ལྷོ་ཀོ་རི་ཡ་དང་ཉི་ཧོང་ཡུལ་གྱི་འགྲུལ་བཞུད་ཟིན་ཐོ།

(ཁག་གཉིས་པ།) སྦྲ་རིགས་ཐོགས་མེད། ཕྱི་ལོ་༡༩༤༨ ལོར་རྒྱལ་ཁབ་འདིས་ཨ་རིའི་རྒྱབ་སྐྱོར་འོག་ཀོ་རི་ཡ་མི་དམངས་སྤྱི་མཐུན་རྒྱལ་ཁབ( People’s Republic of Korea)དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་མ་ཟད། སེག་མན་རེས་(Syngman Rhee)ཐེངས་དང་བོར་སྲིད་འཛིན་དུ་བསྐོ་བཞག་ཀྱང་བྱས་འདུག་ལ། ལོ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ལྷོ་ཀོ་རི་ཡ་དེ་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་བྱས་འདུག

འོན་ཀྱང༌། སྟབས་མ་ལེགས་པར་སྲིད་འཛིན་དང་བོ་དེ་གཅིག་སྡུད་དབང་འཛིན་པར་གྱུར་ནས་ལོ་ངོ་བཅུ་ལྷག་ལ་མི་མང་གཉའ་གནོན་ཤུགས་ཆེར་བྱས་འདུག དེར་བརྟེན། ཕྱི་ལོ་༡༩༦༠ ལོར་ཐོག་དང་བོར་ཀོ་རི་ཡར་སློབ་མའི་སྒེར་ལངས་སྐད་གྲགས་ཅན་("4.19 Revolution") དེ་བྱུང་འདུག་ལ། དེ་འདྲའི་ཁྱོད་ཤི་ང་གསོན་གྱི་དབང་ཤུགས་འཐབ་རྩོད་ཁྲོད་ནས་རྒྱལ་ཁབ་འདི་སླར་ཡང་དམག་སྤྱི་ཆེན་མོ་ཕར་ཁུ་ཆང་ཧེས( Park Chung-hee)ཀྱིས་སྣེ་ཁྲིད་པའི་དམག་མིའི་དབང་འཛིན་འོག་ཤོར་ནས་ཕྱི་ལོ ༡༩༧༩ ལོ་སྟེ་དམག་སྤྱི་ཆེན་མོ་ཁོང་གློ་བུར་དུ་ལྐོག་གསོད་མ་བྱས་བར་དུ་ལོ་ངོ་ཉི་ཤུ་ཙམ་ཕྱིན་འདུག

ལྐོག་གསོད་དོན་རྐྱེན་དེའི་ཁྲོད་ནས་རྒྱལ་ཁབ་འདིའི་དབང་ཤུགས་སླར་ཡང་ཕྱི་ལོ་༡༩༨༩ བར་དུ་དམག་སྤྱི་ཇོན་རྡོས་ཧན(Jeon Doo-hwan) གྱི་གཅིག་སྡུད་དང་དབང་ཤུགས་འོག་བཅུག་འདུག ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། བཙན་བྱོལ་བོད་གཞུང་གི་དམངས་གཙོ་དང་ལྷོ་ཀོ་རི་ཡའི་དམངས་གཙོ་གཉིས་ལོ་ངོ་བཅུ་ཕྲག་གཅིག་ལྷག་མ་གཏོགས་ཆེ་ཆུང་མེད་པའི་གཅེན་གཅུང་གཉིས་དང་འདྲ་ལ། གཅེན་པོ་དེ་སྔ་ཕྱིར་དཀའ་ངལ་གང་མང་བརྒྱུད་མཐར་ད་ལྟ་ན་ཚོད་ཡོངས་སུ་སྨིན་པའི་ཕོ་གཞོན་མཚན་ཉིད་ཚང་བ་ཞིག་ཏུ་ཆགས་ཟིན་མོད། གཅུང་བོ་དེ་དཀའ་ངལ་དེ་འདྲ་གང་མང་བརྒྱུད་དགོས་མ་བྱུང་བས་ལན་པ་འདྲ་ད་དུང་སྨིན་ལ་མ་སྨིན་གྱི་མཚམས་དེར་ལྷག་འདུག་ཨང༌།

