རྩོམ་ཡིག

རྒན་རབས་པའི་མཛད་རྗེས།

རྒན་རབས་པའི་མཛད་རྗེས།

རང་གི་མི་ཚེའི་ལོ་རྒྱུས་སྲོང་པོར་བརྗོད་པ་བྱ་དུར་ཚངས་ཐིག་ཅེས་པའི་དཔེ་དེབ་ངོ་སྤྲོད་རགས་བསྡུས།

མར་ནང་ཁྱུང་དཀར་ཚང་།


སྔོན་གླེང་།
ཉེ་ཆར་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ པར་འཕགས་ཡུལ་ངྷ་རམ་ས་ལར་གཞིས་བྱས་“ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་”གིས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་ཀྱིས་བརྩམས་གནང་བའི་ཅེས་པའི་ཁོང་གི་གསུང་རྩོམ་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་ཞིག་དཔར་བསྐྲུན་དང་འགྲེམས་སྤེལ་བྱས་ཡོད་པ་སྐུ་ངོ་རྩོམ་པ་པོ་རང་ནས་གནང་སོན་བྱུང་། ཁོ་བོས་སྔར་མ་དཔེ་ཡང་ཚར་གཅིག་བཀླགས་མྱོང་ཡོད་མོད་ད་ལན་ཡང་སློབ་ཐུན་གྱི་བར་གསེང་རྣམས་སུ་ཚར་གཅིག་བཀླགས་ཐུབ་པའི་སྐལ་བ་བྱུང་བའི་ཉེར་ལེན་ལ་བརྟེན། ད་ལན་དངོས་བྱུང་ལོ་རྒྱུས་ཀྱི་གླེགས་བམ་འདིའི་ས་བཅད་ལེའུ་ཁག་གི་ནང་དོན་ངོ་སྤྲོད་གནད་བསྡུས་ཙམ་ཞུ་འདོད་བྱུང་།

རྩོམ་པ་པོ།
ལོ་རྒྱུས་ཀྱི་གླེགས་བམ་འདིའི་རྩོམ་པ་པོ་ནི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་རེད། ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཀྱི་ལོ་སྟེ། ཕྱི་ལོ་༡༩༣༩ལོའི་ཟླ་ ༨ ཚེས་ ༡༥ ཉིན་བོད་ལྗོངས་ལ་སྟོད་ཡོན་ཆབ་སྟིངས་ཀ་ཞེས་པའི་གྲོང་སྡེ་དེར་སྐུ་འཁྲུངས་ཤིང་དགུང་གྲངས་དྲུག་ནས་བྱ་དུར་དགོན་དུ་ཡི་གེ་འབྲི་ཀློག་ལ་སྦྱངས་བརྩོན་དང་དགོན་གྱི་སྤྱི་གཉེར་ལས་ཚབ་ཞུས་མྱོང་གསུངས།
ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་སྐབས་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས། ༡༩༦༡ ནས་༡༩༦༥ རྒྱ་གར་བྱང་ཕྱོགས་ས་གནས་ཀུ་ལུ་དང་ཤིམ་ལ་བཅས་སུ་བོད་མིའི་ལམ་ལས་བརྒྱ་ཤོག་གི་སྐད་བསྒྱུར་དང་གཙོ་བོ་འགན་འཁྲིའི་ཞབས་ཞུ་གནང་ཡོད་པ་དང་། ༡༩༦༦ ལོ་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་ཡུལ་ས་ཆ་འཚོལ་སྒྲུབ་དང་། ༡༩༧༩ ནས་བོན་གཞིས་ས་གནས་འགོ་འཛིན་ཐོག་མ་གནང་།  ༡༩༨༢ ནས་ ༡༩༩༠ བར་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་དང་དགུ་པ། བཅུ་བཅས་ཀྱི་སྐབས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་མཛད་འགན་བཞེས་ཤིང་། ༡༩༩༡ནས་ ༢༠༠༡བར་བོད་མི་མང་སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་པ་བཅས་ཁྱོན་བསྡོམས་སྤྱི་འཐུས་ལོ་ངོ་ ༢༡ རིང་མཛད།
ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༩་ནས་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། ཁྲིམས་ཞིབ་པ་ཆེ་བ་བཅས་ཀྱི་ཐུགས་འགན་བཞེས། ༢༠༠༤ ལོའི་ཟླ་༩ནས་ཞབས་ཞུའི་མཛད་དོན་ལེགས་གྲུབ་བྱུང་ནས་བགྲེས་ཡོལ་གྱི་གོ་གནས་འཐོབ། ༢༠༠༥ནས་བོན་གཞིས་སུ་ཆེད་ཕེབས་ཀྱིས་བཞུགས་ཏེ་བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་གྱི་ཐུགས་འགན་གནང་སྟེ་ཚོགས་པ་ཡུལ་ཁྲིམས་ལ་དེབ་སྐྱེལ་དུས་འགྱངས་དང་བོན་གཞིས་ཀྱི་ས་ཆ་ཚང་མིན་ཞིབ་རྩད་སོགས་ཀྱི་ལས་དོན་གནང་བཞིན་ཡོད་པ་བཅས་སོ།།

གནད་བསྡུས།
ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་གསུང་པོད་འདི་ལ་གླེགས་བམ་སྟོད་ཆ་དང་སྨད་ཆ་ཞེས་པོད་གཉིས་ཀྱིས་བསྡུས་ཡོད། དངོས་དོན་གྱི་བྱུང་བའི་ལོ་རྒྱུས་ཡིག་རིས་སུ་བཀོད་གནང་ཡོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ལ་ནང་དོན་གྱི་ཆ་ནས་ཧ་ཅང་ཞིབ་ཚགས་ལྡན་ཞིང་། ལོ་ཚིགས་དང་ཟླ་གྲངས་ཚེས་གྲངས་སོགས་གསལ་འཁོད་ཡོད་པ་མ་ཟད་སྒྲུབ་བྱེད་ཀྱི་གཏན་ཚིགས་རྒྱུ་མཚན་ཡང་དཔང་རྟགས་དང་བཅས་གསལ་འཁོད་གནང་ཡོད་འདུག
ནང་དོན་གཙོ་བོ་སྔར་ལོ་རྒྱུས་ཀྱི་ཡིག་ཆ་དང་ཡིག་ཐོག་གང་ལ་ཡང་ཁ་གསལ་ཞིབ་ཕྲ་འཁོད་མེད་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་ཉོ་སྒྲུབ་སྐོར་དང་གཞིས་ཆགས་རབས། གཞིས་འགོ་རིམ་པའི་བསྐོ་བཞག་སྐོར་དང་། ཡང་སྒོས་གཡུང་དྲུང་བོན་གྱི་སྤྱི་འཐུས་བསྐོ་བཞག་སྐོར་དང་སྤྱི་འཐུས་རིམ་པས་ཕྱག་ལས་གནང་སྟངས་སྐོར། བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐོར་དང་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མཛད་འགན་རྒྱལ་ཁའི་ངང་གྲུབ་ཡོད་པ་སོགས་དང་། མདོར་ན་བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུའི་རིང་གི་གཞུང་སྐོར་གྱི་ལོ་རྒྱུས་གལ་གནད་ཁག་གཅིག་རྩལ་དུ་བཏོན་ཏེ་གསལ་འཁོད་ཡོད་པ་སོགས་ནི་གནད་ཀྱི་དོན་པོ་རུ་འཁུམས་ཞེས་ཞུས་ཆོག།

ལེའུ་དང་པོ།
ཁོང་གི་“དལ་འབྱོར་མི་ལུས་སྐྱེས་ཡུལ་དང་དེ་འབྲེལ་སྐོར་”ཞེས་པ་དེ་རེད། འདིར་གཙོ་བོ་ཕྱི་ལོ་༡༩༣༩ནས་༡༩༥༩བར་གྱི་ལོ་རྒྱུས་ཁག་བསྡུས་ཡོད་པ་རེད། འདིར་ཞིབ་ཕྲའི་གསུང་དོན་“བྱ་དུར་ཟེར་དོན་ནི། མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་གསེས་འགྲན་གྱི་རི་གོང་མཁའ་འགྲོ་གསའ་གདོང་བྲག་རི་རང་བྱུང་གི་མདུན། བྱང་ཤར་དབང་ལྡན་བཀོད་ཀྱི་དུར་ཁྲོད་ཁྱད་འཕགས་སྟེང་དགོན་པ་བཞེངས་པས་དུར་ཁྲོད་ནང་བྱ་འབབ་པ་ལྟར་ཡོད་པས་བྱ་དུར་ཞེས་ཐོགས་”ཞེས་རྒྱུ་མཚན་དང་འབྲེལ་ནས་འཁྲུལ་ཡུལ་ས་གནས་གང་གི་ལོ་རྒྱུས་ཀྱང་གནའ་བོའི་བོན་གཞུང་ཁག་ལ་ཁུངས་གཏུགས་ཞུས་ནས་མཛད་ཡོད་འདུག

ལེའུ་གཉིས་པ།
འདིར་“རྒྱ་དམར་གྱི་བཙན་འཛུལ་དང་སྐྱབས་བཅོལ་”ཞེས་པའི་སྐོར་ལ་རེད་འདུག དེ་ཡང་ཕྱི་ལོ་༡༩༥༩ནས་༡༩༦༡ལོའི་བར་གྱི་འགྲུལ་བཞུད་རིང་མོ་དེ་དང་། རྒྱ་གར་དུ་ཕེབས་ནས་ཐོག་མར་སྐུ་ངལ་བསྐྱོན་སྟངས་སྐོར་སོགས་གསལ་འཁོད་གནང་འདུག

ལེའུ་གསུམ་པ།
འདིར་“སྤྱི་ཚོགས་སྲི་ཞུ་བསྒྲུབས་སྐོར་”ཞེས་པའི་ལེ་ཚན་དེ་རེད།  དེ་ནི་ཕྱི་ལོ་༡༩༦༦ནས་༡༩༨༢ལོའི་བར་བརྒྱ་ཤོག་ལམ་ལས་སྐད་བསྒྱུར་དང་། ༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་འོག་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་འཚོལ་བསྒྲུབ་དང་ས་གནས་ཉོ་བསྒྲུབ་ཞུས་ཏེ་གཞིས་འགོ་ཐོག་མའི་མཛད་འགན་བསྐྱངས་པ་སོགས་གསལ་འཁོད་གནང་འདུག

ལེའུ་བཞི་བ།
འདིར་“གཡུང་དྲུང་བོན་གྱི་སྤྱི་འཐུས་”གནང་སྐོར་ལ་རེད་འདུག  དེ་ཡང་ཕྱི་ལོ་༡༩༨༢ནས་༡༩༩༠ལོའི་བར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་རྣམ་གཉིས་བཀའ་དགོངས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་ཕྱག་ལས་གནང་སྐོར་དང་དེའི་སྐབས་བོད་གཞུང་གི་སྲིད་ཕྱོགས་ཀྱི་ལོ་རྒྱུས་ཞལ་གསལ་འདུག

ལེའུ་ལྔ་པ།
འདིར་“ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་”གནང་སྐོར་ལ་རེད་འདུག  དེ་ནི་ཕྱི་ལོ་༡༩༩༥ནས་༢༠༠༡བར་གྱི་མཛད་རྗེས་སྐོར་སོགས་བསྡོམས་བོད་མི་མང་གི་སྤྱི་འཐུས་ཐུགས་འགན་མི་ལོ་ཉེར་གཅིག་རིང་ལ་མཛད་གནང་ཡོད་པ་དང་དེའི་སྐབས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་སྲིད་ཕྱོགས་ཀྱི་དོན་གནད་རྣམས་གསལ་འཁོད་འདུག

ལེའུ་དྲུག་པ།
འདིར་“ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་ཆེ་བ་”གནང་སྐོར་གྱི་མཛད་པ་རེད་འདུག  དེ་ཡང་ཕྱི་ལོ་༢༠༠༡ནས་༢༠༠༤ལོའི་བར་དུ་བོད་གཞུང་གི་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་གོ་གནས་བཞེས་ཏེ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་མཛད་འགན་ཇི་ལྟར་བསྐྱངས་པ་སོགས་དངོས་བདེན་མྱོང་ཚོར་རྣམས་གསལ་འཁོད་ཡོད་འདུག

ལེའུ་བདུན་པ།
སྡེ་ཚན་འདིར་“བཙན་བྱོལ་བོད་གཞུང་གི་འགན་དབང་ཞབས་ཞུ་ལེགས་སྒྲུབ་ཀྱིས་རྒས་ཡོལ་ཐོན་པ་དང་དེའི་རྗེས་ཀྱི་གནས་ཚུལ་མདོར་བསྡུས་”ཞེས་པའི་སྐོར་ལ་གལ་གནད་ཁག་བསྡུས་འདུག དེ་ཡང་ཕྱི་ལོ་༢༠༠༤ནས་༢༠༠༩ལོའི་བར་གྱི་མཛད་རྗེས་ཆེ་ཁག་རྣམས་ཚིག་བསྡུས་དོན་གསལ་གྱིས་བཀོད་གནང་འདུག

མཇུག་གཏམ།
སྐུ་ངོ་གང་གིས་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ཏེ་རང་“མི་རིགས་ཀྱི་དོན་དུ་སྤྱི་སྒེར་ལོ་རྒྱུས་ཡོད་རིགས་འདས་ཟིན་པའི་ནང་དུ་མ་བཞག་པར་འཛམ་གླིང་སྤྱི་དང་། སྒོས་སུ་མ་འོངས་པར་མི་རབས་གསར་པ་ཚོས་ཤེས་ཐུབ་པ་དྲང་བདེན་ཁ་གསལ་མིག་གིས་བལྟ་རྒྱུ་དང་། རྣ་བར་ཐོས་རྒྱུ་ཡོད་པ་ཡིག་ཐོག་བཟོ་འཇོག་དགོས་”པ་གལ་ཆེན་དུ་དམིགས་ཏེ་མཛད་གནང་བ་རེད།
ལོ་རྒྱུས་ཀྱི་བཀའ་རྩོམ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྔར་ཞུས་ཟིན་པ་ལྟར་“ངེས་དོན་ཡོང་ཆེད་ལོ་ཟླ་ཚེས་གྲངས་དུས་ཚོད་སོགས་གསལ་ཁ་”བཏོན་གནང་ཡོད་པ་དང་། དེ་མིན་“འབྲེལ་ཡོད་ཡིག་ཆ་ཡོད་རིགས་བདེན་དཔང་ཆེད་ཟུར་སྦྱར་དུ་བཀོད་”གནང་ཡོད་པ། གཞན་“འུར་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་”ཁ་ཡག་དང་སྤྲེལ་ལད་སོགས་ཀྱིས་ལྷད་མེད་པར་གསལ་ཐང་གནང་ཡོད་པ་ཡང་མངོན་གསལ་རེད།
ལྷག་དོན་དུ་ལོ་རྒྱུས་ཀྱི་གླེགས་བམ་འདི་ནི་སྐུ་ངོ་ཁོང་གིས་“བཙན་བྱོལ་བོད་གཞུང་གི་མཐོ་རིམ་འགན་དབང་འཛིན་མི་རྣམས་ལ་དཀའ་སྡུག་དང་རྣམ་གྲངས་མང་པོའི་འགལ་རྐྱེན་གྱི་ཁྲོད་ནས་རང་ཚོད་བཟུང་སྟེ་མ་འོངས་པའི་མདུན་ལམ་གསར་གཏོད་བྱེད་ཕྱོགས་གོ་བསྡུར་གནང་སྐབས་ཀྱི་དངོས་”བྱུང་ལོ་རྒྱུས་ཁག་དང་དངོས་བདེན་མྱོང་ཚོར་ཤ་སྟག་ཡིན་པ་ནི་ལོ་རྒྱུས་དངོས་བྱུང་གི་གླེགས་བམ་འདི་ཞིབ་བཀླགས་གནང་བས་ཤེས་ངེས་སོ།།

 

རྒྱས་བཤད་པའི་བོད་རང་སྐྱོང་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ལྷ་ས་གྲོང་ཁྱེར་དང༌། གཞིས་ཀ་རྩེ་ས་ཁུལ། ཆབ་མདོ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ། ནག་ཆུ་ས་ཁུལ། མངའ་རིས་ས་ཁུལ་བཅས་ས་ཁུལ་དྲུག་ཡོད་ལ།

བསམ་ཚུལ། (1)
   

འཛམ་གླིང་སྤྱི་བཤད།

ཨོ་བདེ་ལེགས་སུ་གྱུར་ཅིག རང་ཅག་གི་འདྲེན་པ་དམ་པ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ནམ་ཁའི་མཐའ་དང་མཉམ་པའི་རབ་འབྱམས་རྒྱ་མཚོའི་ཞིང་གི་སྐྱེ་དགུ་མ་ལུས་པའི་དོན་དུ་གནའ་སྔོན་ཐུགས་བསྐྱེད་རླབས་ཆེན་མཛད་དེ་

   

འཚོལ་རྟོག་དང་གསེད་བཀྲོལ།

 

 

འཚོལ་རྟོག་དང་གསེད་བཀྲོལ།

རྩོམ་པ་པོ། གཉན་པོ།

 

པདྨ་འབུམ་གྱིདང་རེ་མདོ་སེངྒེའིགཉིས་ཀྱི་འཕྲོས་དོན།

 

 

གླེང་བརྗོད།

 

