ཚན་པ་བཞིའི་གཞི་རིམ་སློབ་གསོ།

ཆེད་ལས་པ་འཛུགས་སྐྲུན་གྱི་སྔོན་འགྲོ། སེར་སྨད་བློ་དགའ། བོད་ཀྱི་ད་ལྟའི་གཞི་རིམ་ཤེས་རིག་སློབ་གསོ་ནི་འཐུས་ཤོར་ནས་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་མཚོན་དོན་ཞིག་ཏུ་ངོས་འཛིན་ཞུ་རྒྱུ། བོད་མིའི་དབུ་ཁྲིད་དང་ཆབ་སྲིད་ཀྱི་འགྱུར་བས་བཟང་སྐད་ངན་སྐད་གཉིས་ཀའི་ཟིང་ཆ་ཆེན་པོ་བསླངས་པ་དང༌། སྲིད་སྐྱོང་གསར་པས་བཀའ་ཁྲི་དང་ཤེས་རིག་བཀའ་བློན་གཉིས་ཀའི་མཛད་འགན་བསྣམས་བཞིན་པའི་སྒང་ཡིན་ལ་རེ་བའང་ཆེན་པོ་ཡོད།

 

༡༽ སྐད་ཡིག་གཉིས་ཀྱི་རྨང་གཞི་བརྟན་པོ་དང་སློབ་ཁྲིད་གནད་ལ་འཁེལ་བ་བྱ་དགོས།

བོད་ཀྱི་ན་གཞོན་སློབ་མ་ཞིག་གི་ངོས་ནས་བོད་སྐད་ནི་འཇིག་རྟེན་འདིའི་སྟེང་གི་མི་ཚེའི་འཚོ་བ་དང་རྣམ་དཔྱོད་ཀྱི་གོམ་ཁ་ལྟ་བུར་གྱུར་ཅིང་མ་འོངས་པའི་མདུན་ལམ་ཁ་ལོ་བསྒྱུར་བའི་གཞི་མ་ཉག་གཅིག་ཏུ་གྱུར་ཡོད། གཞི་རིམ་ཐོག་མའི་བོད་ཡིག་སློབ་ཚན་ནང་ཨང་རྩིས་ཀྱིས་གཙོས་མཁོ་སྤྱོད་རིག་གནས་སོགས་སྤྱི་ཚོགས་རྒྱུན་སྤྱོད་ཀྱི་རྣམ་གྲངས་ཇི་ཙམ་རན་པ་དེའི་ཚོད་ཀྱིས་སློབ་མའི་ཤེས་རྟོགས་གཏིང་ཟབ་ཏུ་འགྲོ་རྒྱུར་ཐེ་མི་ཚོམ་པ་ཞིག་རེད། གཞི་རིམ་ཐོག་མའི་སུམ་ཅུ་པའི་སྐབས་སུ་སློབ་ཚན་གྱི་ནང་སྙིང་ཚིག་ཕྲད་ཀྱི་འགྲོ་ལུགས་དང་ཕྱོགས་མཚུངས་དག་ཡིག་དང་རྟགས་འཇུག་གི་སྐབས་སོ་སོར་མིང་ཚིག་དང་བྱ་ཚིག་གི་སྐོར་གཏན་འབེབ་སློབ་ཚན་ལྟར་ཐད་ཀར་ངོ་སྤྲོད་བྱེད་པ་མ་གཏོགས། མཁས་པ་ཁག་གི་དགོངས་ཚུལ་མཐུན་མིན་དང་རྣམ་དབྱེ་བཞི་གཉིས་ཀྱི་རྩོད་པ་ལྟ་བུས། སློབ་མའི་བློ་ཁ་ཡར་རྒྱས་ལ་མི་འཚམས་པ་དང་དུས་ལ་མ་བབ་པའི་མགོ་རྙོག་བརྩམ་མི་རུང༌། དེ་ཡང་སློབ་མའི་ཉིན་རེའི་འཚོ་བ་དང་འབྲེལ་པའི་འབྲི་འདོན་སྦྱོང་གསུམ་ནས་གོམ་ཁ་སྤོ་བའི་ཤུགས་བསྣོན་རྒྱག་དགོས་པས་གཞི་རིམ་མཐའ་མའི་སྐབས་དང་བསྡུར་ཐབས་རྩ་བ་ནས་མེད།

