ཝུན་ཅ་པའོ་ཡི་འགྱོད་བཤཌ་དང་ངེད་ཀྱི་ལྟ་ཚུལ། (དགུ་རོང་སྤུན་གྲོལ)

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ་༠༣ཚེས་༢༤ཉིན། དེ་རིང་ནི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ“རྒྱལ་ཁའི་ངང”གྲོལ་ནས་སྐུ་ཞབས་ཧའོ་དང་ཝུན་གཉིས་གཙོས་པའི་ཐུན་མོང་ཐོན་སྐྱེད་ཚོགས་པའི་དཔོན་རབས་བཞི་པས་མཇུག་མཐའི་ལག་བརྡ་བཏང་འདུག
ད་རེབ་ཀྱི་ཚོགས་ཆེན་འདི་ཡང་ཐུན་མོང་ཐོན་སྐྱེད་ཚོགས་པའི་ལྟ་གྲུབ་དང་མི་མཐུན་པ་དག་ཕམ་པར་བཏང་ནས་ཁོ་པ་ཚོའི་དམིགས་འབེན་རྣམ་པར་རྒྱལ་ཡོད་པའང་སྨོས་ཅི་ལ་དགོས། དེ་བས་ཁོ་པ་ཚོའི་གསར་འགྱུར་ཁག་ཏུ“ཚོགས་འདུ་རྒྱལ་ཁའི་ངང་གྲོལ”ཅེས་པ་ཡང་ནས་ཡང་དུ་བསྒྲགས་པ་དེའི་ཤུགས་སུ་གོ་རྒྱུ་ཆེན་པོ་ཞིག་འདུག ཁོ་པ་ཚོའི་ཚོགས་འདུ་ཆེ་ཆུང་གང་ཞིག་བསྡུ་སྐབས་ཐུན་མོང་ཐོན་སྐྱེད་ཚོགས་པའི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་ཚུལ་ཨེ་ཡོང་སྙམ་པའི་སྔོན་དོགས་ཤིག་མངོན་ལྐོག་ཅི་རིགས་ཀྱི་ཚུལ་དུ་གནས་ནས་ཡོད་པ་ཡིན། དེ་བས་ཚོགས་འདུ་སྐབས་ལྟ་ཚུལ་མི་མཐུན་པ་ཅི་ཡང་སྣང་དུ་མེད་ཚེ་སེམས་པ་གཏིང་ནས་དགའ་སྟེ། དེ་ནི་རང་གི་རྒྱལ་ཁ་ཞིག་ཏུ་བརློམ་བཞིན་འདུག

དེ་རིང་གསར་འགོད་འདུ་ཚོགས་སྟེང་སྐུ་ཞབས་ཝུན་གྱིས་སྐད་གསེང་མཐོན་པོས་རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པས་རྒྱལ་ཁབ་དབང་བསྒྱུར་བྱེད་པའི་ད་ལྟའི་ཆབ་སྲིད་ཀྱི་ལམ་ལུགས་་བཅོས་སྒྱུར་བྱེད་དགོས་ཚུལ་བརྗོད་དེ། རྒྱ་ནག་གི་གནས་བབ་ལ་དོ་སྣང་བྱེད་པའི་རྒྱལ་སྤྱིའི་སྲིད་དོན་དཔྱད་རྗོད་པ་གང་མང་ཞིག་ལྷབ་སེ་བཏང་བྱུང་། དེའི་རྒྱུ་མཚན་ནི་སྔོན་ཆད་སྐུ་ཞབས་ཝུན་གྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་བྱེད་དགོས་ཚུལ་བརྗོད་པ་མ་གཏོགས། ཁོ་པ་ཐེ་བའི་སྲིད་ཚོགས་དེའི་ཆབ་སྲིད་ཀྱི་ལམ་ལུགས་བཅོས་སྒྱུར་བྱེད་དགོས་ཚུལ་མངོན་གསལ་དོད་པོས་བཤད་མྱོང་མེད་པས་རེད། ལྷག་ཏུ་གསར་འགོད་འདུ་ཚོགས་མགོ་བཙུགས་མ་ཐག་ཁོང་སྐྱོ་ཉམས་དང་བཅས་འདས་པའི་ལོ་ངོ་བཅུའི་རིང་དུ་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀལ་རྙོག་ཐད་ནས་ཁོ་བོས་དགོངས་དག་ཞུས་པ་ཡིན་ཞེས་བརྗོད་པས་ཀྱང་རེད།

ཁོང་གིས“ཆབ་སྲིད་ལམ་ལུགས་ཀྱི་བཅོས་སྒྱུར་མེད་པའི་ཐོག་ནས་དཔལ་འབྱོར་གྱི་ལམ་ལུགས་བཅོས་སྒྱུར་བྱས་པ་ཡིན་ན་དེས་ཕལ་ཆེར་ང་ཚོ་རྒུད་པའི་ལམ་ཞིག་བཟོས་འདུག”པར་བརྗོད་པ་དང་། ཡང་བརྗོད་ཚིག་ཐོར་བུའི་ཚུལ་དུ་དོན་དམ་གྱིས་མའོ་ཙེ་ཏུང་གིས་བསླངས་པའི་རིག་གནས་གསར་བརྗེ་ཡིས་ང་ཚོའི་རྒྱལ་ཁབ་འདི་ལ་གཟའ་དུག་ཕོག་ཏུ་བཅུག་ཡོད་ཚུལ་བཤད་དེ“ ལོ་རྒྱུས་རང་བཞིན་གྱི་སྐྱོ་གར”སྲོང་བོར་བརྗོད་འདུག “མི་བཞི་ཤོག་ཁག(མའོ་ཡི་ཆུང་མ་དང་མོའི་རྒྱབ་ལངས་པ་ཚོ༡༩༧༦) ཕམ་པར་བཏང་རྗེས་ང་ཚོའི་ཚོགས་པས་ལོ་རྒྱུས་རང་བཞིན་གྱི་གནད་དོན་སྐོར་ལ་གྲོས་ཆོད་བཞག་ཅིང་། གལ་འགངས་ཆེ་བའི་གྲོས་ཆོད་རང་བཞིན་གྱི་ཐག་གཅོད་འདིས་རྒྱ་ནག་ཏུ་བཅོས་སྒྱུར་སྒོ་འབྱེད་བྱས་ཡོད། ཡིན་ནའང་། ནོར་འཁྲུལ་ཅན་གྱི་རིག་གནས་གསར་བརྗེ་དང་ཞིང་བྲན་ལམ་ལུགས་ཀྱི་བག་ཆགས་ད་དུང་གཙང་སེལ་བྱ་བར་ལྷགས་ནས་ཡོད་པ་དང་། ད་ལྟའི་དཀའ་རྙོག་གསར་པར་གྱུར་པའི་ཞིང་ལས་ཐོན་སྐྱེད་ཀྱི་རྩ་བའི་དཀའ་ངལ་དེ་སེལ་ཐབས་བྲལ་པས། ཆབ་སྲིད་ཀྱི་ལམ་ལུགས་བཅོས་སྒྱུར་མ་བྱས་ཚེ་ལོ་རྒྱུས་རང་བཞིན་གྱི་སྐྱོ་གར་དུ་གྱུར་པའི་རིག་གནས་གསར་བརྗེ་ལྟ་བུ་སླར་ཡང་འབྱུང་མི་སྲིད་པ་མིན”ཞེས་བརྗོད་འདུག ཁོང་གིས་རྒྱ་ནག་གི་མགོ་ཁྲིད་ཚོས་དྲ་ངོས་སུ་མངོན་བཞིན་པའི་དགག་གཞག་དག་ལ་དགའ་བསུ་ཞུ་དགོས་ཚུལ་བརྗོད་འདུག ཡང་ཁོང་གིས“དཔལ་འབྱོར་མུ་ནས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ངོ་བོ་ཐ་དད་པའི་དཀའ་རྙོག་གསར་པའི་རིགས་ང་ཚོའི་ཚོགས་པའི་སྒྲིག་འཛུགས་ཁྲོད་ཡོང་གིན་ཡོད་པ་དང་། ལྐོག་ཟ་རུལ་སུངས་ཀྱིས་ཕན་ཚུན་ལ་ཡིད་རྟོན་མེད་པའི་སྣང་ཚུལ་ཡང་སྐྱེད་ཀྱིན་ཡོད། ཁོ་བོས་དཀའ་རྙོག་དེ་དག་ལ་གཟབ་ནན་གྱིས་དོ་སྣང་བྱེད་ཀྱིན་ཡོད། དེས་ན། ང་ཚོས་དཀའ་ངལ་དེ་དག་སེལ་དགོས་ན་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་ལུགས་བཅོས་སྒྱུར་བྱེད་དགོས་པ་མ་ཟད། དམིགས་བསལ་གྱིས་ང་ཚོ་ཐུན་མོང་ཐོན་སྐྱེད་ཚོགས་པའི་མགོ་ཁྲིད་ཀྱི་གོ་དབང་ལམ་ལུགས་བཅོས་སྒྱུར་བྱེད་དགོས་པ་རེད།” ཁོང་གིས”ཁོ་བོས་དཀྱིལ་ཤར་ཡུལ་གྱི་དམངས་གཙོའི་ལས་འགུལ་ལ་ཡིད་སྨོན་དང་གཙི་འཇོག་བྱེད་ཀྱིན་ཡོད་ལ། ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཡང་ཡོད། དམངས་གཙོ་དྲག་ཤུགས་ཀྱིས་འགོག་མི་ཐུབ་པ་ངེད་ལ་ཡིད་ཆེས་ཡོད། ཡིན་ནའང་། བོད་དུ་འབྱུང་བཞིན་པའི་རང་ལུས་དམར་མཆོད(self-immolations)དེ་ནི་ཧ་ཅང་གི་ཚབས་ཆེན་རེད”ཅེས་བརྗོད་སྐབས། གསར་འགོད་པ་ཞིག་གིས་རྒྱ་ནག་ཏུ་མི་མང་གིས་འོས་འདེམས་བྱས་པའི་སྲིད་འཛིན་ཞིག་དུས་ནམ་ཞིག་ཏུ་འབྱུང་ཐུབ་བམ་ཞེས་དྲིས་ཚེ། ལོ༦༩ལ་སོན་པའི་སྐུ་ཞབས་ཝུན་ལགས་ཕར་འགུལ་ཚུར་འགུལ་ཞིག་ལས་དྲི་བ་དེར་ལན་ཅི་ཡང་བཏབ་མ་སོང་ལ། དུས་ཚོད་གསུམ་རིང་གི་དྲི་བ་དྲིས་ལན་འགྲུབ་ལ་ཉེ་སྐབས་ཁོང་གིས་ཁོ་བོ་གནས་འདི་ལས་གྱེས་ཆོག་པའི་དགོངས་པ་གནང་རོགས་ཞེས་བཤད་དེ། ཚོར་བ་ཤུགས་དྲག་པོའི་ངང་ནས་ལོ་རྒྱུས་ཀྱིས་ང་ལ་བདར་ཤ་གཅོད་ངེས་ཡིན་ཞེས་བསྒྲགས་ཏེ་རྐུབ་སྟེགས་ཡར་ལངས་ནས་མཇུག་མཐའི་བདེ་མོའི་ལག་གཡུག་བྱེད་ཞོར་དུ་ སྲིད་བློན་གྱི་མིང་ཐོག་ནས་ལོ་ངོ་བཅུའི་རིང་གི་ཁོང་གི་བྱས་ཉེས་དཀར་འདོན་བྱེད་པའི་རྣམ་འགྱུར་ཡང་བསྟན་ཡོད་སྟབས་ངེད་ཀྱིས་གོང་དུ་དྲངས་པའི་ཁོང་གི་སྐད་ཆ་དག་དང་བསྟུན་ཏེ་རང་གི་ལྟ་ཚུལ་ཞིག་བརྗོད་ཁུལ་བྱ།

