བོད་ཡིག་གི་ཁྱད་ཡོན་རགས་ཙམ་གླེང་བ་འདྲེན་པའི་ཕོ་ཉ།།

༄༅། །བོད་གངས་ཅན་གྱི་སྐད་ཡིག་གཉིས་ཀྱི་བྱུང་འཕེལ་དང༌། བོད་ཡིག་གི་ཁྱད་ཡོན་རགས་ཙམ་གླེང་བ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།

དང་པོ། བོད་ཀྱི་སྣོད་བཅུད་ཆགས་ཚུལ།

ཐོག་མར་བོད་དུ་མི་ཡི་འགྲོ་བ་སྤེལ། །བར་དུ་དམ་པའི་ཆོས་ཀྱི་འཚིམ་པར་མཛད། །མཐའ་མར་ཐབས་མཁས་ཐུགས་རྗེས་སྐྱོང་མཛད་པའི། །གངས་ཅན་ཞིང་མགོན་ཕྱག་ན་པདྨོར་འདུད། །ཟླུམ་གཟུགས་གོ་ལའི་ཟལ་མོ་སྒང་པ་ཞེས། །འཛམ་གླིང་ཡང་རྩེར་འགྲན་མེད་ལྷུན་ཆགས་པའི། །རྭ་བ་གངས་རིས་བསྐོར་བའི་བོད་ཁམས་ཀྱི། །སྣོད་དང་བཅུད་གཉིས་ཆགས་ཚུལ་འདི་ལྟ་སྟེ། །མདོ་དབུས་མཐོ་སྒང་ཐོག་མར་ཆུ་ཡིས་གང༌། །ལོ་ངོ་དུང་ཕྱུར་གཅིག་དང་བྱེ་བ་ལྔའི། །ཡས་མས་མཚམས་སུ་གངས་ཅན་སྨན་ལྗོངས་འདི། །ད་དུང་མུ་མེད་རྒྱ་མཚོ་ཆེན་པོ་ཞིག །ལོ་ངོ་ས་ཡ་གཉིས་དང་ལྔ་འབུམ་གོང༌། །ས་བབ་ཁད་ཀྱིས་མཐོ་རུ་སོང་བ་ན༑ ༑ཆུ་རྣམས་རིམ་བཞིན་ཀོང་ཆུར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།།བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །ཞེས་གསུངས་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང༌། །བཅུད་ཀྱི་སེམས་ཅན་བྱུང་ཚུལ་འདི་ལྟ་སྟེ། །མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང༌། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །ཞེས་གསུངས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། །སྟོད་ཀྱི་མངའ་རིས་གླང་ཆེན་རི་དྭགས་གླིང༌། །བར་གྱི་དབུས་གཙང་རི་དྭགས་སྤྲེའུའི་ཡུལ། །སྨད་ཀྱི་མདོ་ཁམས་སྤྲེའུ་བྲག་སྲིན་ཡུལ། །དེ་ཡང་སྟོད་ནི་གཡའ་རི་གངས་རི་དང༌། །བར་གྱི་དབུས་གཙང་བྲག་རི་སྤང་ལྗོངས་དང༌། །སྨད་ཀྱི་མདོ་ཁམས་རྩི་ཤིང་ནགས་ཚལ་གྱི༑ ༑ཡལ་ག་སྟུགས་པོས་དབྱིག་འཛིན་གོས་སུ་བཀླུབས།།    །།

གཉིས་པ། མི་ཡི་འགྲོ་བ་བྱུང་ཚུལ།

དེ་ལྟར་སྣོད་ཀྱི་འཇིག་རྟེན་ཆགས་པའི་རྗེས། །མི་ཡི་འགྲོ་བ་ཐོག་མར་བྱུང་ཚུལ་ནི། །བོད་མིའི་འབྱུང་ཁུངས་༡སྤྲེའུ་བྲག་སྲིན་དང༌། །༢རྒྱ་གར་༣སོག་པོ་༤འབར་མ་༥ཆང་རིགས་དང༌། །༦ཞན་ཡིད་༧སན་མོ་ཞེས་པའི་མི་རིགས་ལས། །བྱུང་ལུགས་གསུང་སྲོལ་མི་འདྲ་མང་དུ་མཆིས།།ཤེས་རབ་གོ་ཆས་ལྷ་ལས་ཕུལ་བྱུང་དུ། །སྐྱབས་སེང་བུ་ལྔ་རུ་པ་ཏི་དང་བཅས།།ཁྲིད་ནས་ཁ་བ་ཅན་གྱི་ཁྲོད་གནས་པའི། །མི་རྒྱུད་དག་ལ་དེང་ཡང་བོད་དུ་གྲགས། །ཞེས་པ་རིག་བྱེད་གཏམ་ཡིན་མི་བདེན་ཏེ། །དེ་ལས་སྔ་བའི་ལོ་ངོ་ལྔ་སྟོང་དང༌། །བགྲང་བྱ་ཆིག་སྟོང་ལྷག་གི་ཡས་མས་དུས། །ཡུལ་འདིར་མི་ཡི་འགྲོ་བ་བྱུང་ཟིན་ཏོ། །བོད་སོག་ཡུལ་གོམས་གཤིས་ལུགས་འདྲ་བའི་ཕྱིར། །བོད་མི་སོག་པོའི་རིགས་ལས་བྱུང་ལུགས་དང༌། །འབར་མའི་སྐད་ནང་བོད་སྐད་མང་བས་ན། །བོད་མི་འབར་མའི་རིགས་ལས་བྱུང་ངོ་ཟེར། །རྒྱ་ཡི་ལོ་རྒྱུས་དེབ་ཐེར་འགའ་ཞིག་ལས། །གནའ་བོའི་ཞན་ཡིད་སན་མོའི་མི་རིགས་འགའ། །རྐྱེན་འགས་ནུབ་ཀྱི་ཕྱོགས་སུ་ཡུལ་བུད་ནས། །བོད་མི་འབྱུང་ལུགས་བདེན་གཏམ་མ་ཡིན་ཏེ། །ད་ལྟའི་སྐབས་སུ་དེ་དག་ཡུལ་བུད་ནས། །མི་ལོ་སུམ་སྟོང་ཙམ་ལས་མི་བརྒལ་ཞིང༌། །དེ་ལས་སྔ་བའི་ལོ་ངོ་ལྔ་སྟོང་གོང༌། །བོད་ཡུལ་ཡོངས་སུ་མི་ཡི་འགྲོ་བས་ཁྱབ། །རིགས་དེ་ཡུལ་བུད་གནས་འདིར་གཞིས་ཆགས་ཏེ། །བོད་མིར་འདྲེས་ནས་གཅིག་ཏུ་གྱུར་པའམ། །མི་རིགས་དེ་དག་བོད་མི་ཡིན་གྱུར་ཀྱང༌། །རྒྱ་མིས་མིང་བརྡ་ཐ་དད་བཏགས་པའང་སྲིད། །ལོ་རྒྱུས་དངོས་ནི་མཁས་པའི་དགའ་སྟོན་ལས། །སྤྲུལ་པའི་སྤྲེའུ་བྲག་སྲིན་འདུས་པ་ལས།།རིགས་དྲུག་ནས་འཕོས་སྤྲེལ་ཕྲུག་དྲུག་གཅིག་བྱུང༌། །ཞེས་གསུངས་སྤྲ་སྤྲེལ་འདུས་པས་མི་བྱུང་བ། །འདི་ནི་གནའ་དུས་བོད་མིའི་བཤད་སྲོལ་ཞིག །གཞན་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །དེ་ནས་མི་མིན་སྤྲེལ་མིན་བཞི་བརྒྱར་འཕེལ། །ཤིང་ཏོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད། །ཡི་དྭགས་ལྟ་བུར་སྙིང་རྗེའི་གནས་སུ་མཐོང༌། །ཞེས་དང་བཀའ་ཁོལ་མ་ལས་ཇི་སྐད་དུ། །ཕ་དང་མི་འདྲ་མ་དང་མི་འདྲ་བ། །ལུས་ལ་སྤུ་དང་མཇུག་མ་མེད་པ་དང༌། །གདོང་པ་དམར་ཞིང་ཟས་སུ་ཤ་དམར་ཟ༑ ༑སྐོམ་དུ་ཁྲག་དྲོན་འཐུང་བ་ཞེས་གསུངས་པས། །ལུས་དང་འཚོ་བའི་སྤྱོད་ཚུལ་གསལ་བར་བསྟན། །གཞན་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི།།ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང༌།།ཞེས་གསུངས་སྤྲ་སྤྲེལ་འདུས་པའི་རིགས་རྒྱུད་ཅིག །མི་རུ་གྱུར་ནས་བོད་ཀྱི་མི་རིགས་བྱུང༌། །སྤྲེའུ་དང་བྲག་སྲིན་གཉིས་པོ་འདུས་པ་ལས། །སྤྲེའུ་ཕྲུག་དྲུག་བྱུང་དེ་ལས་རིམ་འཕེལ་གྱིས།།སེ་རྨུ་ལྡོང་སྟོང་ཐོག་མའི་རུས་ཆེན་བཞི། །དབྲ་འབྲུ་བསྣན་པས་བོད་མིའུ་གདུང་དྲུག་བྱུང༌། །སེ་ཡི་རིགས་ལས་བྱུས་ལེགས་བུ་བཞི་སྲིད། །རྨུ་ཡི་རིགས་ལས་ཀོད་ལེ་ཁྲ་བརྒྱད་སྲིད། །ལྡོང་གི་རིགས་ལས་རུས་ཆེན་བཅོ་བརྒྱད་སྲིད།།སྟོང་གི་རིགས་ལས་རྗེ་བཞི་ཁོལ་བརྒྱད་སྲིད། །མི་མིན་སྤྲེལ་མིན་རིམ་བཞིན་མིར་གྱུར་ནས། །ཁྱད་པར་འཕགས་པའི་བོད་ཀྱི་མི་རིགས་བྱུང༌།།

མཛེས་མཛེས་གཅིག་ཏུ་བསྡུས་ལྟའི་མཚན་དཔེའི་སྐུ། །

སྙན་སྙན་ཡིད་དབང་རབ་འཕྲོག་དྲུག་ཅུའི་གསུང༌། །

ཟབ་ཟབ་ཤེས་བྱ་ཇི་སྙེད་གཟིགས་པའི་ཐུགས། །

ལེགས་ལེགས་བྱམས་བརྩེའི་ཞིང་མཆོག་ཨེ་མ་ཧོ། །

ཚིགས་སུ་བཅད་པ་འདིའི་ཚིག་རྐང་སོ་སོའི་ཐོག་མར་སྒྲ་རྒྱན་དང༌། མཐའ་མར་སྐུ་གསུང་ཐུགས་གསུམ་སྦྱར་ཞིང༌། དབྱངས་གསལ་གཉིས་དང༌། སྔོན་རྗེས་ཡང་གསུམ། མགོ་འདོགས་བཅས་ཚང་བའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།   །།