བོད་སྐད་དང་བོད་སྐད་ཀྱི་ཐ་སྙད། སློབ་སྦྱོང་གི་མོས་པ་དང་ཤེས་རབ་ཀྱི་ནུས་རྩལ་རྒྱས་ཏེ་རྨང་གཞི་བརྟན་པོར་འགྱུར་ཟིན་མཚམས། གཞི་ནས་སྐད་ཡིག་གཉིས་པར་སློབ་ཞུགས་བྱ་རྒྱུ་དེར་དགེ་ཕན་ཆེན་པོ་འདུག གཞི་རིམ་སློབ་མའི་བསམ་པའི་ཆུ་ཚད་དང་མཐུན་པའི་སློབ་ཚན་དང་སློབ་ཁྲིད་གོ་སྒྲིག་བྱེད་པ་གཙོ་འཛིན་བྱ་རྒྱུ་ལས་གང་མང་མང་དང་གང་ཟབ་ཟབ་བཤད་རྒྱུ་ཞིག་མིན། མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་གསོ་ལྟ་བུའི་ལས་རིམ་རྣམས་གཞི་རིམ་རྨོངས་སད་ཀྱི་སློབ་གྲྭ་ཁག་ཚང་མའི་ནང་ལག་ལེན་བསྟར་ཐུབ་པ་དགོ། གཞི་རིམ་འཛིན་གྲྭ་མང་དུ་བཏང་བའི་བསམ་ཚུལ་ལ་དོ་སྣང་བྱུང་ཞིང་དེ་ཙམ་གྱིས་སློབ་གསོ་ཚད་ལྡན་དང་སློབ་ཚན་རྒྱས་བསྡུས་རན་པ་མེད་ན་ངོ་སོ་ཐོན་པའི་ཡར་རྒྱས་ཀྱི་ལམ་བུ་མཐོང་གི་མེད། གཙོ་བོ་སློབ་དགེ་ཤེས་ཚད་ལྡན་པ་དང་སློབ་ཁྲིད་འོས་སྦྱོང་གི་གནས་ཚད་ཡོད་པ། སློབ་ཚན་ནང་གི་ཡིག་འབྲུ་ལྟར་སློབ་ཁྲིད་བྱེད་ཐུབ་པ་དང༌། སློབ་མའི་བློ་ཁ་དང་མཐུན་པར་རིག་པ་རྣམ་གྲངས་མང་པོས་ནང་དོན་ངོ་ཕྲོད་ཐུབ་པ་དང་རིམ་གྱིས་སློབ་མ་ཚོས་སྨྱུག་རྩེ་ནས་ལག་ལེན་དུ་ཁྱེར་ཐུབ་པར་ངོ་སྤྲོད་སྐུལ་འདེད་བྱེད་ཐུབ་ངེས་ཤིག་དགོས་པ་ནི་དགེ་རྒན་ཚོར་འཁྲི་བའི་ལས་འགན་གལ་ཆེ་ཤོས་དེ་ཡིན།

