སྤྲིན་གསེབ་ནས་མཐོང་བའི་བདག་གི་ཕ་ཡུལ།

སྦྲ་རིགས་ཐོགས་མེད། (ལྡི་ལི་གཙུག་ལག་སློབ་གླིང༌།)
ཕ་ཡུལ་དང་ཁ་བྲལ་བའི་ལོ་ངོ་འདི་དག
ཕ་མ་དང་ཐུག་འཕྲད་མ་བྱུང་བའི་ལོ་ངོ་འདི་དག
ལོ་ངོ་འདི་དག་ནི། ཡུལ་གྱར་བ་ཞིག་ལ་མཚོན་ན།
མུན་ནག་དང་མིག་ཆུས་བྲིས་པའི་ཉིན་ཐོ་རེ་རེ་ཡིན་ངེས།
རེ་སྒུག་དང་རྨི་ལམ་གྱིས་བསྐྲུན་པའི་ལོ་ངོ་ཧྲིལ་བོ་དགུའི་རྗེས་སུ།
ལོ་ངོ་དགུའི་རྗེས་ཀྱི་དེ་རིང༌།
བདག་གིས་སྤྲིན་གསེབ་ནས་རང་གི་ཕ་ཡུལ་ལ་རྒྱང་ལྟ་བྱས།
སྐྱ་མདོག་ཤོར་བའི་དགུན་དུས་ཀྱི་རི་ལུང་དང༌།
ཁ་བས་བཀླུབས་པའི་རྔམ་བརྗིད་ཀྱི་རི་ཚོགས།
ད་དུང༌། ཁ་བཏགས་འཐེན་འདྲའི་ཆུ་བོ་ཆེ་ཆུང་དག
ཡོད་ཚད་ཅི་ཞིག་གི་འཇིགས་སྐྲག་འོག་ཁུ་སིམ་མེར་མནན་འདུག
ཞོགས་པའི་གསེར་མདོག་གི་ཉི་འོད་འོག་ཏུ།
གསལ་ལ་མི་གསལ་བའི་གྲོང་དང་གྲོང་བརྡལ།
སྨུག་ཞགས་འོག་གི་གྲོང་ཁྱེར་དང་གཞུང་ལམ།
དེ་རིང་གི་མེ་ལྕེའི་གཡོགས་པའི་ངའི་ཕ་ཡུལ།
དེ་རིང་གི་མེ་རུ་འཚིག་བཞིན་པའི་ངའི་ཕ་ཡུལ།
སྤྲིན་པ་འདི་དང་ནམ་མཁའ་འདིའི་འོག་ཏུ།
ཅི་ཞིག་གིས་ཆུར་མིད་གཏོང་བཞིན་པ་དང་མཚུངས་ཨང༌།
ཅི་ཞིག་གིས་རྩ་གཏོར་གཏོང་བཞིན་པ་དང་འདྲ་ཨང༌།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།