"འགད་རྫས"དང་རྒྱལ་ཁབ་ཀྱི"བརྟན་ལྷིང"(དགུ་རོང་སྤུན་གྲོལ།)

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ་༠༣ཚེས་༢༤ཉིན། ང་ཚོ་ལ་རྒྱལ་ཁབ་འདིའི་རྩ་ཁྲིམས་ཀྱིས་གཏན་འབེབ་གནང་བའི་ཐོབ་ཐང་ལོངས་སྤྱོད་པའི་རང་དབང་ཡོད་པ་དེ་བཞིན་དུ་རྒྱལ་ཁབ་འདིའི་བརྟན་ལྷིང་དང་མཐུན་སྒྲིལ་ལ་དོ་འཁུར་བྱེད་པའི་འགན་བབ་ཀྱང་ཡོད་པ་རེད། འགན་བབ་འདིའི་ངོས་ནས་བལྟས་ན།
སྤྱི་མཐུན་རྒྱལ་ཁབ(Republic State)ཅེས་པ་ནི་ཁྲིམས་ཀྱིས་དབང་སྒྱུར་བྱེད་ཅིང་ཁྲིམས་ལྟར་འཛིན་སྐྱོང་བྱེད་པའི་ཁྲིམས་སྐྱོང་ལྷན་ཁང་དང་། ཁྲིམས་འཛིན་ལྷན་ཁང་། ཁྲིམས་བཟོ་གྲོས་ཚོགས། རང་དབང་འོས་འདེམས་དང་། རང་དབང་ཁྲིམས་ཁང་། རང་དབང་གསར་འགོད་ཚོགས་པ། རང་དབང་ལྟ་ཞིབ་ཚོགས་པ། རང་དབང་སྐྱིད་སྡུག་ཚོགས་པ་བཅས་ཀྱིས་གྲུབ་ཡོད་པ་ཞིག་ཡིན། ལྷན་ཁང་དང་ཚོགས་པ་དེ་དག་ནི་སྤྱི་དམངས་ཀྱི་ཐོབ་ཐང་འགན་སྲུང་བྱེད་པའི་དྲང་སྙོམ་གྱི་རྒྱ་མ་ལྟ་བུ་ཞིག་ཡིན་པ་རེད། དེ་བས་ན། དེ་དག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་དེ་ཉིད་བརྩེ་བས་སྐྱོང་ཕྱིར་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་བྱེད་དགོས་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ(People’s Republic Of China)ཅེས་པའང་དེ་ལས་མ་འདས་པས། ངེད་ཅག་སུ་ལ་མཚོན་ནའང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་དོ་འཁུར་བྱེད་པའི་འགན་བབ་རང་ཆས་སུ་གྲུབ་ཡོད། ལྷག་ཏུ་ཤེས་ཡོན་ཅན་ཞེས་པ་དེས་གནད་འགག་གི་དུས་སུ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་དམངས་ཀྱི་ཐོབ་ཐང་ཆེད་དུ་སྐད་ཆ་གསོང་བོར་བརྗོད་དགོས་པ་ནི་ཤེས་ཡོན་ཅན་གྱི་གདགས་གཞིའི་རང་ལྡོག་ངོས་ནས་གྲུབ་པའི་ལྡོག་མེད་ཀྱི་འགན་བབ་ཅིག་རེད།

དེང་རབས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་མང་ཤོས་ཤིག་ཆབ་སྲིད་ཚོགས་པ་གཅིག་དང་ཡང་ན་གཉིས་ཀྱིས་འཛིན་སྐྱོང་བྱེད་ཀྱིན་པ་དེ་བཞིན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཡང་ཐུན་མོང་ཐོན་སྐྱེད་ཚོགས་པ་ཞིག་གིས་འཛིན་སྐྱོང་བྱེད་ཀྱིན་ཡོད་པ་རེད། ཐུན་མོང་ཐོན་སྐྱེད་ཚོགས་པ་དེས་རང་གི་སྲིད་སྐྱོང་གི་བགྱི་བ་དྲང་བདེན་གྱིས་མ་གཉེར་བས། སྤྱི་དམངས་ཀྱི་ཁྲོད་དུ་ལྟ་ཚུལ་འདྲ་མིན་དང་ཡི་མ་རང་བའི་རྣམ་འགྱུར་བྱུང་བ་རེད་ལ། ལྟ་ཚུལ་མི་འདྲ་བ་དང་རྣམ་འགྱུར་མི་འདྲ་བ་དེས་ཐུན་མོང་ཐོན་སྐྱེད་ཚོགས་པར་ངོ་རྒོལ་བྱས་པ་ལས་རྒྱལ་ཁབ་ལ་ངོ་ལོག་དང་རྒྱབ་འགལ་བྱས་པ་གཏན་ནས་མཚོན་མི་ཐུབ། དཔེར་ན། སེར་མོ་བའི་ལས་ཀྱི་སྣེ་མོ་བ་དག་གིས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ཏེ་དད་ལྡན་མང་ཚོགས་ཀྱིས་དེ་ལ་ཁ་རྡུང་བཏང་བ་དེས། ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་དང་ཡང་ན་དེའི་ཚོགས་སྡེ་ལ་ངོ་རྒོལ་བྱས་པ་ལས་སེར་མོ་བ་ཁོང་ཅག་གནས་སྡོད་བྱེད་སའི་དགོན་པའི་བརྟན་ལྷིང་ལ་ཕོག་ཐུག་ཡེ་ནས་བཏང་མེད་པ་བཞིན་ནོ།། གལ་ཏེ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་གྱི་ཚོགས་པ་དེའི་མིང་དགོན་པའི་ཁོར་ཡུག་ཏུ་སྟོང་བར་གྱུར་ནའང་། དགོན་པའི་མཚན་སྙན་དང་བརྟན་ལྷིང་ནི་སྔར་བཞིན་དར་ནག་གི་ཡོལ་བ་བཞིན་ལྷབ་ལྷབ་ཏུ་གཡོ་བཞིན་ཡོད། དེས་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཐུན་མོང་ཐོན་སྐྱེད་ཚོགས་པ་གང་དེ་ལ་རྩ་ཁྲིམས་ལྟར་གཙང་འཕྱག་བྱས་འོང་ཚེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་སེར་ག་བཏང་བ་ཡེ་ནས་མ་ཁྱབ་པོ།། དེར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པ། རྒྱ་ནག་གྲངས་ཉུང་མི་རིགས་དབར་གྱི་གནད་དོན་དང་འགལ་བ་དེ་དོན་དམ་པས་སུས་བསྐྲུན་པ་ཡིན་མིན་ངེས་པར་དཔྱོད་འཇུག་བྱེད་དགོས།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་སྲིད་གཞུང་ནི་ཐུན་མོང་ཐོན་སྐྱེད་ཚོགས་པའི་ཆེས་མཐོའི་དཔོན་གནས་ཅན་གྱི་མི་སྣ་དགུ་ཡིས་འཛིན་སྐྱོང་དང་བྱེད་ཀྱིན་ཡོད་པ་དང་། ཁོང་ཅག་དུས་རྟག་ཏུ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན། དྲུང་ཆེ་དག་ལ་མཇལ་འཛོམས་བྱས་ཏེ་རྒྱ་ནག་གི་དཔལ་འབྱོར་འཁོར་སྐྱོད་ཐད་ལ་མགོ་འཁོར་ནས། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་གྱི་གནས་བབ་ལ་ཆེད་དུ་ཞིབ་འཇུག་དང་རྒྱུས་ལོན་བྱེད་ཁོམ་མེད་པར་གྱུར་འདུག ས་གནས་སྲིད་གཞུང་གི་མགོ་གཙོ་རྣམས། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕྱིའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ནང་བསམ་པའི་འདུ་ཤེས་བསྒྱུར་བར་ཁ་ཕྱོགས་ཏེ་ལས་གཞིའི་རྣམ་གྲངས་ཀྱི་ནང་དུ་ཚུད་དགོས་བྱུང་ཡོད། དབུས་སྲིད་གཞུང་དང་ས་གནས་སྲིད་གཞུང་གཉིས་ཀྱི་དབར་ན་གྲངས་ཉུང་མི་རིགས་ཀྱི་བསམ་པའི་འདུ་ཤེས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་སྐོར་ཞིག་ཡོད་པ་རེད། དེ་དག་ནི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། པེ་ཅིན་སློབ་ཆེན་གྱི་དགེ་རྒན་སྐོར་ཞིག