སྐུ་ཞབས་ཝུན་ལགས་ཀྱིས་ད་ལྟར་འབྱུང་བཞིན་པའི་བོད་ནང་གི་རང་ལུས་མེར་སྲེག་གི་འབྱུང་རྐྱེན་སྐོར་གྱི་དྲི་བ་དེར་ནམ་ཞར་གྱི་ཁོ་པ་ཚོའི་གཟུངས་སྔགས་བཟློ་བ་ལས་ལན་འདེབས་གཞན་རྣམས་ཅུང་ཙམ་ཡག་པོར་མཐོང་སོང་། ད་རེབ་ཀྱི་སྐུ་ཞབས་ཝུན་ལགས་ཀྱི་ལན་འདེབས་ཁག་ལས་སྣང་ཚུལ་གསལ་པོ་ཅི་ཞིག་མཐོང་ཐུབ་བམ་ཟེར་ན། གཅིག་ནས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཀྱི་ཚབས་ཆེན་རྣམ་པ་དེ་རྒྱ་ནག་གི་དཔོན་རབས་བཞི་པའི་ཁྲོད་དུ་གནས་ཡོད་པ་སྲིད་བློན་རང་གིས་མངོན་དུ་བཅུག་ཡོད་པ་དང་། གཉིས་ནས། རྒྱ་ནག་གིས་བཅོས་སྒྱུར་བྱས་པའི་དཔལ་འབྱོར་ལམ་ལུགས་ནི་རྣམ་པ་ཙམ་ལས་དོན་གྱིས་བཅོས་སྒྱུར་བྱས་མེད་པ་མཚོན་པར་བྱས་ཡོད། གང་ཡིན་ཞེ་ན། རྒྱ་ནག་གི་ས་ཁོངས་ཁྲོད་ནས་དཔལ་འབྱོར་གྱི་ཁེ་སྤོག་ཆེས་བཟང་ཤོས་དག་ནི་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབང་སྒྱུར་བའི་རྒྱལ་ཁབ་ཀྱི་མིང་ཐོག་ཏུ་རང་སོར་བཞག་སྟེ་སྲིད་གཞུང་གིས་བདག་བཟུང་བྱེད་ཀྱིན་ཡོད་པ་སྟེ། རྒྱ་ནག་གྲོང་ཁྱེར་ཁག་གི་ཁང་པའི་རིན་གོང་ཆེས་མཐོན་པོར་གྱུར་ཡོད་པའི་རྒྱུ་མཚན་ནི། སྒེར་བདག་ཁང་པ་བཟོ་ཚོང་ཁང་རྣམས་ཀྱིས་གྲོང་ཁྱེར་དུ་ཐོག་ཁང་ཆེན་པོ་འཛུགས་སྐྲུན་བྱེད་དགོས་ཚེ། ཐོག་མར་སྲིད་གཞུང་གི་ལག་ནས་ས་ཉོ་དགོས་པ་རེད། ས་དེའི་རིན་གོང་ནི་ཧ་ལས་པའི་མཐོན་པོ་ཡིན་སྟབས། ཚོང་བདག་རྣམས་ཀྱིས་ཀྱང་ས་གོང་དང་བསྟུན་པའི་ཚོང་ཞིག་རྒྱག་དགོས་སྟབས་ཁང་པའི་རིན་གོང་ཡང་རང་བཞིན་གྱིས་མཐོན་པར་ཆགས་པ་རེད། སྲིད་གཞུང་གིས་ཁོ་ལ་ས་ཆ་མ་བཙོང་ཚེ་དངུལ་ལོར་ག་ཚོད་མང་པོ་ཡོད་ཀྱང་བྱ་ཐབས་བྲལ་པས། སྒེར་བདག་བཟོ་ཚོང་ཁང་དང་འབྱོར་བདག་ཅན་ཅི་འདྲ་ཞིག་ཡིན་ཀྱང་། སྲིད་གཞུང་ལ་བསྟུན་པའི་བརྡ་སྟོན་གྱིན་ཡོད་པ་རེད། སྲིད་གཞུང་གི་མི་སྣ་དང་ལས་བྱེད་དག་གིས་བག་མེད་ཀྱི་འཚོ་བ་རོལ་བའི་སྤྱོད་ངན་དག་སྦ་གསེང་བྱེད་ཆེད། ཨར་ཁང་ཆེན་པོའི་བདག་དབང་མང་ཤོས་ཤིག་སྲིད་གཞུང་རང་གི་ལས་ཁུངས་ཀྱི་མིང་ཐོག་ཏུ་འཇོག་པ་ལས། སྒེར་བདག་ཅན་དུ་བསྒྱུར་སྲོལ་མེད་པར་གྲགས།
