སེམས་དཔའ་ཆེན་པོ་གན་དྷི་ནི་དར་ཆ་ཞིག་ཡིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ་༠༣ཚེས་༢༤ཉིན། — སེམས་དཔའ་ཆེན་པོ་གན་དྷི་མཆོག་རྐྱེན་ལམ་དུ་ཤོར་བའི་རྗེས་དྲན་གྱི་ཉིན་མོ་སླེབས་ལ་ཉེ་བར་བྲིས་པ། ༡༩༤༨ལོའི་ཟླ་དང་པོའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཅུ་བདུན་སྟེང་། ཧིན་དྷུ་ཆོས་ལུགས་ཀྱི་ཐལ་མཐའ་པའི་སྡིག་ཉེས་ཀྱི་མེ་མདའ་ཡིས་སེམས་དཔའ་ཆེན་པོ་གན་དྷི་ལྐོག་གསོད་བྱས་ནས་འཇིགས་ཡེར་བའི་ཁྲག་དམར་ནང་དུ་བསྒྱེལ་འདུག་ནའང་སྐྱེས་བུ་དམ་པ་ཁོང་གིས་བྲང་ཁར་ལག་ཟུང་སྦྱར་ནས་འདུག་གོ།
ཉིན་དེ་ནི་རེས་གཟའ་པ་སངས་ཏེ། སྟོན་པ་ཡེ་ཤུ་བཀྲོངས་པའི་ཉིན་མོ་རེད་ལ། འཕགས་པ་གན་དྷི་བཀྲོངས་པའི་ཉིན་མོའང་རེད། སྐུ་ཞབས་ནེ་རུ་ལགས་ཀྱིས་ཡིད་སྐྱོ་བའི་གནས་ཚུལ་དེ་རླུང་འཕྲིན་བརྒྱུད་ནས་རྒྱ་གར་མི་དམངས་ཡོངས་ལ། “ང་ཚོའི་ཚེ་སྲོག་ནང་གི་གཟི་འོད་ལམ་ལམ་འཚེར་བ་དེ་ཡལ་སོང་། རྒྱལ་ཁབ་ཡོངས་རྫོགས་མུན་ནག་གི་ཁྲོད་དུ་ཚུད་པ་དང་། གུས་ཤིང་བརྩེ་བའི་ང་ཚོའི་གཙོ་འཛིན་དང་ང་ཚོས་ཡབ་ཆེན་དུ་འབོད་པའི་མི་དེ་ང་ཚོ་དང་ཁ་བྲལ་སོང་། ངས་གོང་དུ་འོད་སྣང་ཡལ་སོང་ཞེས་པ་དེ་ནོར་སོང་བ་རེད། རྒྱུ་མཚན་ནི་རྒྱལ་ཁབ་འདིའི་ས་སྟེང་དུ་འཕྲོས་པའི་འོད་སྣང་དེ་རང་ག་བ་ཞིག་མ་ཡིན་པར། ལོ་ངོ་སྟོང་ཕྲག་གི་རྗེས་སུ་མིག་དབང་འཕྲོག་པའི་འོད་སྣང་དེ་འཕྲོ་སྲིད་ལ། འཇིག་རྟེན་གྱི་མི་རྣམས་ཀྱིས་མི་རིང་བར་མཚར་སྡུག་འབར་བའི་འོད་སྣང་དེ་མཐོང་ངེས་པ་ཡིན། རྒྱུ་མཚན་ནི་གང་དེས་མི་ཡོངས་རྫོགས་ལ་སེམས་ངལ་གསོ་བས་སོ།། འོད་གསལ་འདི་ཡི་དོན་སྙིང་ནི་ད་ལྟའི་ཁྱབ་ཁོངས་ལས་རབ་ཏུ་བརྒལ་ཞིང་ཤིན་ཏུ་འགོངས་ལ། གང་དེས་ཚེ་སྲོག་དང་རྟག་བརྟན་གྱི་བདེན་པའི་ཚབ་བྱས་ནས། ང་ཚོར་ཡང་དག་འཁྲུལ་མེད་ཀྱི་ལམ་སྟོན་པ་དང་། ང་ཚོ་ལོག་ལམ་དུ་འཕྱན་པ་ལས་བཟློག་པའི་མགོན་སྐྱབས་གནང་སྟེ། ང་ཚོའི་གནའ་བོའི་རྒྱལ་ཁབ་འདི་ཉིད་རང་དབང་གི་ཕྱོགས་སུ་བགྲོད་པར་དབུ་འདྲེན་པ་ཡིན་ནོ།།” ཞེས་གསལ་བསྒྲགས་གནངས་པ་རེད། (《གན་དྷིའི་རྣམ་ཐར》ལས།)

རྒྱ་གར་པ་རྣམས་དབྱིན་ཇིའི་མི་སེར་སྤེལ་བའི་དབང་སྒྱུར་འོག་ནས་ཐར་ཆེད་འཕགས་པ་གན་དྷིས་སེམས་ཤུགས་ཆེན་པོས་འཐབ་རྩོད་བྱས་ཤིང་། འཚེ་མེད་བསྟུན་མེད་ཀྱི་ལམ་ནས་མི་རིགས་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་གི་དབུ་སྒོ་བརྩམས་སོང་བ་དང་། གན་དྷི་སྐུ་ཁོང་མ་གཤེགས་པའི་གོང་ཏག་ཏག་ལའང་འཚེ་མེད་བསྟུན་མེད་ཀྱི་ལམ་ནས་ཆོས་ལུགས་དང་རིགས་རུས་ཀྱི་འགལ་རྩོད་སེལ་ཐབས་བྱས་པ་རེད། གན་དྷི་དྲན་ཐེངས་རེ་རེར་ང་ཚོའི་བློ་ངོར་སྣང་བརྙན་འདི་འདྲ་ཞིག་སྟེ། གང་ཟག་ཕལ་པ་ཞིག་གིས་རང་གི་ལག་པས་བཏགས་པའི་རས་ལས་བཟོས་པའི་ལྭ་བ་གྱོན་ཞིང་། ཉེ་རིང་ཆགས་སྡང་བྲལ་ལ་བྱམས་དང་སྙིང་རྗེས་ཕྱུག་པའི་མི་རྒན་ལོ་ལོན་ཞིག་ཤར་ཡོང་ངོ་།།