གསུམ་པ། བོད་ཀྱི་སྐད་ཆ་བྱུང་ཚུལ།

གངས་ཅན་སཱ་ལའི་སྨན་ལྗོངས་ཆེན་པོ་འདིར། །དེ་ལྟར་མི་ཡི་འགྲོ་བ་བྱུང་བ་ནས། །དུས་ཡུན་རིང་པོའི་སྤྱི་ཚོགས་འཚོ་བའི་ཁྲོད། །ཕན་ཚུན་རིམ་བཞིན་བྲལ་དཀའི་འབྲེལ་ཆགས་ཤིང༌། །མི་རྣམས་བྱ་སྤྱོད་གཅིག་གྱུར་དགོས་པའི་སྟབས། །བསམ་བློ་མཚོན་བྱེད་སྐབས་དེར་གཅིག་གྱུར་གྱི༑ ༑ཐུན་མོང་སྤྱོད་པའི་སྐད་ཞིག་དར་བ་དེ། །ཐོག་མར་དར་བའི་བོད་ཀྱི་སྐད་ཆ་ཡིན། །ཐོག་མར་དར་བའི་དུས་ཀྱི་སྐད་ཆ་ནི། །ཧ་ཅང་སྟབས་བདེ་ཆ་ལག་མི་ཚང་ཡང༌། །ལོ་རྒྱུས་དུས་སྐབས་ཤིན་ཏུ་རིང་པོའི་ནང༌།།ཐོན་སྐྱེད་རིམ་བཞིན་འཕེལ་རྒྱས་བྱུང་དང་ལྷན། །མི་རྣམས་བསམ་བློའི་ཤེས་རྒྱ་ཇེ་ཆེ་དང༌། །ཕན་ཚུན་འབྲེལ་ལམ་རྒྱ་ཁྱོན་ཇེ་ཡངས་སུ། །གྱུར་བས་ཡོ་བྱད་གཙོ་བོ་སྐད་ཆ་ཡང༌། །རིམ་བཞིན་རྒྱ་ཆེ་སྣ་འཛོམས་ཚད་མཐོར་སོང༌། །ཡུལ་འདིར་མི་ཡི་འགྲོ་བ་བྱུང་བ་ནས། །བོད་ཀྱི་ཡི་གེ་ཐོག་མར་བྱུང་བའི་བར། །མི་ལོ་ཁྲི་སྟོང་མང་པོའི་དུས་ཡུན་ཁྲོད། །བོད་སྐད་རིམ་པར་འཕེལ་རྒྱས་བྱུང་བ་ནས། །ཐོན་མིའི་དུས་སུ་བོད་མི་རྩམ་གཟན་པ།།ཡོངས་ཀྱི་ཐུན་མོང་སྤྱོད་པའི་སྐད་ཆ་དེ། །ཆ་ལག་ཚང་ཞིང་ཕུན་སུམ་ཚོགས་གྱུར་བས། །རྨང་གཞི་དེའི་སྟེང་བོད་སྐད་ཆོས་ཉིད་དང༌། །ཡོངས་སུ་མཐུན་པའི་ད་ལྟའི་བོད་ཡིག་འདི། །སློབ་དཔོན་ཐོན་མིས་དེ་དུས་གསར་དུ་བཟོས།།

ཀ་ནས་ཡང་དག་སངས་འཕགས་མཐའ་ཡས་དག །

ཁ་བ་ཅན་ལ་ཐབས་མཁས་མཛད་བཟང་མང༌། །

ག་ནས་དཀར་ནག་བཟང་ངན་གསལ་མཛད་པ། །

ང་ཅག་ལམ་བཟང་ཡང་ཡང་གསལ་བར་འཚལ། །

ཚིགས་བཅད་འདིར་དབྱངས་བཞི་དང༌། མགོ་འདོགས་བརྩེགས་གསུམ་བཅས་རྩ་བ་ནས་མེད་ཅིང༌། ཚིག་རྐང་སོ་སོར་ཐོག་མར་ཀ་ཁ་ག་ང་རིམ་པར་བཀོད་ཐོག སྔོན་རྗེས་ཡང་གསུམ་དང༌། མིང་གཞི་རྐྱང་པ་ཁོ་ན་ལས་གྲུབ་པའི་དབྱངས་ཨ་ངེས་པའམ་གསལ་བྱེད་ངེས་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

བཞི་པ། སློབ་དཔོན་ཐོན་མིའི་ལོ་རྒྱུས།

ལོ་རྒྱུས་ཕྲེང་བ་ཆུ་རྒྱུན་རིང་མོའི་ནང༌། །ཤེས་རིག་འདྲེན་བྱེད་ཟུམ་པའི་བོད་འབངས་ཀྱི། །མིག་འབྱེད་གསེར་གྱི་ཐུར་མ་སམ་བྷོ་ཊ། །བཀའ་དྲིན་འཛིན་མའི་ཁྱོན་ན་གཤོང་བ་མཚར། །འཁྲུངས་པའི་ཡུལ་ནི་ལྷོ་ཁའི་གཉལ་གྱི་ཡུལ། །ཆུང་ནས་སྲོང་བཙན་སྒམ་པོའི་བཀའ་བློན་མཛད། །བལ་བཟའ་རྒྱ་བཟའ་བསུ་སོགས་རྒྱལ་ཐབས་ལས། །ཆེན་པོའི་བྱ་བས་རྒྱལ་པོ་མཉེས་པར་བྱས། །ཁྱད་པར་ངལ་བ་བརྒྱ་ཕྲག་བཟོད་བྱས་ཏེ། །འཕགས་ཡུལ་བྱོན་ནས་མཁས་དབང་དུ་མ་བསྟེན། །རྒྱལ་པོའི་བཀའ་དང་དམངས་ཀྱི་རེ་བ་ལྟར། །ད་ལྟའི་བོད་ཡིག་འདི་ཉིད་གསར་བཟོ་མཛད། །མུན་གླིང་སྐྱ་རེངས་དང་པོ་དེ་ནས་གསལ། །རང་རིགས་རིག་པའི་རྩལ་ཡང་དེ་ནས་རྒྱས། །སྨན་ལྗོངས་སྟོབས་དང་འབྱོར་བ་དེ་ནས་འཕེལ། །སངས་རྒྱས་བསྟན་པའི་ཉི་མའང་དེ་ནས་ཤར། །གངས་ཅན་སྒྲ་གཞུང་ཉིན་བྱེད་ཐོན་མི་མཆོག །ཨ་ནུ་ར་ག་ཏ་ཡི་སྲས་མཆོག་ཏུ། །སྙེ་མོ་ཐོན་གྱི་ལུག་ར་ཁ་འོག་གི །ཁྱིམ་མིང་བསམ་གྲུབ་སྒང་དུ་སྐུ་མཆོག་བལྟམས། །ཐོན་གྱི་ཡུལ་དུ་འཁྲུངས་པས་ཐོན་མི་དང༌། །ཐུ་ཡི་རིགས་སུ་འཁྲུངས་པས་ཐུ་མིར་གྲགས། །དེ་ལྟའི་བཞེད་ཚུལ་མི་འདྲ་གཉིས་སུ་མཆིས། །དྲུག་བརྒྱ་བཅུ་དགུར་ཐོན་མི་སྐུ་བལྟམས་ཤིང༌། །དགུང་ལོ་བཅོ་ལྔར་འཕགས་པའི་ཡུལ་དུ་བྱོན། །བགྲང་བྱ་བདུན་རིང་ངལ་བ་ལྷུར་བཞེས་ཏེ། །འཕགས་ཡུལ་མཁས་དབང་བྲམ་ཟེ་ལི་བྱིན་དང༌། །སློབ་དཔོན་རིག་པའི་སེངྒེ་རྣམ་གཉིས་ལས། །སྒྲ་གཞུང་ཀ་ཙན་པཱ་ཎི་རྣམ་གསུམ་དང༌། །རྟོགས་སླ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང༌། །རྟོགས་དཀའ་པཌཎི་ཏ་ཡི་བསྟན་བཅོས་དང༌། །མདོ་རྒྱུད་ཉེར་གཅིག་ཐུན་མོང་ཐུན་མིན་སོགས། །མདོ་སྔགས་རིག་གནས་ཀུན་ལ་ཞིབ་ཏུ་སྦྱངས། །དགུང་གྲངས་ང་གཉིས་འཚོ་གཞེས་མཛད་པ་རྒྱས།།

ཐོས་བསམ་སྒོམ་པའི་ལྷ་ཡི་རྫིང་རིང་ངོས། །

མཁས་བཙུན་བཟང་པོའི་ཆུ་འཛིན་འཁྲིགས་པ་ལས། །

འཆད་རྩོད་རྩོམ་པའི་གྲུ་ཆར་འབེབས་མཁས་པའི། །

གྲུ་འཛིན་མགོན་པོས་བྱང་ཆུབ་བར་དུ་སྐྱོངས། །

ཚིགས་སུ་བཅད་པ་འདིར་ཐོས་བསམ་སྒོམ་གསུམ་དང༌། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་བཅས་གསུམ་ཚན་རིམ་པར་སྦྱར་བའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།

བཞི་པ། བོད་ཀྱི་ཡི་གེའི་བྱུང་རིམ།

གངས་ལྗོངས་མུན་པའི་གླིང་དུ་དམ་ཆོས་ཀྱི། །སྙིང་པོ་ཡི་གེའི་སྲོལ་བཏོད་ལོ་ཙཱ་བ། །མཁས་པའི་ཁྱུ་མཆོག་སློབ་དཔོན་ཐོན་མི་ལ། །སྒོ་གསུམ་གུས་པས་སྙིང་ནས་གུས་ཕྱག་འཚལ། །བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོའི་ནས། །དྷརྨ་རཱ་དྷ་སྲོང་བཙན་སྒམ་པོའི་བར། །ཡི་གེའི་ལམ་སྲོལ་མེད་པས་མུན་པར་ལུས། །དྷརྨ་རཱ་ཛ་སྲོང་བཙན་སྒམ་པོའི་སྔོན། །བོད་ལ་ཡི་གེ་ཡོད་མེད་ལུགས་གཉིས་ལས། །གཡུང་དྲུང་བོན་གྱི་བསྟན་འབྱུང་འགའ་ཞིག་ཏུ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་རོལ་དུ། །བོད་ལ་ཡི་གེ་མེད་ཅེས་མི་བདེན་ཏེ། །སྟག་གཟིག་འོལ་མོ་གླིང་གི་སྤུངས་ཆེན་དང༌། །སྤུངས་ཆུང་གཉིས་ལས་རིམ་བཞིན་ཞང་ཞུང་གི །སྨར་ཆེན་སྨར་ཆུང་གཉིས་སུ་བསྒྱུར་བ་དང༌། །དེ་ཡང་ཟོར་ཡངས་གཟུགས་རིས་ཇེ་ལེགས་སུ། །བཏང་ནས་ད་ལྟའི་དབུ་ཅན་དབུ་མེད་ཀྱི། །ཡིག་གཟུགས་གཉིས་པོ་བྱུང་བ་ཡིན་ནོ་ཟེར། །དེང་གི་མཐོང་ཐོས་ཡོད་པའི་བོན་དཔེ་རྣམས། །དབུ་ཅན་དབུ་མེད་ཁོ་ནར་བྲིས་པ་ལས། །སྟག་གཟིག་སྤུངས་ཆེན་སྤུངས་ཆུང་རྣམ་གཉིས་དང༌། །ཞང་ཞུང་སྨར་ཆེན་སྨར་ཆུང་ཡིག་རིགས་ཐོག །བྲིས་པའི་བོན་བསྟན་གླེགས་བམ་རྡོ་རིང་ངམ། །བྲག་བརྐོས་ཡིག་རྙིང་ཤིན་ཏུ་རྙེད་དཀའ་བས། །བོན་གྱི་གཞུང་ལས་ཆོས་རྒྱལ་སྲོང་བཙན་གོང༌། །ཡི་གེ་ཡོད་ལུགས་འཁོད་པ་དཔྱད་གཞིར་སྣང༌། །འོན་ཀྱང་སྔོན་གྱི་རྒྱལ་རབས་ཚད་ལྡན་ལས། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔ་རོལ་ཏུ། །བོད་ལ་ཡི་གེ་མེད་ཅེས་གསུངས་པ་ནི། །གྲུབ་མཐའི་ཕྱོགས་རིས་མ་ལགས་བདེན་གཏམ་སྟེ། །བཙན་པོའི་དུས་སུ་བོད་མིས་བྲིས་པ་དང༌། །བསྒྱུར་བཅོས་མཁན་གྱིས་སྨྱུག་རྩེས་མ་རེག་པར། །ལོ་ངོ་སྟོང་ལ་ཉེ་བ་བྱེ་འོག་ཏུ། །གཟིམ་པར་གྲགས་པའི་ཏུན་ཧོང་གཏེར་ཡིག་ལས།།བོད་ལ་སྔོན་ཆད་ཡི་གེ་མེད་ན་ཡང༌། །བཙན་པོ་འདི་ཡི་དུས་སུ་བྱུང་ནས་ཞེས།།གསལ་བར་འཁོད་པས་ལུང་དང་རིགས་པ་ཡི། །སྒྲུབ་བྱེད་གཞན་དག་གནས་འདིར་ཅི་ལ་མཁོ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་རོལ་ཏུ༑ ༑བོད་ལ་ཡི་གེ་ཡོད་མེད་ཇི་ལྟར་ཡང༌། །ང་ཚོས་བཀོལ་སྤྱོད་བྱེད་པའི་ཡི་གེ་འདི། །ཐོན་མིས་བཟོས་པར་སུ་ཡིས་བསྙོན་པར་ནུས། །བོན་གྱི་ལོ་རྒྱུས་འགའ་ལས་སྟག་གཟིག་གི །སྤུངས་ཡིག་ཞང་ཞུང་སྨར་ཡིག་སྨར་ཆུང་ལས། །བོད་ཡིག་རྫབ་ཤར་བྱུང་ལུགས་བདེན་གྱུར་ན། །སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་གྱུར། །བོན་གྱི་ལོ་རྒྱུས་དག་ལས་གཉའ་ཁྲིའི་དུས། །གཤེན་རབ་མི་བོས་བོད་ཡིག་བཟོས་ལུགས་དང༌། །ཉང་རལ་ཆོས་འབྱུང་ནང་དུ་བོད་ཡིག་འདི། །བཙན་པོ་ཁྲི་པེའི་རིང་ལ་བྱུང་བར་བཞེད། །དེང་སྐབས་ལ་ལས་དབུ་ཅན་ཕྱིས་སུ་བཟོས། །དབུ་མེད་བོན་ལུགས་ཡི་གེར་འདོད་པ་སོགས། །བཞེད་ཚུལ་མང་ཡང་བདེན་མིན་རྟོགས་སླའི་ཕྱིར། །ཞིབ་ཏུ་མ་སྤྲོས་གཞན་ལས་ཤེས་པར་བྱ།།