༢༽ སྐད་ཡིག་གཉིས་པའི་སློབ་གསོ་ལས་སྐད་ཡིག་གསུམ་པ་མི་དགོས།

བོད་ཕྱི་ནང་གཉིས་ཀར་འདོད་བློ་ཚིམས་པའི་གུ་ཡངས་ཀྱི་ཁོར་ཡུག་ཅིག་མེད་པའི་དབང་གིས་རྒྱལ་སྤྱི་རང་བཞིན་གྱི་སློབ་གསོའི་ངོས་འཛིན་ཐོབ་པའི་ཚན་ཁག་མེད་པ་དང༌། མཐོ་རིམ་སློབ་གསོའི་དགོས་མཁོ་གཙོ་སྒྲུབ་འཐུས་ཚང་མེད་པའི་རྐྱེན་གྱིས་མཐོ་རིམ་དང་ཆེས་མཐོ་རིམ་གྱི་སློབ་གསོ་གལ་ཆེ་བ་རྣམས་སྐད་ཡིག་གཉིས་པ་ནས་སྐད་ཡིག་གཞན་དང་གཞན་ལ་བརྟེན་དགོས་པ་ཆགས་ཡོད།  ད་དུང་བོད་ཀྱི་སྐད་ཡིག་གི་འགྲིམས་སྒོ་ཆུང་བ་དང་དུས་བསྟུན་ཤེས་བྱའི་ཐ་སྙད་མ་འདེང་བའམ་གོམས་ཤུགས་ཆུང་བའི་སྟོང་ཆ་མང་པོ་ཞིག་ལྷག་པའི་དཀའ་ངལ་འདི་དག་ངལ་རྩོལ་ཉུང་ཉུང་ཞིག་གིས་དོ་མཉམ་ཐབས་མེད། དེ་ཡང་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་བུ་རིམ་གྱིས་ཡར་རྒྱས་གཏོང་བའམ་ཕུན་སུམ་ཇེ་ཚོགས་ནས་ཇེ་རྒྱས་སུ་གཏོང་དགོས་པའི་སྣང་ཚུལ་ཞིག་ཡིན། བཙན་བྱོལ་ནང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པས་རྒྱ་གར་ལྟར་སྐད་ཡིག་གསུམ་ལྡན་གྱི་སློབ་གསོར་མོས་མཐུན་གནང་ཡང༌། གནས་སྐབས་ངོས་ལེན་ཞུ་མི་ཐུབ་པ་ནི་བོད་མིའི་གནས་སྟངས་དང་ཁོར་ཡུག གོ་སྐབས་བཅས་ལ་གཞིགས་ཏེ་རྒྱ་དཀར་ནག་གི་སྐད་ཡིག་གང་རུང་ཤེས་ཡོན་སློབ་གསོའི་སྐད་ཡིག་གསུམ་པར་ཆེད་དུ་འཇོག་དགོས་མ་མཐོང༌།