མི་རིགས་མང་བོ་ཞིག་ལ་སྙན་ངག་ཟེར་བ་འདི་གླེང་རྒྱུ་ཡོད་ཅིང༌། བོད་ལ་ཡང་དེ་མཚུངས་སྙན་ངག་ཅེས་པ་ཞིག་གནའ་ནས་ད་བར་བྱུང་བསྡད་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་འཕེལ་རིམ་ཀྱག་ཀྱོག་ཡིན་པའི་བོད་ཀྱི་ངག་རིག་སྤྱིའི་གནས་ཚུལ་བསྐྱུར་ཏེ་ཁ་ཐུག་གིས་བོད་ཀྱི་སྙན་ངག་གསར་བ་གླེང་ན། དེ་ནི་ལོ་ངོ་སུམ་ཅུ་ཙམ་སྟེ་དུས་ཡུན་མི་རིང་བ་ཞིག་གི་ཡུན་ལ་བྱུང་བའི་གནས་ཚུལ་ཞིག་རེད། འོན་ཏེ། བོད་ཀྱི་སྙན་ངག་གསར་བའི་ཕྱོགས་ངོས་ཧྲིལ་བོ་ཞིག་གླེང་དགོས་ཚེ་དེ་ལ་ཡང་ལོ་རྒྱུས་ཀྱི་ངོས་ནས་དང་འཕེལ་རིམ་གྱི་ཆ་ནས། སྒྱུ་རྩལ་གྱི་ཕྱོགས་ནས། རོལ་མྱོང་གི་ཐོག་ནས། ཤུགས་རྐྱེན་གྱི་སྟེང་ནས། ཡང་ན་བསམ་བློའི་ངོས་ནས་དང་ཚོར་བའི་ཕྱོགས་ནས། སྐད་ཆའི་ངོས་ནས། ཡིད་བརྙན་གྱི་ཐད་ནས། གདངས་འགྲོས་ཀྱི་ཆ་བཅས་ནས་གླེང་རྒྱུ་ཡོད་ཅིང་དེ་དག་བཤད་དགོས་པ་སྨོས་མེད་རེད། དེ་ལྟ་ན་ཡང་འདི་རུ་ཕྲན་གྱིས་ཕྱོགས་ངོས་གཏིང་རིང་བོ་དེ་དག་རེ་ཞིག་བསྐྱུར་ཏེ་བོད་ཀྱི་སྙན་ངག་གསར་བར་འབྲེལ་བ་ཡོད་པའི་སྙན་ངག་སྐོར་གྱི་རྩོམ་དེབ་གཉིས་རགས་གླེང་བྱེད་རྒྱུ་ཡིན། ལྟོས་བཅས་ཀྱིས་བཤད་ན་ཉེ་བའི་ལོ་ངོ་འདི་དག་གི་རིང་བོད་ནང་དུ་སྙན་ངག་གསར་བའི་དར་ཤུགས་ཤིན་ཏུ་ཆེ་ཞིང༌། སྙན་ངག་གསར་བའི་བརྩམས་ཆོས་དང་རྩོམ་པ་པོ་གཉིས་ཆ་ནས་ཁ་གྲངས་ལོངས་པ་ཞིག་བྱུང་ཡོད། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྡད་ཡོད་པའི་བོད་མི་འགའ་ཞིག་གིས་ཀྱང་བོད་ཀྱི་སྙན་ངག་གསར་བའི་ཕྱོགས་ལ་དེ་སྔོན་ནས་དོ་སྣང་གནང་ཡོད་པར་མ་ཟད། དེ་འབྲེལ་གྱི་བརྩམས་ཆོས་འགའ་ཞིག་ཀྱང་སྤྱི་ཚོགས་ཁྲོད་དུ་འགྲེམས་སྤེལ་བྱས་འདུག དེ་དག་ལས་བོད་ཀྱི་སྙན་ངག་གསར་བའི་ཕྱོགས་ལ་ཞིབ་འཇུག་གནང་མཁན་ཞིག་ནི་སྐུ་ཞབས་པདྨ་འབུམ་ལགས་ཡིན། ཁོང་གིས་བོད་ཀྱི་སྙན་ངག་གསར་བ་དང་འབྲེལ་བའིཞེས་པའི་དཔེ་དེབ་ལེགས་པོ་ཞིག་བརྩམས་ཡོད་ཅིང༌། དེ་ཡི་ཁ་གཏད་དམ་ལན་ལྟ་བུར་རེ་མདོ་སེངྒེ་ལགས་ཀྱིསཅེས་པ་བྲིས་གནང་མཛད་པའོ། སྤྱིར་བརྩམས་ཆོས་འདི་གཉིས་ཞིབ་ཏུ་བསྡུར་ཏེ་ནན་གྱིས་དཔྱད་ན་གནད་དོན་རྫོགས་མེད་ཅིག་ལ་སྨྲ་བ་མཐའ་མེད་ཅིག་འབྱུང་རྒྱུ་ཡིན་པ་སྨོས་མ་དགོས་ལ། དེ་དག་ཆ་ཚང་བར་དབྱེ་ཞིབ་མཐིལ་ཕྱིན་བགྱིད་པའི་བློ་ཡི་དཔྱད་སྟོབས་བདག་ལ་མེད། དེས་ན་སྐབས་སུ་བབ་པ་བརྩམས་ཆོས་འདི་གཉིས་ལས་གླེང་བྱ་གཙོ་བོའམ་གནད་དོན་རེ་འགའ་ཞིག་ཞིབ་བསྡུར་བྱས་ཐོག་རང་ཉིད་ཀྱི་བསམ་བློས་སྣོན་པ་རྒྱབ་སྟེ་ཤིན་ཏུ་རགས་པའི་སྒོ་ནས་གླེང་བར་བྱའོ། (གཤམ་ནས་ལ་འཕར་ལྡིང་དང་ལ་མཐའ་དཔྱོད་ཅེས་འབོད་རྒྱུ་ཡིན། )

 

དང་བོད་ཀྱི་སྙན་ངག་གསར་བ།

སྤྱིར་སྙན་ངག་ཅེས་པའི་རིག་ཚན་འདི་ལ་ཞེ་སེམས་གཏིང་ནས་མགུ་བོ་ཡོད་མཁན་ཞིག་ཡིན་ན་དེ་ཡི་འཕེལ་འགྲིབ་དང་དར་རྒུད་བཅས་ལ་སེམས་ཁུར་བྱེད་ཅིང༌། ལས་འདི་དང་གཏན་ནས་འབྲལ་དཀའ་བའི་ཚོར་སྣང་འབྱུང་བ་སྨྲ་ག་ལ་དགོས་མོད། མི་མང་པོ་ཞིག་གིས་སྙན་ངག་གསར་རྙིང་བར་གྱི་གཡུལ་ཆེན་འདི་ལ་རྒྱང་རིང་ནས་ལྟད་མོར་ལྟ་བ་ལས་དེའི་ཕྱོགས་སུ་དོ་སྣང་གཟབ་ཉན་གྱིས་ཞིབ་འཇུག་བྱེད་མཁན་དཀོན་པོ་རེད། འདི་ནི་བོད་ཀྱི་སྙན་ངག་གི་དོན་ཆེན་ཞིག་དང་བོད་ཀྱི་སྙན་ངག་གསར་རྙིང་བར་གྱི་རྩོད་གླེང་རྔམ་པོ་ཆེ་ཞིག་ཡིན་ན་ཡང༌། ཆབ་སྲིད་དང་ཆོས་ལུགས་ཁོ་ནས་དབང་བསྒྱུར་བྱས་ཡོད་པའི་མི་རིགས་འདིས་སྙན་ངག་གམ་སྒྱུ་རྩལ་གྱི་ལས་ཀ་འདི་ལ་ཁ་ཡ་བྱེད་འདོད་མེད་པ་འདྲ། དེ་ལྟར་ཡིན་རུང་ཕྱི་སྡོད་བོད་མི་ཚོའི་ཁྲོད་ནས་ཀྱང་བོད་ཡིག་གི་ལས་དབང་སྐྱོར་ཅིང“ཡི་གེའི་ལས་དོན“ལ་དང་བ་ལྡན་པའི་མི་འགའ་ཞིག་གིས་སྙན་ངག་འབྲི་བ་དང༌། སྙན་ངག་གླེང་བ། སྙན་ངག་གི་དེབ་སྒྲིག་རྩོམ་བཅས་ཀྱི་ལས་ཀ་ཁུར་དུ་བླངས་ཏེ་སྙན་ངག་དང་འབྲེལ་བའི་བྱ་འགུལ་ཅི་རིགས་བརྩམས་ཤིང༌། སྙན་ངག་ཅེས་པ་འདི་བློ་ཡིས་བསུ་བའམ་སེམས་ཀྱིས་འཛིན་པའི་ཚུགས་ཀ་བསྟན་དང་སྟོན་བཞིན་པ་རེད། འོན་ཀྱང་སྙན་ངག་སྒྱུ་རྩལ་གླེང་དུས་དེ་ཡི་ཕྱོགས་ནས་འཕེལ་རྒྱས་མི་འདུག་ཅེས་མང་པོ་ཞིག་གིས་སྨྲ་བཞིན་འདུག དེ་ལ་བདེན་པའི་ཆ་ཡང་ཡོད་པ་ཡིན་ཏེ། སྙན་ངག་གསར་བ་ལ་བློ་མིག་རབ་ཏུ་ཡངས་པའི་མི་ནི་ཡུལ་ལུང་འདི་ན་ཤིན་ཏུ་ཉུང་ཉུང་ཡིན་དང༌། ཕྱི་སྡོད་བོད་མི་ཚོས་སྙན་ངག་གསར་བའི་ཕྱོགས་ལ་རྒྱུས་ལོན་བྱས་པ་མི་འདང་བ་དང༌། སྲོལ་རྒྱུན་སྙན་ངག་གི་ཁ་སྟབས་གཅིག་པུས་ཀྱང་ཡིད་མ་ཚིམ་ནས་བསྡད་ཡོད་པའི་ཕྱིར་རོ། །