གན་དྷིའི་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་གྱིས་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་སྲིད་གཞུང་གཉའ་ཆག་དཔའ་ཞུམ་དུ་བཏང་ཞིང་། རྒྱ་གར་མི་དམངས་ཀྱིས་དྲག་པོའི་གསར་བརྗེ་བརྒྱུད་མི་དགོས་པ་དང་། རྒྱལ་ཁབ་དང་མི་དམངས་ཀྱིས་དམག་འཁྲུག་ལས་བྱུང་བའི་སྡུག་བསྔལ་གྱི་སྐྱོ་གདུང་དང་ན་ཟུག་མྱོང་མ་དགོས་པ་རེད། དབྱིན་ཇི་བཙན་རྒྱལ་གྱི་མི་སེར་སྤེལ་བའི་དབང་སྒྱུར་འོག་ཏུ་དམག་འཁྲུག་དང་ཁྲག་དྲི་བྲོ་བའི་འཐབ་འཛིང་མ་བྱུང་ནའང་། རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ། ཧིན་དྷུ་ཆོས་ལུགས་ཀྱི་དད་ལྡན་པ་དང་དབྱི་སི་ལམ་ཆོས་ལུགས་ཀྱི་དད་ལྡན་པའི་བར་དུ་བྱུང་བའི་ཟླ་ངོ་གཅིག་དང་ཕྱེད་ཀའི་རིང་གི་འགལ་རྩོད་ཁྲོད་མི་བསད་པའི་གྲངས་ཀ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཧྥ་རན་སིར་བསད་པའི་མིའི་གྲངས་ཀ་དང་གཅིག་མཚུངས་ཡིན་པ་དེ་ནི་ཤིན་ཏུ་ནས་ཡིད་སྐྱོ་དགོས་པའི་གནས་ཏེ། དེས་ནི་དག་པའི་ཞིང་དུ་གཤེགས་པའི་གན་དྷིའི་ཐུགས་སེམས་ཀྱང་དཀྲུགས་ཡོད་ངེས་རེད། གན་དྷི་མཆོག་ད་དུང་འཇིག་རྟེན་ཁམས་ན་འཚོ་བཞུགས་གནང་ཡོད་པའི་དབང་དུ་བཏང་ན། མི་བསད་ཁྲག་བཞུར་གྱི་ཡ་ང་བའི་སྐྱོ་གར་དེ་འདྲ་བྱུང་མེད་ན་ཐང་། འོན་ཀྱང་ཁོ་བོས་བལྟས་ན་དེ་ལྟ་བུའི་འགལ་རྩོད་འབྱུང་རྒྱུ་ནི་སྔ་འཕྱིས་ཙམ་རེད། དུས་ད་ལྟ་ལ་ཐུག་པའི་བར་དུའང་གནད་དོན་ཐག་ཆོད་ཡག་མིན་པའི་རྟགས་མཚན་ནི། རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་འགལ་རྩོད་དམ་སློང་ཉེན་ཆེ་བའི་འཐབ་འཛིང་དང་ཐ་ན་ཉིང་རྡུལ་དམག་འཁྲུག་སོགས་རེད་དེ། དེ་ནི་འཛམ་གླིང་མི་དམངས་ཀྱི་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད་པ་མ་ཡིན་ནམ།

རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་འགལ་འདུ་དེ་ནི་ཇི་ལྟ་བུ་ཞིག་ཡིན་རུང་། འཚེ་མེད་བསྟུན་མེད་ཀྱི་རིང་ལུགས་སྲོལ་གཏོད་དང་དེ་དར་སྤེལ་བཏང་བ་ལ་བརྟེན་ནས་མི་རིགས་རང་བཙན་བྱེད་མཁན་གྱི་སེམས་དཔའ་ཆེན་མོ་གན་དྷི་ནི། འཛམ་གླིང་ཡོངས་ལ་མི་རིགས་རང་བཙན་དང་དམངས་གཙོ་རང་དབང་བརྩོན་ལེན་བྱེད་མཁན་རྣམས་ཀྱི་དར་ཆ་ཞིག་རེད། དུས་རབས་ཉི་ཤུ་པ་ནི་མི་སེར་སྤེལ་བའི་དབང་སྒྱུར་དང་སྲིད་དབང་སྒེར་གཅོད་པའི་དབང་སྒྱུར་སོགས་ཀྱིས་གྲུབ་སྟབས། སྐབས་ཤིག་དྲག་པོའི་གསར་བརྗེ་ལ་ནུས་པ་འགངས་ཆེན་ཐོན་མྱོང་ནའང་། དུས་རབས་ཉེར་གཅིག་པའི་ནང་དུ་དྲག་པོའི་གསར་བརྗེ་ཡོད་ཚད་གཙང་སེལ་དང་མེད་པར་བཟོ་རྒྱུར་ཁོ་བོར་ཡིད་ཆེས་ཡོད། ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་སྔར་མུས་སུ་གནས་པའི་མི་རིགས་གཉའ་གནོན་དང་ཆིག་གཅོད་སྒེར་གཅོད་པའི་དབང་སྒྱུར་ལ་ཁ་གཏད་གཅོག་པའི་ཐབས་ཤེས་ཉག་གཅིག་ཡོད་པ་ནི། སེམས་དཔའ་ཆེན་པོ་གན་དྷིས་སྲོལ་གཏོད་དར་སྤེལ་བཏང་བའི་འཚེ་མེད་བསྟུན་མེད་ཀྱི་ཞི་བདེ་རིང་ལུགས་དེ་ཡིན། ཧྥི་ལི་ཕིན་དུ་བྱུང་མ་ཐག་པའི་རུལ་སུངས་པ་ཨེ་སི་ཐི་ལ་ཏའ་མགོ་རྟིང་སློག་མཁན་གྱི་མི་དམངས་མང་ཚོགས་ཀྱི་ལས་འགུལ་ནི་འཚེ་མེད་བསྟུན་མེད་ཀྱི་ཞི་བའི་ཐབས་ལམ་ནས་དབང་སྒྱུར་པ་དེ་ཉིད་རྩ་མེད་དུ་བཏང་བ་ཞིག་རེད། ཡིན་ནའང་དབང་སྒྱུར་པ་དེ་ཉིད་ཀྱང་དམངས་གཙོའི་འོས་འདེམས་ལས་ཁྲི་ལ་བཞུགས་པ་ཞིག་ཡིན། དུས་རབས་སྔོན་མའི་ནང་དུ་རབ་དང་རིམ་པར་བྱུང་བའི་གསར་བརྗེ་དང་ནང་སྒོས་སུ་དུས་རབས་སྔོན་མའི་མཇུག་གི་གནད་དོན་མང་པོ་ཞིག་ལའང་འཚེ་མེད་བསྟུན་མེད་ཀྱི་ལམ་ནས་རྒྱལ་ཁ་ཐོབ་པ་རེད། སྔོན་ཆད་ཀྱི་སུའུ་ལེན་དང་ཡོ་རོབ་ཤར་མའི་བསྒྱུར་བཅོས་ནི་རྦད་དེ་འཚེ་མེད་བསྟུན་མེད་རེད་ལ། ལྷོ་ཧྥེའི་སྲིད་དབང་གི་བརྗེ་སྒྱུར་དང་། ཧྥི་ལི་ཕིན་གྱི་མཱ་ཁི་སིའི་སྲིད་དབང་སྒེར་གཅོད་རྩ་རྫོགས་བྱེད་པའི་འཐབ་རྩོད་དང་། ཧིན་དྷུ་ཉི་ཞི་ཡའི་སུའུ་ཧ་ཐོའི་སྲིད་དབང་སྒེར་གཅོད་མགོ་རྟིང་སློག་པའི་འཐབ་རྩོད། ཡུ་གོ་སི་ལཱ་ཝེ་ཡའི་མེ་ལོ་སེ་ཝེག(米洛舍维奇Slobodan Milošević)རྩ་རྫོགས་བྱས་པའི་འཐབ་རྩོད། ཤར་ཐི་མོར་གྱི་མི་རིགས་རང་བཙན་གྱི་ལས་འགུལ་སོགས་ཚང་མ་ནི་ཞི་བའི་ཐབས་ལམ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་རང་རེད། མའོ་ཙེ་ཏུང་གི“མེ་མདའི་ཁ་ནས་སྲིད་དབང་འབྱུང”ཞེས་པའི་བཤད་སྲོལ་དེ་ནི་འཇིག་རྟེན་ཁམས་ཀྱི་མི་རྣམས་ཀྱིས་མཆིལ་ཞགས་འཕེན་ས་ཞིག་ཡིན། དོན་དངོས་ཀྱི་ཐོག་ནས་ར་སྤྲད་པ་ལྟར་ན་དྲག་པོའི་འཐབ་རྩོད་ནི་དགྲ་བོའི་དྲག་དཔུང་གི་བཙན་འཛུལ་ཟློག་པ་ལ་ད་གཟོད་ཕན་པ་ཞིག་རེད། ཐུན་མོང་ཐོན་སྐྱེད་ཚོགས་པས་རྒྱབ་སྐྱོར་བྱེད་སའི་འཛམ་གླིང་ཡུལ་གྲུ་ཀུན་གྱི་ངེས་མེད་རྒོལ་རྡུང་དམག་འཁྲུག་བྱེད་མཁན་ཚོའི་ནང་ནས་སུའུ་ལེན་རུ་ཚོགས་མ་གཏོགས་ཚང་མ་ཕམ་སོང་བ་རེད་ལ། དེས་ལག་བསྟར་བྱེད་བཞིན་པའི་ཐུན་མོང་ཐོན་སྐྱེད་ཀྱི་དྲག་པོའི་གསར་བརྗེ་ལའང་ཏན་ཏན་ཕམ་ཁ་རག་རྒྱུ་རེད། རྒྱུ་མཚན་ནི་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རྒྱས་ལྟར་ན། དམངས་གཙོ་རང་དབང་གཙོ་རྒྱུགས་ཡིན་ལ། ཞི་བདེ་རིང་ལུགས་དང་འཚེ་མེད་བསྟུན་མེད་ཀྱི་འགོག་རྒོལ་ཡང་གཙོ་རྒྱུགས་ཡིན་ཅིང་། མི་དམངས་ཀྱི་སྟོབས་ཤུགས་གཙོ་རྒྱུགས་ཡིན་པས། གཙོ་རྒྱུགས་འདི་རིགས་ལ་བཀག་འགོག་བྱེད་མཁན་གྱི་ཆིག་གཅོད་སྒེར་གཅོད་པ་སུ་ཞིག་ཡིན་རུང་ཏན་ཏན་ཕམ་ཁ་ཉོ་ངེས་རེད།

རྒྱ་ནག་གི་དམངས་གཙོའི་ལས་འགུལ་དང་འཛམ་གླིང་གི་དམངས་གཙོའི་ལས་འགུལ་གཉིས་ནི་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ཏེ། ༡༩༨༩ལོར་པེ་ཅིན་དུ་བྱུང་བའི་དམངས་གཙོའི་ལས་འགུལ་དེ་ནི། རྒྱ་ནག་གི་མི་དམངས་ཀྱིས་འཚེ་མེད་བསྟུན་མེད་ཀྱི་ཞི་བའི་ཐབས་ལམ་སྤྱད་དེ་དབང་སྒྱུར་ཚོགས་ཁག་གི་སྲིད་ཇུས་ལ་ཤན་ཤུགས་འཇུག་པར་ཚོད་ལྟ་བྱས་པ་ཞིག་རེད། ཐན་ཁེ་དང་མེ་མདའི་དྲག་གནོན་ཧ་ལས་པ་བྱས་ནའང་དམངས་གཅོའི་ལས་འགུལ་དེ་ནི་རྒྱ་ནག་གི་དམངས་གཙོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུར་གྱུར་ཡོད་པ་དང་། དེས་ཐེབས་པའི་ཤན་ཤུགས་ནི་བསམ་སྦྱོར་གཉིས་ཀའི་ཐོག་ནས་ཧ་ཅང་གཏིང་ཟབ་པ་ཞིག་རེད། རྒྱུ་མཚན་ནི་ལས་འགུལ་དེ་ལ་བརྟེན་ནས་ཐུན་