བོད་ཀྱི་སྐད་ཡིག་ལ་བརྩེ་བའི་ཤམ་བྷ་ལའི་ཕོ་ཉ།

ཤམ་བྷ་ལའི་ཕོ་ཉ་དྲ་བར་ཟླ་༠༡་ཚེས་༡༨ཉིན་འབྱོར་ནས་སྤེལ། ཉེ་ལམ་ཤམ་བྷ་ལའི་ཕོ་ཉ་ཞེས་པའི་དྲ་རྒྱ་རུ་རང་རེ་བོད་སྐད་ཡིག་ཐོག་རྒྱལ་ཕྱི་ནང་གི་གསར་འགྱུར་དང་ཟིན་བྲིས། རྩོམ་ཡིག ཆོས་དང་རིག་གནས། ལེགས་སོགས་ཀྱིས་རང་ཚུགས་བརྟན་པོར་ཟིན་པར་མ་ཟད།  ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་ཐོག་ཏུ་ལེགས་གྲུབ་ཤར་གཏོང་ཐུབ་སོང་བ་ནི་ཁྱེད་ཅག་རང་རེ་བོད་ཀྱི་རིག་གནས་ལ་ཐུགས་སེམས་གཏིང་ནས་དཀར་བའི་དྲ་བའི་ལས་བྱེད་རྣམ་པའི་བཀའ་དྲིན་དང་མཛད་རྗེས་ཁོ་ན་ལས་བྱུང་བ་ཡིན་ཕྱིར་འདིར་ཆེད་དུ་ཁ་ཞེ་གཉིས་སུ་མེད་པར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཆེ་ཞུ་བ་ཡིན།

ཞོར་དུ་ཞུ་བ་ཉུང་ངུ་ཞིག་ལ།  ཧི་མ་ལ་ཡིག་གཟུགས་ནི་གོ་ཐོས་ལྟར་ན་རྒྱལ་སྤྱིའི་དྲ་ལམ་དང་ཚད་མཐུན་རང་བཞིན་གྱི་བོད་ཡིག་རེད་ཅེས་པ་ནི་ཅི་འདྲའི་དགའ་འོས་པའི་གནས་ཤིག་རེད་འང༌།  ཡིན་ན་ཡང་མིག་སྔར་རང་རེ་བོད་མི་རིགས་ཀྱི་ཡོད་ཚད་ལ་གཅིག་གྱུར་གྱི་ལས་དབང་ཉག་ཕྲ་བ་ནང་བཞིན། བརྡ་འཕྲིན་དུས་རབས་ཅན་གྱི་ལམ་ལ་ཀྱར་ཀྱོར་དུ་བསྒྲོད་པའི་བོད་ཡིག་གཟུགས་ཀྱི་ཐད་ནས་ཀྱང་རང་རང་ས་ནས་གཅིག་གྱུར་དང་སྲ་བརྟན་གྱི་མདུན་ལྗོངས་ལ་ཐུགས་གཞིགས་མ་གནང་བར།  ཁྱོད་བཟང་ང་ཡིན་གྱིས དཔེར་ན།  (པེ་ཏ་སྤང་ཏྲིན) དང་སམྦྷོ་ཊ། དོན་ཡོད།  པཎ་ཌི་ཏ། སྨོན་ལམ།  ཧི་གཟུགས་སོགས་མ་ལགས་མཉེན་ཆས་དང༌།  ཕབ་ལེན་ནང་འཇུག  ཡིག་གཟུགས་གཏགས་ཐབས་སོགས་མི་མཐུན་པ་དང༌།  དེ་བཞིན་རྒྱལ་གཉེར་པར་སྐྲུན་ཁང་མང་ཆེ་བས་ཡིག་གཟུགས(པེ་ཏ་སྤང་ཏྲིན)ལས་པར་སྒྲིག་མི་བྱེད་པ་ལྟ་བུ་དང༌། ཡང་ཁམས་ཕྱོགས་ནས་སམྦྷོ་ཊ་བཟང་རབས་བདེ་རབས་དང༌།  