ཀྲུང་གོ་བོད་རིག་པ་ཞིབ་འཇུག་གླིང་གི་ལོ་རྒྱུས་ལ་མཁས་པར་གྲག་པའི་མི་སྣ་སྐོར་ཞིག་རེད། ཁོང་ཅག་གིས་ཞིབ་འཇུག་བྱས་པའི་འབྲས་བུ་ལ་དམིགས་ན། ཁོང་ཅག་གིས་གྲངས་ཉུང་མི་རིགས་ཀྱི་ནང་བསམ་པའི་འདུ་ཤེས་ལ་རྒྱུས་ལོན་བྱས་པ་དེ་ནི། ཁོང་ཅག་གི་ཁེ་ཕན་ཞིག་དང་ལས་གཞིའི་རྣམ་གྲངས་བསྒྲུབ་པའི་རྣམ་པ་ཙམ་ལས། དོན་དམ་པས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་ཚོགས་མཐུན་སྒྲིལ་ལ་སྨན་པའི་ལས་ཀ་ཞིག་ཏུ་མཐོང་ཐུབ་བྲལ། ཅིའི་ཕྱིར་ཞེ་ན། ཁོང་ཅག་གིས་གནའ་རབས་ཀྱི་མིག་ཤེལ་ཞིག་གོན་ཏེ་པེ་ཅིན་མཁར་ནས་རྒྱང་རིང་དུ་གནས་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་བསམ་པའི་འདུ་ཤེས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང། སྐབས་དང་སྐབས་སུ་ས་གནས་ཁ་ཤས་ལ་བསྐོར་སྐྱོད་འདྲ་བྱས་ཏེ། ཡུན་ཐུང་གི་སྣང་ཚུལ་དེ་རྒྱའི་རིག་གནས་ཀྱི་སེམས་ཁམས་དང་བསྲེས་ནས་དཔྱོད་འཇུག་བྱེད་ཀྱིན་ཡོད་པས་རེད།

དེ་བཞིན་དུ་སྤྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་རྒྱ་ནག་དབུས་ཐུན་མོང་ཐོན་སྐྱེད་ཚོགས་པའི་སློབ་གྲྭའི”སློབ་སྦྱོང་དུས་བབ”ཅེས་པའི་སྟེང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་མི་རིགས་གནད་དོན་སྐོར་གྱི་རྕོམ་ཡིག་ཅིག་བྲིས་འདུག་སྟེ། དེ་ནི“དེང་གི་མི་རིགས་ས་ཁུལ་གནད་དོན་ཐད་བྱུང་བའི་བསམ་ཚུལ་ཁ་ཤས”ཞེས་པ་དེ་རེད། ཁོང་གིས“མ་འོངས་པར་གྲངས་ཉུང་མི་རིགས་རྣམས་ལ་རོགས་སྐྱོར་དང་འདུ་ཤེས་འཛིན་སྟངས་དེའང་དགོས་མཁོའི་ཆ་རྐྱེན་ལ་དམིགས་ནས་ལམ་སྟོན་ཁ་ཕྱོགས་བསྒྱུར་དགོས་པ་དང་། མི་སེར་ལག་འཁྱེར་སྟེང་“མི་རིགས”ཞེས་པའི་ཡི་འབྲུ་གཉིས་པོ་དེ་མེད་པར་བཟོས་ནས་། མི་རིགས་ས་ཁུལ་རང་སྐྱོང་ཞེས་དམིགས་བཀར་མི་བྱེད་པ་དང་། མི་རིགས་རང་སྐྱོང་གི་གྲོང་ཁྱེར་མི་བསྐྲུན་པ། མི་རིགས་འདྲ་མིན་གྱི་སློབ་མ་རྣམས་མཉམ་བསྲེས་ཀྱི་སློབ་གྲྭར་གཏོང་པ”སོགས་བྱས་ཏེ། ཀྲུང་ཧྭའི་རྒྱལ་ཁབ་ཀྱི་འདུ་ཤེས་ཤུགས་བསྐྱེད་དང་། ཀྲུང་ཧྭའི་རྒྱལ་ཁབ་ཀྱི་བརྟན་ལྷིང་འདི་རི་རྒྱལ་ལྷུན་པོ་བཞིན་བརྟན་པོར་གནས་དགོས་ཚེ། གྲངས་ཉུང་མི་རིགས་ཞེས་པའི་འདུ་ཤེས་དེ་འགོག་དགོས་པ་དང་། དེ་འགོག་པ་ལ་འདུ་ཤེས་དེ་སྐྱེད་བྱེད་ཀྱི་མི་རིགས་ཞེས་པའི་མིང་བརྡ་དེ་མེད་པར་གཏོང་དགོས་ཚུལ་བརྗོད་འདུག ཡང་ཁོང་གིས“ང་ཚོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་པའི་དུས་མཚུངས་སུ། ང་ཚོའི་ལམ་ལུགས་དང་སྲིད་ཇུས་ཀྱི་འཆར་བཀོད་དེའང་ཀྲུང་ཧྭ་མི་རིགས་ཀྱི་སྲ་བརྟན་ལ་ཕན་ནུས་ལྡན་པ་ཞིག་བཟོ་དགོས་ལ། ངེས་པར་དུ་མི་རིགས་འདྲ་མིན་གྱི་ལས་བྱེད་རྣམས་ལ་དམིགས་བསལ་གྱིས་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་རྒྱག་དགོས་པ་དང་་་་་་་་་་་་་ མི་རིགས་ས་ཁུལ་དེ་ཉིད་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་པར་རམ་འདེགས་ཀྱི་ཞོར་ལ། མི་རིགས་འདྲ་མིན་ཕན་ཚུན་དབར་མི་འབོར་སྤོ་རེས་དང་། དངོས་པོ་སྤེལ་རེས། དངུལ་འབོར་སྤེལ་རེས། རྒྱུད་ལམ་སྤེལ་རེས་དང་ལས་བྱེད་གནས་སྤོ་སོགས་འགྲུབ་པ་བྱས་ནས། མི་རིགས་མཐུན་ལམ་སྲ་བརྟན་དང་རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ཡོང་བའི་གོ་རིམ་དུ་བསྒྱུར་དགོས།”ཞེས་བྲིས་ཡོད་འདུག ཚིག་གི་འགྲོས་རིམ་ལ་བལྟས་ནས་འོང་ན། ཁོང་གིས་སྤྱི་ལོ༡༩༩༡ལོར་ཨུ་རུ་སི་སྟོབས་ཆེན་རྒྱལ་ཁབ་ཀྱི་མགོ་རྟིང་ལོག་པའི་རྒྱུ་འབྲས་ལ་དམིགས་ཏེ། རྒྱ་ནག་གི་རྩ་ཁྲིམས་ནང་གི་གྲངས་ཉུང་མི་རིགས་ཀྱི་གོ་ཐང་ལ་འགྱུར་བ་གཏོང་དགོས་ཚུལ་རྗོད་ཀྱིན་ཡོད་པ་འདྲ། སི་ཏ་ལན་གྱི་མི་རིགས་མཉམ་སྒྱུར་བྱེད་པའི་ཐབས་ཇུས་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ཉེར་ལེན་བླ་མེད་ཅིག་ཡིན་པར་གླེང་གིན་འདུག

དེས་ན་ང་ཚོས་ཁ་ཕྱིར་འཁོར་ཏེ་འཛམ་གླིང་ལོ་རྒྱུས་ལ་ཕྱིར་རྟོག་ཅུང་ཙམ་བྱས་ན། རྒྱལ་ཁབ་སོ་སོའི་བརྟན་ལྷིང་ཞེས་པ་དེ་སྐད་ཅིག་གི་རྒྱུན་དང་འགྲོགས་ཏེ་འགྱུར་བའི་ཆ་ལ་གནས་ཡོད་པ་ཤེས་ཐུབ། དཔེར་ན། དབྱིན་ཇི་ནི་ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་ལ་རོ་མན་གོང་མའི་དབང་འོག་ཏུ་གནས་མྱོང་བ་དང་། ར་ཤི་ཡ་ནི་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ལ་སོག་པའི་དབང་སྒྱུར་ཁྲོད་གནས་མྱོང་བ། དེ་བཞིན་དུ་ཨ་མེ་རི་ཁ་ཡང་དབྱིན་ཇིའི་མི་སེར་ཡུལ་དུ་གྱུར་མྱོང་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གཉིས་ཀའང་དབང་སྒྱུར་བའི་འོག་ཏུ་ལོ་ངོ་མང་པོ་རིང་ལ་ཚུད་མྱོང་ཡོད། དེ་བས་ན། ཀུན་རྫོབ་ཀྱི་བརྟན་ལྷིང་ནི་དོན་དམ་གྱི་བརྟན་ལྷིང་གི་ངོ་བོར་འགྱུར་ཐབས་མེད། དེ་གང་གིས་ཤེས་ཐུབ་ཅེ་ན། མང་པོ་ཞིག་བགྲང་དགོས་དོན་མེད་དེ། ཨུ་རུ་སི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྟེང་ནས་ཤེས་ཐུབ། སྤྱི་ལོ༡༩༩༡ལོར་ཨུ་རུ་སི་སྟོབས་ཆེན་རྒྱལ་ཁབ་ཀྱི་བརྟན་ལྷིང་ཞེས་པ་དེ་ལན་ཚྭ་ཆུ་ལ་བཏབ་པ་བཞིན་འཛིན་སྣང་གི་ཁྱབ་ཁོངས་ལས་ཡལ་བར་གྱུར་ཏེ། སི་ཏ་ལན་གྱི་ཉེན་རྟོག་པའི་སྲིད་གཞུང་དེ་འཐོར་ཞིག་ཏུ་སོང་། སི་ཏ་ལན་གྱི་ཉེན་རྟོག་པའི་སྲིད་གཞུང་དེ་འཐོར་ཞིག་ཏུ་ཕྱིན་པའི་རྒྱུ་མཚན་ནི། རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱི་ཁྲོད་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་དང་གུ་ཡངས་ཀྱི་གོ་ཐང་སྤྲད་དྲགས་པས་སྐྱོན་ཡེ་ནས་མ་རེད། དེ་ནི་སི་ཏ་ལན་གྱིས་ར་ཤི་ཡའི་མི་གྲངས་འབོར་ཆེན་བཙན་ཤུགས་ཀྱིས་ལི་ཐུ་ནི་ཡ་དང་ལ་ཊི་ཝི་ཡ། ཨེ་སུ་ཊོ་ནི་ཡ་བཅས་ར་ཤི་ཡའི་མ་ཡིན་པའི་ས་ཁུལ་དུ་གནས་སྤོར་བྱེད་དུ་བཅུག་ཅིང་། ༡༩༣༩ ལོར་མངའ་ཁུལ་དེ་གསུམ་གྱི་མི་གྲངས་སྡོམ་འབོར་ས་ཡ་དྲུག་ཡོད་པའི་ནང་ལས། སི་ཏ་ལན་གྱིས་ས་ཁུལ་དེ་དག་གི་གཞིས་སྐྱེས་ཀྱི་མི་གྲངས་སྟོང་ཕྲག་ལྷག་བསད་ཅིང་། སྟོང་ཕྲག་བརྒྱ་ལྷག་ཡུལ་ལུང་གཞན་ལ་ཕྱིར་འབུད་བཏང་བ་རེད། སི་ཏ་ལན་གྱི་མི་རིགས་མཉམ་སྒྱུར་ཞེས་པའི་ཐབས་ཇུས་དེས་གྲངས་ཉུང་མི་རིགས་དེ་དག་གི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་དང་། མི་རིགས་ཀྱི་འདུ་ཤེས་རྨེག་འཇོམས་བྱས་རྐྱེན་གྱིས་མི་རིགས་དེ་དག་གི་ཕྱི་རབས་པའི་སེམས་ནང་དུ་བརྗེད་དཀའ་བའི་ཟུག་ཚོར་གྱི་དྲན་པ་ཞིག་ཤ་ཁྲག་གི་གསེང་དུ་འདྲེས་དགོས་བྱུང་བ་རེད། སི་ཏ་ལན་གྱི་ཉེན་རྟོག་པའི་སྲིད་གཞུང་གིས་བཟོས་པའི་ལོ་རྒྱུས་ཀྱི་རྨ་ཁ་ཆེན་པོ་དེ་ནི། ཨུ་རུ་སི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཆེན་མོ་དེར་གས་སྲུབས་འབྱུང་བྱེད་ཀྱི་རྒྱུ་གཙོ་བོ་རེད།