ད་ནི་དཀྱུས་ལ་བབས་ན་ལོ་རབས་བརྒྱད་ཅུ་བར་བོད་ཀྱི་སྙན་ངག་གསར་བའི་དབུ་བརྙེས་པ་རེད་ལ། སྐུ་ཞབས་པདྨ་འབུམ་ལགས་ཀྱིས་བོད་ལ་སྙན་ངག་གསར་བ་དར་དགོས་པའི་རྒྱུ་མཚན་ཐད་སེམས་ཚོར་ཅན་གྱི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད། ལས“དེས་ན་ང་ཚོས་བརྗོད་པའི་སྙན་ངག་གསར་བ་ཐོན་པའི་སེམས་ཁམས་ནི་ད་ལྟའི་གནས་སྟངས་ཀྱིས་ཐག་བཅད་པ་ཞིག་ཡིན། སྐབས་འདིར་ང་ཚོའི་མདུན་དུ་དྲི་བ་ཞིག་རང་ཤུགས་ཀྱིས་སླེབས་པ་ནི། སྙན་ངག་གསར་བ་ཐོན་པའི་སེམས་ཁམས་ཀྱི་ཁྱད་ཆོས་གང་དག་ཡིན་ཞེས་པ་འདི་སྟེ། རྗོད་སྟངས་གཞན་ཞིག་ལ་བརྗེ་ན་སེམས་ཁམས་ཀྱི་རྒྱུ་རྐྱེན་ཅི་ཞིག་གིས་སྙན་ངག་གསར་བ་ཐོན་པ་ཡིན“ཞེས་རང་གིས་རང་ལ་དྲི་བ་རྣོ་ངར་ཅན་ཞིག་དྲིས་རྗེས་དེ་ལ་ལན་གྱི་ཚུལ་དུ་སྙིང་བསྡུས་བྱས་ན་འདི་འདྲ་ཞིག་གསུངས་ཡོད་དེ། སྐབས་དེར་བོད་མི་ཚང་མའི་མིག་མདུན་དུ་ལྷག་ཡོད་པའི་གཙོ་རྒྱུག་རིག་གནས་ནི་མར་ཁེ་སིའི་ལྟ་གྲུབ་དང་ནང་ཆོས་གཉིས་ཡིན་པ་དང༌། མི་རིགས་འདི་ཆགས་འཇིག་ཤི་གསོན་གྱི་འགག་རྩར་སླེབས་དུས། བོད་མི་ཚོས་རིག་གཞུང་དེ་གཉིས་བོའི་གང་ནས་ཀྱང་སེམས་ཁམས་ཀྱི་ཐར་ལམ་ཞིག་མ་རྙེད་སྟབས། ད་གདོད་སྙན་ངག་གསར་བའི་གདངས་འགྲོས་དང་ལྷན་དུ་ལོ་རྒྱུས་ཀྱི་སྙིང་གཏམ་བཤད་ཅིང༌། ངོ་ལོག་པའི་གྲོས་གཞི་གླེང་བའི་འགོ་བརྩམས་པ་རེད་ཟེར་བའམ། ཡང་ན་བོད་མི་ཚོས་སྙན་ངག་གསར་བ་བོད་དུ་ནང་འདྲེན་བྱས་པ་ནི་ཁོ་ཚོའི་སེམས་ཁམས་ཀྱི་བཅིངས་བགྲོལ་ལྟ་བུ་ཞིག་ཡིན་ཚུལ་གསུངས་ཡོད། དེ་ཡང་ལས“སྐབས་འདིར་སྙན་ངག་མཁན་གྱི་སེམས་ལ་ཕམ་ཁ་ཡང་ཞུགས་པ་ཡིན་ལ་རྒྱལ་ཁ་ཡང་ཐོབ་པ་ཡིན། ཕམ་ཁ་ནི་རང་སེམས་གཞི་བཅོལ་ས་མེད་པར་བེའུ་ཐང་སྟོང་དུ་སྟོར་བ་འདྲ། རྒྱལ་ཁ་ནི་བསམ་བློ་ལ་བཀག་རྒྱ་མེད་པར་བྱེའུ་གཟེབ་ལས་ཐར་བ་འདྲ“ཞེས་སྐབས་འདིར་སྙན་ངག་མཁན་དག་མར་ཁེ་སི་དང་ནང་ཆོས་གཉིས་ལ་ཡིན་ཐང་ཆད་ཅིང་དེ་གཉིས་པོའི་བཀག་རྒྱ་ལས་ཐར་བའི་གནས་སྟངས་བྲིས་ཡོད་པར་མ་ཟད་དེ་ཡི་རྗེས་ཀྱི་སྙན་ངག་པའི་སེམས་ཁམས་ཀྱང་འཆར་སྣང་དང་འབྲེལ་ཏེ་བཤད་ཡོད། སྐབས་དེའི་བོད་ཀྱི་སྙན་ངག་པ་ཚོའི་སེམས་ཁམས་ལ་བསམས་ན་ཕྱོགས་འགའ་ཞིག་ནས་དེ་ནི་བདེན་པ་འདྲ་ཞིང༌། སྐབས་དེར་ཁོ་ཚོར་ཆོས་ལུགས་ཁོ་ན་བརྗོད་བྱ་ཡིན་པའི་བོད་ཀྱི་སྙན་ངག་གིས་ཡིད་མ་ཚིམ་པ་དང༌། མར་ཁེ་སིའི་ལྟ་བའམ་དམར་གཞུང་གི་བྱ་བྱེད་ལ་གཏན་ནས་མ་དགའ་བར་སྙན་ངག་གསར་བ་འདི་ཉིད་བག་མར་བསུས་ཏེ་སྙིང་གཏམ་དང་ན་ཟུག་བརྗོད་མགོ་བརྩམས་ཡོད་པ་བདེན་དུ་ཆུགས་མོད། དེའི་རྗེས་ཀྱི་སྙན་ངག་གསར་བ་འབྲི་མཁན་ཚོའི་སེམས་ཀྱི་སྣང་ཁམས་དེ་འདྲ་ཡིན་ཞེས་ན་བདག་མི་འཐད། རྒྱུ་མཚན་བཤད་ན། ད་ལྟའི་བོད་ཀྱི་སྙན་ངག་པ་ཚོས་སྙན་ངག་གསར་བ་ལ་སྒྱུ་རྩལ་གྱི་ངོས་ནས་ལྟ་བཞིན་ཡོད་ཅིང༌། དེ་ནི་ཁོ་ཚོའི་སྒྱུ་རྩལ་གྱི་འཚོ་བ་རོལ་སྟངས་ཤིག་ཡིན་པ་ལས་ལྟ་གྲུབ་ཅིག་ལ་ངོ་ལོག་པའམ་དེ་ལ་རྒྱབ་གཏོད་པའི་ཕྱིར་དུ་གཏན་ནས་མིན་པ་འདྲ། འདི་ནི་ལོ་རབས་བརྒྱད་ཅུ་བའི་སྐབས་ཀྱི་བོད་རིགས་སྙན་ངག་པ་ཚོ་དང་ད་ལྟའི་དུས་ཀྱི་འུ་ཚང་གི་སྙན་ངག་པ་ཚོའི་ཧེ་བག་འབའ་ཞིག་ཡིན་ཀྱང་སྲིད། ཡང་ལས“ད་ལྟ་སྙན་ངག་རྩོམ་ལུགས་གསར་བའི་ནང་དུ༌། གློ་བུར་དུ་ལོ་བརྒྱ་ཕྲག་དུ་མའི་ཚིག་བཅད་ཀྱི་སྡེབ་སྦྱོར་གོམས་སྲོལ་དང་ཡོངས་སུ་འགལ་ཏེ། ཚིག་གི་རྐང་བ་དང༌། ཚིག་གི་གཅོད་མཚམས་སོགས་སྒྲིག་ཁྲིམས་མེད་པར་རང་མོས་སུ་སྤེལ་བ་ཞིག་མཐོང་བ་ན་ང་ཚོས་ཀློག་མི་ཤེས་པ་དང༌། སྙན་ངག་གི་བྲོ་བ་མྱོང་མི་ཤེས་པའི་ཚོར་སྣང་ཞིག་བསྐྱེད་ཡོང“གསུངས་ཡོད། བོད་ཀྱི་གནའ་རྩོམ་ཁྲོད་ན་ཚིག་རྐང་དང་ཚེག་ཁྱིམ། ཚིག་གི་གཅོད་མཚམས་དོ་མི་མཉམ་པ་མཐོང་རྒྱུ་ཡོད་པ་པདྨ་འབུམ་དང་རེ་མདོ་བ་སོགས་གཙོས་པའི་འགའ་ཞིག་གིས་བཞེད་པར་མ་ཟད། དེ་དག་བཙལ་འཚོལ་བྱས་ན་བོད་ཀྱི་གནའ་བོའི་མགུར་གླུ་སོགས་ལས་མཐོང་ཐུབ་པ་ཞིག་རེད། འོན་ཀྱང་པདྨ་འབུམ་ལགས་ཀྱིས་སྐབས་འདིར་ཡང་གསལ་ཁ་ཕྱེས་ཡོད་དེ་ལས“ཚིགས་བཅད་རྩོམ་རིག་གི་གནའ་རབས་དང༌། དེང་རབས་ཀྱི་སྣང་ཚུལ་དེ་གཉིས་ལ་ཁྱད་པར་ཡོད“ཅེས་དང“དེང་རབས་སྙན་ངག་མཁན་གྱི་བསམ་པར་སྙན་ངག་ཅིག་གྲུབ་པ་ལ་ཚིག་གི་སྦྱོར་བ་ལས་ནང་སེམས་རྒྱུད་ཀྱི་འགྱུར་བ་གལ་ཆེ་བར་འདོད“ཅེས་གནའ་དང་དེང་གི་རྩོམ་རིག་ལས་ཚིག་རྐང་དོ་མི་མཉམ་པ་འགའ་ཞིག་འབྱུང་བ་དེ་དག་གི་རྩ་བའི་ཁྱད་པར་ནན་གྱིས་གསུངས་ཡོད་པར་མ་ཟད། དེ་ལས་གཞན་ད་དུང་རྐང་བ་དོ་མི་མཉམ་པའི་སྙན་ངག་གི་རིན་ཐང་མར་ལོ་འདྲ་ཞིག་འདི་ལྟར་བསྟན་ཡོད། འཕར་ལྡིང་ལས“ནང་སེམས་ཀྱི་འགྱུར་བ་ལ། གཞན་ལ་མ་ལྟོས་པའི་འདེགས་འཇོག་དང་དྲག་ཞན་ཡོད་ལ། དེ་ང་ཚོའི་སྲོལ་རྒྱུན་སྙན་ཚིག་གི་ཚིག་སྦྱོར་ནང་བཞིན་གཏན་འཁེལ་གྱི་ཚིག་འགྲོས་ལྟར་འགྲོ་མི་སྲིད་པས་ཚིག་སྦྱོར་གྱིས་ཐོག་མར་ནང་སེམས་ཀྱི་འགྱུར་བའི་འགྲོས་ལ་བརྩི་འཇོག་བྱས་པའི་སྟེང་ནས་རང་ཉིད་ལ་སྙན་ཆ་བཏོད་ན། ད་གཟོད་སྙན་ངག་གི་བྲོ་བ་མཛད་མཐའ་མེད་པ་ཞིག་ཡོད། དེ་ལས་ལྡོག་སྟེ་ཚིག་སྦྱོར་རང་ཉིད་ཀྱི་རྗེས་སུ་ནང་སེམས་ཀྱི་འགྱུར་བ་བཙན་གྱིས་ཁྲིད་ན་སྙན་ངག་དེ་ལས་ཟོལ་གྱིས་བཅོས་པའི་འཛུམ་མདངས་ཤིག་དང་དབུགས་ཀྱིས་སྦོས་པའི་དཔའ་ཉམས་ཤིག་ལས་ཅི་ཡང་ཐོན་མི་ཐུབ“ཅེས་པའོ། འདི་ལྟར་ཁོང་གིས་བོད་ཀྱི་སྙན་ངག་གསར་བ་དང་དེ་ཇི་ལྟར་བོད་ཡུལ་དུ་དར་ཞིང་འཕེལ་བའི་གནད་དོན་དང་བརྒྱུད་རིམ་བཅས་ལ་གཏིང་ཟབ་པའི་འགྲེལ་བརྗོད་གནང་ཡོད། དེ་ཡང་གཙོ་བོ་ཆབ་སྲིད་ཀྱི་གནོན་ཤུགས་དང་ཆོས་ལུགས་ཀྱི་མནར་གཅོད་ལས་བོད་ཀྱི་ན་གཞོན་དག་ལ་སྙན་ངག་གསར་བར་འཇུག་པར་སྤྲོ་བའི་བློ་སྐྱེས་སོང་བ་དང༌། ཁོ་ཚོའི་སེམས་ཁམས་ནི་གང་ཞིག་ནས་བཙོན་གྲོལ་ཐོབ་པ་ནང་བཞིན་མར་ཁེ་སི་དང་ནང་བའི་གཞུང་ལུགས་བསྐྱུར་ཏེ་སྙན་ངག་གསར་བ་སྙེག་འགོ་བརྩམས་ཚུལ་བྲིས་ཡོད་ལ་ཚུལ་འདིར་ཁོང་གིས་ལས“འདི་ལྟར་བལྟས་ན་སྙན་ངག་གསར་བའི་ལས་འགུལ་འདི་དོན་གྱིས་འདུ་ཤེས་ཁྱབ་ཁོངས་ནང་གི་རང་དབང་བརྩོན་ལེན་བྱེད་པའི་གསར་བརྗེ་ཞིག་ཡིན“ཞེས་སྨྲས་འདུག་གོ པདྨ་འབུམ་ལགས་ཀྱིས་བོད་ཀྱི་སྙན་ངག་གསར་བ་འདི་ཉིད་བོད་ལ་དར་བའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོའི་ངོས་ནས་ཆོས་ལུགས་དང་ཆབ་སྲིད་ཀྱི་དབང་སྒྱུར་ཁོ་ནར་ཡིད་མ་ཚིམ་པས་ཡིན་ཚུལ་གསལ་བོར་བྲིས་ཡོད་ཅིང༌། སྙན་ངག་གི་བརྗོད་བྱ་ཁོ་ནའི་ངོས་ནས་བསམ་བློ་བཏང་ན་འདི་འདྲ་ཡིན་སྲིད་རྒྱུ་རེད། བོད་ལ་མཚོན་ན་དུས་ད་ལྟ་ཡང་མི་ཆོས་ཀྱི་རིག་ཚན་མང་བོ་ཞིག་དར་ཐུབ་མེད་པ་འདིས་དེང་གི་མི་རབས་གསར་བ་དག་ལ་བཟོད་དཀའ་བའི་ན་ཟུག་སྟེར་བཞིན་ཡོད། འོན་ཀྱང་སྙན་ངག་གི་“གསར་བརྗེ“འདི་ངོས་འདི་འདྲ་ཁོ་ན་ལས་བྱུང་བར་སྨྲ་ན་བདག་ནི་མི་འཐད། རྒྱུ་མཚན་ནི། ད་ལྟའི་བོད་ཀྱི་སྙན་ངག་གསར་བ་འབྲི་མཁན་ཚོར་མཚོན་ན། སྙན་ངག་འབྲི་ལུགས་དང་སྙན་ངག་གི་བཞེངས་བཀོད། སྙན་ངག་གི་མཛེས་རྟོག་མངོན་ཐབས། སྙན་ངག་མྱོང་རོལ་བཅས་ཀྱི་ཐད་ནས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གིས་ཡིད་མ་ཚིམ་པར་སྙན་ངག་གསར་བ་འདི་ལ་བླ་ཚེ་སྲོག་གསུམ་གླན་འདོད་བྱུང་བ་ཤིན་ཏུ་གསལ། འདི་ལྟར་བསམ་བློ་བཏང་ན་བོད་མི་ཚོས་སྙན་ངག་གསར་བ་བོད་དུ་གདན་དྲངས་བ་ནི་ལྟ་གྲུབ་ག་གེ་མོའི་དབང་བསྒྱུར་ཁོ་ནར་གཡོལ་ཐབས་ཤིག་གཏན་ནས་མིན་པས། འདིའི་ཐད་སྐུ་ཞབས་པདྨ་འབུམ་སོགས་ཀྱིས་ཞིབ་འཇུག་བགྱིས་པའི་བསམ་བློའི་གྲུབ་འབྲས་ལ་དེ་འདྲ་ཚིམ་པོ་མ་བྱུང༌། གང་ལྟར་སྐུ་ཞབས་པདྨ་འབུམ་ལགས་ཀྱིས་བོད་ཀྱི་སྙན་ངག་གསར་བ་བོད་ཡུལ་དུ་ཇི་ལྟར་དར་ལུགས་དང་བྱུང་རྐྱེན་བཅས་ལ་དཔྱད་པ་བགྱིས་ཏེ་རྒྱུ་མཚན་དང་རིན་ཐང་ལྡན་པའི་ལེགས་བཤད་ཅིག་ལོ་རབས་དགུ་བཅུ་བའི་ནང་དུ་གྲུབ་པར་བྱས་འདུག་ལ་བརྩམས་ཆོས་འདི་ཉིད་ཀྱི་ལན་ནམ་བོད་ཀྱི་སྙན་ངག་གསར་བའི་དགག་གཞག་ལྟ་བུར་རྩོམ་པ་པོ་རེ་མདོ་སེངྒེ་ལགས་ཀྱིས་སྐད་པའི་བསྟན་བཅོས་ཤིག་མཛད་ཡོད།