ཨ་མདོ་མཚོ་སྔོན་གྱི་ཕྱོགས་སོགས་མང་ཆེ་བས་པཎ་ཌི་ཏ་བཟང་ཚུལ་གྱི་གནས་ལུགས་གླེང་སྟེ། རང་ལམ་སྒེར་གཅོད་ཅན་གྱི་རྒྱུད་རིམ་འོག་ནས་ཕྲན་ལྟ་བུའི་རྩིས་འཕྲུལ་གྱི་སྟེང་ནས་ཡི་གེ་གཏགས་ཙམ་ལ་གསར་ཞུགས་དམའ་རིམ་པ་དག་གིས་ཕབ་གཞོང་ལག་བྱང་རྐྱང་པའི་ཆ་ནས་ན་ནིང་ཀ་དང༌། ད་ལོ་འདི།  སང་ལོ་ཡང་གཞན་ཞིག་བརྗེ་བསྒྱུར་བྱེད་དགོས་པའི་གནས་བབ་འོག་ཏུ་ཡིག་གཟུགས་གཏགས་རྒྱུ་ཁོ་ནས་དུས་ཚོད་སྐྱེལ་དགོས་པའི་ཚད་འདི་རེད། ལྷག་པར་དྲ་ལམ་ནས་བོད་ཡིག་གི་གོམ་པ་རེ་ཟུང་ལེན་མཁན་ནི་དཔལ་འབྱོར་ཐད་སྟེང་ནས་འབབ་ཆུ་དང༌། འོག་ན་འཁྱིལ་ཆུ་མེད་པའི་བོད་ཀྱི་སློབ་མ་དང་གྲྭ་བ་འདྲེས་མ་མི་མགོ་སྟོང་ཕྲག་དྲུག་ཙམ་ཡོད་པ་རེད།  ཁོ་ཚོ་ལ་མཚོན་ན་ད་ལྟ་ཕབ་ལེན་སོགས་ཀྱི་ཉམས་མྱོང་དང༌།  གཏགས་ཐབས་ལ་མྱུར་བྱང་ཅུང་ཐོབ་ཡོད་པ་དེ་པཎ་ཌི་ཏ་ཁོ་ན་ཡིན་པ་སྨྲོས་མེད་ཡིན་ལ།  པཎ་ཊི་ཏའི་མཐེབ་རྡེལ་ནི་པེ་ཏ་ཞེས་ཅུང་དར་སྔ་བའི་ཡིག་གཟུགས་དེ་དང་མཚུངས་པར་བཟོས་ཡོད་པ་ནི་གཅིག་གྱུར་ལ་ཁ་ཕྱོགས་ཡོད་པའི་ཁྱད་ཆོས་ཤིག་ངོམ་ཡོད་པར་མ་ཟད་སྤྱི་སྤྱོད་དྲ་སྟེགས་གང་ཞིག་ནས་ཡིག་གཟུགས་ཕབ་ལེན་དང་བཀོལ་དགོས་ཀྱང་དཀའ་ངལ་མེད་པའི་ནུས་ཤུགས་ཀྱིས་ད་སྔོན་ང་ཚོས་ལག་མགོ་ནས་རང་དབང་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་སོགས་ལ་གསར་འགྱུར་དང་པར་རིས་གཏོང་ཐུབ་པ། བོད་ཀྱི་སྐད་ཡིག་ཟིན་བྲིས་དང༌།  གངས་ལྗོངས་གཞོན་ནུ། མཆོད་མེ་ཟིན་བྲིས་སོགས་གླེང་སྟེགས་དྲ་ཚིགས་མི་ཉུང་བ་ཞིག་གི་གྲུབ་འབྲས་ཐོན་དང་ཐོན་བཞིན་པ་མངོན་གསལ་ཡིན་པ་དེ་རེད། འོན་ཀྱང་པཎ་ཌི་ཏའི་སྟོང་ཆ་ཆེན་པོ་ནི། རང་ཚུགས་རྐྱང་བས་དྲ་ལམ་ནས་ནུས་པ་མི་ཐོན་པར་འགྱུར་འགྲོ་བ་ལྟ་བུ་དང༌། སྒྲིག་སྦྱོར་གྱི་ཐད་ནས་སྟབས་བདེ་མིན་པ། དེ་ལས་ཀྱང་བརྩེགས་ཡིག་དང་སྔགས་ཡིག་གི་ཐད་ནས་བཀོལ་ཧ་ཅང་དཀའ་བ༌། ཡིག་གཟུགས་རེ་ཟུང་གཞི་ནས་མི་ཐོན་པའི་སྟོང་ཆ་ཡོད་པ་སོགས་ལ་བསམ་ན། ད་ཆ་སྤྱོད་སྒོ་ཚད་མཐོན་དང་ཡོངས་ཁྱབ་ཀྱི་ཁྱད་ཆོས་ལྡན་པ་ནི་ཧི་མ་ལ་ཡ་ཡིག་གཟུགས་ཡིན་པའི་ཚད་འདི་ལ་ཐོན་པ་རང་རེ་བོད་ཀྱི་ཕ་ཡིག་གི་འཕེལ་རྒྱས་དང་སྔོན་ཐོན་ཡིན་པས་ཤིན་ཏུ་སྤྲོ་སྣང་འཕེལ་བ་ཞིག་ལགས་མོད། ཡིན་ན་ཡང་ཆུང་ས་ནས་མཐེབ་རྡེལ་གྱི་རྨང་གཞི་གཅིག་གྱུར་མིན་པའི་ཆ་སོགས་ཕྱོགས་མང་པོ་ཞིག་ནས་བཀོལ་མཁན་ཚོར་རྒྱ་ཡིག་དང༌། དབྱིན་ཡིག་ལྟ་བུའི་སྟབས་བདེ་མ་ཡིན་པར། གཅིག་བྱང་ན་གཅིག་གི་བྱང་ཚད་ལ་གནོད་པར་མ་ཟད་ཕན་ཚུན་ལག་ནོར་ཉོག་རྫོབ་ཆེ་བའི་དཀའ་ངལ་ལ་ཐུག་ཏེ། ཡང་བོད་ཡིག་གཏགས་རྒྱུ་ལ་གཞི་ནས་གོམ་པ་ཀྱར་ཀྱོར་ལེན་དགོས་པའི་མྱོང་ཚོར་སྐྱེ་བཞིན་པའི་ཚད་ཡིན་པ་དང༌།

དེ་ལས་ཀྱང་གོང་དུ་ཞུས་པ་ལྟར་དྲ་སྟེགས་བོད་ཡིག་གི་ལས་ཀ་གཉེར་མཁན་གྱི་སློབ་མ་དང་གྲྭ་བ་ཚོར་མཚོན་ན་དཔལ་འབྱོར་ཚད་བཀག་དབང་གིས་ཁོམ་ལོང་གི་གོ་སྐབས་བཙལ་ཏེ། སྤྱི་སྤྱོད་དྲ་བའམ་དྲ་ཁང་ནས་ལས་ཀ་མ་གཉེར་ན། སྒེར་ཐོབ་ལག་འཁྱེར་ཀློག་ཀླད་དམ་རྩིས་འཕྲུལ་དང་ཁྱིམ་སྤྱོད་རྩིས་འཕྲུལ་གྱི་ཆ་རྐྱེན་མེད་པར་སྤྱི་སྤྱོད་དྲ་ཁང་དུ་འགྲོ་དགོས་ཐུག་གི་ཡོད་ལ། ཧི་མ་ལ་ཡིག་གཟུགས་ནི་པཎ་ཌི་ཏ་ལྟ་བུར་ཐད་ཀར་ཕབ་ལེན་བྱེད་གཏན་ནས་མི་ཐུབ་པས་ཧི་གཟུགས་ཟིན་བྲིས་ལ་སྤྲོ་བ་ཡོད་མཁན་ཚོར་འགོག་རྐྱེན་ངེས་ཅན་ཐེབ་ཀྱིན་འདུག 