འཆད་པས་རབ་འབྱམས་གཞུང་བརྒྱའི་གནས་ལ་མཁས། །

རྩོད་པས་ངན་རྟོགས་ཝ་སྐྱེས་བཅོམ་པས་བཙུན། །

རྩོམ་ཚིག་སྙན་འཇེབས་ཡིད་འོང་སྡེབ་ལེགས་བཟང༌། །

ཕ་མཐར་སོན་མཛད་ཤེས་གཏེར་ཨ་ཧོ་རྨད། །

ཤོ་ལོ་ཀ་འདིར་དབྱངས་གསལ་སྔོན་རྗེས་དང༌། མགོ་འདོགས་བརྩེགས་གསུམ་ཆ་ཚང་ཞིང་ཚིག་རྐང་སོ་སོའི་ཐོག་མར་འཆད་རྩོད་གསུམ་དང༌། མཐའ་མར་མཁས་བཙུན་བཟང་གསུམ་བཅས་རིམ་པར་ལྡན་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

ལྔ་པ། མ་ཕྱི་གང་ལ་མཛད་ཚུལ།

བསླབ་ཤེས་ཡོན་ཏན་ཀུན་ལ་བྱང་ཆུབ་པའི། །སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོའི་སྐབས། །མ་ཕྱི་ཡིག་རིགས་གང་ལ་དཔེར་མཛད་ཚུལ། །སྔོན་བྱོན་མཁས་པའི་བཞེད་ཚུལ་འདི་ལྟ་སྟེ། །སྔོན་དུས་རྒྱ་གར་འཕགས་པའི་ཞིང་ཁམས་སུ། །ཡིག་རིགས་སུམ་བརྒྱ་དྲུག་བཅུ་རྩ་བཞི་དར། །དེ་དག་བསྡུ་ན་ལྷ་ཀླུ་མི་གསུམ་སྟེ། །ནཱ་ག་ར་དང་ལན་ཝར་རྣམ་གསུམ་སྟེ། །ལྷ་ཀླུ་མི་ཡི་ཡིག་རིགས་གསུམ་དུ་བསྡུ། །ཐོན་མིས་ལཛཉར་དཔེ་བྱས་དབུ་ཅན་དང༌། །ཝརྟུར་དཔེ་བྱས་དབུ་མེད་ཡིག་གཟུགས་གཉིས།།ནཱ་ག་ར་ལ་དཔེ་བྱས་ལན་ཝར་གྱི། །འབྲི་ཚེགས་སྟབས་བདེར་བྱས་ཞེས་ཞྭ་ལུས་གསུངས། །ཆོས་སྒོ་ཤྲི་ལ་བྷ་དྲའི་ཆོས་འབྱུང་དུ། །ནཱ་ག་ར་ལས་བོད་ཡིག་གཟབ་མར་བསྒྱུར། །བྷ་ཏུ་རི་ལས་བོད་ཡིག་བཤུར་མར་བསྒྱུར།།བུ་སྟོན་ཐམས་ཅད་མཁྱེན་པས་ཁ་ཆེ་ཡི། །ཡི་གེར་དཔེར་བླངས་དཔའ་བོ་གཙུག་ལག་ཕྲེང་གིས། །ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ། །དཔེ་རུ་བླངས་ནས་བོད་ཡིག་བཟོས་ཚུལ་དང༌། །ཐུའུ་ཀྭན་ཆོས་ཀྱི་ཉི་མས་ནཱ་ག་རའི།།ཡི་གེར་དཔེར་བྱས་མགོ་ཅན་གཟབ་བྲིས་དང༌། །ཝརྟུར་དཔེར་བྱས་མགོ་མེད་གཤར་གཉིས་བཟོས། །ལྔ་པ་ཆེན་པོས་ལཛཉ་ཝརྟུ་ལ། །དཔེར་བྱས་དབུ་ཅན་དབུ་མེད་རྣམ་པ་གཉིས། །བཟོས་པས་ལུང་རིགས་མི་དགོས་ལན་ཝར་དང༌། །བོད་ཡིག་ཞིབ་ཏུ་བསྡུར་ན་རྟོགས་ནུས་གསུངས། །དེབ་ཐེར་དཀར་པོར་ཐོན་མི་རྒྱ་གར་གྱི། །གུབྟའི་སྲིད་སྐྱོང་སྐབས་ཏུ་བྱོན་པས་ན། །བོད་ཡིག་གང་ལ་དཔེར་མཛད་ཕྱི་མི་ནི། །གུབྟའི་ཡི་གེ་འདི་ཉིད་ཡིན་ནོ་གསུངས།།འོན་ཀྱང་ཐོན་མི་ཡིག་རིགས་དུ་མ་ལ། །ཤིན་ཏུ་མཁས་པས་ལན་ཝར་གཞིར་བཞག་ཐོག །ཡིག་རིགས་གཞན་ལས་སྙིགས་དོར་བཅུད་ལེན་གྱིས། །བོད་ཀྱི་ཡིག་གཟུགས་གཏན་ལ་ཕབ་བོ་ཞེས། །སྨྲས་ན་སྔོན་བྱོན་མཁས་པའི་གསུང་དང་ཡང༌། །འགལ་བར་མི་འགྱུར་ཤིན་ཏུ་ལེགས་པར་སེམས། །ཡིག་གཟུགས་མ་ཟད་ཡི་གེའི་སྒྲ་གདངས་ཀྱང༌། །ལཛཉའི་ཀློག་ཚུལ་ཉིད་དང་མཚུངས་པས་ན། །བོད་ཡིག་གང་ལ་དཔེར་བླངས་མཁྱེན་པར་ནུས། །མཁས་པ་ལ་ལས་དབུ་ཅན་དབུ་མེད་མཉམ། །ཐོན་མིས་མ་བཟོས་དབུ་ཅན་མགྱོགས་བྲིས་ལས། །དབུ་མེད་ཡིག་གཟུགས་རིམ་བཞིན་བྱུང་ངོ་ཟེར། །སློབ་དཔོན་ཐོན་མིའི་དུས་སུ་རྒྱ་གར་ན། །གཟབ་བྲིས་ལཛཉ་བཤུར་བྲིས་ཝརྟུ་གཉིས། །འབྲི་སྲོལ་བཞིན་དུ་གངས་ཅན་བོད་ལ་ཡང༌།།གཟབ་ནས་འབྲི་རྒྱུའི་ཡིག་གཟུགས་དབུ་ཅན་དང༌། །མགྱོགས་པར་འབྲི་རྒྱུའི་དབུ་མེད་ཡིག་གཟུགས་གཉིས། །སློབ་དཔོན་ཐོན་མི་ཉིད་ཀྱིས་བཟོས་པར་སེམས།།

གཞི་ཡི་བདེན་གཉིས་རྒྱ་ཆེན་མང་དུ་ཐོས། །

ལམ་བཟང་ཐབས་ཤེས་ཟུང་འཇུག་ལྷག་པར་བསམ། །

འབྲས་བུ་སྐུ་གཉིས་ངོ་མཚར་གཙུག་ཏུ་སྒོམ། །

ཨེ་ཝྃ་མཁྱེན་རབ་མཛད་འཕྲིན་བླ་ན་དཔལ། །

ཚིགས་བཅད་འདིར་དབྱངས་གསལ་གཉིས་དང༌། སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་བཅས་ཆ་ཚང་ཞིང༌། ཚིག་རྐང་སོ་སོའི་ཐོག་མར་གཞི་ལམ་འབྲས་གསུམ་དང༌། མཐའ་མར་ཐོས་བསམ་སྒོམ་གསུམ་བཅས་སྦྱར་བའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།   །།

དྲུག་པ། བོད་ཡིག་བཟོ་དགོས་པའི་རྒྱུ་རྐྱེན།

བོད་ཡིག་བསྐྲུན་པའི་ཐོག་མའི་རྒྱུ་རྐྱེན་ནི། །སྲོང་བཙན་སྒམ་པོས་རྒྱལ་སྲིད་བཞེས་པའི་སྐབས། །དྲག་པོའི་དཔུང་གིས་མཐའ་བཞི་དབང་དུ་བསྡུས། །དགའ་སྟོན་ཡོ་ལང་རྣམ་པར་རྒྱས་པས་ན། །ཤར་ན་རྒྱ་ནག་ལྷོ་ན་རྒྱ་གར་དང༌། །ནུབ་ན་སྟག་གཟིག་བྱང་ན་གེ་སར་བཅས། །མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་དང་བཅས་པས། །ཕོ་ཉ་མངགས་ཏེ་འཚམས་ཞུའི་འཕྲིན་ཡིག་དང༌། །རིན་ཆེན་མང་པོ་ཕུལ་བའི་ཐོ་ཡིག་བཅས། །ཡི་གེར་བྲིས་ནས་བསྐུར་གནང་མཛད་པ་ལ། །སྐབས་དེར་དུས་བོད་ལ་ཡི་གེ་མེད་པས་ན། །འཕྲིན་ལན་རྒྱལ་ཁབ་སོ་སོའི་ཡིག་རིགས་སུ། །བྲིས་ནས་བསྐུར་རམ་ཐ་ན་འགའ་ཞིག་ལ། །ངག་འཕྲིན་ཙམ་ལས་བསྐུར་མ་ནུས་པ་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ། །རྒྱལ་ཁམས་གཞན་གྱི་ཡི་གེར་མ་བལྟོས་པར། །བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་ཞིག །མེད་ཐབས་མེད་པར་རྒྱལ་བློན་འབངས་བཅས་ཀྱིས། །ལེགས་པར་རྟོགས་ལ་རྒྱལ་པོའི་བཀས་བསྐུལ་ཞིང༌། །ཐོན་མི་འཁོར་བཅས་རྒྱ་གར་འཕགས་ཡུལ་དུ།།གསེར་སོགས་བསྐུར་ནས་ཡི་གེ་སློབ་ཏུ་མངགས།།