སྐད་ཡིག་གསུམ་པའི་དགོངས་ཚུལ་གཙོ་བོ་དེ་དབུ་མའི་ལམ་གྱི་དགོངས་དོན་གྲུབ་འབྲས་དང༌། ཡང་ན་རྒྱ་གར་དུ་སྡོད་བྱུས་ལ་འབྲེལ་བ་ཆེན་པོ་འདུག་སྙམ་སྟེ། དེ་ནི་གཞིས་ལུས་བོད་མིའི་རྒྱའི་སྐད་ཡིག་གི་ཤེས་ཚད་མཐོ་ཞིང་གྲངས་མང་བ། བོད་པ་རྣམས་རྒྱ་གར་ནང་གཏན་སྡོད་བྱ་མི་དགོས་པ་ཞིག་ཡིན་དུས་ཐུགས་ཁྲལ་གནང་སའི་གཞི་ཆེན་པོ་ཅང་མི་འདུག མ་ཟད་གནས་སྐབས་བོད་པ་རྣམས་མི་རིགས་དེ་གཉིས་ཀྱི་སྤྱི་ཚོགས་དང་འབྲེལ་འདྲིས་ཆེ་སྟབས་ཟུར་སྦྱོང་ལྟ་བུའམ་སློབ་མ་སོ་སོའི་རྣམ་དཔྱོད་དང་མཐོང་རྒྱ། སེམས་ཁམས་དང་ཁོར་ཡུག་སོགས་ལ་བལྟོས་ཏེ་སྒེར་སྦྱོང་ཚན་པས་ཁུངས་འཁྱོལ་འགྲོ་བ་ཞིག་ཡིན་དུས། དམིགས་བསལ་ཤེས་ཡོན་སློབ་གསོའི་ནང་རེ་ཞིག་མ་བཅུག་ན་ཅི་མ་རུང་བསམ་སོང༌། སྐད་ཡིག་དང་པོ་མ་སྐད་ནས་སྐད་ཡིག་གཉིས་པར་དབྱིན་ཇིའི་ཐོག་འགྲོ་བཞིན་པ་འདི་དག་ཤུགས་ཚད་ཆེ་རུ་དང་མགྱོགས་ཤུགས་མྱུར་དུ་གཏོང་དགོས་པ་དེ་ཁ་ཚ་དགོས་བསྟུག་ཡིན། གཞི་རིམ་གྱི་སྐབས་སུ་བོད་སྐད་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཆགས་རྗེས། གཞི་ནས་བོད་སྐད་དང་བོད་ཡིག་རྐྱང་པའི་སློབ་ཚན་ཕུད་པའི་བོད་ཡིག་སློབ་ཚན་གཞན་རྣམས་བོད་སྐད་ཁོ་ན་དང་བོད་སྐད་སྤུས་གཙང་གི་ཐོག་ནས་འཆད་འཁྲིད་བྱ་དགོས། དེ་བཞིན་སྐད་ཡིག་གཉིས་པའི་དབྱིན་ཡིག་དང་དབྱིན་སྐད་གཉིས་ལ་གོམས་འདྲིས་བརྟན་པོར་སོན་པ་ན། དེ་ནས་བཟུང་དབྱིན་སྐད་དང་དབྱིན་ཡིག་རྐྱང་པའི་སློབ་ཚན་ཕུད། དབྱིན་ཡིག་སློབ་མཚན་གཞན་རྣམས་དབྱིན་སྐད་དག་མའི་སྟེང་ནས་འཁྲིད་པ་མ་གཏོགས། སྐད་གཉིས་ཀྱི་དབྱེ་མཚམས་ཁ་གསལ་མེད་པར་ཕན་ཚུན་འདྲེས་པ་ལྟ་བུ་བྱེད་ན་ཕན་ལས་གནོད་ཆེ།