གལ་ཏེ་ཀྲུའུ་ཝེ་ཆོན་གྱིས་སི་ཏ་ལན་གྱི་མི་རིགས་མཉམ་སྒྱུར་བྱེད་པའི་ཐབས་ཇུས་དེ་རྒྱ་ནག་གི་གྲངས་ཉུང་མི་རིགས་དག་གི་སྟེང་དུ་བཀོལ་སྤྱོད་བྱས་ཚེ། ད་ལྟའི་རྒྱ་ནག་གི་གྲུ་གཟིངས་ཆེན་མོ་འདི་ཡང་ཨུ་རུ་སིའི་གྲུ་གཟིངས་དང་མི་འགྱུར་གྲང་། ད་རེབ་ཀྱི་ཀྲུའུ་ཝེ་ཆོན་གྱི་བྲིས་རྩོམ་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་སྨན་པ་ལས་ལྡོག་སྟེ་གྲངས་ཉུང་མི་རིགས་ཀྱི་རིག་་གནས་པའི་སྡེ་རུ་འགད་རྫས་ཤིག་གི་ངོ་བོར་གྲུབ་ཚར་འདུག འགད་རྫས་འདིས་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་བརྒྱུད་པའི་གཡོ་འགུལ་ཐེབས་ཡོད། གང་ཡིན་ཞེ་ན། མི་རིགས་ཞེས་པའི་མིང་བརྡས་གྲུབ་པའི་ས་ཁུལ་དེ་མེད་པར་གཏོང་དགོས་ན། ས་ཁུལ་དར་ཁྱབ་པའི་མི་རིགས་སློབ་གསོ་ཞེས་པ་མེད་པར་གཏོང་དགོས། དེ་མེད་པར་གཏོང་དགོས་ན་མི་རིགས་རིག་གནས་ཀྱི་སེམས་ཁམས་འགྲུབ་བྱེད་ཀྱི་རྒྱུ་དེ་མེད་པར་གཏོང་དགོས། མི་རིགས་རིག་གནས་ཀྱི་སེམས་ཁམས་འགྲུབ་བྱེད་ཀྱི་རྒྱུ་དེ་ནི། མི་རིགས་དེའི་སེམས་འདྲེས་རིག་གནས་སུ་གྱུར་པའི་ཆོས་ལུགས་དང་ལོ་རྒྱུས། གོམས་སྲོལ། རིག་གཞུང་བཅས་ཡིན་པ་རེད། འོ་ན། སི་ཏ་ལན་གྱིས་མི་རིགས་མཉམ་སྒྱུར་བྱ་ཡུལ་གྱི་གྲངས་ཉུང་མི་རིགས་དེ་དག་གི་སེམས་འདྲེས་རིག་གནས་དེ་རྩ་མེད་དུ་བཏང་ཐུབ་ཡོད་དམ་ཞེ་ན། མེད་དེ་གཏན་ནས་མེད་དོ།། གལ་ཏེ་རྩ་མེད་དུ་བཏང་ཡོད་ཚེ་ཨུ་རུ་སིའི་གྲུ་གཟིངས་ལ་གས་སྲུབས་འབྱུང་མི་སྲིད་པའོ།། མི་རིགས་སུ་ཞིག་གི་སེམས་འདྲེས་རིག་གནས་དེ་རྩ་མེད་དུ་གཏོང་དགོས་ཚེ། མི་རིགས་རང་ཉིད་ཀྱིས་གཏང་ཐུབ་པ་ལས། གཞན་གྱིས་བཙན་ཤེད་ཀྱིས་གཏང་མི་ཐུབ་པའོ།། དཔེར་ན། རྒྱ་ནག་ལ་མཚོན་ན་ལོ་ངོ་བཞི་སྟོང་རིང་གི་རིག་གནས་དེ་ཤུལ་མེད་དུ་གྱུར་ཡོད་པ་ནི། རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སྐབས་ཤེས་ཡོན་པ་དག་ཐལ་མཐར་ལྟུང་སྟེ་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་དྲན་པ་གནས་བྱེད་ཀྱི་རྟེན་རྒྱ་མི་རིགས་རང་གིས་གཏོར་བའི་སྦྱོར་བ་བརྩམས་ཏེ་མི་རིགས་དེའི་སེམས་འདྲེས་རིག་གནས་རྩ་མེད་དུ་བཏང་བས་ལན་པ་རེད། བློ་འབྱེད་ལས་འགུལ་དང་ལྔ་བཞི་ལས་འགུལ་གཉིས་མི་འདྲ་བའི་ཁྱད་པར་ནི། སྔ་མས་རོ་མན་ཆོས་ཚོགས་དང་འབྲེལ་ཐག་བཅད་དེ་ཆོས་ཆོས་དང་སྲིད་སྲིད་སོ་སོར་འབྱེད་དགོས་པའི་རྩོད་སྒྲུབ་གནང་སྟེ། མི་རིགས་དེའི་རིག་གནས་ཀྱི་དྲན་པ་གནས་བྱེད་ཀྱི་རྟེན་དེ་སྲུང་སྐྱོབ་དང་སྦྲེལ་རང་དབང་དང་འདྲ་མཉམ། དམངས་གཙོའི་ལྟ་གྲུབ་བཏོན་པ་རེད། ཕྱི་མས་མི་རིགས་དེའི་རིག་གནས་ཀྱི་དྲན་པ་གནས་བྱེད་ཀྱི་རྟེན་དེ་གཏོར་ནས་རང་དབང་དང་དམངས་གཙོ་རྒྱང་འབོད་བྱས་པ་རེད། ལོ་ངོ་བཞི་སྟོང་རིང་གི་རིག་གནས་གུད་པའི་ཤུལ་དུ་རིག་གནས་གསར་པ་ཞིག་དར་འདུག