ལྟ་བ་རྟེན་འབྱུང་ཤེས་རབ་ཅི་མཆིས་མཁྱེན། །

སྒོམ་པ་ཞི་ལྷག་ཏིང་འཛིན་ཀུན་ཕན་བརྩེ། །

སྤྱོད་པ་འཚེ་མེད་ཚུལ་ཁྲིམས་ཇི་སྙེད་ནུས། །

ཐུབ་པའི་ལུགས་བཟང་ཡིད་འོང་ཨུ་དུམ་ཝ། །

ཚིགས་བཅད་འདིའི་རྐང་པ་སོ་སོའི་ཐོག་མར་ལྟ་སྒོམ་སྤྱོད་གསུམ་དང༌། བར་དུ་བསླབ་པ་གསུམ། མཐའ་མར་མཁྱེན་བརྩེ་ནུས་གསུམ་བཅས་ལྡན་པའི་ཐོག དབྱངས་གསལ་སྔོན་རྗེས་དང༌། མགོ་འདོགས་བརྩེགས་གསུམ་བཅས་ཚང་བའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།   །།

བདུན་པ། ཡི་གེ་སློབ་ཏུ་བཏང་ཚུལ།

རྒྱལ་རབས་གསལ་མེར་དྲུག་བརྒྱ་སོ་གསུམ་ལོར། །འཇམ་དབྱངས་ཡི་རྣམ་སྤྲུལ་ཐོན་མི་དང༌། །བློ་རིག་རྣོ་བ་བདུན་བཅས་མངགས་ཞེས། །ཐམས་ཅད་མཁྱེན་པས་ཐོན་མི་འཁོར་དང་བཅས། །བཅུ་དྲུག་བྱོན་ནོ་ཞེས་དང་བོད་མཁས་པས། །དཔོན་གཡོག་བཅུ་གཉིས་བཅས་ལ་ཆས་ཀ་དང༌། །འཚམ་སྐྱེས་ངག་འཕྲིན་གནང་ནས་བརྫངས་ཞེས་གསུངས།།དེ་ལྟར་ལོ་རྒྱུས་དག་ཏུ་བློན་པོའི་བུ། །བློ་རིག་རྣོ་བ་བཅུ་དྲུག་རྒྱ་གར་དུ། །ཡི་གེ་སློབ་ཏུ་བཏང་ཡང་ལ་ལ་ནི། །ལམ་བགྲོད་དཀའ་བར་འཇིགས་ནས་འགྲོ་མ་ནུས། །ལ་ལ་ཕྱིན་ཀྱང་ཚ་བའི་ནད་ཀྱིས་ཤི། །ལ་ལ་རྒྱ་སྐད་མ་ཤེས་ཕྱིར་ལོག་ཅེས། །གཞན་ཡང་བློན་མཆོག་མགར་སྟོང་ཡུལ་སྲུང་འཁོར།།རྒྱ་གར་ཡུལ་དུ་ཡི་གེ་སློབ་ཏུ་མངགས། །ཏ་ལ་ཁ་ཏའི་རྣམ་གསུམ་རྩར་ཕྱིན་པས། །འཁོར་གཡོག་ཕལ་ཆེར་ས་ཆུ་མ་འཕྲོད་ཤི །མགར་ཡང་འཆི་བར་དོགས་ནས་སླར་ལོག་ཅེས། །གསུངས་པ་རྣམ་གཉིས་འགྲོ་ཐེངས་གཅིག་ཡིན་ལ། །མཁས་དབང་དུ་མས་སློབ་དཔོན་ཐོན་མི་དང༌། །འཁོར་གཡོག་བཅུ་གཉིས་དང་བཅས་རྒྱ་གར་དུ། །བྱོན་པར་གསུངས་ལ་བུ་སྟོན་རིན་ཆེན་གྱིས། །འཁོར་གཡོག་བཅུ་དྲུག་གསུངས་པ་བློན་པོའི་བུ། །བཅུ་དྲུག་དེ་དང་ཐེངས་གཅིག་བཞེད་པའམ། །ཡིག་ནོར་མ་དག་རྒྱུན་འབྱམས་སོང་བའང་སྲིད། །ཆོས་རྒྱལ་དེ་ཡིས་ཐོན་མི་སམ་བྷོ་ཊར། །ས་སྙིང་མང་པོའི་རྟེན་བསྐུར་རྒྱ་གར་དུ། །བརྫངས་པས་ནཱ་ལེཌན་ཡི་གཙུག་ལག་ཁང༌།།བྲམ་ཟེ་ལི་བྱིན་ལ་སོགས་མཁས་པའི་ཚོགས། །བསྟེན་ནས་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ཏེ། །རྒྱ་གར་ལཛཉའི་ཡི་གེར་དཔེ་བྱས་ནས། །བོད་ཡིག་དབྱངས་བཞི་གསལ་བྱེད་སུམ་ཅུ་ཡི། །ཡི་གེའི་སྲོལ་བཏོད་བཀའ་དང་བསྟན་བཅོས་བསྒྱུར། །དེ་ནས་གྲ་ཤོད་གཉིས་ཀྱི་བར་དག་ཏུ། །ཆེས་ཆེར་དར་བ་དེ་ལ་སྔ་དར་ཟེར། །དེ་ནས་དར་མས་བསྟན་པ་བསྣུབས་རྗེས་སུ།།པར་སར་ཞེས་སུ་བྱ་བའི་ཡི་གེ་དར། །དེ་ལ་བར་དར་ཟེར་ཞིང་དེའི་རྗེས་སུ།།ལོ་ཆེན་ཤེས་རབ་དབང་ཕྱུག་མན་ཆད་དུ། །དར་བ་དེ་ལ་ཕྱི་དར་ཞེས་བྱ་ཞིང༌།།བསྟན་པའི་གེགས་བྱེད་དར་ནུབ་སྣ་ཚོགས་བྱུང༌། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོ་ཡིས། །བཅུ་ཕྲག་རིག་པའི་ལུགས་སྲོལ་བཟང་པོ་རྣམས།།ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དུ། །ཆེས་ཆེར་གསལ་བ་ད་ལྟའི་ལུགས་བཟང་ངོ༌།།

མཁྱེན་བརྩེ་ནུས་པའི་ནོར་གྱིས་ཐུགས་རྒྱུད་གཏམས། །

ལྟ་སྒོམ་སྤྱོད་པ་རྒྱ་མཚོའི་ཕ་མཐར་སོན། །

གཞི་ལམ་འབྲས་བུའི་ཁུར་གྱིས་རབ་ལྕི་བའི། །

ཟླ་བྲལ་དྲིན་ཅན་བླ་མར་གསོལ་བ་འདེབས། །

ཚིགས་སུ་བཅད་པ་འདིར་མཁྱེན་བརྩེ་ནུས་གསུམ་དང༌། ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ་བཅས་གསུམ་ཚན་རིམ་པར་སྦྱར་བའི་བྱ་དཀའི་ཚིགས་སུ་བཅད་པའོ།།    །།

བརྒྱད་པ། ཐོན་མི་རྒྱ་གར་དུ་མངགས་ཚུལ།

དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། །ཡུལ་གྲུ་གཞན་གྱི་ཡི་གེར་མ་བལྟོས་པར། །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས།།ཞེས་གསུངས་བོད་ཀྱི་ཆབ་སྲིད་དཔལ་འབྱོར་དང༌། །རིག་གནས་དམག་དོན་ལ་སོགས་རྩེར་སོན་པས། །རྒྱལ་སྲིད་སྐྱོང་བར་གངས་ཅན་སྨན་ལྗོངས་སུ༑ ༑བོད་ཡིག་མེད་དུ་མི་རུང་དགོངས་ནས་ནི། །ཆོས་རྒྱལ་དགུང་གྲངས་བཅུ་བདུན་བཞེས་པ་དང༌། །ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པའི་ལོར།།ཆུ་སྦྲུལ་ཕྱི་ལོ་དྲུག་བརྒྱ་སོ་གསུམ་ལ། །འཕགས་པའི་ཡུལ་དུ་ཡི་གེ་སློབ་པར་མངགས། །རྒྱ་གར་ཕྱོགས་བཞི་ཀུན་ཏུ་མྱུལ་བའི་མཐར། །ལྷོ་ཕྱོགས་མཁས་དབང་བྲམ་ཟེ་ལི་བྱིན་ལས། །ཡིག་རིགས་དུ་མར་སྦྱངས་པས་མཁས་པར་གྱུར། །པཎ་ཆེན་དེ་ཝ་རིགས་པའི་སེངྒེ་ལས། །སྒྲ་གཞུང་ཀ་ཙན་པཱ་ནི་རྣམ་གསུམ་དང༌། །སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས།།ཐུན་མོང་ཐུན་མིན་རིག་གནས་ཀུན་ལ་སྦྱངས། །གཞན་ཡང་འཕགས་ཡུལ་དྲན་དབང་རྣམ་གཉིས་ལས། །རྟོགས་དཀའ་པཌཎི་ཏ་ཡི་བསྟན་བཅོས་དང༌། །རྟོགས་སླ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས། །མདོ་སྔགས་རིག་གནས་ཀུན་ལ་ཞིབ་ཏུ་བསླབས། །མཁས་པའི་མཐར་སོན་དགུང་ལོ་ཉེར་གཅིག་ཐོག །བོད་དུ་ཕེབས་སྐབས་སྒྲ་ཡི་བསྟན་བཅོས་དང༌། །མདོ་རྒྱུད་ཉེར་གཅིག་མདོ་སྡེ་ཟ་མ་ཏོག །འདུས་པ་རིན་པོ་ཆེ་ཡི་ཏོག་དང་ནི།།རྒྱ་གར་རྒྱལ་པོས་ཆོས་རྒྱལ་སྲོང་བཙན་ལ། །སྐྱེས་ལན་བསྐུར་བ་རྒྱ་དཔེ་འགངས་ཆེན་སོགས། །བསྣམས་ནས་གངས་ཅན་ལྗོངས་སུ་བདེ་བར་བྱོན།།བོད་ཀྱི་མཁས་པས་རྒྱ་གར་འཕགས་ཡུལ་ནས། །རྒྱ་གཞུང་སྤྱན་དྲངས་ཐོན་མི་ཐོག་མ་ཡིན།།

ཨ་ཧོ་བསླབ་ཤེས་ལུང་རིགས་ཡིད་འོང་འབུམ། །

ཟབ་གཞུང་བང་མཛོད་ཚོགས་བཙུགས་རྨད་བྱུང་གི །

ཕན་པའི་གནད་འདི་ཐུབ་བསྟན་སྙིང་རྗེའི་བདག །

ཆོས་བཅུའི་མངའ་བསྒྱུར་མཁས་ཀུན་ངོ་མཚར་ཆེ། །

ཚིགས་བཅད་འདིར་དབྱངས་གསལ་སྔོན་རྗེས་དང༌། མགོ་འདོགས་བརྩེགས་གསུམ་བཅས་ཆ་ཚང་ཐོག ཨ་ནས་ཀ་བར་གསལ་བྱེད་སུམ་ཅུ་ལུགས་ལྡོག་ཏུ་རིམ་པར་ལྡན་པའི་ཁྱད་ཡོན་ཅན་གྱི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