མོང་ཐོན་སྐྱེད་ཚོགས་པའི་སྲིད་དབང་སྒེར་གཅོད་པས་མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་ཧ་གོ་མགོ་བརྩམས་པ་དང་། ཐུན་མོང་ཐོན་སྐྱེད་ཚོགས་པའི་སྲིད་དབང་གིས་སྲིད་ཇུས་གཏན་འབེབས་བྱེད་སྐབས་མི་དམངས་ཀྱི་རེ་བ་ལ་བརྩི་མཐོང་ཅུང་ཟད་བྱེད་ཀྱི་ཡོད་པ་རེད། ཆབ་སྲིད་བསྒྱུར་བཅོས་བྱེད་པའི་ཕྱོགས་ནས་དབང་འཛིན་པ་རྣམས་སྔར་བཞིན་རྙིང་ཞེན་མཁྲེགས་འཛིན་དང་ཁ་འཁུམས་ལག་འཁུམས་ཡིན་ཅིང་། ཡར་ཐོན་ཅུང་ཙམ་བྱུང་ཡོད་པ་དེ་ཐུན་མོང་ཐོན་སྐྱེད་ཚོགས་པས་གནང་སྦྱིན་བྱས་པ་རེད་མ་བསམ་ཨང་། དེ་ནི་ཏག་ཏག་ལས་འགུལ་དེའི་ཤན་ཤུགས་ཐེབས་པའི་མཇུག་འབྲས་ཡིན་པ་དང་། དེར་མ་ཟད། ལས་འགུལ་དེས་རྒྱ་ནག་མི་དམངས་ཀྱི་རྟོགས་པ་གཏིང་ནས་སད་དུ་བཅུག་པ་རེད། ད་ལྟའི་རྒྱ་ནག་གི་མི་དམངས་ཀྱིས་ཐུན་མོང་ཐོན་སྐྱེད་ཚོགས་པ་ལ་སྟོང་བསམ་མི་འཆང་ཞིང་། དུས་དེ་ནས་བཟུང༡༩༨༩ལོའི་ལས་འགུལ་དེ་འདྲ་མ་བྱུང་ན་ཡང་། རྒྱ་ནག་པས་དོན་དངོས་སུ་ཁ་རོག་གེར་སྐྱ་རེངས་ཀྱི་འོད་སྣང་ལ་རེ་སྒུག་བྱས་བསྡད་ཡོད་པ་རེད། དམངས་བྱིངས་ཀྱིས་རེ་ལྟོས་འཆའ་བ་ནི། ཐུན་མོང་ཐོན་སྐྱེད་ཚོགས་པའི་ནང་ཁུལ་ལ་འགྱུར་བ་འབྱུང་རྒྱུ་དང་། དེ་རྐྱེན་བྱས་ནས་རྒྱ་ནག་གི་ཆབ་སྲིད་གསར་བརྗེ་འགོ་རྩོམ་རྒྱུ་དེ་ཡིན་པ་རེད། ཁྲོམ་ཆེན་སྲང་ལམ་དང་ཇ་ཁ་ཆང་ཁ་སོགས་ན་མི་དམངས་ཀྱིས་ཐུན་མོང་ཐོན་སྐྱེད་ཚོགས་པ་ལ་འཕྱ་སྨོད་དང་ཐུན་མོང་ཐོན་སྐྱེད་ཚོགས་པའི་དཔོན་རིགས་རྣམས་མིག་ནང་དུ་མི་འཇོག་པའི་ཟུར་ཟའི་

གླུ་ཚིག་དང་ཁ་མཚར་རྩེད་མོས་ཁོ་ཚོའི་ངན་མཚང་འབྲུ་ཡི་ཡོད་པ་རེད། དུས་རབས་ཀྱི་འཕོ་འགྱུར་ནི་ཟློག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཟིན་ཡོད་པ་རེད།
རྒྱ་ནག་གི་ལོ་རྒྱུས་ནི་རྒྱ་གར་གྱི་ལོ་རྒྱུས་དང་མི་མཚུངས་ལ། རྒྱ་ནག་གི་གནས་ཚུལ་ཡང་རྒྱ་གར་གྱི་གནས་ཚུལ་དང་མི་མཚུངས། རྒྱ་ནག་གི་སྲོལ་རྒྱུན་ལྟར་ན་དྲག་ཤུལ་ལ་བརྟེན་ནས་སྲིད་དབང་བརྗེ་སྒྱུར་བྱེད་ཀྱི་ཡོད་དེ། དྲག་ཤུགས་རྩོམ་རྒྱུ་དེ་ད་ལྟའི་བར་དུ་རྒྱུན་མཐུད་ནས་ཡོང་ཡོད་པ་རེད། ཐའེ་ཝན་གྱི་གནད་དོན་ཐད་རྒྱ་ནག་སྐམ་སའི་གཞུང་གིས་དྲག་ཤུགས་སྤྱོད་རྒྱུ་སྤངས་མེད་ལ། དེས་ཞི་བའི་ཐབས་ལམ་ནི་སྔར་བཞིན་ཐུན་མོང་ཐོན་སྐྱེད་ཚོགས་པའི་ཐབས་ལམ་ཉག་གཅིག་མ་ཡིན་པ་མཚོན། དམག་འཁྲུག་དང་དྲག་ཤུགས་ནི་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབང་སྒྱུར་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་རེད། རྒྱལ་ནང་དུ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་འཛིན་མཁན་ལ་བཟུང་བའི་ལྟ་སྟངས་དེ་མའོ་ཙེ་ཏུང་གི་དུས་སྐབས་དང་བསྡུར་ན་ཅུང་ཙམ་གུ་ཡངས་པོ་ཡིན་ནའང་། དྲག་ཤུགས་ཀྱིས་བཙན་གནོན་བྱེད་རྒྱུ་དེ་ད་དུང་བསྒྱུར་མེད་པ་དང་ཐ་ན་མི་སྒེར་གྱི་ལུས་པོ་ལ་གནོད་འཚེ་གཏོང་བ་ཡང་བསྒྱུར་ཡོད་པ་མ་རེད།