གསུམ་ནས། ཐུན་མོང་ཐོན་སྐྱེད་ཚོགས་པའི་དབང་ཤུགས་དང་སྲིད་ཇུས་ཀྱི་གཟུང་ཐག་རིང་དུ་གནས་དགོས་ཚེ་མི་མང་ཤོས་ཀྱི་སྒལ་ཚིགས་གཅོག་དགོས་ལ། སྒལ་ཚིགས་གཅོག་སྟངས་དེ་ཡང་མི་མང་ཤོས་ཀྱི་ཁོག་པ་རུལ་ཏུ་བཅུག་ནས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་ས་མི་འགྲོ་བར་གཏོང་དགོས། གཉིས་ཀའི་ཁོག་པ་རུལ་བ་ཡིན་ན་སྐྱོན་དངོས་སུ་མཐོང་ཡང་གཅིག་གིས་གཅིག་ལ་སྐྱོན་འཚོལ་ས་མི་འགྲོ་བས། སྲིད་གཞུང་གི་མི་སྣ་དང་གཞུང་ཞབས་པ། འབྱོར་བདག་ཅན་དང་ལག་རྩལ་པ། མགོ་ཁྲིད་དང་མང་ཚོགས་བཅས་ཆ་སྙོམས་ཀྱིས་ཁོག་པ་རུལ་སོང་ན། ཁོག་པ་རུལ་བའི་ལུས་པོ་ལ་སྨན་བཅོས་ཅི་ཙམ་བྱས་ཀྱང་དྲག་སྐྱེད་འབྱུང་དཀའ་མོ་རེད། དེ་བས་རུལ་སུངས་ཀྱི་ངོ་བོ་དེ་ཁྲིམས་ཐོག་ནས་བདར་དགོས་ཚེ་དེའི་དཔང་རྟགས་གཙོ་བོ་ནི་དངུལ་ཁང་གི་རྩིས་ཁྲ་ཡིན་སྟབས། སྒེར་བདག་ཅན་གྱི་དངུལ་ཁང་ཡོད་ཚེ་རུལ་སུངས་ཀྱི་གདོང་འབག་དམར་བཤུ་བྱེད་ཐུབ་པ་དང་། དེ་ལྟར་བྱུང་ན་ཁོ་པ་ཚོའི་འཇིག་ཉེན་སླེབས་འོང་པ་རེད། བཞི་ནས། རྒྱ་ནག་ནང་ཁུལ་དུ་ཐོན་སྐྱེད་བྱེད་པའི་ཁྲོད་ནས་ཐ་མག་གི་ཡོང་འབབ་ནི་བཟང་ཤོས་ཡིན་སྟབས། སྒེར་བས་ཐ་མག་གི་སྡེབ་འཚོང་ཆེན་པོ་བརྒྱབ་མི་ཆོག་པ་རེད། གང་ཞིག་ཡོང་འབབ་བཟང་བའི་ཐོན་སྐྱེད་ལས་རིགས་དང་། གང་ཞིག་གིས་སྲིད་གཞུང་ལ་བསྟུན་པ་དང་གང་ཞིག་གིས་སྲིད་གཞུང་གི་མི་སྣའི་བྱས་ཉེས་གསང་ཐུབ་པའི་ལས་རིགས་རྣམས་སྲིད་གཞུང་གིས་བདག་བཟུང་བྱས་ཡོད་སྟབས། དོན་དམ་གྱིས་རྒྱ་ནག་གི་དཔལ་འབྱོར་གྱི་ལམ་ལུགས་བཅོས་སྒྱུར་བྱས་ཡོད་པ་མ་རེད། དེ་བས་སྐུ་ཞབས་ཝུན་ལགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འཐུས་ཚང་མིན་པའི་སྐད་ཆ་གླེང་བ་དེར་ཐུག་ཡོད་པ་རེད།

