རྩོམ་ཡིག

བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་བོད་ཀྱི་རྩ་དོན་སྒྲུབ་ཕྱོཌ།

མཐའ་མའི་བསྐྱར་བཅོས། (༢༤༢༠༠༨༡༩༡༤) འབྲི་མཁན། བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཆོས་དགེ་བསྟན་འཛིན་ཉི་མ། ༡༢༢༠༠༨༢༡༠༩

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༡ཚེས་༡༢ཉིན་སྤེལ། ༡༽ བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་གཙོ་བོ་ནི། རྒྱ་དམར་གྱིས་བོད་ཆེན་པོ་འདི་ལ་བཅངས་པའི་དམིགས་ཡུལ་དང་པོ་ཤར་དུས་ནས། གཙོ་བོ་བོད་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་དགོས་པའི་ཧམ་སེམས་བཅངས་ཡོད། དེ་ནི་དམར་པོའི་ལྟ་བ་ཡིན། དམར་པོའི་ལམ་སྟོན་སི་ཏ་ལེན་གྱིས། མི་རིགས་ཤིག་མེད་པར་བཟོ་བ་ལ། དང་པོ་དེའི་སྐད་ཡིག་མེད་པར་བཟོ་དགོས་ཅེས་པའི་གཡོ་བྱུས་ཀྱི་ལམ་སྟོན་གཞིར་བཞག་ནས། དུས་ད་ལྟའི་བར་བོད་མི་རིགས་ཀྱི་སྲོག་རྩའི་ཆོས་དང་རིགས་གཞུང༌། གོམས་བཤིས་སྐད་ཡིག་བཅས་མེད་པར་བཟོ་ཐབས་ཀྱི་གཡོ་བྱུས་སྣ་ཚོགས་ཅིག་ར་དང་རིམ་པར། བཙན་དབང་དང་གཡོ་རྒྱུ་ཁོ་ནས་བརྩམས་པའི་བཀོལ་སྤྱོད་བྱས་དང་བྱེད་མུས་ཀྱི་ངན་བྱུས་དེ་དག་ལ་བོད་མི་རྣམས་ཀྱིས་མ་བཟོད་པར། ལུས་སྲོག་ལོངས་སྤྱོད་ཕངས་མེད་དུ་བཏང་བའི་ཛ་དྲག་གི་དོན་རྐྱེན་འདི་བྱུང་བ་རེད། དེ་ནི་བོད་ཀྱི་རྩ་དོན་ཁོ་ན་ལ་ཐུག་པ་ཡིན་སྟབས། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱས་ཏེ་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་དུས་འགྱངས་སུ་མ་སོང་བར་གྲུབ་འབྲས་སྨིན་ཐབས་གནང་དགོས།