 

དང་སྙན་ངག་གསར་བའི་རྒོལ་བ།

རྩོམ་པ་པོ་རེ་མདོ་སེངྒེ་ལགས་ཀྱིས་མཛད་པའིདུ་བོད་ཀྱི་སྙན་ངག་གསར་བའི་སྐོར་དང་ལྷག་པར་དུགི་ནང་དོན་འགའ་ལ་དབྱེ་ཞིབ་མཛད་ཡོད།

དང་པོ་རེ་མདོ་ལགས་ཀྱིས་རང་མོས་སྙན་ངག་གམ་རྩོམ་སྲོལ་གསར་པ་འདི་ཉིད་དཔལ་དོན་གྲུབ་རྒྱལ་ནས་གསར་དུ་བྱུང་བའི་འདོད་ཚུལ་ལ་དགག་རྒྱག་བྱས་ཡོད། ཁོང་གིས་རྩོམ་སྲོལ་གསར་བ་འདི་ལ་རང་འདོད་ལྟར་གྱི་མཚན་ཉིད་ལྟ་བུ་ཞིག་བཞག་རྗེས་དེ་ལྟ་བུའི་སྙན་ངག་སྤྱི་ལོ་བརྒྱ་ཕྲག་དང་པོ་ཡས་མས་ནས་བྱུང་ཡོད་ཚུལ་གསུངས་འདུག ཁོང་གིས་འདོད་པའི“གཞི་རྐང་ཚིགས་བཅད་རྩོམ་རིག་གི་ཁྱད་ཆོས་ལྡན་པ་གང་ཞིག རྐང་བའི་གཅོད་མཚམས་མེ་ལོང་རིང་ལུགས་ལྟར་སྙོམས་དགོས་པའི་ངེས་པ་མེད་པར་དབུགས་ཀྱི་ངལ་གསོའི་འདེགས་འཇོག་དང་རྗེས་སུ་བསྟུན་པའི་སྙན་ངག་གི་རྣམ་པ་ཞིག“ནི་དངོས་གནས་བརྒྱ་ཕྲག་དང་པོའི་དུས་ནས་ཡོད་དུ་སྲིད་མོད། བོད་ཀྱི་སྙན་ངག་གསར་བའི་གནད་དོན་ནི་སྐད་ཆ་ཚིག་གཅིག་གིས་ཐག་གཅོད་བྱ་ཐུབ་པ་ཞིག་ཡིན་མི་སྲིད་ལ། མཚན་ཉིད་འདི་འདྲ་བ་ཙམ་གྱིས་ཁེབས་ཐུབ་པ་ཞིག་གཏན་ནས་མིན། རེ་མདོ་བ་ལགས་ཀྱི་གསུངས་པའི་ཆ་རྐྱེན་དེ་དག་བོད་ཀྱི་སྙན་ངག་གསར་བ་གྲུབ་བྱེད་དུ་དགོས་པའི་དབང་དུ་བཏང་རུང༌། དེ་ལས་གཞན་པའི་སྙན་ངག་གསར་བའི་ཡིད་བརྙན་སྐྲུན་སྟངས་དང་མཚོན་བྱ་མཚོན་ཐབས། ཚིག་གི་བཙོ་སྦྱང་དང་ཚོར་བའི་མངོན་སྟངས་བཅས་ཀྱི་ཕྱོགས་ངོས་དེ་དག་བོད་དར་སྙན་ངག་གསར་བ་ལ་མེད་དུ་མི་རུང་བའི“བྱ་བྱེད“ཉག་ཅིག་ཡིན་པས་དེ་དག་བསྐྱུར་ཐབས་གཏན་ནས་མེད། ཡང“སྙན་ངག་ནི་རྩོམ་རིག་གི་ནང་ཚན་ཞིག་ཡིན“ཞེས་པར་ལས་མི་འདོད་པའི་ཐལ་བ་འཕངས་ཡོད། དེ་ཡི་རྒྱུ་མཚན་དུ་སྙན་ངག་ཅེས་པ་འདིར་སྒྲ་ཡངས་དོག་གི་འཇུག་ཚུལ་ཡོད་པ་དང༌། དེ་ལ་ཨ་ལགས་དོར་ཞིའི་གསུང་ཞིག་དྲངས་ཡོད་པ་ནི་གནོད་བྱེད་དུ་མི་འགྲོ ཨ་ལགས་དོར་ཞིས་སྙན་ངག་མེ་ལོང་མའི་སྐབས་ཀྱི་སྙན་ངག་དེ་སྒྲ་ཡངས་འཇུག་ཏུ་བཀྲལ་བ་བདེན་མོད། སྙན་ངག་ཅེས་པ་རྩོམ་རིག་དང་དོན་གཅིག་ཏུ་གསུངས་མེད། རེ་མདོ་ལགས་ཀྱིསདུ“བཅད་རྩོམ་སྙན་ངག་དང༌། སྒྲུང་རྩོམ་སྙན་ངག ཟློས་གར་སྙན་ངག ལྷུག་རྩོམ་སྙན་ངག་ཅེས་ཀྱི་ངོ་བོ་དང་བྱུང་བ་མཚན་གཞིའི་དཔེར་བརྗོད“བཅས་ངོ་སྤྲད་ཡོད་རུང་དེས་ཀྱང་སྙན་ངག་དང་རྩོམ་རིག་དོན་གཅིག་ཏུ་སྒྲུབ་དཀའ། སྒྲུང་གཏམ་དང་ཟློས་གར་སོགས་ཀྱི་རྣམ་པ་ལྡན་པའི་སྙན་ངག་ཡོད་དུ་སྲིད་རུང༌། རྩོམ་རིག་གི་ནང་ཚན་ཡོད་དོ་ཅོག་སྙན་ངག་ཡིན་པའི་ངེས་པ་གཏན་ནས་མེད།

སྐབས་འདིར་སྙན་ངག་གསར་བ་བོད་སྤྱི་ཚོགས་སྟེང་ཇི་ལྟར་ཐོན་པའི་སེམས་ཁམས་ཀྱི་ཁྱད་ཆོས་གླེང་སྐབས་རེ་མདོ་བས་ཀྱང་པདྨ་འབུམ་ལྟར “ཅིག་ཤོས་ནི་སངས་རྒྱས་ཆོས་ལུགས་རེད“གསུངས་འདུག་མོད། བདག་གིས་གོང་དུ་བརྗོད་པ་བཞིན་བོད་མི་ཚོས་བོད་ཀྱི་སྙན་ངག་གསར་བ་ངོས་ལེན་བྱེད་དགོས་པའི་སེམས་ཁམས་འདི་ཙམ་དུ་བཞག་ཚེ་བོད་ཀྱི་སྙན་ངག་གསར་བའི་ཞིབ་འཇུག་པ་ཚོས་དངོས་གནས་དོན་གནད་ཆུང་ཆུང་ཞིག་ལས་མཐོང་མི་འདུག་སྙམ། ཡང་རང་མོས་སྙན་ངག་སྒྱུ་རྩལ་གྱི་རྣམ་གཞག་དང་བསྟུན་དགོས་མིན་གླེང་སྐབས་རེ་མདོ་བསདུ“ཚད་ཐུབ་ཀྱི་སྒྱུ་རྩལ་རྩོམ་རིག་གི་བསྟན་བཅོས་ཤིག་ཡིན་ཕྱིན་ཆོས་ཉིད་ཀྱི་གནས་ལུགས་དང་དུས་རིམ་ཞིག་གི་དངོས་ཡོད་འཚོ་བའི་གནས་བབ་གསལ་བོར་མཚོན་ཐུབ་པ་ཞིག་དགོས“གསུངས་འདུག་མོད། བོད་ལ་མཚོན་ན་སྒྱུ་རྩལ་རྩོམ་རིག་གི་བསྟན་བཅོས་ཤིག་ནི་ད་སྔ་ཡོད་མེད་ཀྱང་བཤད་དཀའ་ཨང་སྙམ་པ་འདུག་ལ། ནུབ་ཕྱོགས་པའི་ཤེས་རིག་ཁྲོད་ན་སྒྱུ་རྩལ་རྩོམ་རིག་རྐྱང་མའི་བསྟན་བཅོས་མང་དུ་ཡོད་ཚོད་འདུག་རུང༌། དེ་དག་གིས་ཀྱང་“ཆོས་ཉིད་ཀྱི་གནས་ལུགས“སོགས་ནི་གསུང་གིན་ཨེ་ཡོད་སྙམ། སྐབས་འདིའི་ཆོས་ཉིད་ཀྱི་གནས་ལུགས་སོགས་ཀྱང་ཁོང་གིས་གོང་དུ་ཀུན་རྫོབ་དང་དོན་དམ་སོགས་ལ་སྦྱར་ཏེ་གསུང་ལུགས་ལ་བལྟས་ན་ཆོས་ཀྱི་གནས་ལུགས་མཐར་ཐུག་པའམ་སྟོང་བ་ཉིད་ལྟ་བུ་ཞིག་ལ་མ་འགྲེལ་རང་འགྲེལ་ཡིན་པས། སྒྱུ་རྩལ་རྩོམ་རིག་རྐྱང་མ་དག་གིས་སྟོང་བ་ཉིད་ཀྱི་གནས་ལུགས་འཆད་ཀྱིན་པའི་དོན་དེ་བློ་ངོར་བདེ་བོ་མ་བྱུང༌། ཡང་སྙན་ངག་གི་སྐད་ཆའམ་སྙན་ངག་པའི་སྐད་ཆ་ནི་ཕལ་སྐད་དང་དམངས་སྐད་ལ་ཉེ་བར་བཅར་ན་དགེ་མཚན་ཡོད་མེད་ཀྱི་སྐོར་ལ་པདྨ་འབུམ་གྱིས་དགེ་ཆོས་ཀྱི་སྙན་ངག་གི་ཁྱད་ཆོས་གཅིག་དེ་ངོས་དེ་གར་ཡོད་ཚུལ་སྨྲ་ཞིང༌། དགེ་ཆོས་ཁོང་ཉིད་ལ་མཚོན་ན་ཡང་དེ་འདྲའི་དགོངས་བཞེད་ཡོད་པ་མཁས་པའི་གསུང་སྒྲོས་ལས་གོ་རྒྱུ་འདུག སྐབས་འདིར་རེ་མདོ་སེངྒེ་ལགས་ཀྱིསདུ“དགེ་ཆོས་ཀྱི་ད་ཡོད་སྙན་རྩོམ་གང་ཞིག་ཡིན་རུང་བསྟན་བཅོས་སམ་རིག་གཞུང་གི་ཐ་སྙད་ཤ་སྟག་ལས་ཕལ་སྐད་དམ་གྲོང་སྐད་ཀྱི་ཚིག་ནག་གི་ཕྲེང་བར་སྤེལ་བ་ཞིག་མཐོང་རྒྱུ་དཀོན“ཞེས་དགེ་ཆོས་ལགས་སྙན་ངག་གི་ཁྲོད་དུ་ཕལ་སྐད་སྤྱོད་པར་མི་འདོད་མཁན་ཞིག་དང༌། ཕལ་སྐད་དང་གྲོང་སྐད་དག་ལ་ཚིག་ནག་ཅེས་ཐུར་དུ་གཡུག་རྐྱང་བྱས་འདུག་མོད། དགེ་ཆོས་ཀྱི་སྙན་ངག་འགའ་ཞིག་བཀླགས་ན་ཕལ་སྐད་དམ་གྲོང་སྐད་སྒྲིག་འདུག་པ་མང་དུ་མཐོང་རྒྱུ་ཡོད་ལ། དཔེར་དྲངས་ན་བླ་བྲང་ལ་བསྐུར་བའི་ཀ་རྩོམ་དེ་ནི་གྲོང་སྐད་དམ་ཕལ་སྐད་ཀྱི་མཛོད་ཅིག་ཡིན་པ་དེའོ།།