རྒྱ་ནག་གི་དཔོན་རབས་དག་གི་བྱས་ཉེས་ལ་བལྟས་ན་ད་རེབ་ཀྱི་སྐུ་ཞབས་ཝུན་ལགས་ཀྱིས་ཚིག་གཅིག་གིས་ལོ་ངོ་བཅུའི་རིང་གི་བྱས་ཉེས་ལ་དགོངས་དག་ཞུས་པ་དེ་འཐུས་པ་ཞིག་མ་རེད་མོད། ཁོ་རང་ཆབ་སྲིད་པ་ཞིག་ཡིན་པའི་ངོས་ནས་སེམས་ན་མ་ཤི་བའི་སྔོན་དུ་གཤགས་སྡོམ་གནང་པ་བཞིན་སྲིད་བློན་གྱི་ལས་སྣེ་ནས་མ་གྱེས་པའི་སྔོན་དུ་རང་ཉིད་ཀྱིས་དགོངས་དག་ཞུས་ཏེ་དཀར་འདོན་བྱས་ན། ཆབ་སྲིད་པའི་བྱས་ཉེས་དག་སོང་བའི་གཏན་ཚིགས་ཀྱང་གྲུབ་ཡོད་པར་འདོད། དགོངས་དག་ཞུ་འདོད་ཀྱི་བློ་དེ་ཡང་༢༠༡༡ལོའི་སྒེར་གཅོད་པའི་འཇིག་ཉེན་དེས་བསྐྱེད་པ་ལོས་ཀྱང་ཡིན་འདོད། ཡིན་ནའང་། ཁོ་རང་འཁྲབ་སྟོན་པ་ཞིག་ཡིན་ཀྱང་རུང་ལ་མ་ཡིན་ཀྱང་འཐུས། ཁོ་བོའི་སྣང་བར་སོང་བའི་ཁོང་གི་སྐད་ཆ་ནི་དམངས་གཙོ་དྲག་ཤུགས་ཀྱི་འགོག་མི་ཐུབ་པ་ངེད་ལ་ཡིད་ཆེས་ཡོད་ཅེས་པ་དེ་རེད། ཁོང་གིས་རྒྱ་ནག་ཏུ་དམངས་གཙོའི་སྲིད་ལུགས་ཤིག་འབྱུང་ཉེ་བའི་ལྟ་ཚུལ་དེ་ལས། དམར་པོའི་སྲིད་སྟེགས་སྟེང་ན་གྲོང་ངེར་འགྱིང་བའི་མི་སྣ་དགུ་བོ་ཡང་དམར་པོའི་ལམ་ལུགས་ལ་ཡིད་རྟོན་བྱེད་ཐུབ་ཀྱིན་མེད་པ་མཚོན་འདུག་ལ། མའོ་ཡིས་བསླངས་པའི་རིག་གནས་གསར་བརྗེ་ཡིས་རྒྱ་ནག་ལ་གཟའ་དུག་ཕོག་ཏུ་བཅུག་ཡོད་པའི་རྒྱུ་འབྲས་རྐྱེན་གསུམ་ལ་ཡང་ངོས་ཟིན་རྙེད་འདུག་པར་མཚོན། དེས་ན་མི་རེ་རེའི་མགོ་ན་འཆི་བ་ཞིག་འབྱུང་ངེས་ཡིན་པའི་ལྡོག་མེད་ཀྱི་ཆོས་ཉིད་ལྟར། དམར་པོའི་ལམ་ལུགས་འདིའི་མགོ་ཐོག་ཏུ་ཡང་འཆི་བ་དེ་འདྲ་ཞིག་ཡོང་ཡིན་པའི་ལྡོག་མེད་ཀྱི་ཆོས་ཉིད་དེར་ངོ་འཕྲོད་འདུག འཆི་བ་དེ་འོང་བའི་ཉིན་མོ་དེར་རྒྱ་ནག་འདི་ག་འདྲ་ཞིག་ཏུ་འགྱུར་མིན་གྱི་ཐད་ནས་བསམ་གཞིག་བཏང་ཡོད་རྒྱུ་རེད། ངེད་ཀྱིས་བསམ་ཚོད་ལྟར་བྱས་ན། རྒྱ་ནག་ལ “དམངས་གཙོའི་གསར་བརྗེ”ཞིག་འབྱུང་བར་ཧ་ཅང་གི་དཀའ་ལས་ཁེགས་པོ་རེད། རྒྱུ་མཚན་ནི་དམངས་གཙོའི་གསར་བརྗེ་ནི་མི་དམངས་ཀྱིས་སྣེ་འཁྲིད་བྱས་པའི་ཆབ་སྲིད་ཀྱི་འགྱུར་བ་ཞིག་ཡིན་སྟབས། རྒྱ་ནག་མི་དམངས་ལ “གཟའ་དུག”ཕོག་ཡོད་པས་དམངས་གཙོའི་གསར་བརྗེ་སྣེ་འཁྲིད་བྱེད་པའི་འཇོན་ནུས་དེ་མི་འདུག