དགུ་པ། ཐོན་མིས་བོད་ཡིག་བཟོས་ཚུལ།

མཁས་དབང་ཐོན་མི་བོད་དུ་ཕྱིར་ཕེབས་རྗེས། །རྗེ་བློན་རྣམ་གཉིས་ཕོ་བྲང་མ་རུ་རུ། །ལོ་གསུམ་མཚམས་བཅད་བཙན་པོས་རྒྱ་གར་གྱི། །ཡི་གེ་སྒྲ་བཅས་བསླབས་ཏེ་མཁས་གྱུར་ཀྱང༌། །རྒྱ་གར་ཡི་གེས་བོད་ཡིག་འབྲི་མ་ནུས། །སྒྲ་ཡི་རིག་པའང་བོད་བརྡར་མི་འཚམས་པས། །བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་ཞིག །གསར་བཟོ་དགོས་པར་རྒྱལ་པོའི་བཀས་བསྐུལ་བས། །ཐོན་མིས་བོད་ཀྱི་སྐད་ལ་ཞིབ་དཔྱད་རྗེས། །ཐ་སྙད་སྣ་ཚོགས་གདངས་ཀྱི་ཕྱི་མོ་དང༌། །ང་རོ་དག་ལ་ཐུགས་ཞིབ་ལེགས་མཛད་ནས། །རྒྱ་གར་ཡི་གེ་ལྔ་བཅུ་ཐམ་པ་དེ། །བོད་ཡིག་དབྱངས་གསལ་སོ་བཞིར་གཏན་ལ་ཕབ། །དེ་ཡང་རྒྱ་གར་དབྱངས་ཡིག་བཅུ་དྲུག་ལས། །འཐུག་པོ་ལོག་པ་མཐའ་ཡི་ཀྵ་ཡིག་བཅས། །བཅུ་གཅིག་བོད་ཀྱི་གདངས་ལ་མི་འབྱུང་བས། །དེ་དག་དོར་ཞིང་བོད་ཀྱི་ཡི་གེ་ལ། །དབྱངས་ཡིག་སྲོག་བཞུགས་རྣམ་བཞག་མི་བདེ་བས། །ཚབ་ཏུ་ཐུན་མིན་མགོ་འདོགས་ཚེག་བར་དང༌། །སྔོན་རྗེས་སོགས་ཀྱི་རྣམ་བཞག་གསར་དུ་གཏོད། །ཨ་ཡིག་དབྱངས་སུ་མི་མཁོ་གསལ་བྱེད་ཀྱི། །མཐའ་མར་སྦྱར་ན་དགོས་ཕན་ཆེ་དགོངས་ནས། །དེ་ཉིད་གསལ་བྱེད་སུམ་ཅུའི་མཐའ་མར་སྦྱར། །བོད་ཀྱི་གདངས་ལ་དབྱངས་བཞི་ཉེར་མཁོ་ཞིང༌། །གདངས་ཀྱི་ང་རོ་ཇི་ཡོད་བཞིར་བསྡུས་པས། །གི་གུ་ཞབས་ཀྱུ་འགྲེང་པོ་ན་རོ་བཅས། །བོད་ཡིག་དབྱངས་ཡིག་བཞི་རུ་གཏན་ལ་ཕབ། །གསལ་བྱེད་བཞི་ལྷག་སུམ་ཅུའི་གྲངས་ལྡན་ནས། །འཐུག་པོ་ལྔ་དང་ལོག་ཡིག་རྣམ་པ་ལྔ། །མཐའ་ཡི་ཀྵ་ཡིག་དང་བཅས་བཅུ་གཅིག་པོ༑ ༑བོད་ཀྱི་སྐད་ལ་མི་མཁོ་དོར་བ་ཡི། །ལྷག་མ་ཉེར་གསུམ་སྟེང་དུ་རྒྱ་གར་ལ། །མེད་ཀྱང་བོད་ལ་ཉེར་བར་མཁོ་ཆེ་བའི། །ཅ་ཆ་ཇ་གསུམ་ཞ་ཟ་འ་གསུམ་བཅས། །ཡི་གེ་དྲུག་ཀྱང་ཐོན་མིས་གསར་དུ་བཟོས།།དབྱངས་ནས་བོར་བའི་ཨ་ཡིག་བསྣན་པ་ཡི། །བོད་ཡིག་གསལ་བྱེད་སུམ་ཅུར་གཏན་ལ་ཕབ། །རྒྱ་གར་ཡི་གེ་ལྔ་བཅུ་ཐམ་པ་ལས། །འཕྲི་བསྣན་བསྲེ་གསུམ་ལམ་ནས་བོད་ཡིག་ལ། །དབྱངས་གསལ་སོ་བཞིའི་སྲོལ་བཟང་གསར་དུ་གཏོད། །གྷ་སོགས་འཐུག་པོའི་ཡི་གེ་ལྔ་པོ་རྣམས། །ངག་ནས་བཀླགས་ཚེ་སྒྲ་གདངས་འཐུག་གྱུར་པས། །འཐུག་པོ་ཞེས་བརྗོད་ཊ་སོགས་ཏ་སྡེ་ལས། །ཡིག་གཟུགས་ལོག་པ་བྲིས་པས་ལོག་ཡིག་བརྗོད། །འཐུག་དེ་ལྟའི་འཐུག་ལོག་མཐའ་ཡི་ཀྵ་ཡིག་རྣམས། །གཟུངས་སྔགས་བོད་ཀྱི་ཡི་གེར་འབྲི་བདེའི་སླད། །བོད་ཡིག་བཟོས་པའི་ཞར་ལ་དེ་དག་གི །ཡིག་གཟུགས་འབྲི་ཚུལ་སློབ་དཔོན་ཐོན་མིས་བཟོས། །རྒྱ་སྐད་སྒྲ་གདངས་དག་པར་ཐོན་པའི་ཆེད། །ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ། །གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་ནི། །ཧཕ་ཡིག་གསར་དུ་བཟོས་ཤིང་གཞན་ཡང་ནི། །ལ་དང་ཤ་དང་ཧྭ་དང་ཧྭན་ལ་སོགས། །ཐོན་མིས་མ་བཟོས་ཡིག་གསར་མང་དུ་མཆིས།།

ཏིང་འཛིན་ཇི་བཞིན་གཟིགས་འདི་གླིང་བཞིའི་དཔྱིད། །

སྐུ་གསུམ་ཐུགས་གསུམ་རྫུ་འཕྲུལ་འབུམ་དུ་སྤྲུལ། །

ཡེ་ཤེས་མེ་ལྕེས་ཐེག་ཆེན་བདེ་ལེགས་རྙེད། །

འཁོར་ཚོགས་འགྲོ་སྐྱོང་མགོན་པོར་མོས་བློས་བསྟོད། །

ཚིགས་བཅད་འདིར་དབྱངས་གསལ་སྔོན་རྗེས་དང༌། མགོ་འདོགས་བརྩེགས་གསུམ་ཕལ་མོ་ཆེ་ཚང་ཐོག ཚིག་རྐང་སོ་སོར་དབྱངས་ཨི་དང༌། ཨུ། ཨེ། ཨོ་བཅས་བཞི་པོ་རིམ་པར་ལྡན་པའི་དབྱངས་ངེས་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

བཅུ་པ། ཡིག་དྲུག་གསར་དུ་བཟོས་ཚུལ།

ཡིག་བཤད་མཁས་པའི་ཁ་རྒྱན་ལ་སོགས་སུ། །ཅ་ཆ་ཇ་དང་ཞ་ཟ་འ་དྲུག་བཅས། །ཡིག་དྲུག་ཇི་ལྟར་རྙེད་པའི་ལོ་རྒྱུས་སུ། །ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་སྐབས། །ལེགས་སྦྱར་འགའ་ཞིག་བོད་ལ་བསྒྱུར་དཀའ་ཞིང༌། །བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་འགའ། །ཕྱག་ཏུ་ཐོགས་པས་ཐུགས་བསམ་ལེགས་བཞེས་ཏེ། །ཁ་སྦུབས་གཟིམས་སྐབས་རྒྱུས་མེད་མགྲོན་པོ་དང༌། །འཕྲད་ནས་ཕན་ཚུན་གསུང་གླེང་མཛད་པ་ན། །ཐོན་མིས་ཁྱེད་ཉིད་གང་ནས་བྱོན་དྲིས་པར། །ཞང་ཞུང་ནས་འོངས་གང་དུ་འགྲོ་བྱས་པས། །ཟ་ཧོར་དུ་འགྲོ་གང་ཞིག་བྱེད་དུ་འགྲོ། །དེ་སྐད་དྲིས་པས་ཇ་ཞིག་ཉོ་རུ་འགྲོ། །ནམ་སླེབས་བྱས་པས་ཅི་ཆ་ཟེར་ནས་སོང༌། །ཐོན་མིས་མི་དེའི་སྐད་ལ་ལེགས་དཔྱད་ནས། །ཚིག་གི་ཟུར་ལས་རྒྱ་གར་འཕགས་ཡུལ་གྱི། །གསལ་བྱེད་སོ་བཞིའི་གྲས་སུ་མེད་པ་ཡི། །བོད་ཡིག་དྲུག་པོ་རྙེད་པར་གསུངས་པ་ཡི། །གཏམ་རྒྱུད་འདི་ཉིད་བདེན་མིན་ཇི་ལྟར་ཡང༌།།ཐོན་མིས་བོད་ཡིག་བཟོ་སྐབས་རྟོག་དཔྱད་དང༌། །ཞིབ་འཇུག་ཐེངས་མང་མཛད་མཐར་ད་གཟོད་ཀྱི། །ཆ་ལག་ཚང་བའི་བོད་ཡིག་འདི་ཉིད་བསྐྲུན།།དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་ནི། །བོད་སྐད་གཅིག་དང་ཆོས་སོགས་རྒྱ་གར་གྱི། །ཨེ་ཀ་དྷརྨ་སོགས་སུ་འབོད་པ་ལས། །རྒྱ་གར་ཡི་གེར་ཅ་སོགས་མི་དགོས་པས། །བོད་ཀྱི་ཡི་གེར་བསྣན་ཞེས་གསུངས་པ་དང༌། །མར་པ་ལོ་ཙཱའི་དུས་སུ་བྲིས་ངེས་པའི། །སྔོན་གྱི་ཡིག་རྙིང་ཞིག་ཏུ་ཡུལ་དྲུག་གི །མིང་གི་ཟུར་ལས་ཡིག་གསར་དྲུག་རྙེད་པར་བཤད།།དེ་ཡང་ཅ་ནི་གན་ཅག་ཆ་ནི་གུགས་ཆོག་ལས། །རྙེད་ཅིང་ཇ་ནི་ཐེ་རང་ཇ་གྲོང་དང༌། །ཞ་ནི་ཞང་ཞུང་ཟ་ནི་ཟ་ཧོར་དང༌། །འ་ནི་འ་ཞའི་ཡུལ་ལས་རྙེད་ཅེས་འཁོད། །འདི་འདྲའི་ཡིག་རྙིང་ལག་ཏུ་ཆུད་དཀའ་གསུངས། །ཞིབ་ཏུ་བརྟག་ན་འགལ་བར་མི་འགྲོ་སྟེ། །ཐོན་མིས་མགྲོན་པོའི་ཚིག་གི་རྐྱེན་བྱས་ཏེ། །ཡིག་དྲུག་དགོས་པའི་མིང་ཚིག་དུ་མ་དང༌། །རྒྱ་གར་ཡུལ་ལ་མེད་པའི་སྐད་གདངས་དྲུག །གངས་ཅན་བོད་ཀྱི་སྐད་ལ་ཡོད་པ་དང༌། །སློབ་དཔོན་ཐོན་མིའི་ཐུགས་ལ་ལེགས་འཁྲུངས་ནས། །དེ་དག་མཚོན་བྱེད་ཡིག་གཟུགས་དྲུག་པོ་རྣམས། །གསར་དུ་བཟོས་ཞེས་འདོད་ན་ལེགས་པར་སེམས།།ཡོངས་གྲགས་རྒྱ་ལ་མེད་པའི་ཡི་གེ་དྲུག །སྟོད་དུ་ཅ་ཆ་ཇ་གསུམ་སྨད་དུ་ནི། །ཞ་ཟ་འ་ཞེས་ཡོངས་སུ་གྲགས་ན་ཡང༌། །ཡི་གེའི་གཟུགས་དང་སྡེ་པའི་གོ་རིམ་དང༌། །སྒྲ་གདངས་དྲག་ཞན་ཕོ་མོའི་རྟགས་དབྱེ་དང༌།།རྒྱ་ལ་ཡོད་མེད་སོགས་ཀྱི་རྒྱུ་མཚན་ལས། །ཐོན་མིས་གསར་དུ་བཟོས་པའི་ཡིག་དྲུག་ནི། །ཙ་ཚ་ཛ་གསུམ་ཞ་ཟ་འ་དང་དྲུག །ཡིན་ནམ་སྙམ་པས་གཟུར་གནས་མཁས་རྣམས་ཀྱིས། །ཞིབ་མོའི་བློ་ཡིས་ཡང་ཡང་དཔྱད་པར་འཚལ།།