སྐབས་འདིར་མིང་དང་མིང་ཅན་གྱི་འབྲེལ་བ་ལས་འཕྲོས་ཏེ་ཉི་ཟླ་སོགས་གང་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་གནད་སོགས་གླེང་སྟེ་ཆོས་གཞུང་གི་རིགས་པ་ཞིག་དྲངས་རྗེས། ཕལ་སྐད་དང་གྲོང་སྐད་ལ་ཞེན་པ་ཡོད་ན་སྤྲ་སྤྲེའུ་མི་རུ་འགྱུར་སྐབས་ཀྱི་སྨྲ་བ་དག་ཅི་ནས་རྩོམ་ཡིག་ཏུ་སྒྲིག་དགོས་པ་འདྲ་ཞིག་གསུངས་འདུག་མོད། དེ་ནི་དངོས་གནས་མཁས་པའི་དགོངས་པ་ཡ་མཚན་ཞིག་སྟེ། གྲོང་སྐད་དམ་ཕལ་སྐད། དམངས་སྐད་སོགས་ནི་གནའ་བོའི་དུས་ཀྱི་སྐད་དང་གདོད་མའི་དུས་ཀྱི་སྐད་ཅེས་པའི་དོན་ཡེ་མ་ཡིན་ནོ།། ཡང་མེ་ལོང་མ་དང་སྙན་ངག་གསར་བའི་ཁྱབ་རྒྱའི་ངོས་ནས་ཡོན་ཏན་སུ་ཆེ་འདྲ་ཞིག་རྩོད་ཀྱིན་འདུག་མོད། དེ་ནི་རེ་མདོ་ལགས་ལྟར་བྱམས་བརྩེ་དང་དུག་གསུམ་སོགས་ལ་རིགས་པས་བཀབ་སྟེ་བཤད་ཆོག་པ་ཞིག་གཏན་ནས་མ་རེད་སྙམ། དེ་གཉིས་ཕྱོགས་ངོས་གང་ནས་བལྟས་རུང་གནས་བབ་མི་འདྲ་སྟེ། སྔ་མ་ནི་ལྷན་སྐྱེས་ཀྱི་སེམས་ཁམས་བཅོས་སྒྱུར་གྱི་གནད་དོན་ཞིག་རེད་ལ། ཕྱི་མ་ནི་རིག་གནས་ཤིག་དང་ལེན་བྱེད་པའི་སྣང་ཚུལ་ཙམ་ཞིག་རེད། དེ་བས་གཞུང་གི་རིགས་ལམ་ཁྱེར་ཡོང་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ཚང་མར་ཚད་འཇལ་རྒྱུ་ཡིན་ཟེར་བ་འདི་ཅུང་ཚད་ལས་བརྒལ་བ་ཞིག་སྟེ། དེས་གནད་དོན་གཞན་དེ་ཐག་གཅོད་བྱེད་མི་ཐུབ་པའི་སྟེང༌། སྐབས་རེར་རིག་པ་དེ་དག་གང་ཡིན་སར་བཞག་ན་རིག་པ་དེ་ཉིད་ཀྱི་བཅུད་ཀྱང་ཞར་ལ་ཤོར་འགྲོ་བ་འདྲ་བའི་སེམས་ཚོར་ཀྱང་སྐྱེས་སོང༌། དེ་བས་སྙན་ངག་སྙན་ངག་གི་ངོས་ནས་བཤད་ཅིང༌། སྒྱུ་རྩལ་སྒྱུ་རྩལ་གྱི་ཆ་ནས་ཐག་གིས་བཅད་དེ། ཆོས་ལུགས་ཆོས་ལུགས་ཀྱི་ངོས་ནས་གླེང་ཐུབ་ན་རིག་པ་དེ་དག་ཀྱང་གནས་ལུགས་སྟོན་བྱེད་དུ་འགྲོ་བར་གདོན་མི་ཟའོ་སྙམ། སྤྱིར་དཔེ་དེབ་འདི་གཉིས་ཀྱང་སྒྱུ་རྩལ་སྙན་ངག་གི་གནད་དོན་ཉག་གཅྀག་བརྡར་ཤ་གཅོད་བྱེད་ཀྱི་རྩོད་པ་འབའ་ཞིག་ཡིན་དགོས་མོད། སྐབས་འདི་དག་ཏུ་གཞུང་ལུགས་གཞན་གྱི་ལག་ཆ་བཀོལ་འདུག་པ་འདིས་ལྷག་ཏུ་སྐབས་དོན་རབ་རིབ་ཏུ་བཏང་སྟེ། སྒྱུ་རྩལ་སྙན་ངག་གི་ཕྱོགས་དེ་སྒྱུ་རྩལ་གཞུང་ལུགས་གཞིར་བཞག་གིས་གླེང་ཐུབ་མེད་པ་རེད། རིག་ཚན་གང་ཞིག་ཡིན་རུང་དེ་ཉིད་རིག་ཚན་གང་དེའི་ཁྱབ་ཁོངས་ནས་མ་བཤད་ཚེ་འུ་ཚོའི་ལོ་རྒྱུས་ཀྱི་གླེགས་བམ་དག་ནང་བཞིན་ཉོག་འགྲོ་བ་བཤད་ཅི་ལ་དགོས་ཨང༌།