༢༽ དེ་ཡང་རང་བཙན་མི་འདོད་པའི་བོད་པ་སུ་ཞིག་མེད་ཀྱང༌། འདས་མ་འོངས་ད་ལྟའི་བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་འཕོ་འགྱུར་གྱི་གནས་བབ་ལས་བསྲེག་བཅད་བརྡར་གསུམ་གྱི་སྙིང་བཅུད་དབུ་མའི་ལམ་གྱི་ལྟ་གྲུབ་འདི་ལས་ལྷག་པའི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་སྲིད་བྱུས་བཟང་པོ་གཞན་ཞིག་མ་མཐོང༌། འོན་ཀྱང་ད་ལྟའི་བར་དུ་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་གྲུབ་འབྲས་མ་ཐོན་པ་ནི། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་རང་གཞན་གཉིས་ཕན་གྱི་སྙིང་རྗེ་གཞིར་རྩར་བཞག་པའི་ལམ་ལུགས་བཟང་པོའི་སྲིད་བྱུས་ཤིག་ཡིན་ལ། རྒྱ་ཕྱོགས་ནས་རང་གི་འདོད་རྔམས་ཁོ་ན་མཁྲེགས་འཛིན་བྱེད་པ་ལས་བྱམས་སྙིང་རྗེ་ལ་བརྩས་མེད་དང༌། གཞན་ལ་མཐོང་ཆུང༌། དབང་ཤུགས་དང་གཡོ་སྒྱུ་ཁོ་ན་བེད་དུ་སྤྱད་པས་ད་ལྟའི་ཆར་གྲུབ་འབྲས་གང་ཡང་མ་སོན། དེར་བརྟེན་ང་ཚོའི་ངོས་ནས་ཀྱང་དབུ་མའི་ལམ་གྱི་ལྟ་བ་གཞིར་རྩར་བཞག་སྟེ། དབུ་མའི་ལམ་གྱི་སྤྱོད་པའི་ཐབས་ལམ་གྱི་སྲིད་བྱུས་ཀྱི་རྣམ་གྲངས་མང་དུ་གཏོང་དགོས། དཔེར་ན་སྟོན་པ་སངས་རྒྱས་ཀྱི་སྐྱེ་འགྲོ་རྣམས་སངས་རྒྱས་པའི་ཐར་ལམ་ཞི་རྒྱས་དབང་དྲག་གི་ལས་བཞི་སྩལ་བ་ལྟར། ང་ཚོའི་ངོས་ནས་ཀྱང་བོད་ཀྱི་རྩ་དོན་སྒྲུབ་ཆེད་ཞི་བ་ཁོ་ན་མིན་པར་ཞི་རྒྱས་དབང་དྲག་གི་ཐབས་ལམ་གྱི་སྲིད་བྱུས་སྣ་ཚོགས་བཀོལ་སྤྱོད་བྱེད་དགོས། གལ་སྲིད་དྲག་པོའི་ལས་ལ་ཞུགས་པ་ཙམ་གྱིས་དྲག་སྤྱོད་པར་འགྲོ་ན། རང་གི་རྒྱལ་ཁབ་དང་མི་རིགས་རིག་གཞུང་བཅས་སྲུང་སྐྱོབ་ཆེད་དུ་དགྲ་བོ་ཕམ་པར་བྱེད་པའི་ལས་ལ་ཞུགས་ཚད་དྲག་སྤྱོད་པར་འཇོག་དགོས། དེ་ལྟར་ན་འཛམ་གླིང་ན་དྲག་སྤྱོད་པ་མ་ཡིན་པའི་རྒྱལ་ཁབ་ཀྱང་འཇོག་རྒྱུ་དཀོན། ས་པཎ་གྱིས། །རྩུབ་པས་རྩུབ་པ་འཐུལ་འགྱུར་གྱི། །ཞི་བའི་འདུལ་བ་ག་ལ་ནུས།། །ཕོལ་མིག་བསྲེགས་དང་བཅད་པས་གདོན།། །ཞི་འཆོས་དེ་ཡི་དུག་ཏུ་འགྱུར།། ཞེས་གསུངས། དེ་བཞིན་ཆོས་ཕྱོགས་ནས་བཤད་ན་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོགས་ཞི་བའི་ལྷ་དག་གི་མགོ་ལ་ར་དང་ཁ་ལ་མཆེ་བ་སྐྱེས་ཤིང་ཕྱག་ལ་མཚོན་ཆ་སྣ་ཚོགས་ཐོགས་ཏེ་དྲག་པོའི་སྐུར་བསྟན་པ་རྣམས་ཀྱང་དྲག་སྤྱོད་པར་ཐལ་བའི་སྐྱོན་སོགས་འབྱུང་བས། དྲག་པོའི་ལས་ལ་ཞུགས་མཁན་དང་དྲག་སྤྱོད་པ་གཉིས་ཀྱི་ཁྱད་པར་འབྱེད་དགོས་པར་སྙམ། ཡང་འཚེ་བ་མེད་པ་དང་ཞི་བ་གཉིས་ཀྱི་སྐོར་ལ་དཔྱད་ཞིབ་ཀྱིས་བགྲོ་གླེང་གང་མང་ཚོགས་ཏེ་སྐབས་འདིའི་འཚེ་བ་མེད་པ་དང་ཞི་བ་སོགས་ཀྱི་དོན་རྣམས་གཏན་འབེབས་བྱས་ཏེ་མ་ནོར་བར་མི་དམང་གིས་གོ་རྟོགས་སླེབས་པར་ཐུབ་པར་བྱ་བགྱི། དེ་མིན་བོད་དོན་གྱི་ཆེད་སྡིག་རྩུབ་ཅུང་ཙམ་གྱིས་ལས་འགུལ་ཆུང་ངུ་ཞིག་སྤེལ་མཁན་ལ་རྒྱབ་སྐྱོར་གྱིས་མཉམ་ཞུགས་མི་བྱེད་པར་ང་ཚོའི་ལྟ་བ་འཚེ་མེད་ཞི་བ་རེད་ཅེས་སྐྱོན་འཛུགས་བྱེད་མཁན་མང་དུ་འགྲོ་བ་མཐོང་གསལ་རེད། དེ་ནི་འཚེ་བ་མེད་པ་དང་ཞི་བ་བཅས་ལ་ཕྲ་རགས་ཀྱི་དབྱེ་བ་མང་པོ་ཡོད་པ་མ་རྟོགས་པའམ། བོད་དོན་ལ་སེམས་ཚོར་ཙམ་ཡང་མེད་པའི་དན་རྟགས་གང་ཡིན་མ་ངེས།