ཐོས་བསམ་སྒོམ་པའི་ལུས་སྟོབས་ལྷུན་རྫོགས་ཤིང༌། །

མཁས་བཙུན་བཟང་པོའི་གཡུ་རལ་ཁུར་གྱིས་བརྗིད། །

འཆད་རྩོད་རྩོམ་པའི་གང་རྒྱངས་སྒྲོག་མཁས་པའི། །

འགྲན་མེད་གདོང་ལྔ་སྲིད་ཞིའི་གཙུག་ན་རྒྱལ། །

བཅུ་གཅིག སྒྲ་ཡི་བསྟན་བཅོས་མཛད་ཚུལ།

འཇམ་དབྱངས་མི་ཡི་རྣམ་རོལ་ཐོན་མི་ཡིས། །ལཛཉར་དཔེ་བྱས་བོད་ཡིག་དབུ་ཅན་དང༌། །ཝརྟུར་དཔེ་བྱས་དབུ་མེད་ཡིག་གཟུགས་དང༌། །ནཱ་ག་ར་ལ་དཔེ་བྱས་ལན་ཝར་གྱི། །འབྲི་ཚུགས་སྟབས་བདེར་བྱས་ནས་བོད་ཡིག་གི །ཡིག་གཟུགས་ཚད་ལྡན་གཏན་ལ་ཕབ་པ་དང༌། །དྲུག་བཞི་དྲུག་ལོར་བོད་ཡིག་གསར་གཏོད་མཛད། །དྲུག་ལྔ་གསུམ་ལོར་སྐུ་མཁར་མ་རུ་རུ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་བཞིན་དུ། །སུམ་རྟགས་ལ་སོགས་སྒྲ་གཞུང་རྣམ་བརྒྱད་དེ། །དང་པོ་ཡི་གེའི་རྣམ་འགྱུར་བཟོ་བརྩམས་ཤིང༌། །གཉིས་པ་ཀ་མད་སུམ་ཅུར་བསྒྱུར་བ་དང༌། །གསུམ་པ་སྡེབ་སྦྱོར་སྒྲིག་པའི་གཞི་མ་དང༌། །བཞི་པ་ཐོན་མིའི་མདོ་རྫིའི་སྒྲ་མདོ་དང༌། །ལྔ་པ་མུན་པའི་སྒྲོན་མེ་སྔགས་ཀྱི་ཀློག་ཐབས་དང༌། །གཞན་ཡང་དྲུག་པ་ཀ་ཁའི་བསྟན་བཅོས་དང༌། །སུམ་རྟགས་གཉིས་བཅས་སྒྲ་གཞུང་བརྒྱད་དུ་འདོད། །ལ་ལས་སྒྲ་གཞུང་བརྒྱད་ལས་མང་བ་དང༌། །ལ་ལས་སུམ་རྟགས་གཉིས་ལས་མེད་པར་འདོད། །ཐོན་མིས་མཛད་པའི་སྒྲ་གཞུང་རྣམ་པ་བརྒྱད།།ཡོད་པར་བཤད་ཀྱང་བཙན་པོ་གླང་དར་གྱིས། །རྒྱལ་བསྟན་བསྣུབས་སྐབས་སྒྲ་གཞུང་དེ་དག་ཀྱང༌། །ནུབ་པར་གྲགས་པས་དེང་དུས་སུམ་རྟགས་ལས། །མ་བཞུགས་པ་ནི་ཤིན་ཏུ་ཕང་བའི་གནས། །རྒྱལ་རབས་གསལ་མེའི་ཚིག་ཟིན་ལྟར་བྱས་ན། །རྩོམ་པ་པོ་ཡི་སྒྲ་གཞུང་དེ་དག་རྣམས།།གཟིགས་པར་གསལ་བས་ནམ་ཞིག་ནུབ་མིན་ལ། །གཟུར་གནས་རྣམས་ཀྱིས་ད་དུང་དཔྱད་པར་ཞུ། །བརྗོད་བྱ་དོན་དང་རྗོད་བྱེད་ཚིག་རྣམས་ཀུན། །ཕུན་སུམ་ཚོགས་པའི་སྒྲ་ཡི་བསྟན་བཅོས་སོགས། །ལེགས་པར་མཛད་དེ་གངས་ཅན་རྨོངས་པའི་མུན། །སེལ་བའི་ཉི་མ་ཆེན་པོ་དེ་དུས་ཤར།།

བཅུ་གཉིས། བོད་ཡིག་དར་འཕེལ་བཏང་ཚུལ།

བོད་ཡིག་བཟོས་རྗེས་བོད་ཡུལ་ཕྱོགས་ཀུན་ཏུ། །རིག་གནས་དར་རྒྱས་ཆེན་པོ་འབྱུང་བའི་སླད། །ཆོས་རྒྱལ་ཉིད་ནས་ཐོན་མི་སློབ་དཔོན་དུ༑ ༑བསྟེན་ནས་སྒྲ་དང་བོད་ཀྱི་ཡིག་རིགས་ལ། །ཞིབ་ཏུ་སྦྱངས་ཏེ་རྒྱལ་བློན་འབངས་བཅས་ཀྱི། །འབྲི་ཀློག་བློ་གྲོས་པདྨ་རྒྱས་པར་གྱུར། །རྒྱལ་པོས་ཐོན་མི་རང་གི་སློབ་དཔོན་དུ། །བསྟེན་ནས་རིག་པའི་གནས་ལ་སྦྱངས་པས་ན། །སློབ་དཔོན་ཞེས་པའི་མཚན་ཡང་དེ་དུས་གསོལ། །བོད་ཀྱི་ཡི་གེ་གསར་དུ་བཟོས་པའི་རྗེས། །སློབ་མའི་ཐོག་མ་ཆོས་རྒྱལ་སྲོང་བཙན་དང༌། །དགེ་རྒན་ཐོག་མ་ཐོན་མི་ཉིད་དུ་གྱུར། །གཞན་ཡང་ཆོས་འབྱུང་འཁས་པའི་དགའ་སྟོན་ལས། །ཐོན་མིས་བོད་ཡིག་ཐོག་མར་མཛད་པའི་ཕྱིར། །བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་གྲགས། །ཞེས་དང་ྋགོང་ས་ལྔ་པ་ཆེན་པོས་ཀྱང༌། །མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་ཕྲེང་ལ།།རྒྱ་མཚོའི་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི། །རིན་ཆེན་འཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ། །ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི།།ཞེས་གསུངས་བཀའ་དྲིན་གཞལ་དཀའི་གནས་འདི་ལགས།།

ཐོས་བསམ་སྒོམ་པའི་གངས་ལྗོངས་དབང་ཕྱོགས་ལས། །

མཁས་བཙུན་བཟང་པོའི་ལྷ་ལམ་མཛེས་རྒྱན་དུ། །

མཁྱེན་བརྩེ་ནུས་པའི་མུན་སེལ་ཆ་རྫོགས་ཟླ། །

འཆད་རྩོད་རྩོམ་པའི་འོད་སྣང་འགྱེད་བཞིན་བཞད། །

ཚིགས་སུ་བཅད་པ་འདིར་ཐོས་བསམ་སྒོམ་གསུམ་དང༌། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ་བཅས་གསུམ་ཚན་རིམ་པར་སྦྱར་བའི་བྱ་དཀའི་ཚིགས་སུ་བཅད་པའོ།།

བཅུ་གསུམ་པ། བཀའ་བསྟན་བོད་དུ་བསྒྱུར་ཚུལ།

སྐད་གཉིས་སྨྲ་བའི་གཙུག་གི་རྒྱན་གྱུར་པ། །སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་དང༌། །གངས་ཅན་བོད་ལ་ཉེ་བར་མཁོ་བ་ཡི། །སུམ་རྟགས་ལ་སོགས་སྒྲ་ཡི་བསྟན་བཅོས་མཛད། །རྒྱ་གར་འཕགས་པའི་ཡུལ་ནས་གདན་དྲངས་པའི། །སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང༌།།རྒྱ་གར་རྒྱལ་པོས་ཆོས་རྒྱལ་སྲོང་བཙན་ལ། །སྐྱེས་ལན་བསྐུར་བ་མདོ་སྡེ་དཀོན་མཆོག་སྤྲིན། །དམ་ཆོས་པད་དཀར་གཙུག་གཏོར་དྲི་མེད་གཟུངས། །འདུས་པ་རིན་པོ་ཆེ་ཡི་ཏོག་དང་ནི། །རྒྱལ་ཐོག་ཉེར་བརྒྱད་ཐོ་རི་གཉན་བཙན་སྐབས། །ལོ་ཆེན་ལི་ཐི་སི་དང་བློ་སེམས་ཚོས། །རྒྱལ་པོར་ཕུལ་བའི་གཉན་པོ་གསང་བ་སོགས། །བཀའ་བསྟན་དུ་མ་བོད་ལ་ཐོག་མར་བསྒྱུར། །སྐད་གཉིས་སྨྲ་བའི་ཐོག་མ་ཐོན་མིར་གྲགས། །ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་གིས། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ཏེ།།ཆོས་དང་སྲིད་ཀྱིས་རྒྱལ་ཁམས་བདེ་བར་མཛད།།

ཀུན་མཁྱེན་རྒྱུ་དངོས་ལྕི་ཆོས་ཇི་སྙེད་གཟིགས། །

རྟག་མཐའ་དྲུང་ནས་སྤང་ཕྱིན་བླ་མེད་ལམ། །

རྩ་ཚུགས་ཛ་ཡའི་ཞིང་བཟང་ཡིད་འོང་བ། །

རབ་ལེགས་ཤེར་གསུམ་རྒྱལ་ས་ཨ་ཧོ་རྨད། །

ཚིགས་བཅད་འདིར་དབྱངས་གསལ་གཉིས་དང༌། སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་བཅས་ཆ་ཚང་ཞིང༌། རྐང་པ་རེར་གསལ་བྱེད་ཀྱི་སྡེ་པ་གཉིས་རེ་རིམ་པར་ལྡན་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