དེ་སྔོན་དབྱིན་ཇི་བཙན་རྒྱལ་གྱིས་རྒྱ་གར་པ་རྣམས་ལ་མི་སེར་སྤེལ་བའི་དབང་སྒྱུར་བྱེད་སྐབས་སུ། ཕལ་ཆེར་དབྱིན་ཇིའི་ཁྲིམས་ལུགས་ནང་ལྟར་དབང་ལུང་བསྒྱུར་པ་རེད། དེའི་སྟབས་ཀྱིས་སེམས་དཔའ་ཆེན་མོ་གན་དྷིས་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་སྤེལ་ཐུབ་སོང་བ་རེད། དེ་ནི་དབྱིན་ཇི་མི་སེར་སྤེལ་མཁན་གྱིས་དབྱིན་ཇིའི་ཁྲིམས་ལུགས་ལ་ངེས་པར་ཏུ་བརྩི་སྲུང་དགོས་པས་ཡིན་ཏེ། དཔེར་ན་རྒྱ་ནག་གི་ཞང་ཀང་ལ་དབྱིན་ཇི་པས་ཁྲིམས་ལུགས་ལྟར་དོ་དམ་བྱས་པ་ལྟ་བུ་རེད། གལ་ཏེ་དེ་སྔོན་དབྱིན་ཇི་པས་རྒྱ་གར་ནས་ཐན་ཁེ་དང་མེ་མདའ་སྤྱད་ནས་ཞི་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་བྱས་ཡོད་ཚེ། རྒྱ་གར་པ་རྣམས་ཀྱིས་ཀྱང་དྲག་ཤུགས་ཀྱི་འོས་ལངས་བྱས་ཡོད་ཀྱི་རེད་སྙམ།

གན་དྷི་མཆོག་གིས་ཡང་ཡང་ལག་ལེན་བྱས་ཤིང་ཕན་ཐོགས་ཀྱང་བླ་ལྷག་ཐོབ་ཡོད་པ་ནི་ཟས་བཅད་ངོ་རྒོལ་རེད། ལྷོ་ཧྥེ་རུ་ཡིན་ན་འདྲ་ཕྱིར་རྒྱ་གར་དུ་སླེབས་ནས་ཡིན་ན་འདྲ། ཐ་ན་ཆོས་ལུགས་བར་གྱི་འགལ་
རྩོད་སེལ་བ་ལའང་ཟས་བཅད་ངོ་རྒོལ་བྱས་པ་རེད། ཟས་བཅད་འཐབ་རྩོད་ལ་བརྟེན་ནས་རང་ཉིད་ཀྱི་འཆི་བ་ཡིས་དབང་སྒྱུར་པ་ལ་འཇིགས་སྐུལ་བཟོས་པ་དང་དབང་སྒྱུར་པར་ཟས་གཅོད་མཁན་གྱི་རེ་འདུན་དང་ལེན་བྱེད་དུ་བཅུག་པ་རེད། ༡༩༨༩ལོར་རྒྱ་ནག་གི་སློབ་མ་རྣམས་ཀྱི་ཟས་བཅད་འཐབ་རྩོད་ཀྱིས་ཐུན་མོང་ཐོན་སྐྱེད་ཚོགས་པ་ལ་གཡོ་འགུལ་ཐེབས་ནས་མཇུག་མཐར་ཀྲའོ་ཙི་དབྱང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཟས་བཅད་གནང་མཁན་གྱི་སློབ་མ་རྣམས་ལ་འཚམས་འདྲི་བྱས་པ་རེད། དེ་ལས་ཟས་བཅད་འཐབ་རྩོད་ནི་དངོས་གནས་ཕན་ཐོགས་ཡོད་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། འོན་ཀྱང་རྙིང་ཞེན་མཁྲེགས་འཛིན་གྱི་རྒྱ་ནག་གི་དབང་སྒྱུར་པ་རྣམས་ཀྱིས་སྔར་བཞིན་དྲག་ཤུགས་བེད་སྤྱོད་བྱས་པ་རེད། འཕགས་པ་གན་དྷི་མཆོག་འདས་ལོག་བྱུང་བའི་དབང་དུ་བཏང་རུང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམར་གསོད་བྱེད་པ་བཀག་འགོག་ཐུབ་རྒྱུ་མ་རེད། རྒྱ་ནག་ལ་སེམས་དཔའ་ཆེན་མོ་གན་དྷི་ལྟ་བུའི་སྐྱེས་བུ་དམ་པ་མ་བྱུང་བའི་རྒྱུ་མཚན་ནི་རྒྱ་ནག་གི་དབང་སྒྱུར་པ་རྣམས་ཀྱིས་ནམ་ཡང་སྲིད་དབང་སྒེར་གཅོད་དང་། འགྲོ་བ་མིའི་ཚེ་སྲོག་ལ་ནམ་ཡང་བརྩི་མཐོང་མི་བྱེད་པས་རེད། དེ་སྔོན་མའོ་ཙེ་ཏུང་གིས། ང་ཚོ་ཉིང་རྡུལ་དམག་འཁྲུག་ལ་མི་སྐྲག དེས་རྒྱ་ནག་གི་མི་དུང་ཕྱུར་འགའ་ཤི་རུང་དུང་ཕྱུར་འགའ་ད་རུང་ལྷག་རྒྱུ་ཡོད་ཅེས་ལབ་བརྒྱབ་པ་ལྟ་བུ་རེད། འགྲོ་བ་མིའི་ཚེ་སྲོག་ལ་བརྩི་མཐོང་བྱེད་རྒྱུ་ནི་ནུབ་ཕྱོགས་པའི་དམངས་གཙོ་ལམ་ལུགས་ལས་བྱུང་བ་ལས། སྲིད་དབང་སྒེར་གཅོད་པས་དུས་ཉི་མ་ནམ་ཞིག་ལ་འགྲོ་བ་མིའི་ཚེ་སྲོག་ལ་བརྩི་མཐོང་བྱས་མྱོང་ངམ། དེའི་ཕྱིར་ན་དབྱིན་ཇིའི་དབང་སྒྱུར་འོག་ཏུ། གན་དྷི་མཆོག་གིས་ཟས་བཅད་འཐབ་རྩོད་བྱས་ཆོག་པར་མ་ཟད། རེ་རེ་བཞིན་རྒྱལ་ཁའང་ཐོབ་པ་རེད། རྒྱ་ནག་ནི་བཙན་རྒྱལ་དུས་ཀྱི་དབྱིན་ཇི་དང་ཡང་རྩ་བ་ནས་བསྡུར་ཐབས་ཡོད་པ་མ་རེད་ཨང་།