ཤེས་ཡོན་ལས་འཆར་དང་ལམ་སྟོན་ཡོངས་རྫོགས་ད་ཡོད་སློབ་གྲྭ་ཁག་ནང་སྒྲིག་འཛུགས་དང་དགེ་རྒན། སློབ་སྤྱོང་སོགས་གནས་སྟངས་མང་པོ་ཞིག་གིས། སློབ་གྲྭ་ཁག་སོ་སོར་དབྱེ་ཞིབ་ནན་པོ་དང་སློབ་མའི་བློ་ཁ་ལ་ལྟོས་ནས་གནས་སྐབས་གཏན་འབེབ་ཙམ་ལས་གཅིག་གྱུར་ཡོང་དཀའ་ཡང༌། ལོ་བཅུ་སྐོར་ཞིག་གི་ནང་ཚུད་ལ་ངེས་པར་དུ་གཅིག་གྱུར་ཆགས་ཐུབ་པ་བྱ་དགོས། གཞི་རིམ་མཐའ་མའི་འཛིན་གྲྭ་གཉིས་ཀྱི་སྐབས་སུ་དབྱིན་ཡིག་བོད་ཡིག་ཏུ་བསྒྱུར་བའི་གོམ་པ་དང་པོ་དང༌། མུ་མཐུད་བོད་ཡིག་དབྱིན་ཡིག་ཏུ་བསྒྱུར་བའི་ཚན་ཁག་གཉིས་རིམ་གྱིས་གོ་སྒྲིག་ཞུས་ན་ཐུགས་སྨོན་བཟོད་པ་ཞིག་མི་འོང་ངམ་སྙམ་སྟེ། དེས་མཐོ་རིམ་འགྲིམས་ངེས་ཚོར་དམིགས་བསལ་གྱི་ཕན་ཐོགས་ཤིག་ཡོང་ངེས་པ་ཡིན།  གཞི་རིམ་མཐའ་མ་དང་ཉེ་བའི་མཐའ་མའི་སྐབས་སུ་ཕྱི་ལུགས་ལྟར་སློབ་ཁྲིད་ཀྱི་དུས་ཡུན་ལ་བརྒྱ་ཆ་ཁག་དགོས་ཀྱིས། སྐད་ཡིག་དང་པོ་དང་གཉིས་པ་གཉིས་ལ་བརྒྱ་ཆ་༩༠དང་༡༠། ཡང་༥༠་དང་༥༠ ཟེར་བ་དེར་ལྟ་རྒྱུ་མེད་པ་ཞིག་མིན་ཡང༌། ད་ཡོད་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སློབ་འཁྲིད་ཀྱི་ཐབས་བྱུས་ཚང་མ་དེང་རབས་ཀྱི་ལམ་སྲོལ་ཁོ་ན་ལ་བརྟེན་མི་དགོས་པར། གཙོ་བོ་བོད་ཀྱི་ནང་དོན་རིག་གཞུང་གི་ལྟ་གྲུབ་ཁུངས་འཛིན་བྱ་དགོས་པར་བསྟན་ཡོད།