རྒྱུ་མཚན་འདི་དང་འདི་ལྟ་བུ་ལ་དམིགས་ནས་ཁྱེད་བོད་རང་གི་སྐད་ཡིག་ལ་ཐུགས་སེམས་དཀར་བའི་དྲ་བའི་ལས་བྱེད་རྣམ་པ་དང༌། རྩིས་འཕྲུལ་ལག་རྩལ་ཆེད་མཁས་རྣམ་པས་ཐབས་བརྒྱ་ཇུས་སྟོང་གིས   ༡ ཧི་གཟུགས་ཕབ་གཞོང་གི་གསལ་བྱེད་སུམ་ཅུའི་གནས་མལ་དང༌། བརྩེགས་ཡིག་འཕུལ་བྱེད m དེ་སོགས་གཞི་ནས་པཎ་ཌི་ཏ་གཏགས་ལ་བསྟུན་ཐབས་དང་ཐག་ཇེ་ཉེར་གཏོང་ཐབས་ཤིག་ཨེ་ཡོད་གཟིགས་རྒྱུ་དང༌།  ༢ ཧི་གཟུགས་པཎ་ཌི་ཏ་ལྟར་སྟབས་བདེའི་ངང་ཕབ་ལེན་བྱེད་ཆོག་གི་ནང་འཇུག་མཉེན་ཆས་སོགས་ཟིན་བྲིས་མདུན་ངོས་སུ་བཀོད་རྒྱུ།  ༣ དེ་དག་ལས་ཀྱང་ཧི་གཟུགས་དྲ་སྟེགས་ནས་ཕབ་ལེན་ནང་འཇུག་བྱས་རྗེས་རྩིས་འཕྲུལ་འདས་ལོག་མི་དགོས་པའི་བྱེད་ཐབས་ཤིག་འཚོལ་རྒྱུ་སོགས་ནི་རང་རེ་བོད་ཡིག་བརྡ་འཕྲིན་ལམ་དུ་ཤར་སྐྱོད་ཐུབ་པའི་དགོས་མཁོ་དང༌། རང་རེའི་ཧི་གཟུགས་ཟིན་བྲིས་ཀྱི་མདུན་ལྗོངས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་བྱ་བ་གལ་ཆེན་རེད་སྙམ་པས།  རྣམ་པ་ཚོས་ཐུགས་གཞིགས་གནང་རྒྱུ་བཀའ་དྲིན་ཆེ་ཞེས་སྙིང་ནས་ཞུ་ཞུ། ལི་ཁྲི་དམར་པོ། ༢༠༠༩ལོའི་ཟླ་༡ཚེས་༡༨ཉིན་བཟང་པོར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བཀྲ་ཤིས་བདེ་ལེགས།
3 ༢༨༢༠༡༠༡༡༥༦
སྤང་མདའ་དཔོན།
དངོས་ཉིད་བོད་མི་རིགས་ལ་སྐྱོང་བའི་ལས་གཞི་འདིའི་རིགས་ལ་དགའ་བསུ་ཞུ།
བོད་ཀྱི་སྐད་ཡིག
2 ༢༢༢༠༠༩༡༥༠༣
ང་ཡི་མིང་ལ་བིད་ཟེར
ང་ཚོའི་སྐད་ཡིག་ང་ཚོས་ལོས་བཀོལ།
བོད་ཀྱི་སྐད་ཡིག
1 ༡༦༢༠༠༩༡༧༥༦
ངས་བོད་ཀྱི་སྐད་ཡིག་ལ་ཐུགས་འཁུར་གནང་བའི་གྲོགས་པོ་ཡོངས་ལ་དགའ་བསུ་ཞུ།
ཁྱེད་ཅག་དུས་ནམ་བྱ་བ་ལམ་ལྷོང་ཡོང་བར་ཤོག