སེམས་དཔའ་ཆེན་པོ་གན་དྷི་མཆོག་དར་ཆ་ཞིག་ཡིན་པའི་རྒྱུ་མཚན་ནི། ཁོང་གིས་སྲོལ་གཏོད་དར་སྤེལ་བཏང་བའི་འཚེ་མེད་བསྟུན་མེད་ཀྱི་ཞི་བདེའི་རིང་ལུགས་ཀྱི་ལས་འགུལ་དེ་འཛམ་གླིང་སྟེང་ནས་མི་རིགས་རང་བཙན་དང་དམངས་གཙོ་རང་དབང་དོན་གཉེར་མཁན་རྣམས་ཀྱི་ཡོངས་ཁྱབ་ཐབས་ལམ་དུ་གྱུར་པས་རེད། དེ་ལྟར་བསམ་གཞིགས་བཏང་ན། སྲིད་དབང་སྒེར་གཅོད་འོག་གི་རྒྱ་ནག་ཏུ་དམངས་གཙོ་མངོན་འགྱུར་དང་ཆབ་སྲིད་བཅོས་བསྒྱུར་མངོན་འགྱུར་ཡོང་བ་ལ་དྲག་ཤུགས་བསྟེན་རྒྱུ་མེད་པར། སེམས་དཔའ་ཆེན་པོ་གན་དྷི་མཆོག་གི་ཞི་བདེ་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ན་ད་གཟོད་སྒེར་གཅོད་སྲིད་དབང་དེའི་རྩ་བར་གཡོ་འགུལ་གཏོང་ཐུབ་རྒྱུ་རེད།

རྒྱ་ནག་མུན་ནག་ཡིན་པ་ལ་དམོད་མོ་མ་གཏོང་། དེ་ལས་སྒྲོན་མེ་རྐང་གཅིག་བསྒྲོན་ཏེ་རྒྱ་ནག་ལ་འོད་སྣང་བསྩལ་ན་དགའ། རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་སྒེར་གཅོད་ལ་གཤེ་གཤེ་མ་གཏོང་། དེ་ལས་འཚེ་མེད་བསྟུན་མེད་ཀྱི་ཞི་བདེ་རིང་ལུགས་ཀྱི་དར་ཆ་མཐོར་བསྒྲེངས་ཀྱིས། རྒྱ་ནག་འདི་དམངས་གཙོ་རང་དབང་གི་ལམ་དུ་གོམ་པ་སྤོ་ཐུབ་པར་སྨོན་ལམ་བཏབ་ན་དགའ། རྒྱ་ནག་པའི་བླུན་རྨོངས་ལ་ལེ་བདའ་མ་བྱེད། དེ་ལས་རྒྱ་ནག་པའི་རྟོགས་པ་སད་པར་རེ་འབོད་བྱས་ན་དགའ།

ཀྲའོ་ཧྲི་ཡེན་གྱིས་བརྩམས། གཉན་གྱིས་བསྒྱུར།

རང་གྲོལ་སྨྱུག་གསར་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་མི་ཚོས་དུས་ནམ་ཡང་བོད་རང་བཙན་ཡིན་པའི་རྩ་དོན་བློས་གཏོང་མི་རུང་།
འདོན་སྤེལ། ༢༠༡༢/༡༢/༢༣
ཁ་སང་གཟའ་སྤེན་པའི་ཉིན་ཨ་རིའི་ཨིན་ཌིའི་ཡཱ་ཎ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྐུ་ཞབས་ཨེལ་ལི་ཁྲི་སི་ཕེར་ལེན་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་ ༼ལོ་རྒྱུས་ཐོག་བོད་ཀྱི་གནས་བབ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། བོད་མི་ཚོས་ལོ་རྒྱུས་ཐོག་རང་བཙན་གྱི་རྩ་དོན་ནམ་ཡང་བློས་གཏོང་མི་རུང་བའི་སྐོར་སོགས་བརྗོད་བྱུང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ས་རཱ་མཐོ་སློབ་ཐུན་མོང་གི་གོ་སྒྲིག་འོག ཨ་རིའི་ཨིན་ཌིའི་ཡཱ་ཎ་གཙུག་ལག་སློབ་གྲྭའི་(Indiana University) སློབ་དཔོན་སྐུ་ཞབས་ཨེལ་ལི་ཁྲི་སི་ཕེར་ལེན་ (Prof. Elliot Sperling ) ལགས་གདན་ཞུའི་ཐོག དེར་ཡོད་དགེ་སློབ་རྣམས་ལ་༼ལོ་རྒྱུས་ཐོག་བོད་ཀྱི་གནས་བབ༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་མ་ཟད། སློབ་གྲྭའི་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་སོང་ལ། དུས་ཡུན་སྐར་མ་ ༤༥ ལྷག་གི་གཏམ་བཤད་སྐབས་སྐུ་ཞབས་ཨེར་ལི་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་ཏེ། བོད་དེ་ཡོན་རྒྱལ་རབས་ཀྱི་སྐབས་ནས་རྒྱ་ཁོངས་ཡིན་ཚུལ་དང་། རྒྱ་ནག་དང་ཁ་བྲལ་དུ་མི་རུང་བའི་ས་ཆ་ཞིག་ཡིན་སྐོར་བཤད་ཀྱིན་པ་མ་ཟད། ལོ་གསུམ་བཞིའི་ཡར་སྔོན་ནས་བཟུང་ལོ་རྒྱུས་མ་བྱུང་གོང་ནས་རྒྱ་ནག་གི་ས་ཆ་ཞིག་ཡིན་པའི་སྐད་ཆ་གསར་བ་ཞིག་ཡོང་གི་ཡོད་ཀྱང་། བོད་དེ་སུང་དང་ཡོན། ཆིན། མེན་བཅས་རྒྱ་རབས་རིམ་པའི་སྐབབས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་རྒྱལ་སྲོང་སྒམ་པོ་དང་ཁྲི་རལ་བ་ཅན། ཁྲི་སྲོང་ལྡེ་བཙན་བཅས་ལྷ་བཙན་པོའི་སྐབས་སུའང་རྒྱ་ནག་གི་ཕྱི་ལོགས་ཡིན་ཡང་། ཕྱིས་སུ་བོད་དང་སོག་པོ། ཨོའུ་ཀེར་བཅས་ལ་བཙན་རྒྱལ་རིང་ལུགས་ཀྱིས་བཙན་གནོན་ཐེབས་ཡོད་ཚུལ། དུས་རབས་ ༢༠ དང་ ༢༡ ནང་བཙན་རྒྱལ་རིང་ལུགས་པ་དང་མི་སེར་སྤེལ་ཡུལ་དེ་འཛམ་གླིང་ནང་ངོ་ཚ་བའི་གནས་སུ་གྱར་ཡོད་ཀྱང་། རྒྱ་ནག་གིས་ཁོང་ཚོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མི་གྲངས་མང་པོའི་རྒྱལ་ཁབ་ཡིན་ཚུལ་བཤད་དེ་ལོ་རྒྱུས་ཀྱི་ཐོག་ནས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ནའང་། བོད་དང་རྒྱ་ནག་གི་ཡིག་ཆ་ཁག་ཏུ། བོད་དང་སོག་པོར་བཙན་རྒྱལ་རིང་ལུགས་པའི་དབང་ཤུགས་ལ་བརྟེན་ནས་རང་བཙན་ཡིན་པའི་རྒྱལ་ཁབ་གཏོར་བཤིག་བཏང་བ་ཡིན་ཚུལ་སོགས་བརྗོད་བྱུང་།

བོད་མི་ཚོས་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་དང་རང་ཉིད་ཀྱི་རྩ་དོན་བརླག་མི་རུང་བའི་ཐད་ཁོང་གིས། “ རྒྱ་ནག་གིས་བོད་དང་སོག་པོ་གཉིས་གནའ་སྔ་མོ་ནས་རྒྱ་ནག་གི་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད། ལོ་རྒྱུས་ཐོག་ནས་མགོ་སྐོེར་གཏོང་བཞིན་པ་དེ་ཉེན་ཚབས་ཅན་ཡིན་སྟབས། ལོ་རྒྱུས་ལ་སློབ་སྦྱོང་མ་བྱས་པར་ལོ་རྒྱུས་བརྗེད་པ་ཡིན་ན། ལོ་རྒྱུས་རྫུན་མ་མང་པོ་བསླེབས་ཀྱང་མི་ཤེས་པ་ཆགས་ངེས་སྟབས། བོད་རང་གི་ཆོས་འབྱུང་དང་ལོ་རྒྱུས། རྒྱ་ནག་གི་ལོ་རྒྱུས་ཡིག་ཆ་ཁག་ལས་རང་བཙན་ཡིན་དང་མིན་དེ་ང་ཚོས་གསལ་བོ་བཀོད་ཡོད་པ་རེད་ལ། བོད་རང་བཙན་ཡིན་པ་ཕྱི་རྒྱལ་བ་མང་པོས་ཤེས་ཀྱི་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་ཆེན་པོ་མན་ཇུའི་རྒྱལ་ཁབ་ཅིག་ལས་མི་མང་སྤྱི་མཐུན་རྒྱལ་ཁབ་ཅིག་མིན་པ་རྒྱ་ནག་གིས་ཡག་པོ་བཤད་ཀྱི་མེད་པ་དང་། ཕྱི་རྒྱལ་མི་རིགས་ཚོས་ཀྱང་ཡག་པོ་ཞིབ་འཇུག་བྱེད་ཀྱིན་མེད་སྟབས། ཁྱེད་རང་ཚོས་ངེས་པར་དུ་གསལ་བོ་བཟོ་དགོས་ཀྱི་ཡོད་པ་རེད། ངས་ཁུངས་ལྡན་གྱི་ར་སྤྲོད་ཁྱེད་རང་ཚོར་སྤྲོད་ཐུབ་ཀྱི་རེད། གནས་ཚུལ་དེས་ཞེ་སྣང་དང་ག་རེ་གནང་གི་རེད། ང་དེའི་སྐོར་ཞིབ་འཇུག་བྱེད་མཁན་རེད། ཁྱེད་རང་ཚོས་གསལ་བོ་མཁྱེན་དགོས་པ་རེད། ཁྱེད་རང་ཚོས་ང་རྒྱ་ནག་གི་མི་སེར་ལག་འཁྱེར་ཡོད་ན་འགྲིག་གི་རེད། རང་སྲིད་རང་སྐྱོང་རག་ན་འགྲིག་གི་རེད་ཅེས་ལབ་ན། དེ་ལོ་རྒྱུས་དང་རྒྱབ་འགལ་ཆགས་ཡོད་པ་རེད། རྒྱའི་ཁོངས་ཡིན་དང་མིན། བོད་རང་བཙན་ཁས་ལེན་དང་མི་ལེན་དེ་ཁྱེད་རང་ཚོའི་ལག་པར་ཡོད་པ་རེད། ངས་ལོ་མང་རིང་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་འཇུག་བྱས་པ་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་གསལ་བོ་རེད། ཡིན་ནའང་། ཁྱེད་རང་ཚོས་མི་རབས་འདིས་བོད་རང་བཙན་མིན་པ་ཁས་བླངས་པ་ཡིན་ན། ལོ་རྒྱུས་ངོས་ཀྱི་མི་རིགས་དང་མེས་པོར་རྒྱལ་འགལ་ཆགས་པ་རེད། ” ཅེས་བརྗོད་བྱུང་།