༣༽ འགའ་ཞིག་གིས་ད་ལྟའི་ཆར་བོད་རྒྱ་ཞི་མོལ་ལ་ཕན་འབྲས་གང་ཡང་མ་བྱུང་སྟབས་བོད་རྒྱ་འབྲེལ་མོལ་འཚམས་འཇོག་བྱེད་དགོས་ཟེར་བ་ནི། ཕུགས་རྒྱང་རིང་མོར་མ་བརྟག་པའི་གཏམ་སྟེ། གལ་སྲིད་བོད་རྒྱ་ཞི་མོལ་འཚམས་འཇོག་བྱས་ན་ང་ཚོར་ཁེ་ཕན་གང་ཡང་མེད་ལ། རྒྱལ་ཁབ་དང་མི་རིགས་ཤིག་གི་གནད་དོན་ཐེམ་སྐས་རིམ་འཛེགས་ཀྱི་དཔེ་ལྟར་ལས་སླ་བོ་ཞིག་མེད་པ་མ་བསམ་པར་སྙམ། དེ་ལས་སྐུ་ཚབ་ཀྱིས་ངོ་བོ་བསྒྱུར་ཏེ་བོད་རྒྱ་གཉིས་ཀའི་སྐད་ཡིག་གི་མཁྱེན་རྒྱ་ཡངས་ཤིང་གནད་དོན་གང་ཞིག་ལ་ཐག་གཅོད་ཀྱི་དབང་ཚད་ལྡན་པ་ཁག་ཅིག་བཏང་ན་དགེ་མཚན་ཧ་ཅང་ཆེ་བར་ཡིད་གཉིས་བྲལ། དེ་མིན་རང་གཞུང་གིས་གང་གསུང་ཕར་རྒྱ་ལ་ལན་བསྐྱལ་ཞིང༌། རྒྱ་གཞུང་གིས་གང་བཤད་ཉན་རྐྱང་བྱས་ཏེ་རྡ་སར་ལན་བསྐྱལ་བ་ཙམ་དང༌།