དེ་ནི་ད་ཡོད་ཀྱི་རུལ་སུངས་རིག་གནས་དེ་རེད། རུལ་སུངས་རིག་གནས་དེ་ནི་ད་ཡོད་ཀྱི་རྒྱ་མི་རིགས་ཀྱི་སེམས་འདྲེས་རིག་གནས་ཤིག་ཏུ་གྱུར་འདུག་པས། རྒྱ་ནག་གི་ཤེས་ཡོན་ཅན་གྱིས་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་སུ་གྱུར་པའི་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་དག་རྒྱ་ཡིག་ཏུ་བསྒྱུར་ཏེ། དེ་དག་ནི་རྒྱ་མི་རིགས་ཀྱི་སེམས་འདྲེས་རིག་གནས་ཤིག་ཏུ་འགྱུར་ཐུབ་པར་འབད་བརྩོན་བྱས་དང་བྱེད་ཀྱིན་འདུག་སྟེ། འགྱུར་ཡིག་གི་དཔེ་ཚོགས་ནི་ཕོན་ཆེན་སྣང་དུ་མཆིས། ཡིན་ནའང་། དེ་དག་ནི་རྒྱ་མི་རིགས་ཀྱི"དཔེ་ཐོག་རིག་གནས"ཤིག་ལས"སེམས་འདྲེས་རིག་གནས"ཤིག་ཏུ་འགྱུར་ཐུབ་མེད། དེའི་རྒྱུ་མཚན་ནི་མི་རིགས་དེའི་རིག་གནས་ཀྱི་དྲན་པ་གནས་བྱེད་ཀྱི་རྟེན་མེད་པས་རེད།

སྤྱིར་མི་རིགས་སོ་སོ་ལ་རང་ལ་འཚམས་པའི་རིག་གནས་ཤིག་དང་། རིག་གནས་དེས་བསྐྲུན་པའི་འདུ་ཤེས། འདུ་ཤེས་དེས་བསྐྲུན་པའི་ཉིན་འཚོ་གནས་ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བ་ཡོད་རྐྱེན་གྱིས། ཀྲུང་ཧྭ་མི་རིགས་དང་གྲངས་ཉུང་མི་རིགས་གཉིས་ཀྱི་འཚོ་གནས་ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བ་ཡིན། དེའི་ཕྱིར་ན། ད་ཡོད་ཀྱི་ཐུན་མོང་ཐོན་སྐྱེད་ཚོགས་པས་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་འདི་སྲ་བརྟན་དང་མཐུན་སྒྲིལ་སྒོས་འཛིན་སྐྱོང་བྱེད་འདོད་ཡོད་ཚེ། གོང་དུ་བརྗོད་པའི་གྲངས་ཉུང་མི་རིགས་ཀྱི་འཚོ་གནས་ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བ་དེར་རྒྱུ་འབྲས་དྲང་སྙོམ་གྱིས་གཙི་འཇོག་བྱེད་དགོས་པ་རེད། གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་རིག་གནས་ཤིག་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་སྐད་ཡིག་ཅིག་ཡིན་པར་ངོས་འཛིན་གསལ་བོར་གནང་སྟེ་རྩ་ཁྲིམས་ལྟར་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་ཐོབ་ཐང་ཡོད་པ་དེར་གཙི་འཇོག་བྱེད་དགོས། གཙི་འཇོག་བྱེད་སྟངས་དེ་ཡང་ཐུན་མོང་ཐོན་སྐྱེད་ཚོགས་པས་འགན་དངོས་སུ་བླངས་ཏེ་རྒྱ་མི་རིགས་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་གཙི་འཇོག་བྱེད་དགོས་པའི་སློབ་གསོ་རྩ་གནད་དུ་གཟུང་དགོས། རྩ་དོན་འདི་གཉིས་ནི