ཡངདུ“སྲོལ་རྒྱུན་གྱི་སྙན་ངག་མང་ཆེ་བ་སྒྱུ་རྩལ་གྱི་མཛེས་ཁྱད་མཐོ་བ་ཙམ་མིན་པར་ནང་དོན་ཀུན་ཁྱབ་གཞན་ཕན་གྱི་བསམ་བློའི་རང་བཞིན་ལྡན་པ་ཤ་སྟག་ཡིན་པ་ཡང་རྩོམ་གྱི་བརྗོད་བྱ་འདེམས་སྒྲུག་བྱེད་པའི་བསམ་བློའི་གཞི་རྩའི་ནུས་པ་འདི་ལ་ཐུག་ཡོད། སྲོལ་རྒྱུན་པའི་སྙན་ངག་དང་དེང་རབས་པའི་སྙན་ངག་གི་ནང་དོན་བསམ་བློའི་ཁྱད་པར་ཡང་འཕགས་ཆོས་འདི་འདྲ་ལྡན་མིན་གྱི་ཐོག་ནས་འབྱེད་དགོས་པར་སྙམ“གསུངས་འདུག་མོད། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གི་བསམ་བློའི་ཁྱད་པར་ནི་ཀུན་ཁྱབ་གཞན་ཕན་གྱི་བསམ་བློའི་རང་བཞིན་ལྡན་མིན་ཞིག་གིས་ཅི་ལྟར་འཇོག་སྟེ་གཏན་ནས་འཇོག་ཐབས་མེད་ཅིང༌། ཀུན་ཁྱབ་གཞན་ཕན་གྱི་བསམ་བློའི་རང་བཞིན་མི་ལྡན་པའི་སྙན་ངག་ནི་གནའ་བོའི་སྲོལ་རྒྱུན་སྙན་ངག་གི་ནང་དུ་ཡང་རྩི་རྩི་གྲངས་མེད་ཡིན་ངེས་ལ། ཀུན་ཁྱབ་གཞན་ཕན་གྱི་བསམ་བློའི་རང་བཞིན་ལྡན་པའི་སྙན་ངག་གསར་བ་ཡང་ཁ་གྲངས་ལོངས་པ་ཞིག་ཡོད་ངེས་པ་ཐག་གིས་ཆོད་དེ། དེང་གི་སྐབས་སུ་ཡང་ཀུན་ཁྱབ་གཞན་ཕན་གྱི་བསམ་བློ་ལྡན་པའི་མི་ནི་ག་ས་གང་ན་ཡོད་པ་ཅི་ལ་ངོས་ལེན་མི་བྱེད་ཨང༌། དགོད་བྲོ་བ་ཞིག་ལ་སྐབས་འདིར་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཟབ་མོ་ཐེབས་ཡོད་མེད་གླེང་སྐབས་རེ་མདོ་ལགས་ཀྱིས་ཨ་ལགས་དོར་ཞིའི་ལུང་ཞིག་སྟེ “མི་ལ་ལས་བོད་ཀྱི་རིག་གནས་སྒྱུ་རྩལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ཆེ་བས་རྗེས་ལུས་ཡིན་ཟེར་མོད། དེ་ནི་རྒྱུ་མཚན་ཅི་ཡང་མེད་པའི་བླུན་པོ་རྣམས་ཀྱི་བཤད་ཚུལ་རེད། བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་པ་བདེན། སངས་རྒྱས་ཆོས་ལུགས་དང་རིག་གནས་སྒྱུ་རྩལ་གཉིས་ཕལ་ཆེར་སོ་སོར་འབྱེད་དཀའ་བ་ལྟ་བུར་སྣང“ཞེས་པ་འདི་དྲངས་འདུག་མོད། སྐད་ཆ་འདི་འདྲ་ཨ་ལགས་དོར་ཞི་དང་རེ་མདོ་གཉིས་ཀྱིས་མཉམ་དུ་བཤད་རུང་བདག་སོགས་མི་འཐད་དེ། རྒྱུ་མཚན་ནི་སྤྱིར་སྒྱུ་རྩལ་རིག་གནས་དང་ཆོས་ལུགས་གཉིས་མཉམ་བསྲེས་ཆོག་གམ་མི་ཆོག་ཅེས་པ་འདི་ཡིན། མི་ཆོག་ན་ཅིའི་ཕྱིར་བོད་ཀྱི“སངས་རྒྱས་ཆོས་ལུགས་དང་རིག་གནས་སྒྱུ་རྩལ་གཉིས་སོ་སོར་འབྱེད་དཀའ་བའི“ཚད་དུ་སླེབས་ཀྱང་འགྲིག་དང་ཆོག་ཟེར་དོན་ཅི་ཡིན། སྒྱུ་རྩལ་དང་མ་འབྲེལ་བས་ཆོས་ལུགས་ཐུར་དུ་ལྷུང་མི་སྲིད་ལ། ཆོས་ལུགས་དང་འབྲེལ་ཚེ་སྒྱུ་རྩལ་ཡག་ཏུ་གཏན་ནས་འགྲོ་མི་དཔེ་ན། འདི་དག་མཉམ་དཀྲུགས་བྱེད་དོན་མི་འདུག་སྙམ། དེ་བས་ཆོས་ལུགས་གཅིག་པུའི་ཁྱབ་ཁོངས་ནས་ཡོད་ཚད་ཐག་གཅོད་ན་འདོད་པའམ་དེ་ཐུབ་པར་སྙམ་པའི་བོད་མི་ཚོའི་ལྟ་ཚུལ་ཉི་ཚེ་བ་འདིས་རིག་ཚན་གཞན་དག་གི་བྱེད་ནུས་སྒྲིབ་འདུག་པའི་སྣང་ཚུལ་ཞིག་ངོ་མ་བྱུང་སོང༌། བདག་ལ་མཚོན་ན་རེ་མདོའིབཀླགས་རྗེས་ཡིད་མི་ཚིམ་ས་གཙོ་བོ་ཞིག་ནི། པདྨ་འབུམ་གྱི་དྲི་བ་འདི་དག་གི་སྐོར་ཡིན་ཏེ། “སྙན་ངག་ཅེས་པ་དེ་ཇི་ལྟ་བུ་ཞིག་ལ་གོ་དགོས། རྩ་བའི་རྒྱུ་ཅི་ཞིག་ཚང་ན་ད་གཟོད་སྙན་ངག་ཏུ་འབོད། གཉིས་པ་སྙན་ངག་མཁན་ཟེར་མཁན་དེ་གང་ཟག་ཇི་ལྟ་བུ་ཞིག་ལ་གོ་དགོས། སྙན་ངག་མེ་ལོང་མའི་ཚིག་འགྲོས་ཙམ་བྱང་སྟེ་མཁར་རྟིང་གི་ས་འབུ་ནག་རིང་ལ་འབྲུག་དང་མཁར་ཁའི་ཕྱེ་མ་ལེབ་ལ་ཁྱུང་དུ་བརྗོད་མཁན་ཐམས་ཅད་ལ་སྙན་ངག་མཁན་དུ་འབོད་པ་ཡིན་ནམ།“ཞེས་པ་འདི་ནི་བརྩམས་ཆོས་འདི་ཉིད་དམ་སྤྱིར་སྙན་ངག་ཐད་ཀྱི་གནད་དོན་གལ་བོ་ཆེ་དག་ཡིན་ན་ཡང༌། ལས་འདི་དག་གཡུག་སྟེ་ཆོས་བཤད་གནང་སོང་བ་ནི་ཇི་འདྲའི་གོ་ལྡོག་པ་ཞིག་རེད་ཨང༌། སྤྱིར་བོད་ཀྱི་སྙན་ངག་གསར་བར་མཚོན་ན་ཁྱད་ཆོས་བགྲང་དུ་རུང་བ་སྐོར་ཞིག་ཡོད་ན་ཡང༌། ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་སྒོ་ནས་འགའ་ཞིག་གིས་བོད་ཀྱི་སྙན་ངག་གསར་བའི་མྱོང་རོལ་དང་ཡིད་བརྙན་ཁྲོད་ཀྱི་སྒྱུ་རྩལ་མི་གླེང་ཞིང༌། ཁ་ཅིག་གིས་བོད་ཀྱི་སྔོན་རྩོམ་མང་བོ་ཞིག་གིས་ཀྱང་མི་ཡི་ཚོར་བ་དང་བདེ་སྡུག་གླེང་ཡོད་རབས་བཤད་དེ་སྙན་ངག་གསར་བའི་ཁྱད་ཆོས་དག་བཤད་ཡམས་ཀྱི་ཡོལ་རས་ཤིག་གིས་སྒྲུབ་རྩིས་འདུག་མོད་དེ་ཡང་བདེན་པ་ཉིད་དུ་མ་ངེས་ཏེ། མི་ཡི་དགའ་སྐྱོ་ཆགས་སྡང་གླེང་བ་དང་མི་ཡི་དགའ་སྐྱོ་ཆགས་སྡང་གཙོ་བོར་འཛིན་པ་གཉིས་ལ་ཤིན་ཏུ་ཁྱད་པར་ཡོད་པས། མི་ཡི་འགྲོ་འདུག་ཉལ་འཆག་སོགས་བརྗོད་བྱ་ཡིན་པའི་རྩོམ་ཡིག་འགའ་རེ་སྔོན་མ་ནས་བོད་ལ་ཡོད་དུ་ཆུགས་མོད། བོད་རང་གི་སྲོལ་རྒྱུན་གྱི་བསམ་བློའི་ངོས་སམ་ཡང་ན་བོད་ཀྱི་སྔ་མའི་བརྩམས་ཆོས་དག་ཏུ་མི་ཡི་དགའ་སྐྱོ་ཆགས་སྡང་གི་དོན་དག་ནི་དེ་འདྲ་གལ་ཆེན་ཞིག་ཏུ་བཟུང་བ་མེད་ཅིང༌། དེ་ལ་གདེང་འཇོག་ཀྱང་བྱས་མྱོང་མེད། ལྷག་པར་དུ་ཚེ་འདི་སྣང་གི་བྱ་བ་དག་དོན་ཆུང་དུ་ལྟ་དགོས་པ་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཅན་དག་གིས་ངེས་པར་ཁས་ལེན་པས། སྔོན་མའི་བོད་རྩོམ་དག་ཏུ་མིའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་དེ་འབྲེལ་གྱི་བྱ་བྱེད་དག་ལ་གདེང་འཇོག་བྱས་པ་ཤིན་ཏུ་ཞན། མདོར་ན་བོད་མི་ཚོས་སྔོན་ཆད་མི་ཡི་དགའ་སྐྱོ་ཆགས་སྡང་ཞེས་པ་ཡོད་པར་ཁས་ལེན་རུང་དེ་གལ་ཆེན་ཡིན་པར་ཁས་མི་ལེན་པ་རེད། དེར་མ་ཟད་བོད་མི་ཚོར་མཚོན་ན་དགའ་སྐྱོ་ཆགས་སྡང་བཅས་ཀྱི་མགོ་མནོན་ཅི་ཐུབ་བྱས་ཏེ་ཕྱི་མའི་རྒྱགས་བྲོའི་ཆེད་དུ་འབད་དགོས་ཨང་སྙམ་པའི་བག་ཆགས་མཐུག་པོ་ཡོད་པ་སུ་ལའང་གསལ་བོ་རེད་ཨང༌།

མཇུག་བསྡུ་བ།

རྩོམ་ཡིག་འདི་རུ་སྙན་ངག་སྐོར་གྱི་རྩོམ་དེབ་གཉིས་དང་འབྲེལ་ཏེ་བོད་ཀྱི་སྙན་ངག་གསར་བའི་སྐོར་ལ་གླེང་སློང་བྱས་པ་ཙམ་ཡིན།ལས་སྙན་ངག་གསར་བའི་སྐོར་གྱི་གནད་ཆེན་གླིང་རི་བ་འདི་དག་ལས་གཞན་མང་བོ་ཞིག་མཐོང་སོང་ན་ཡང་ཐེངས་འདིར་ཤྀན་ཏུ་མདོར་བསྡུས་ཤིག་མ་གཏོགས་འབྲི་མ་ཐུབ། ཀྱི་གཙོ་གནད་འགའ་ཞིག་ལ་ཡང་ད་དུང་འཚོལ་ཞིབ་དང་གསེད་དགྲོལ་བྱེད་ས་རབ་ཏུ་མང་བོ་ཡོད་པར་མཐོང་རུང་གནས་སྐབས་སུ་བམ་བཤད་ཙམ་གྱིས་བསྐྱུར་ཡོད། གོང་དུ་བཤད་པ་བཞིན་སྐབས་འདིར་དེབ་འདི་གཉིས་ཀྱི་ནང་བཅུད་རྒྱ་མཚོ་ལྟ་བུ་ལས་ཆུའི་ཐིགས་པ་ཙམ་ལས་ཤོད་ཐུབ་མེད་པ་རང་ལ་གསལ་ཞིང༌། རྩོམ་ཡིག་འདི་ཉིད་རྩོམ་སྦྱོང་ལས་བྱའི་ཚུལ་དུ་བྲིས་བ་ཞིག་ཡིན་པས་གཏིང་ཟབ་པའི་ཞིབ་འཇུག་ཡིད་ཚིམ་པ་དེ་འདྲ་བྱེད་ཐུབ་མེད། གལ་སྲིད་རྩོམ་ཡིག་འདི་རུ་རྩོམ་པ་པོ་རྣམ་གཉིས་ཀྱི་དགོངས་པར་ལོག་འགྲེལ་བྱས་པའམ་ཐུགས་དགོངས་ཇི་བཞིན་མ་རྟོགས་པར་བཤད་ཉེས་བྱས་པ་ཡོད་ཚེ་མཛུབ་སྟོན་དང་དགོངས་འཆར་ཅིས་ཀྱང་གནང་གལ་ཟེར་བ་ཡིན་ལ། དེ་ལྟར་མ་ཡིན་པར་འདི་འདྲ་ནི“མི་ཆེན་ལ་ཁ་བཏང་བ“རེད་སོགས་བཤད་དེ་རིག་གནས་བགྲོ་གླེང་ཙམ་ལ་ཡང་ཧང་སང་མདོག་སྟོན་མཁན་ཡོད་ན་དེ་ལ“གནས་ལུགས་ཀྱི་མདུན་ནས་ང་ཚོ་ཚང་མ་འདྲ་མཉམ་ཡིན་“པའི་རྩ་དོན་མ་བརྗེད་ཟེར་ན་འདོད་ཡོད།

༢༠༡༢། ༡༡ པར་གྲུབ།

 

 

 

 

 

   

གསར་གནས་དེ་ལས་མང་བ།

ཤོག་ངོས། 6 ནས། 31