བགྲང་བྱ་བཅུ་ཕྲག་དུ་མར་ལྷོ་ཀོ་རི་ཡའི་རྒྱལ་ཁབ་དེ་གཅིག་རྗེས་གཉིས་མཐུད་དུ་གཅིག་སྡུད་དབང་འཛིན་པ་དང་དམག་མིའི་དྲག་ཤུགས་འོག་གནས་དགོས་བྱུང་ཡོད་ན་ཡང༌། རྒྱལ་ཁབ་སྤྱིའི་མི་སྒེར་གྱི་དཔལ་འབྱོར་དང་ཚོང་ལས་འཛུགས་བསྐྲུན་གྱི་ལས་རིགས་ཚང་མ་མཚམས་མི་ཆད་པར་ཡར་རྒྱས་ཕྱིན་ཡོད་འདུག ཕྱི་ལོ་༡༩༨༨ལོར་ལྷོ་ཀོ་རི་ཡར་འཛམ་གླིང་ཨོ་ལོམ་ཕུག་(Olympic) ལུས་རྩལ་འགྲན་ཚོགས་བསྡུས་ཞིང་དེ་ནས་རིམ་བཞིན་ཁོ་ཚོ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུའང་ཞུགས་འདུག

ཕྱི་ལོ་༢༠༠༢ ལོར་ཉི་ཧོང་དང་མཉམ་སྦྲེལ་གྱིས་འཛམ་གླིང་རྐང་སྤོལ་འགྲན་བསྡུར་(FIFA world cup)་གོ་སྒྲིག་བྱས་འདུག འདི་ལྟར་ལྷོ་ཀོ་རི་ཡའི་དམངས་གཙོ་དེ་དཀའ་ངལ་གང་མང་གི་བརྒྱུད་རིམ་ཁྲོད་རིམ་བཞིན་ཀ་བ་གསུམ་དང་ལྡན་པའི་སྲིད་འཛིན་ལམ་ལུགས་ཀྱི་དམངས་གཙོ་མཚན་ཉིད་ཚང་བ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་འདུག ད་ལྟའི་ལྷོ་ཀོ་རི་ཡའི་ཆབ་སྲིད་འཛིན་སྐྱོང་གི་ས་ཁུལ་ཁག་ནི་སོལ་(Seoul) སོགས་གྲོང་ཁྱེར་ཆེན་པོ་བདུན་དང་རྒེ་ཡོང་རྒས་རྡོ་(Gyeonggi-do) སོགས་མངའ་སྡེ་ཆེ་ཆུང་བརྒྱད། དེ་བཞིན་དམིགས་བསལ་རང་སྐྱོང་ས་ཁུལ་ཇེ་ཇོས(Jeju) མཚོ་གླིང་བཅས་ཆབ་སྲིད་འཛིན་སྐྱོང་གི་ས་ཁུལ་རིམ་པ་ཁག་བཅུ་དྲུག་ཏུ་བགོས་འདུག

ཕྱི་ལོ་༢༠༠༢ ནས་བཟུང་ལྷོ་ཀོ་རི་ཡ་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་གི་གྲས་སུ་ཚུད་ཅིང་ལུང་པ་འདིའི་མི་རེའི་ཆ་སྙོམས་ཡོང་སྒོ་(Per Capita)ཨ་སྒོར $ ༣༡.༧༥༣ ཟིན་འདུག་ཅིང་རྒྱལ་ཁབ་སྤྱིའི་ཡོང་སྒོ་(GDP)ཨ་སྒོར་$ ༡.༥༥༦ (trillion) བཅས་ཟིན་ནས་འཛམ་གླིང་གི་ཨང་རིམ་བཅུ་གཉིས་པར་སླེབས་འདུག འཛམ་གླིང་ཁྲོམ་རའི་ཁྲོད་དུ་ལྷོ་ཀོ་རི་ཡའི་ཐོན་རྫས་སྐད་གྲགས་ཆེ་ཤོས་ནི་སྐར་ལྔ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་རིགས་དེ་ཡིན་ལ་འཛམ་གླིང་གི་རྒྱལ་ཁབ་ཧ་ཅང་ མང་བོས་གྲུ་གཟིངས་ཆེན་པོ་དག་ལུང་བ་འདི་ནས་མངགས་ཉོ་བྱེད་བཞིན་འདུག