དྲི་བ་དྲིས་ལན་གྱི་སྐབས་སུ་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ། ཁོང་གིས་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་རྒྱུ་ཧ་ཅང་ཁག་པོ་མཐོང་གི་ཡོད་པ་དང་། དབུ་མའི་ལམ་གྱི་ཐ་སྙད་དེ་ཆོས་ཀྱི་ཐ་སྙད་ཅིག་ཡིན་སྟབས། མི་ལ་འགྲེལ་བཤད་རྒྱག་སྐབས་གསལ་བོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་དང་། མི་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་དེ་བོད་ནང་ལོག་ཐུབ་པ་དང་བོད་རང་བཙན་ལེན་ཐུབ་པའི་རེ་བ་རྒྱག་གི་ཡོད་ཀྱང་། བོད་རྒྱ་ཁོངས་ཡིན་པ་ཁས་བླངས་པ་ཡིན་ན། རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་ཡོང་མི་སྲིད་པ་ཞིག་ཡིན་སྐོར་དང་། བོད་མི་ཚོ་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བའི་ལོ་རྒྱུས་ཀྱི་བདེན་པ་དང་རིག་གཞུང་སོཊ་ཡོད་སྟབས། བོད་མི་ཚོས་རང་བཙན་འཐབ་རྩོད་བྱ་རྒྱུ་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་སྐོར་བརྗོད་བྱུང་།

ཕྱི་ལོ་ ༡༩༡༡ ལོར་ཁམས་ཆབ་མདོར་དབྱིན་ཇི་དང་ཨ་རི། རྒྱ་བོད་བཅས་ཀྱིས་སྐུ་ཚབ་མཉམ་འཛོམས་ཐོག་དོན་ཚན་ ༡༡ ཅན་གྱི་ཆིངས་ཡིག་ཅིག་བཞག་ཏེ། འབྲི་ཆུའི་ཤར་རྒྱུད་ཆ་ཚང་རྒྱ་ནག་གི་མངའ་ཁོངས་སུ་བཞག་པ་དེ་མ་འོངས་པར་བོད་རང་བཙན་ཐོབ་པ་ཡིན་ན་ཕྱིར་རག་མིན་ཐད་ཁོང་གིས། “ སྐབས་དེར་རྒྱ་ནག་གིས་ཁམས་ཀྱི་ཕྱོགས་སུ་དམག་བརྒྱབ་པ་རེད། ཡིན་ནའང་། སྐབས་དེའི་ཡི་གེ་དེ་དམག་མཚམས་འཇོག་པའི་ཡི་གེ་ཙམ་ལས་རྒྱལ་སྤྱིིའི་ཁྲིམས་ལུགས་ལྟར་གྱི་ཆིངས་ཡིག་ཅིག་མ་རེད། ༡༩༡༤ ལོར་བོད་རྒྱ་དབྱིིན་གསུམ་གྱིས་ཆིངས་ཡིག་ཅིག་བཞག་པ་དེ་ཡང་རྒྱ་ནག་གིས་མཚན་རྟགས་བཀོད་མེད་སྟབས་ཁས་ལེན་གྱི་ཡོད་པ་མ་རེད། སྐབས་དེར་ནང་བོད་དང་ཕྱི་བོད་ཅེས་དབྱེ་བ་ཕྱེ་ཡོད་ཀྱང་། རྒྱ་ནག་གིས་ས་མཚམས་ཀྱི་ཕྱོགས་ནས་མཚན་རྟགས་མ་བཀོད་སྟབས། ཐོབ་ཐང་ཅི་ཡང་རག་ཐུབ་ཀྱི་ཡོད་པ་མ་རེད། གལ་ཏེ། དེ་འདྲ་ཡིན་ན་ཕྱི་བོད་ལྷ་ས་དང་བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་རེད། དེ་ད་ལྟའི་ཕྱི་སོག་ལྟ་བུ་ཆགས་པ་རེད། ཆིངས་ཡིག་དེའི་སྐོར་ལ་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་སྐོར་ཡང་ཡོད་པ་རེད། རྒྱ་གར་གྱི་ས་མཚམས་ཀྱི་ས་གནས་དེ་ཁས་བླངས་པ་ཡིན་ན། ཆིངས་ཡིག་ཆ་ཚང་ཁས་ལེན་ཐུབ་ཀྱང་དེ་ཁས་བླངས་མེད་སྟབས། ཆིངས་ཡིག་དེ་དག་ཁག་པོ་ཆགས་ཡོད་པ་རེད། གཙོ་བོ་བོད་རང་བཙན་ཡིན་པ་དང་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་རང་བཙན་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་བོད་མི་ཚོས་རྩོད་དགོས་པ་རེད། དེ་ལྟར་རག་པ་ཡིན་ན་བོད་པ་ཚོ་རང་བཙན་གཙང་མ་ཞིག་རག་པ་རེད། ” ཅེས་བརྗོད་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།