ཡང་རྒྱ་གཞུང་ལ་ཕོག་ཐུག་བྱུང་ས་རེད་སྙམ་སྟེ་གནད་དོན་གང་ཞིག་གི་ཐོག་བགྲོ་གླེང་དང་དོན་གནད་ཆེད་དགག་སྒྲུབ་ཀྱི་རྣམ་པ་གང་ཡང་མ་མཐོང༌། དཔེར་ན་འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་ཏཱ་ལའི་བླ་མར་བོད་ཀྱི་དོན་དག་བཤད་པའི་དབང་ཆ་ཡོད་པ་མ་རེད་ཟེར་དུས། སྐུ་ཚབ་ངོས་ནས་ཀྱང་རྒྱུ་མཚན་ལྡན་པའི་ལན་འདེབས་གནང་དགོས་པ་ལས་རྡ་སར་ལན་བསྐྱལ་བ་ཙམ་གྱིས་དོན་གོ་མ་ཆོད་པར་སྙམ། ཡང་རྒྱ་གཞུང་གིས་བསླུ་བྲིད་མགོ་སྐོར་ཆེད་བཤད་དགོས་པའི་དོན་དག་མ་བཤད་པར་མི་དགོས་ལྟ་སྐོར་ལ་ཡང་ཡང་ཁྲིད་པ་ལ་ང་ཚོ་ལྟ་སྐོར་ལ་ཡོང་བ་མིན་ཚུལ་གྱི་རྒྱུན་མཚན་ལྡན་པའི་སྐད་ཆ་བཤད་དེ་འགྲོ་རྐྱང་མི་བྱེད་པར་ང་ཚོའི་ངོས་ནས་ཀྱང་ལྟ་བ་མཁྲེགས་སུ་མ་བཏང་ཚེ། ང་ཚོར་མཐོང་ཆུང་བྱེད་པའི་ཁོར་ཡུག་ང་ཚོའི་ངོས་ཀྱང་ཕར་བསྐྲུན་པ་ལྟ་བུར་མཐོང༌།

༤༽ ད་ལྟའི་བར་ང་ཚོའི་གཞུང་དམངས་གཉིས་ཀའི་ཕྱོགས་ནས་ནུས་ཤུགས་ཞན་དྲགས་པས་ནུས་པ་གང་ཡང་མ་ཐོན་པ་རེད༌། དེ་བརྟེན་གཞུང་དམང་གཉིས་ཀྱིས་ནུས་ཤུགས་མཐོ་འདེགས་གཏོང་ཆེད་སྒྲིགས་འཛུགས་ལྡན་པའི་འཆར་གཞི་བཀོད་དེ་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོགས་པ་བཙུགས་ནས་བོད་མི་ཡོད་དོ་ཅོག་ལ་ཟབ་སྦྱོང་དང་བགྲོ་གླེང་གང་མང་གནང་སྟེ་བོད་མི་རེ་ངོ་རེ་ནས་ཀྱང་བོད་ཀྱི་རྩ་དོན་ཐོག་ཚོར་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་སློབ་གྲྭ་ཁག་ལ་སྔོན་འགྲོ་འཛིན་གྲྭ་ནས་བཟུང་འཛིན་གྲྭའི་གནས་བབས་དང་བསྟུན་ཏེ་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གཞུང་ལུགས་ལྡན་པའི་ཡིག་ཆ་གཏན་འབེབས་བྱས་ཏེ་སློབ་སྟོན་གནང་ནས། བོད་ཕྲུག་གཞོན་སྐྱེ་རྣམས་ཀྱི་སློབ་སྦྱོང་ནི་འཚོ་ཐབས་ཙམ་མིན་པར་བོད་ཀྱི་རྩ་དོན་ཐོག་ལ་བཀོལ་སྤྱོད་ཐུབ་པའི་ཁ་སྒྱུར་བྱ་རྒྱུ། དེ་ལྟར་གཞུང་དམངས་གཉིས་ཀྱིས་དངོས་ནས་འཆར་གཞི་ལྡན་པའི་འགན་ལེན་མ་བྱས་ཚེ་མི་འགྱིངས་བར་བོད་དོན་ཐོག་ལ་སེམས་ཚོར་ཆེ་བའི་བོད་མི་ཉུང་དུ་འགྲོ་བ་མཐོང་གསལ་རེད། དཔེར་ན་དེ་རིང་ནས་བརྩིས་ན་ལོ་ངོ་ཉི་ཤུ་ཡི་སྔོན་དུ་བོད་མི་ཡོད་དོ་ཅོག་གིས་བོད་དོན་ཐོག་འགན་ལེན་གཙང་བཞེས་གནང་ལ། ད་ལྟའི་དུས་འདིར་བོད་མི་མང་ཙམ་ཞིག་གིས་རང་ཉིད་འཚོ་ཐབས་ཀྱི་དགོས་མཁོ་ཙམ་ལས་བོད་དོན་ནི་ཡ་མེད་སྣང་མེད་དུ་བཞག་པའི་བོད་མི་མི་ཉུང་བ་ཞིག་མཆིས། འདི་ལྟར་དུས་ཡུན་རིང་དུ་སོང་ཚེ་ཇི་འདྲ་ཞིག་གི་ཚད་ལ་ལྷུང་མིན་ད་ལྟ་ནས་ཚོད་དཔག་བྱེད་ཐུབ། དེ་བཞིན་སློབ་ཕྲུག་རྣམས་ལ་མཚོན་ན་ཡང་དེ་སྔ་དགེ་རྒན་དང་ཕ་མ་རྣམ་པས། ཁྱེད་ཚོ་སློབ་སྦྱོང་བྱས་ཏེ་བོད་རང་བཙན་ལེན་དགོས། བོད་ཀྱི་རྩ་དོན་ཐོག་རང་ཉིད་ཀྱི་ནུས་ཤུགས་བཏོན་དགོས། ཅེས་ཕྲུ་གུ་སློབ་སྦྱོང་གི་ནུས་ཤུགས་ཡོད་ཚད་བོད་ཀྱི་རྩ་དོན་ཐོག་ཏུ་བསྒྲིམས་དགོས་པའི་སློབ་སྟོན་གནང་གི་ཡོད། དེང་སང་དེ་ལས་ལྡཽག་སྟེ་དགེ་རྒན་དང་ཕ་མ་མང་དག་ཞིག་གིས་བོད་རང་བཙན་ཐོབ་ཐུབ་ཀྱི་མ་རེད། ངས་མིང་རྟགས་བཀོད་ཐུབ་ཀྱི་ཡོད་ཅེས་ཟེར་བ་དང༌། བོད་ཡིག་ནི་མཁྲེགས་པོ་ཡོད་ཚུལ་བེད་སྤྱོད་མེད་ཚུལ། དེ་ལས་དབྱིན་ཇི་སོགས་སྦྱང་ན་རང་གི་འཚོ་ཐབས་ལ་དགོས་མཁོ་ཆེ་ཚུལ་སོགས་སློབ་ཕྲུག་གི་སློབ་སྦྱོང་གི་ཁ་ཕྱོགས་འཚོ་ཐབས་ཙམ་ལ་སྒྱུར་གྱིན་ཡོད་པ་འདི་ལ་འགྱུར་བ་ཞིག་དམ་བཏང་ན་ང་ཚོ་བཙན་བྱོལ་དུ་ཡོང་ནས་སློབ་གྲྭ་ཆེད་བཙུགས་ཀྱི་དགོས་དམིགས་མ་གྲུབ།

