབང་པོ་ཞེས་པ་དེ་ལྗོན་པ་ཀུན་གྱི་དབང་པོ་ཡིན་པའི་རྒྱུ་མཚན་དང༌། ལུང༌། རིགས་པ་གང་ཡོད་དམ།

ལན། དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་ལེགས་བཤད་ལྗོན་དབང་གི་འགྲེལ་པ་ལས། དགོས་མེད་ཚིག་གི་ལོ་མ་ནི། །ཕང་ཕུང་གཡོ་བས་མ་བསྒྲིབས་ཤིང༌། །དགོས་ངེས་དོན་གྱི་འབྲས་བུ་མཆོག །རོ་བརྒྱའི་བཅུད་ལྡན་གཡུར་ཟ་བའི། །གསལ་བྱེད་ལེགས་བཤད་ལྗོན་པ་འདི། །ལྗོན་པ་ཀུན་གྱི་དབང་པོ་སྟེ། །དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡི། །བློ་མཆོག་འཛིན་མའི་ལྟོ་ལས་འཁྲུངས། །ཞེས་པ་ལྟར་རོ།།

 

༩༥༽ དྲི་བ། ལེགས་བཤད་ལྗོན་དབང་དང༌། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གཉིས་པོ་ལོ་དུས་གང་ལ་བརྩམས་པ་ཡིན་ནམ།

ལན། སུམ་ཅུ་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང༌། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གཉིས་ནི་དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་ཕྱི་ལོ་ ༡༩༠༡ དང༌། ༡༩༠༣ ལོར་ལེགས་པར་བརྩམས་ལུགས་བརྡ་སྤྲོད་བློ་གསར་ཉེར་མཁོར་འཁོད་འདུག་མོད། འོན་ཀྱང་གོང་གི་ལོ་དུས་འདི་གཉིས་འཁྲུངས་འདས་དང་མི་མཐུན་པར་སྣང་བས་དཔྱད་པར་འཚལ།།

 

༩༦༽ དྲི་བ། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་པའི་མཚན་དེ་སུས་བཏགས་པ་དང༌། ཁོང་ཉིད་བྱིས་དུས་ཀྱི་མཚན་ལ་གང་ཞུ་ཡི་ཡོད་དམ།

ལན། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཆུང་བྱིས་པའི་སྐབས་ཀྱི་མཚན་ལ་འཇམ་དབྱངས་རྡོ་རྗེ་ཞུ་བ་དང༌། དགུང་ལོ་ ༡༩ ནས་བཟུང་བླ་མ་དྷརྨ་བྷ་དྲའི་ཞབས་ལ་བཏུགས་ཏེ་སྒྲ་རྩིས་སྙན་གསུམ་དང་བཅས་པར་གསན་ཏེ་དགུང་ལོ་ ༣༤ པར་སྙན་ངག་དང་སྒྲ་ཀཱ་ལ་པའི་རྒྱུགས་ཕུལ་བས་བླ་མས་ཐུགས་མཉེས་ཆེན་པོས་ལེགས་སོ་དང་ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གནང་ངོ༌།།

 

༩༧༽ དྲི་བ། དབྱངས་ཅན་གྲུབ་པའི་རྡོ་རྗེའི་སློབ་མ་གྲགས་ཆེ་བ་གང་དག་བྱུང་བ་དང༌། བརྩམས་ཆོས་ཀྱི་གསུང་པོད་གང་དག་བཞུགས་སམ།

ལན། ཁོང་གི་སློབ་མ་རྗེ་དྲུང་སངས་རྒྱས་རྒྱ་མཚོ་དང༌། སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ། བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་འགྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ། ཆུ་བཟང་ཧུ་ཐོག་ཐུ་སོགས་བླ་ཆེན་མཁས་མཆོག་ཤིན་ཏུ་མང་པོ་བྱུང་ཞིང༌། བརྩམས་ཆོས་དོན་བདུན་རྣམས་གསང་སྔགས་སྒྲུབ་ཐབས་སྐོར་དང༌། ཐུན་མོང་གི་རིག་གནས་སྙན་ངག་སུམ་རྟགས་སོགས་པོ་ཏི་གསུམ་མོ།།

 

༩༨༽ དྲི་བ། ལེགས་བཤད་ལྗོན་དབང་རྩོམ་པ་པོ་སུ་ཡིན་དང༌། འཁྲུངས་ཡུལ་དང༌། འཁྲུངས་འདས་སོགས་ཀྱི་ལོ་རྒྱུས་ཇི་ལྟར་ཡིན་ནམ།