རྒྱ་ནག་གི་དམངས་གཙོའི་འཇུག་སྒོ་དང་པོ་ནི་ཚོགས་གཅིག་དབང་སྒྱུར་ལམ་ལུགས་ལ་འགྱུར་ཐེབས་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱིས་འཛིན་སྐྱོང་བྱེད་པ་དང་། ཚོགས་པ་དེ་གཉིས་གོ་མིན་ཏང་ཚོགས་པ་དང་གུང་ཁྲན་ཏང་ཚོགས་པ་གཉིས་ལས་གཞན་གང་ཡང་མིན་པའོ།། ཐེ་ཝེན་རྒྱ་ནག་ནང་ཁོངས་སུ་བསྒྱུར་ན་གོ་མིན་ཏང་ལ་རྒྱ་ནག་གི་གྲུ་གཟིངས་ཆེན་མོ་བཀོལ་སྤྱོད་བྱེད་ཆོག་པའི་ཐོབ་ཐང་དེ་སྤྲོད་དགོས་པ་རེད། ཐེ་ཝེན་དུ་གནས་པའི་གོ་མིན་ཏང་ཚོགས་པའི་ཁ་ཆེན་པོ་གདང་ས་དེ་རྒྱ་ནག་གི་གྲུ་གཟིངས་ཆེན་མོའི་སྟེང་གི་ཉ་ཤ་ཚོན་པོ་དག་རེད། དེ་ལྟར་བྱས་ཚེ་ད་ལྟར་ཁོ་པ་ཅག་གིས་རྗོད་བཞིན་པའི“ཀྲུང་གོ་གཅིག”ཅེས་པའི་དམིགས་འབེན་དེ་གྲུབ་པ་རེད། ཡིན་ནའང་། དམངས་གཙོ་རྗེས་མཐུན་པའི་ལམ་དུ་ཕྱིན་ཀྱང་དམངས་གཙོར་མོས་པའི་རྒྱ་ནག་གི་དཔོན་རབས་འདྲ་མིན་དང་། ཤེས་ཡོན་ཅན། རྩོམ་པ་པོ་སུ་ཞིག་ཡིན་ཀྱང་ཁོ་པ་ཚོའི་སེམས་ཀྱི་སྦུབས་སུ“མི་རིགས་ཆེན་པོའི”འདུ་ཤེས་དྲག་པོ་ཞིག་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་སྟབས། སྐུ་ཞབས་ཝུན་ལགས་ཀྱངམི“་རིགས་ཆེན་པོའི”ཕྱོགས་སུ་འཕྲེད་གསེག་བྱས་ཡོད་པའང་རང་ཤུགས་ཀྱིས་རྟོགས་འོང་། དེས་ན་དེ་རེབ་ཀྱི་སྐུ་ཞབས་ཝུན་ལགས་ཀྱིས་བརྗོད་པའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཞེས་པ་དེ་ཡང”མི་རིགས་ཆེན་པོ”ལ་སྨན་པའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཞིག་ཏུ་ལྟ་བ་ལས། གྲངས་ཉུང་མི་རིགས་ལ་ཕན་པའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཞིག་ཏུ་ཡེ་ནས་མཐོང་མ་སོང་། ཡིན་ནའང་། ཁོང་གིས་ལན་འདེབས་བྱས་པའི་སྐད་ཆ་དེ་དག་གིས་རྒྱ་ནག་ཏུ་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་སྐོར་གྱི་གཏམ་གླེང་གི་བར་སྟོང་ཆེ་རུ་གཏོང་ནུས་པ་ཚོར་ཐུབ། རང་གྲོལ་སྨྱུག་གསར་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།