བཅུ་བཞི། ཡི་གེའི་ངོ་བོ་དང་རང་བཞིན།

བོད་ཡིག་ངོ་བོ་མཉན་བྱའི་སྒྲ་ཡིན་ཏེ། །བརྡ་སྤྲོད་པ་དང་ཚད་མའི་གཞུང་ལུགས་དང༌། །སྒྲ་ཡི་གཞུང་ལས་ཡི་གེའི་ངོ་བོ་ནི། །སྒྲ་རུ་འདོད་དེ་བརྡ་སྤྲོད་གཞུང་ཀུན་ལས། །མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པ་ཡི༑ ༑སྐད་ཀྱི་གདངས་ལ་ཡི་གེའི་ངོ་བོར་འདོད། །ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། །ཡི་གེ་དག་ནི་ཀུན་སློང་ཤེས་པ་ལས། །སྐྱེས་ལ་ཤེས་པས་སྒྲ་སྐྱེས་གསུངས་པ་དང༌། །ཁྱུ་མཆོག་རྒྱལ་པོ་ས་སྐྱ་པཎ་ཆེན་གྱིས། །སྒྲ་ལ་འཇུག་ལས་ཡི་གེའི་ངོ་བོ་ནི། །སྒྲ་གང་ཞིག་ལ་འབྲུ་རུ་ཆགས་པ་ཞེས། །ཡི་གེ་སྒྲ་རུ་འདོད་ཅིང་བོད་ཡིག་ལ། །དངོས་བཏགས་གཉིས་ལས་སྒྲ་ནི་ཡི་གེ་དངོས། །ཡི་གེའི་གཟུགས་ནི་ཡི་གེ་བཏགས་པ་བ། །ཐོན་མིས་བཟོས་པའི་ཡི་གེའང་ཕྱི་མ་ཡིན། །བོད་ཀྱི་ཡི་གེའི་རང་བཞིན་དབྱངས་གསལ་གཉིས། །རྩ་བར་བྱས་ཏེ་སྦྱོར་ཀློག་རྣམ་པའི་ཐོག །རང་སྐད་མ་ལུས་གསལ་བར་འགོད་ཐུབ་པའི། །ཡིག་རིགས་ཀུན་ལས་ཁྱད་འཕགས་རྨད་དུ་བྱུང༌། །འཇིག་རྟེན་སྐད་རིགས་མི་འདྲའི་ཡུལ་རྣམས་ཀྱི། །མིང་ཚིག་བརྗོད་གསུམ་གསལ་བར་བྱེད་པའི་རྐྱེན། །རྣམ་དབྱེ་ཚིག་ཕྲད་སྦྱར་ནས་བརྗོད་དོན་རྣམས། །བརྡ་སྤྲོད་གཞུང་ལ་སྒྲ་ཡི་རིག་པ་ཟེར། །བོད་ལ་མཚོན་ན་སུམ་རྟགས་དག་གསུམ་དང༌། །འཕགས་པའི་ཡུལ་གྱི་ཀ་ཙན་དབྱངས་གསུམ་བཞིན། །ཁྲི་སྲོང་ནས་བཟུང་ཁྲི་རལ་ཡན་ཆད་དུ། །སྐ་ཅོག་ཞང་གསུམ་ལ་སོགས་ལོ་ཙཱ་བས། །འ་མཐའ་ད་དྲག་བཀས་བཅད་ལན་གཉིས་མཛད། །གསུམ་པར་ལྷ་བླ་ཡེ་ཤེས་འོད་ཀྱི་དུས། །ལོ་ཆེན་རིན་ཆེན་བཟང་པོ་ནས་བཟུང་སྟེ། །དྷརྨ་བྷ་དྲའི་བར་དུ་བྱོན་རྣམས་ཀྱིས། །གསར་རྙིང་བརྡ་ཡི་རྣམ་གཞག་བཀས་བཅད་མཛད། །དེ་ལ་བཀས་བཅད་རྣམ་གསུམ་ཞེས་སུ་གྲགས། །ཡིག་སྲོལ་ཕྱེ་ནས་གྲ་ཤོད་གཉིས་ཀྱི་བར། །དར་རྒྱས་བྱུང་བར་སྔ་དར་ཞེས་པ་དང༌། །དར་མས་བསྟན་པ་བསྣུབས་རྗེས་སྒྲོ་གཉའ་ཁྲིས།།པར་སར་ཞེས་པའི་བོད་ཡིག་བར་དར་བྱུང༌། །ལོ་ཆེན་ཤེས་རབ་དབང་ཕྱུག་ཡན་ཆད་དུ། །དར་བ་དེ་ལ་ཕྱི་དར་ཞེས་སུ་བརྗོད། །དར་ནུབ་དབང་གིས་སྔ་ཕྱི་བར་གསུམ་བྱུང༌།།    །།

བཅོ་ལྔ། བོད་ཡིག་འབྲི་རུང་བའི་ཡི་གེ།

བོད་ཡིག་རྐྱང་པ་གསལ་བྱེད་སུམ་ཅུ་དང༌། །ཉིས་བརྩེགས་ང་བདུན་སུམ་བརྩེགས་བཅུ་བཞི་དང༌། །བརྩེགས་འདོགས་ཕུལ་ཅན་ལྔ་བཅུ་ང་བདུན་ནོ༑ ༑དེ་དག་བསྡོམས་པས་ཉིས་བརྒྱ་ང་དྲུག་ལ། །ལུས་ཡིག་ཞེས་བྱ་བརྩི་གཞིར་བྱས་པའི་སྟེང༌། །དབྱངས་ཡིག་ཡན་ལག་དང་བཅས་ལྡན་པ་ཡིས། །དབྱེ་བས་ཆིག་སྟོང་སུམ་ཅུ་ཐམ་པའི་སྟེང༌། །འ་མཐའ་དོར་ཞིང་རྗེས་འཇུག་དགུས་དབྱེ་བས། །ཆིག་ཁྲི་སུམ་བརྒྱ་ཐམ་པ་དེ་ཉིད་སྟེང༌།།ས་དྲག་ཐོབ་ཡུལ་རྗེས་འཇུག་བཞིས་དབྱེ་བས། །བཞི་སྟོང་ཆིག་བརྒྱ་ཉི་ཤུ་བསྣན་པས་ན། །ཆིག་ཁྲི་བཞི་སྟོང་བཞི་བརྒྱ་ཉི་ཤུ་དང༌། །དེ་སྟེང་ད་དྲག་ཐོབ་པས་དབྱེ་བས་ནི། །སུམ་སྟོང་དགུ་བཅུ་བསྟན་པས་ཆིག་ཁྲི་དང༌། །བདུན་སྟོང་ལྔ་བརྒྱ་བཅུ་སྟེང་ཝ་རྟགས་ཅན། །བཅོ་ལྔ་དབྱངས་བཞི་དབུ་ཁྱུད་ཤད་དང་བཅས། །བར་ཚེག་སྲོག་རྐྱེན་ཡི་གེ་བདུན་བསྣན་པས། །ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་སོ། །གངས་ཅན་བོད་ཀྱི་ཡི་གེ་འབྲི་རུང་བ། །བསོད་ནམས་རྩེ་མོས་ཡིག་གྲངས་མདོར་བསྡུས་ན། །ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལྡན། །རྡོ་རྗེ་རྒྱལ་པོས་ཡི་གེའི་ཐོབ་ཐང་དུ། །བརྩིས་པ་ལྟར་ན་ཆིག་ཁྲི་བདུན་སྟོང་དང༌། །ལྔ་བརྒྱ་སོ་གཉིས་ཉེར་མཁོ་བརྒྱད་སྟོང་སོགས།།སྔོན་བྱོན་མཁས་པའི་བརྩི་ཚུལ་གཞན་ཡང་ཡོད།།

བཅུ་དྲུག ཡིག་མཁན་གྲགས་ཆེན་བྱོན་ཚུལ།

འཇམ་དབྱངས་ཡི་མི་གཟུགས་བྱོན་ཐོན་མི་ཡིས། །བོད་ཡིག་གསར་དུ་བཟོས་ཏེ་མ་དཔེ་ནི། །ལྷ་སའི་རྡོ་རིང་སྟེང་ལ་བཏབ་པ་དེར། །སྦལ་ནག་ན་ལ་བརྒྱངས་འདྲ་ཞེས་སུ་གྲགས། །དེ་རྗེས་ཡིག་མཁན་ཕྱ་ངར་རིན་ཆེན་འབར། །དེ་ཡིས་མཛད་པར་སོ་ཕག་གཤིབ་འདྲ་དང༌། །དེ་རྗེས་ཡིག་མཁན་ཆབ་དཀར་བེའུ་ཚེ། །དེ་ཡིས་བྱས་པར་བྱ་ཕོ་འཇོལ་བ་བཞིན། །ཡིག་མཁན་གཙང་གི་དགེ་བསྙེན་དབང་གིས་ནི། །བྱས་པས་ནས་ནག་བཀྲམ་མ་ལྟ་བུ་དང༌། །འབྲི་ཁྲོམ་ཞེས་པས་མུ་ཏིག་བསྟར་བརྒྱུས་འདྲ། །ཡིག་མཁན་ཚེ་སྤོང་བྱང་ཆུབ་མཚན་ཅན་གྱིས། །བྱས་པར་སྦུར་ནག་བགྲད་པ་ལྟ་བུ་དང༌། །ཡི་གེའི་མཁན་པོ་ཐེ་རིགས་ཡོན་ཏན་གྱིས། །བྱས་པར་ཉ་མོ་ཆུ་ནས་ཕྱུངས་པ་བཞིན། །གྲྭ་ཤོད་རྣམ་གཉིས་སེང་གེ་གནམ་མཆོང་འདྲ། །འདི་དག་རྣམས་ནི་བསྟན་པ་སྔ་དར་གྱི། །ཡི་གེའི་མཁན་པོ་སྙན་གྲགས་ཅན་རྣམས་དང༌། །བསྟན་པ་ཕྱི་དར་ཐོག་མའི་དུས་སྐབས་སུ། །སྒྲོ་གཉའ་ཤ་རི་མཐོང་བ་རྡོ་རྗེ་ཡི། །དཔོན་སློབ་རིང་ལ་གསང་ལེབ་གྲུ་བཞི་སྟེ༑ ༑རིམ་དགུ་བྱུང་ཞིང་དེ་རྗེས་ཡིག་མཁན་པོ། །ཁྱུང་པོ་གཡུ་ཁྲིས་དཀྱིལ་འཁོར་ཐིག་ཚད་ལ། །དཔེར་བླངས་ཆ་ཆེན་ཆ་ཆུང་ཆ་བགོས་ཀྱིས།།ཐིག་རིས་སྨྱུག་ཤོག་འབྲི་ལུགས་ལ་སོགས་པའི། །བསྟན་བཅོས་བརྩམས་ཤིང་གསུང་ལས་སྐྱེས་པ་ཡི། །སློབ་མ་ཡིག་མཁན་མཁས་དབང་དུ་མ་བསྐྱངས།།དེ་ལའང་སྦལ་ལུགས་མང་ལུགས་གཉིས་སུ་གྱེས། །དེ་ནས་བོད་ཡིག་ཡིག་གཟུགས་དུ་མ་ཞིག །གངས་ཅན་ལྗོངས་སུ་རིམ་བཞིན་འཕེལ་བར་གྲགས།།སྔོན་བྱོན་མཁས་པའི་ཕྱག་རྒྱུན་ཡི་གེའི་གཟུགས། །འབྲི་ཚུལ་ཇི་བཞིན་ཤེས་པ་དེང་དུས་སུ། །ཉིན་སྐར་ལྟར་དཀོན་རྣམ་དཔྱོད་ཅན་རྣམས་ཀྱིས། །བརྩད་ནས་ཞིབ་མོར་སྦྱངས་པ་གལ་གནད་ཆེ།།

ཚེ་གཅིག་སྐུ་གཉིས་མཆོག་གསུམ་གཙུག་ན་མཛེས། །

བདེན་བཞི་ལམ་ལྔ་ཕྱིན་དྲུག་ཟུང་འཇུག་མཐུས། །

དབྱངས་བདུན་རྟགས་བརྒྱད་སྐྱེ་དགུ་ཡིད་འོང་བ། །

ས་བཅུའི་མཁྱེན་རབ་ལྷུན་པོ་ཨེ་མ་རྨད། །

ཤོ་ལོ་ཀ་འདིར་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ། སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་བཅས་ཚང་ཐོག ཚིགས་བཅད་འདིར་གྲངས་གཅིག་ནས་བཅུ་བར་རིམ་པར་ལྡན་པའི་བྱ་དཀའ་བའི་ཚིགས་སུ་བཅད་པའོ།།    །།