༣༽ དགེ་རྒན་ལ་ཕོགས་ཐོབ་མཐོ་ཤོས་ཀྱི་ཆ་རྐྱེན་བསྐྲུན་དགོས།

དགེ་རྒན་གྱི་ཆ་རྐྱེན་ལ་འཛིན་རིམ་བཅུ་གཉིས་མཐར་ཕྱིན་སློབ་མ་ལེགས་གྲས་སམ། དེ་དང་ཤེས་ཚད་མཉམ་པའི་ཁུངས་འཕེལ་ཡིག་ཆ་ཅན་རྣམས་གཞི་རྩར་བཟུང་ནས་དགེ་འོས་སློབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་གནང་དགོས། དེ་ལྟར་དགེ་རྒན་གྱི་རིན་ཐང་དང་ཕན་ཡོན། ལས་འཁུར་ལྕི་བ་དང་གལ་གནད་ཆེ་བ་བཅས་ལ་བརྟེན་ནས་ཕོགས་ཐོབ་སྤར་དགོས་ལ། ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆའི་ནང་དགེ་རྒན་རྣམས་ནི་མི་རིགས་སྤྱིའི་སྣེ་འཁྲིད་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་པོ་ཡིན་ཞེས་ངོས་ལེན་གནང་ཡོད། ལངས་ཕྱོགས་ཀྱི་ཆ་ནས་འཛམ་གླིང་གི་སློབ་གསོའི་གནས་བབས་ལེགས་གྲས་ཡིན་པའི་ཡུལ་གྲུའི་ནང་དགེ་རྒན་ལ་མཐོང་ཆེན་དང༌། མི་ཚེའི་མདུན་ལམ་ལ་དཀའ་ངལ་མེད་པའི་ཕོགས་ཐོབ་མཐུན་རྐྱེན་སྦྱར་ཐུབ་ཀྱི་ཡོད་པས་རྒྱལ་ཡོངས་ཀྱི་ཤེས་ཚད་ཀྱང་ཆེས་མཐོ་པོར་སླེབས་ཡོད་ཅིང༌། གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་བློ་རིག་བཀྲ་བའི་སློབ་མ་མང་པོས་ཚང་ཁ་ཤིག་ཤིག་གིས་དགེ་འོས་སྦྱོང་བརྡར་ནང་མཉམ་ཞུགས་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་ནི་དེ་ལས་ལྡོག་སྟེ་དགེ་རྒན་གྱི་གླ་ཕོགས་དང་བརྩི་མཐོང་གཉིས་ཀ་ཞན་པ། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ལ་འདོད་རྔམ་ཆེ་བའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་ཤེས་ཚད་མཐོར་འདེགས་གཏོང་མ་ཐུབ་པ། རྣམ་ཀུན་སྤྱི་ཚོགས་ནང་སློབ་སྦྱོང་ལ་དོ་དབྱིངས་ཆུང་བ་དང་ཀླད་པའི་ནུས་པ་དམན་པའི་སློབ་མ་ཚོར། ཕ་མ་དང་དབང་ལྡན་མི་སྣས་དགེ་རྒན་འོས་སྦྱོང་ལ་གཏོང་གི་ཡིན་ཟེར་ནས་སྐུལ་འདེད་དམ་ལམ་སྟོན་བྱེད་ཀྱིན་ཡོད། དེ་ནི་གཙོ་བོ་དགེ་རྒན་ལ་མཐོང་ཞན་དང་ཕོགས་ཐོབ་དམའ་བའི་རྐྱེན་གྱིས་ཡིན་པ་རེད། དེ་ལྟ་བུའི་ང་ཚོ་བཙན་བྱོལ་ནང་ཤེས་ཡོན་ལམ་སྟོན་མཚན་ཉིད་ཚང་མིན་མ་ལྟོས་པར་སློབ་སྦྱོང་གི་གནས་ཚད་མ་ལོང་པ་མང་པོ་ཞིག་གིས་དགེ་རྒན་གྱི་ས་མིག་ལ་ཚང་ཁ་བརྒྱབ་པ་དང༌། དགེ་རྒན་གྱི་ལས་གནས་ཉར་ཞིང་དགེ་འོས་ཆ་ཆས་མི་ཚང་བའི་ཟས་འཚོལ་བ་མང་པོ་ཞིག་གིས་རྟ་ལམ་བོང་བུས་བཀག་ནས་སྡོད་བཞིན་པ་འདི་དག་ནི་རྒྱ་ནག་གི་དགེ་རྒན་སྒྲུབ་པའི་དམིགས་ཡུལ་དང་འདྲ་པོ་འདུག  ཕོགས་ཐོབ་ཀྱི་ཆ་ནས་ཡང་གཞུང་ངོས་ནས་བརྩི་མཐོང་གི་རྣམ་པ་སྟོན་ཐུབ་མེད། ད་རུང་དགེ་རྒན་མིང་ཅན་ཚོས་འདི་ལས་ལྷག་པའི་ལྟ་གོས་འཚོལ་ཐབས་མེད་པ་དང་འདི་ནི་ངའི་རྒྱལ་ཁ་ཞིག་རེད་བསམ་གྱི་ཡོད་པ་འདྲ། བསམ་བློའི་ཁྱེར་སོ་དེ་ལས་མེད་པའི་མི་དེ་དག་ལ་ལྷག་བསམ་དང་ཤེས་ཡོན་མཚན་ཉིན་ཚང་བ་ཞིག་མེད་པ་ནི་ཟུར་བལྟས་ལེབ་མཐོང་དང་ལོང་བས་ཁམས་གསུམ་རེད།