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་ལ་སྨན་པའི་ལས་འབའ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་གྲུ་གཟིངས་ཆེན་མོ་མདུན་ནས་མདུན་དུ་སྒུལ་བྱེད་ཀྱི་རླུང་གཡབ་རིང་མོ་ཞིག་ཀྱང་ཡིན་པ་རེད། དེ་མིན་ཐུན་མོང་ཐོན་སྐྱེད་ཚོགས་པ་དེ་ཉིད་ཐལ་མཐར་ལྟུང་ཚེ། ཀྲུང་ཧྭའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་ནི་འོ་མ་གྲང་བའི་སྤྲིས་མ་བཞིན་གཡོ་འགུལ་གྱི་ཤུགས་དང་འཕྲད་ཚེ་ཞུགས་སླ་བའི་ཆོས་ཉིད་རང་ཆས་སུ་འགྲུབ་པར་འགྱུར་ཉེན་ཆེ་བས། རྒྱལ་ཁབ་ཀྱི་བརྟན་ལྷིང་གཏོར་བཤིག་གཏོང་མཁན་ནི་ཐུན་མོང་ཐོན་སྐྱེད་ཚོགས་པ་རང་ཡིན་པ་ལས་གཞན་གང་ཡང་མིན་པ་དེ་ཤེས་སླའོ།།

དེས་ན་ཀྲུའུ་ཝེ་ཆོན་གྱིས་རྒྱལ་ཁབ་ཁ་ལ་གཡར་ཏེ་གྲངས་ཉུང་མི་རིགས་ཀྱི་འདུ་ཤེས་རྨེག་འཇོམས་གཏང་བར་སེམས་པ་ནི། རུས་སྦལ་གྱི་སྤུའི་གོས་ཀྱི་གྲང་བ་འགོག་པར་འདོད་པ་དང་མཚུངས་སོ།། མི་རིགས་ཀྱི་འདུ་ཤེས་དང་མི་རིགས་གཉིས་ནི་གྲུབ་པ་དུས་མཉམ་དང་གནས་པ་དུས་མཉམ་ཡིན་པས། མི་རིགས་ཀྱི་འདུ་ཤེས་མེད་པར་གཏོང་འདོད་ན་དེ་དང་རྫས་གཅིག་ཏུ་གྱུར་པའི་མི་རིགས་མེད་པར་གཏང་དགོས། མི་རིགས་དེ་མེད་པར་གཏང་དགོས་ན་མི་རིགས་དེའི་ཤ་ཁྲག་གཉིས་བརྗེ་དགོས་པ་རེད། ད་ལྟར་བོད་དུ་ལོ་ངོ་བཞི་སྟོང་རིང་གི་བོད་ཀྱི་རིག་གནས་དེ་བོད་པའི་སེམས་འདྲེས་རིག་གནས་ཤིག་ཏུ་གྱུར་ཡོད་སྟབས། རྒྱའི་རིག་གནས་དེ་བོད་པའི་སེམས་འདྲེས་རིག་གནས་ཤིག་ཏུ་ནམ་ཡང་བསྒྱུར་ཐབས་མེད། དེའི་ཕྱིར་ན། མཐུན་སྒྲིལ་གྱི་རྨང་གདན་ནི་གཞན་གྱི་འདོད་མོས་ལ་གཙི་འཇོག་བྱེད་རྒྱུ་དེ་རེད། གཞན་གྱི་འདོད་མོས་ལ་གཙི་འཇོག་བྱས་ན་བརྟན་ལྷིང་དང་མཐུན་སྒྲིལ་ནི་ངང་ངམ་ཤུགས་ཀྱིན་ཐོན་པ་རེད། འདི་ལྟར་སེམས་ཏེ་མཇུག་ལ་ཐོན་དུས་ཀྲུའུ་ཝེ་ཆོན་གྱི་སེམས་ཁམས་རུལ་སུངས་རིག་གནས་ཀྱིས་ཚོས་ནས་ཡོད་པ་ཤེས་ཐུབ་པས། ཁོ་ནི་ཐུན་མོང་ཐོན་སྐྱེད་ཚོགས་པ་དང་རྒྱལ་ཁབ་ལ་དོན་དམ་གྱིས་གློ་ཉེ་བ་མིན་པར་མཚོན་ཐུབ་ལ། ཁོ་ཡིས་རྒྱལ་ཁབ་ཀྱི་བརྟན་ལྷིང་ཁ་ལ་འཁྱེར་ཏེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཀྱི་སེམས་ཁམས་གཏོར་ནས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་པའི་འགད་རྫས་ཤིག་འཕངས་པ་ཙམ་ལས་གཞན་མེད་དོ།། རང་གྲོལ་སྨྱུག་གསར་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།