ལན། ལྗོན་དབང་རྩོམ་པོ་ནི་དངུལ་ཆུའི་བླ་ཐོག་བར་མ་དབྱངས་ཅན་གྲུབ་པའི་རྡོ་རྗེའམ་འཇམ་དབྱངས་རྡོ་རྗེ་ནི་གཙང་གཡས་རུའི་བྱེ་བྲག་བཀྲིས་དགེ་འཕེལ་གླིང་གི་ཉེ་འདབས་བཞད་ཅེས་པར་ཡབ་དྷརྨ་བྷ་དྲའི་གཅུང་བཀྲིས་དང༌། ཡུམ་ཚེ་རིང་སྲི་གཅོད་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་ ༡༨༠༩། ༡༠། ༥ དགོང་མོར་འཁྲུངས་ཤིང༌། ༡༨༨༧ ལོར་ཞི་བར་གཤེགས་པའོ།།

 

༩༩༽ དྲི་བ། དབྱངས་ཅན་གྲུབ་པའི་རྡོ་རྗེའི་བྱིས་དུས་ཀྱི་མཚན་དང༌། རབ་བྱུང་གི་མཚན། ཀུན་བཤད་ཀྱི་མཚན་བཅས་ལ་གང་ཞུ་ཡི་ཡོད་དམ།

ལན། མཚན་སྙན་གྱི་གྲགས་པ་ཕྱོགས་མཐར་ཁྱབ་པའི་མཁས་མཆོག་དངུལ་ཆུ་ཡབ་སྲས་ཞེས་བླ་སློབ་ཏུ་གྱུར་པའི་སྲས་དངུལ་ཆུའི་བླ་ཐོག་བར་མ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཁོང་ཉིད་བྱིས་པའི་སྐབས་ཀྱི་མཚན་ལ་འཇམ་དབྱངས་རྡོ་རྗེ་དང༌། རབ་བྱུང་གི་མཚན་ལ་བློ་བཟང་ཆོས་འཕེལ་དང༌། ཀུན་བཤད་དམ་ཀུན་བཏགས་ཀྱི་མཚན་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་པ་རྣམས་མཚན་གྱི་རྣམ་གྲངས་སོ།།

 

༡༠༠༽ དྲི་བ། ཐོན་མིའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་དང་གང་ཞིག་ཚང་ཡོད་དམ།

ལན། སུམ་ཅུ་པའི་གཞུང་གི་སྙིང་པོའི་དོན་གོ་བདེ་ཞིང༌། རྟོགས་སླ་ལ་བློར་འཛིན་བདེ་བ། ཚིག་ཉུང་ལ་བརྗོད་བྱ་སྡོམ་ཆེ་བ། སུམ་ཅུ་པའི་གཞུང་དུ་ཤུགས་ལ་བསྟན་པའི་ཚིག་ཕྲད་རྣམས་ཀྱང་དངོས་སུ་བསྟན་པ༑ སྒྲ་ཡི་སྦྱོར་ཚུལ་ཞིབ་ཅིང་རྒྱས་ལ་ཁ་གསལ་བ། ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་རྣམ་པས་ཚད་འཛིན་བྱེད་པའི་གཞུང་བཟང་པོ་ཞིག་ཡིན་པ་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་དོ།།

 

ཅ་སོགས་རྒྱ་ལ་མེད་པའི་བོད་ཡིག་དྲུག །

ཆ་ལག་ཀུན་ཚང་དབྱངས་གསལ་སྔོན་རྗེས་སོགས། །

ཇ་མར་ཐུད་མཚུངས་ཤེས་བྱའི་ཟས་མཆོག་ལ། །

ཉ་མའི་ཚོགས་རྣམས་རིག་པའི་གནས་འདིར་བརྩོན། །

 

ཏ་ཐཱའི་བཀའ་བསྟན་ལྔ་ཟུང་རིག་གནས་སོགས། །

ཐ་སྙད་སུམ་རྟགས་དག་ལ་རག་ལུས་ཏེ། །

ད་ཀོ་རྨོངས་པའི་རྒྱ་ལས་རབ་གྲོལ་ཏེ། །

ན་གཞོན་རིག་པའི་རྒྱ་མཚོར་ཞུགས་པར་མཛོད། །

 

ཅེས་པ་ནི་བར་གྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།