བོད་སྐད་ཀྱིས་མི་འདེང་བའི་བོད་དགེ་མང་མི་དྲག་ན་ཉུང་མི་ཆེ་བའི་སྡོམས་ཐོ་འདིས་མི་ཚང་མར་སུན་སྣང་སྤྲོད་ཀྱིན་ཡོད། ཆོས་དང་ལམ་ལུགས་གཉིས་ཀའི་ཐོག་ནས། དགེ་རྒན་ཟེར་བ་དེར་ཤེས་རིག་དང་བསམ་བློའི་གནས་ཚད་སྨིན་པ། སློབ་མ་ཚོར་མིག་དཔེ་བཟང་པོ་སྟོན་ཅིང་མི་ཚད་ལྡན་བཟོ་ཐུབ་པ། མེས་པོའི་རྒྱལ་ཁབ་དང༌། གཅེས་པའི་མི་རིགས་ཀྱི་ན་གཞོན་སློབ་ཕྲུག་ཚོར་ལྷག་བསམ་བཟང་པོས་ཕན་ཐོགས་དང་མཛད་རྗེས་རླབས་ཆེན་འཇོག་ཐུབ་མཁན་ཞིག་དགོས། དཔེར་ན་སློབ་གྲྭ་ནི། ཤེས་ཡོན་མི་སྣའི་རྩ་འཛུགས་བཟོ་གྲྭ་དང་སློབ་དགེ་ནི་དེའི་ཡོ་བྱད་འཕྲུལ་ཆས་ཀྱི་ཚུལ་དུ་ཡོད། འཕྲུལ་འཁོར་ཡག་པོ་ཞིག་མེད་ན་བཟོ་གྲྭ་གང་ཞིག་ཡིན་ཡང་རྒྱུ་སྤུས་ལྡན་པའི་དངོས་ཟོག་འཛུགས་སྐྲུན་བྱེད་མི་ནུས་པ་ལྟ་བུ་རེད། སྤུས་བཟང་གི་ཅ་དངོས་བཟོ་བྱེད་ཀྱི་འཕྲུལ་དངོས་རིན་ཐང་ཇི་ཙམ་ཆེ་བ་དེའི་ཚོད་ཀྱིས་འགྲིམས་འཚོང་རྒྱུག་ཆེ་བ་ཡོད། ཁྱོད་ལ་འཕྲུལ་ཆས་སྤུས་དག་པོ་ཞིག་དགོས་ཀྱི་ཡོད་ན་དེའི་ཚོད་ཀྱིས་གོང་ཚད་སྤྲོད་ཐུབ་པ་དགོས། ཁྱད་ཆོས་ཚང་བའི་དགེ་རྒན་གསོ་སྐྱོང་ཙམ་གྱིས་འཐུས་མི་ཚང་ཞིང་དེ་ལ་དགོས་ངེས་ཅན་གྱི་གསོལ་ཕོགས་དཀའ་ངལ་མེད་པ་སྒྲུབས་དགོས། གནམ་སའི་བར་མི་ཤོང་བའི་དགེ་རྒན་དང་རྩོམ་པ་པོ་ཆེས་མང་པོ་ཞིག་རྒྱུན་གཏན་འཚོ་བའི་དཀའ་ངལ་གྱིས་སྤྱི་ཚོགས་ལ་འགན་ཁྱེར་མ་ཐུབ་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོབ་ཟིན་པ་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཙོ་བོའི་གྲས་སུ། ཤེས་ཡོན་སློབ་སྤེལ་གསོ་གསུམ་གྱི་ལས་དོན་ཐད་དགེ་རྒན་ལས་གཙོ་ཆེ་བ་ཞིག་མེད་པ་དང༌། སློབ་འཁྲིད་ཀྱི་བྱ་བ་དངོས་ཀྱི་སྐབས་སུ་སློབ་ཕྲུག་གནད་ཆེ་བའི་ལམ་སྟོན་གནང་སྟེ། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས་སྐོར་གསལ་ཡོད། སློབ་དགེ་ཡི་གསོལ་ཕོགས་དེ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཕོགས་ཐོབ་མཐོ་ཤོས་ཀྱི་ཚད་དུ་ལོང་ཐབས་བྱ་དགོས། དགེ་རྒན་ཚོ་ལྷག་བསམ་ཡོད་པ་གཅིག་པུས་སློབ་མའི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་ཕར་ཞོག སོ་སོ་རྐང་པའི་ཐོག་ནས་ལངས་མི་ཐུབ་པའི་ཚོད་རེད། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱི་ཐད་འཛིན་ཁྱབ་ཁོངས་སུ་དགེ་རྒན་གྱི་གསོལ་ཕོགས་ཁོ་ནའི་ཆེད་མ་དངུལ་མཁོ་སྒྲུབ་ཚན་པ་ཞིག་བཙུགས་ཐུབ་ན་ཤེས་ཡོན་སྲིད་བྱུས་ཀྱི་མདུན་ལམ་བསྲ་བརྟན་ལ་ཕན་ངེས་ཡིན། ཆེད་ལས་པ་གསོ་སྐྱོང་བྱ་འཆར་ལྟར་ཆེད་ལས་པ་མི་རབས་ནས་མི་རབས་བར་དགོས་ཀྱི་ཡོད་སྟབས་དེའི་ས་བོན་ལྟ་བུའི་གཞི་རིམ་སློབ་གསོ་དང་སློབ་ཚན། ཤེས་རིག་སློབ་གསོའི་བྱ་བཞག་ཐོག་དམིགས་བསལ་གྱི་ནུས་ཤུགས་འདོན་པའི་དུས་སུ་སླེབས་ཡོད།