༥༽ བོད་ཀྱི་གནད་དོན་འདི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད་སྟབས་བསྟན་འཛིན་གྱི་སྐྱེ་ཆེན་དམ་པ་བླ་ཆེན་དང༌། མཁན་ཆེན། དགེ་བཤེས་དང་སྤྲུལ་སྐུ་བཅས་ལ་གཞུང་གིས་རྟགས་འཛིན་འོག་བོད་ཀྱི་རྩ་དོན་ཐོག་ལ་བགྲོ་གླེང་དང་ཟབ་སྦྱོང་ཡང་ཡང་གོ་སྒྲིག་གནང་སྟེ་ཆོས་ལུགས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་འདི་ཉིད་ད་ལྟ་ལས་ལྷག་པར་ཕྱི་བསྒྲགས་གནང་ཐབས་དང༌། ཁྱད་པར་རྒྱ་རིགས་རྣམས་ལ་བོད་ཀྱི་རྩ་དོན་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད་ཤེས་རྟཽགསཡོང་ཐབས་བྱ་རྒྱུ། དེ་བཞིན་དགོན་སྡེ་ཁག་ལ་བོད་ཀྱི་རྩ་དོན་དང་འབྲེལ་བོད་དོན་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད་ཚུལ་གྱི་ཟབ་སྦྱོང་ཡང་ཡང་གནང་སྟེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ། དེ་ལྟར་མིན་ཚེ་ད་ལྟའི་ཆར་བླ་ཆེ་དང༌། མཁན་ཆེན། དགེ་བཤེས་དང་སྤྲུལ་སྐུ་འགའ་ཞིག་གིས་རང་གི་འཁོར་སློབ་རྣམས་ལ་ཆོས་དང་སྲིད་གཉིས་འགལ་ཟླ་ཁོ་ན་ཡིན་ཚུལ་རང་ཉིད་ཆོས་བྱེད་མཁན་ཞིག་ཡིན་ཚེ། བོད་དོན་ལ་དོ་སྣང་བྱེད་རྒྱུ་མེད་སྐོར་གྱིས་ལམ་སྟོན་གནང་བས་ང་ཚོའི་མི་རིགས་མང་པོ་ཞིག་བོད་དོན་ལ་དོ་སྣང་ཆུང་དུ་འགྲོ་ཡི་ཡོད་པ་ངེས་གསལ་ཡིན་པས་དེ་ཉིད་འགོག་པའི་སྲིད་བྱུས་ཤིག་གཞུང་ནས་བསྒྲུབ་དགོས།

༦༽ བོད་ཕྱི་ནང་གི་བོད་མི་ཡོད་དོ་ཅོག་གི་མགྲིན་དབྱངས་གཅིག་གི་༧གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བ་དང༌། ཁྱད་པར་འདི་ལོ་ཛ་དྲག་གི་དོན་རྐྱཻན་འོག་འདས་སོན་ཡོངས་ཀྱི་ཐུན་མོང་གི་རེ་སྐུལ་ནི་༧གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བ་དེ་ཡིན་སྟབས་མགོན་པོ་གང་ཉིད་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་ཐོག་བོད་དང་རྒྱ་ནག་གང་རུང་དུ་ཕེབས་རྒྱུའི་ཁོར་ཡུག་བསྐྲུན་རྒྱུ།

༧༽ རྒྱ་རིགས་འདུས་སྡོད་ཀྱི་ས་གནས་ཁག་ལ་བོད་རྒྱ་མཛའ་འབྲེལ་ཚོགས་པ་གང་མང་མང་ཞིག་ཚུགས་ཐབས་དང༌། དེ་ཡང་གཞུང་གི་ཆེད་བཙུགས་ལ་མ་ལྟོས་པར་གཞུང་ཕྱོགས་ནས་རྒྱབ་སྐྱོར་གནང་གལ་ཧ་ཅང་ཆེ།

༨༽ རང་གཞུང་གིས་རྒྱ་གཞུང་ལ་ཕོག་ཐུག་འགྲོ་བས་ལས་ཀ་འདི་བྱས་མི་ཆོག་ལ། གན་ལབ་མི་ཆོག་གསུང་ནས་བོད་རྒྱ་ཞི་མོལ་ཁོར་ཡུག་བསྐྲུན་དགོས་ཟེར་བ་ནི་རྒྱ་གཞུང་གིས་ང་ཚོར་གང་བྱུང་མང་བྱུང་གིས་མཐོང་ཆུང་བྱེད་པའི་རྒྱུ་ལས་དགེ་དམིགས་གང་ཡང་མ་མཐོང༌། དེ་བཞིན་མི་དམངས་ཀྱི་མ་བཟོད་པའི་སེམས་ཤུགས་ཀྱིས་ལས་འགུལ་ལ་ཡང་རང་གཞུང་ནས་རྒྱབ་སྐྱོར་གྱི་ལམ་སྟོན་གནང་དགོས་པ་ལས་བཀག་འགོག་གིས་མགོ་གནོན་ནམ་ཡང་མི་བྱེད་རྒྱུ་མཁྱེན།