བཅུ་བདུན། བོད་ཡིག་གི་ཁྱད་ཆོས།

ཐོན་མིས་རྒྱ་གར་ཡི་གེའི་འབྲི་སྲོལ་དང༌། །མི་མཐུན་སྔོན་རྗེས་ཡང་གསུམ་མགོ་འདོགས་དང༌། །དབུ་ཤད་ཚེག་སོགས་ཐུན་མོང་མ་ཡིན་པའི།།བོད་ཀྱི་ཡི་གེར་རྣམ་གཞག་གསར་གཏོད་མཛད། །བོད་ཡིག་སྒྲ་གཟུགས་དོན་གསུམ་བདག་ཉིད་ཅན། །དོན་མཚོན་སྒྲ་དང་སྒྲ་མཚོན་གཟུགས་དང་ནི༑༑གཟུགས་ལས་སྒྲ་མཚོན་སྒྲ་ཡིས་དོན་གོ་བ། །འདི་ནི་བོད་ཡིག་ཁོ་ནའི་ཁྱད་ཆོས་ཡིན། །བོད་ཀྱི་ཡི་གེ་བཟོས་དང་ལྷན་ཅིག་ཏུ། །གོ་རིམ་ལྡན་ལ་ཆ་ལག་ཚང་བ་ཡི། །བརྡ་སྤྲོད་རིག་པའི་གཞུང་ལུགས་བྱུང་བ་ཡང༌། །བོད་ཡིག་ཁོ་ནའི་ཁྱད་ཆོས་བླ་མེད་ཅིག །ཡི་གེ་སྦྱར་བའི་སྐད་གདངས་འགྱུར་ཚུལ་ཡང༌། །སྐད་ཀྱི་ཆོས་ཉིད་དག་དང་མཐུན་པའི་ཕྱིར། །ངག་ནས་བརྗོད་བདེ་སྦྱང་ཚེ་ཤེས་སླ་བ། བརྗོད་བྱ་སྟོན་པའི་ནུས་ཆེ་བའོ། །མདོ་དབུས་ཁམས་གསུམ་ཡུལ་སྐད་གོ་དཀའ་ཡང༌། །ཡི་གེར་བྲིས་ན་སྟོད་ཀྱི་མངའ་རིས་ནས། །སྨད་ཀྱི་ཨ་མདོའི་བར་དུ་བརྗོད་དོན་རྣམས། །འཁྲུལ་མེད་རྟོགས་ནུས་བོད་ཡིག་ཁྱད་ཆོས་ཡིན། །རྒྱ་གར་དབྱངས་གསལ་བོད་ཐོག་འབྲི་སྲོལ་གཏོད། །སྔགས་ཀྱི་ཀློག་ཐབས་ལྟར་དུ་བཀླགས་པ་ན། །བོད་ཡིག་སྟེང་ནས་ལེགས་སྦྱར་ཇི་བཞིན་དུ། །ཀློག་འདོན་ཐུབ་པ་བོད་ཡིག་ཁྱད་ཆོས་ཡིན། །གཙུག་ལག་གང་ལའང་བོད་ཡིག་འདི་ཉིད་ཀྱིས། །མི་འདང་མེད་ཅིང་མི་རིགས་གཞན་གྱི་སྐད། །འབྲི་ཚེ་སྒྲ་དག་ཐོན་པ་འབྲི་ནུས་པས། །འདི་ཡང་བོད་ཡིག་ཁོ་ནའི་ཁྱད་ཆོས་གཅིག །བོད་ཡིག་བཟོས་ནས་སྐད་ཆ་རིམ་འགྱུར་ཀྱང༌། །བཙན་པོའི་དུས་སུ་བྲིས་པའི་ཡིག་རྙིང་རྣམས། །བོད་ཡིག་ཤེས་པས་ཀློག་ཐུབ་དོན་གོ་བ། །འདི་ཡང་བོད་ཡིག་ཁྱད་ཆོས་བླ་མེད་གཅིག །རྗེ་བློན་གཉིས་ཀྱི་བརྩམས་པའི་བསྟན་བཅོས་དང༌། །བཙན་པོར་བསྟོད་པའི་བྱ་དཀའི་ཡིག་ཕུད་སོགས། །སྙན་ཉམས་ཚིག་གི་སྡེབ་སྦྱོར་གང་ཐད་ནས། །འགྲན་ཟླ་བྲལ་བ་བོད་ཡིག་ཁྱད་ཆོས་ཡིན། །བོད་ཡིག་བསྐྲུན་མ་ཐག་ནས་ཚིག་སྦྱོར་སོགས། །རྨད་དུ་བྱུང་བའི་བསྟན་བཅོས་རྩོམ་ནུས་ཤིང༌། །མདོ་རྒྱུད་བཀའ་ཡི་གླེགས་བམ་བསྒྱུར་ནུས་པའང༌། །བོད་ཡིག་ཁོ་ནའི་ཁྱད་ཆོས་བླ་མེད་གཅིག །ཚད་མཐོའི་ཚན་རིག་དང་མཐུན་བོད་ཡིག་ནི། །ལོ་རྒྱུས་རིང་ཞིང་སྤྱི་ཡི་སྐད་ཆ་དང༌།།མཐུན་ཞིང་ཕྱི་ནང་རིག་གནས་གང་དང་གང༌། །འདི་ཡིས་འཛིན་སྐྱོང་སྤེལ་གསུམ་ཐུབ་འདི་རྨད། །བོད་མིས་རང་སྐད་མཐུན་པའི་བོད་ཡིག་བཟོས། །འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་བསྐྲུན། །འཛམ་གླིང་རིག་གནས་བང་མཛོད་ཆེན་པོའི་ཁྲོད། །ངོ་མཚར་མུ་ཏིག་ཚོམ་བུ་བཞིན་དུ་བཀྲ། །སྔར་ཡོད་གསར་བྱུང་ཤེས་བྱ་མཐའ་ཡས་ཀྱང༌། །བོད་སྐད་མིང་ཚིག་ཡི་གེར་ཐོགས་པ་མེད། །ཐོན་མིའི་རིག་འཕྲུལ་ལས་བྱུང་བོད་ཡིག་ལས། །སྐད་གདངས་མཐའ་ཡས་འབྱུང་རྐྱེན་ཁྱད་ཆོས་ལྡན། །བོད་སྐད་བྱིངས་རྐྱེན་གཞན་ལ་མ་བལྟོས་པར། །ཚིག་ཟུར་བསྒྱུར་བས་བརྗོད་དོན་སྣ་ཚོགས་སྟོན།།དབྱངས་གསལ་གཉིས་དང་སྔོན་རྗེས་ཡང་གསུམ་དང༌། །མིང་གཞི་མེད་ཀྱང་ཆོག་པའི་ཝ་ཡིག་དང༌། །མགོ་གསུམ་འདོགས་བཞི་ཕོ་མོའི་རྟགས་དབྱེ་དང༌། །རྣམ་དབྱེ་བརྒྱད་དང་ཚིག་ཕྲད་རང་གཞན་གཉིས། །བདག་གཞན་དུས་གསུམ་ཚིག་ཟུར་བསྒྱུར་བས་ཐོན། །དབུ་ཤད་ཚེག་སོགས་བོད་ཀྱི་ལུགས་ལ་ལྡན། །མིང་ཚིག་ཡིག་གཟུགས་དག་ཀྱང་གཅིག་གྱུར་གྱིས། །བརྗོད་དོན་གོ་དཀའ་དོན་ལོག་གོ་བ་མེད། །རང་གཞུང་བསྒྱུར་གཞུང་དག་ལ་སྔོན་བྱོན་གྱི། །མཁས་པས་ཡུལ་སྐད་བསྲེས་ནས་གོ་དཀའ་ཡང༌། །གསར་བཅད་སྐད་ཀྱི་གཏན་ལ་ཕབ་པས་ན། །ཡིག་ཐོག་བརྡ་སྤྲོད་མིང་ཚིག་གཅིག་གྱུར་ཡིན། །མིང་གཅིག་དོན་མང་དོན་གཅིག་མིང་མང་སོགས། །མིང་གི་མངོན་བརྗོད་ཕུན་སུམ་ཚོགས་པ་ནི། །བོད་ཀྱི་སྐད་དང་ཡི་གེར་མིང་ཚིག་གི །འཛད་མེད་གཏེར་མཛོད་ཆེན་པོའི་ཁྱད་ཆོས་ལྡན། །སྔོན་བྱུང་དངོས་པོ་མཐའ་ཡས་མིང་ཚིག་གི །ཐོགས་པ་མེད་ཅིང་ཕྱིས་འབྱུང་དངོས་པོ་རྣམས། །སྔར་སྲོལ་ཇི་བཞིན་འདྲ་འབྲེལ་རྒྱུ་མཚན་གྱིས། །མིང་བརྡ་སྣ་ཚོགས་གསར་བཟོའི་ནུས་མཐུ་ལྡན། །རྟེན་འབྲེལ་མཚོན་བྱེད་ཉི་ཟླའི་གཟུགས་དབྱིབས་ཀྱི༑ ༑ཡིག་མགོ་འབྲི་ལ་ཤི་པོའི་རྗེས་འཇུག་གི །ཡི་གེར་ཡིག་མགོ་མི་འབྲི་འདི་ལས་རྟོགས།།   །།

བཅོ་བརྒྱད། རྗེས་འཇུག་གི་སློབ་མ་བྱོན་ཚུལ།

འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་ཡི། །སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་དང༌། །སྒྲ་ཡི་བསྟན་བཅོས་བཀྲ་ཤིས་གྲངས་ལྡན་པ༑༑ལེགས་པར་བརྩམས་ཤིང་གསུང་བཟང་ལས་སྐྱེས་པའི། །དྷརྨ་ཀོ་ཤ་ལྷ་ལུང་རྡོ་རྗེ་དཔལ། །ལ་སོགས་རྗེས་འཇུག་མཁས་དབང་དུ་མ་བྱོན། །བོད་ཡུལ་མུན་པའི་གླིང་དུ་རིག་གནས་ཀྱི། །ཉི་མ་ཤར་ཞེས་མཁས་དབང་དུ་མས་གླེང༌། །གངས་ཅན་འགྲོ་བའི་རྨོངས་པའི་མུན་སེལ་བ། །མཁན་པོ་ཐོན་མི་འཇམ་དཔལ་དབྱངས་དངོས་གང༌། །ལྗོངས་འདིའི་དཔལ་དུ་དངོས་སུ་ཤར་བ་ན། །གཙུག་ལག་འདབ་སྟོང་ཕྱོགས་བཞིར་ལྷུག་པར་གྲོལ།།

རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །

ཕན་བདེའི་འབྱུང་གནས་ཐུབ་བསྟན་ཉི་ལྟར་གསལ། །

ལེགས་བཤད་ཉིན་བྱེད་འོད་སྣང་འགྱེད་བཞིན་དུ། །

གླིང་བཞིའི་རྒྱལ་བསྟན་ཡར་ཟླར་འཕེལ་བར་མཛོད། །

ཅེས་བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་གཉིས་ཀྱི་བྱུང་འཕེལ་དང༌། བོད་ཡིག་གི་ཁྱད་ཡོན་རགས་ཙམ་གླེང་བ་ལེགས་བཤད་འདྲེན་པའི་ཕོ་ཉ་དང༌། བར་གྱི་བྱ་དཀའ་བའི་ཚིགས་བཅད་རྣམས་གངས་ལྗོངས་ལྷ་ལྡན་ཞིང་ཁམས་སུ་དམར་པོ་རྒྱའི་བཙོན་ནང་ཚ་དྲི་དང་སྡུག་སྦྱོང་མནར་གཅོད་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་དཀའི་ལོ་ཟླ་ཉིན་ཞག་ནང་དུས་ཚོད་འཁྱོལ་ཐབས་སུ་བྲིས་པ་དེ་ཉིད་ཁ་སྣོན་ཅུང་ཟད་དང་བཅས་བརྡ་སྤྲོད་ལྷན་ཐབས་ཀྱི་སྡོམ་ཚིག་གི་ཚུལ་དུ་བཀོད་པ་ལགས་སོ།།   །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།