༤༽ ཐད་བརྒྱུད་གཉིས་ཀའི་འཛིན་སྐྱོང་ལག་ལེན་ལ་རྟོག་ཞིབ་ནན་པོ་བྱ་དགོས།

སློབ་གྲྭ་ཁག་ཚང་མ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་ཟེར་བ་དེ་ཚིག་ཙམ་ལས། དོན་ཐོག་ཏུ་སློབ་གྲྭ་མང་པོ་ཞིག་ཤེས་རིག་དང་ཕན་ཚུན་འབྲེལ་མེད་ལྟ་བུའི་འཛིན་སྐྱོང་བྱེད་བཞིན་པ་དེ་རྣམས། ཡོངས་སུ་འགྱུར་བ་བཏང་ནས་ཤེས་རིག་གི་ལས་དོན་མཐའ་དག་ཐད་ཀར་རམ་རང་སྐྱོང་གི་སྡེ་ཚན་ཁག་བརྒྱུད་དགོས་པའི་ཐ་ཚིག་ཡིག་ཐོག་ཏུ་ཡོད་མིན་ལ་མ་ལྟོས་པར། ལག་ལེན་ངོ་མའི་ཐོག་འགྲོ་ཐུབ་ཀྱི་ཡོད་མེད་ཞིབ་འཇུག་མཐར་ཕྱིན་བྱ་དགོས། གཏན་སློབ་ཁག་ཕུད་རྡ་སྟེང་བོད་ཁྱིམ་དང་མ་སུ་རིའི་སློབ་གྲྭ་གཉིས་ཀྱི་སློབ་གྲྭའི་འཛིན་སྐྱོང་རྣམས་ཤེས་རིག་གི་ཐད་འཛིན་ཡན་ལག་འཛིན་སྐྱོང་ཤ་སྟག་ཏུ་བསྒྱུར་ན་དགེ་མཚན་ཆེ་མིན་ཇི་ལྟར་ཡང༌། ཤེས་རིག་གིས་སྲིད་ཇུས་གང་ཡང་ལག་ལེན་ཐད་ཀར་བསྟར་ཐུབ་པ་དང༌། སྒྲིག་གཞི་དང་སློབ་གཞི། འཆར་འགོད་དང་ལམ་སྟོན་སོགས་ཀྱི་བཀོད་ཁྱབ་རྣམས་དུས་ནས་དུས་སུ་ཉམས་ལེན་གནང་ཐུབ་ངེས་ཀྱི་སྡེ་ཁག་རིགས་གཅིག་ཏུ་བསྒྱུར་དགོས་པ་དེ་མིག་མདུན་དུ་སླེབས་པའི་གལ་ཆེའི་ལས་དོན་ཞིག་ཡིན། ད་ལྟའི་གནས་སྟངས་འདི་ལྟ་བུའི་འོག་ནས་ཁ་གཡང་དང་ངོ་སྲུང་ཙམ་མ་གཏོགས། ལས་དོན་ངོ་མའི་ཐོག་ཤེས་རིག་གིས་གནད་ལ་འཁེལ་བའི་འགྱུར་བ་དང་ཁ་ལོ་བསྒྱུར་མི་ཐུབ་པའི་གནས་ཚུལ་དངོས་ར་འཕྲོད་ཡོད། མིང་ཙམ་གྱི་ཤེས་རིག་ཁྱབ་ཁོངས་ཀྱི་རང་སྐྱོང་སྡེ་ཚན་རྣམས་ཕན་ཚུན་གཅིག་ངོ་གཅིག་ལྟ་བྱས་ཏེ། ལས་དོན་མང་པོ་ཞིག་ཁོས་མ་བྱེད་ན་ངས་མི་བྱེད་ཅེས་དང༌། ཁོང་ཚོས་བྱེད་པ་དེ་ང་ཚོས་རྗེས་བཟློས་མི་བྱེད་ཟེར་ཞིང༌། སོ་སོའི་རང་རྐང་ཐོག་དཔེ་སྟོན་རུང་བའི་ལས་དོན་དང་སློབ་གསོ་གཅིག་ཀྱང་བརྩམ་མི་ཐུབ། ཤེས་རིག་དང་རང་སྐྱོང་སྒྲིག་འཛུགས་བར་གནད་དོན་བཟོ་བའམ་མི་སྒེར་གྱི་དགོས་མཁོ་བེད་སྤྱད་པ་སོགས་ཆེས་མི་འཚམས་པ་དང་ཞེ་གཏིང་ནས་ཡིད་ཐང་ཆད་དགོས་པ་གཅིག་གཅིག་གཉིས་གཉིས་མ་རེད་ཟེར་སོང༌།

ཆག་སྒོ་བྱུང་ན་འགོ་དང༌། མུ་གེ་བྱུང་ན་འཇུག ཟེར་བའི་དཔེ་ལྟར་དབུས་ཤེས་རིག་གི་འཛིན་སྐྱོང་ནས་ནོར་འཕྲུལ་འདི་དང་འདི་ཞེས་པའི་ཁུངས་དེ་དག་ངས་བཤད་མི་ཤེས། ཕན་ཚུན་ལྟོས་ཤེས་བྱེད་མི་ཐུབ་པའི་རང་སྐྱོང་སྡེ་ཁག་དང་གཅིག་ལམ་གཅིག་གིས་བཟུང་མི་ནུས་པའི་འགོ་གཙོ་མང་དྲག་པ་འདི་དག་སློབ་གྲྭ་ཁག་ཉམ་ཆགས་ཀྱི་ཆག་སྒོ་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་དགེ་རྒན་དང་སློབ་མ། སློབ་མའི་ཕ་མ་དང་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ཀྱིས་འཐུས་ཤོར་བཏང་མི་འདུག་ཟེར་གྱི་མེད། སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པས་སྤྱི་མོས་གཏན་ལ་ཕབ་པའི་སྲིད་བྱུས་ཀྱི་རྩ་འཛིན་ཡིག་ཆའི་ནང༌། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་ལག་བསྟར་བྱེད་ཕྱོགས་བཏན་ལ་ཕབ་པ་ལྟར། བཙན་བྱོལ་གཞུང་གིས་ངོས་འཛིན་ཡོད་པའི་བོད་མིའི་སློབ་གྲྭ་ཡོངས་ཀྱི་གཅིག་གྱུར་དུ་ལག་བསྟར་དགོས་པ་ཡིན་ཞེས་པའི་བཅའ་དོན་དྲན་གསོ་བྱ་དགོས་ཀྱི་འདུག །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།