༩༽ འདས་པའི་ལོ་རྒྱུས་ལ་རྗེས་དྲན་བྱས་ཚེ་རྒྱལ་མཆོག་གོང་མ་རྣམས་སྐུ་གཤེགས་རྗེས་ཡང་སྲིད་ནར་མ་སོན་པའི་བར་བོད་ཀྱི་ལོ་རྒྱུས་ལ་ཉམས་རྒུད་ཕྱིན་པ་ཤེས་གསལ་དང༌། ཁྱད་པར་དུས་འདིར་རྒྱ་གཞུང་གིས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ལ་སྒུགས་སྡད་པའི་རྨོངས་པའི་སྡུག་བསྔལ་ལས་སེལ་ཆེད། ད་ལམ་གྱི་ཚོགས་ཆེན་འདིའི་སྟེང་དུ་གཏན་འབེབས་གནང་སྟེ་མགོན་པོ་གང་ཉིད་ཀྱི་མ་འདས་སྤྲུལ་སྐུ་འཁྲུངས་དགོས་པ་བོད་མི་ཡོད་དོ་ཅོག་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་པ་དོན་གལ་ཆེ། དེ་ཡང་མི་དམངས་ཀྱི་ཁྲོད་དུ་སྤྲུལ་སྐུའི་གོ་དོན་དང༌། ཕེབས་དགོས་དོན། ཕེབས་ཚུལ་མ་ཤེས་པ་དང༌། མ་འདས་སྤྲུལ་སྐུ་ལ་གོམས་འདྲེས་མེད་པ་རྣམས་ལ་གཞུང་སྒེར་གཉིས་ཀས་འགན་ཁྱེར་ཏེ་ཟབ་སྦྱོང་གནང་ན། བོད་མི་ཡིན་ནོ་ཅོག་གི་མགོན་མཆོག་གང་ཉིད་དང་སྐྱེ་ཆེན་དམ་པ་རྣམས་ལ་དད་པ་སྔར་ལས་ཆེ་བར་འཕེལ་བའི་རྒྱུ་རུ་འགྱུར་བ་མ་ཟད། དེང་སང་མིང་གི་བཏགས་ཙམ་གྱིས་སྤྲུལ་སྐུ་རྣམས་ཀྱི་གནས་ཚུལ་ཤེས་ཏེ་བདེན་རྫུན་གྱིས་དབྱེ་བ་འབྱེད་ཐུབ་པ་བྱུང་ན་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུ་རུ་འགྱུར་བར་སྙམ། ཡང་ྋགོང་ས་སྐྱབས་མགོན་ཆེན་པོས་སྤྲུལ་སྐུ་ཕེབས་དགོས་དོན་སྔོན་མའི་ལས་ཀ་མ་འགྲུབ་པ་རྣམས་བསྒྲུབ་པར་ཕེབས་པ་རེད། ཅེས་དང༌། ཡང་གལ་སྲིད་བོད་མི་མང་ལ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཅིག་དགོས་མཁོ་ཡོད་ན་ཞེས་དང༌། ཁྱད་པར་སྐུ་སྐྱེས་འཕེལ་སྟངས་ལ་འདྲ་མིན་ཡོད་པ་གསུང་བ་ལྟར་མ་འདས་སྤྲུལ་སྐུ་ཡང་གསུངས་ཡོད། དེ་ནི་ང་ཚོ་ཤེས་མེད་ལེ་ལོ་ཅན་གྱི་བདུད་བྱ་རྣམས་ལ། གསོལ་མ་བཏབ་ཀྱང་བཤད་པར་བྱ་ཞེས་པ་ལྟར་ཐུགས་བརྩེ་བས་ལམ་སྟོན་མཛད་ཡོད། འདིའི་སྐོར་ལ་ང་ཚོས་ད་དུང་བསམ་གཞིགས་ཅིག་བྱས་ཏེ་གཏན་འབེབས་མ་གནང་ཚེ། ཉིན་ཞིག་འགྱོད་པའི་ཤུགས་སྒྲ་ལས་གཞན་མེད། བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཆོས་དགེ་བསྟན་འཛིན་ཉི་མ་ནས་༢༠༠༨།༡༡།༠༨ཉིན་བྲིས་པ་དགེའོ།

བསམ་ཚུལ། (1)
 

ཤོག་ངོས། 31 ནས། 31