རྒྱ་གར་ནས་སིང་ག་པོར་དང་ཐེ་ལན་དྲིར་ཡུལ་སྐོར་སྤྲོ་འཁྱམ་དུ་འགྲོ་བཞིན་པའི་གྲུ་གཟིངས་ཆེན་པོ་དེ་ཡང་ཀོ་རི་ཡ་ནས་བཟོས་པ་ཤེས་རྟོགས་བྱུང༌། དེར་བརྟེན། གལ་ཏེ་ཁྱོད་རང་ཀོ་རི་ཡའི་ལྷོ་ཕྱོགས་ཀྱི་མཚོ་གླིང་དེ་དག་ཏུ་འགྲོ་སྐལ་ཞིག་ལྡན་ཚེ་ཡིད་དུ་འོངས་བའི་མཚོ་གླིང་གང་མང་གྲུ་གཟིངས་བཟོ་གྲྭ་རུ་བསྒྱུར་འདུག་པ་མཐོང་ཐུབ། གྲུ་གཟིངས་ཆེན་པོ་གཅིག་གི་ཐོག་ཏུ་མགྲོན་ཁང་དང༌། ཟ་ཁང༌། གློག་བརྙན་ཁང༌། ཁྲོམ་ར། རྩེད་ཐང༌། ཆུ་རྩེད་ར་བ་སོགས་ཚང་མ་འདུག

དེ་བཞིན་གློག་ཆས་རིགས་འདྲ་མིན་དང་ཁ་པར་སྣ་ཚོགས་ད་དུང་འཕྲུལ་བཟོས་མི་(Robotics) སོགས་ཀྱང་རྒྱལ་སྤྱིའི་ཚོང་རར་བྲིན་ཤོས་ཀྱི་གྲས་ཡིན། གལ་སྲིད། ཁྱོད་ཀྱིས་དེང་སང་ཀུ་ཤུ་རྟགས་ཅན་(Apple) གྱི་ཐོན་རྫས་ལ་འགྲན་འཛུགས་མཁན་གྱི་ཅ་དངོས་གསར་བ་ཞིག་མཐོང་ན་དེ་ནི་ཕལ་ཆེར་(SAMSUNG) རྟགས་ཅན་གྱི་ཐོན་རྫས་དག་ཡིན་ངེས། འཛམ་གླིང་གང་སར་ཁྱབ་པའི་བཟོ་གྲྭ་ཁང་ཆེན་པོ་དེའི་བདག་པོ་ལྷོ་ཀོ་རི་ཡའི་མི་ཚང་ཞིག་རེད་འདུག

ལྷོ་ཀོ་རི་ཡའི་ཕྱི་འབྲེལ་སྲིད་བྱུས་ནི་ཚོང་འབྲེལ་གཙོ་བོར་བྱས་པའི་སྣེ་མང་རང་བཞིན་ཅན་ཞིག་ཡིན་ལ། ད་ལྟ་རྒྱལ་ཁབ་༡༨༨ལྷག་ལ་དངོས་སུ་གཞུང་འབྲེལ་ཐོག་འབྲེལ་བ་བྱེད་བཞིན་ཡོད་ཟེར། རྒྱལ་ཁབ་འདིའི་ཕྱི་འབྲེལ་སྲིད་བྱུས་ནི་དཔལ་འབྱོར་ཁེ་ཕན་གཙོ་བོར་བཟུང་བའི་བར་གནས་རྒྱལ་ཁབ་ཀྱི་རྣམ་པའི་ཐོག་འགྲོ་བཞིན་པ་ཞིག་རེད། འོན་ཀྱང༌། བྱང་ཀོ་རི་ཡའི་གནད་དོན་གླེང་ཚེ་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འབྲེལ་བ་དང་ཡང་ན་ཨེས་ཟི་རལ་དང་པ་ལི་སི་ཐན་བར་གྱི་འབྲེལ་བ་དག་ཡིད་ལ་དབང་མེད་དུ་འཆར་བར་བྱེད། རྒྱ་ནག་དང་ལྷོ་ཀོ་རི་བར་གྱི་གནད་དོན་དེ་ང་ཚོས་ཀྱང་ཤེས་གལ་ཆེ་བ་ཞིག་རེད་སྙམ།

ཀོ་རི་ཡ་ལྷོ་བྱང་གཉིས་བར་དམག་འཁྲུགས་ཤོར་སྐབས་རྒྱ་ནག་གིས་ཨུ་རུ་སུ་དང་མཉམ་སྦྲེལ་གྱིས་བྱང་ཀོ་རི་ཡར་རོགས་སྐྱོར་གང་ཐུབ་བྱས་ཤིང་ཐ་ན་རྒྱ་ནག་གི་དམག་མི་སྟོང་ཕྲག་མང་བོ་གཡུལ་ས་མདུན་མར་ཡང་བསྐྱོད་མྱོང་ཡོད་འདུག དེར་བརྟེན། ལྷོ་ཀོ་རི་ཡའི་རྒྱལ་ཁབ་དབུ་བརྙེས་པའི་འགོ་སྟོད་དུ་རྒྱལ་ཁབ་འདི་གཉིས་བར་དུ་འབྲེལ་བ་གང་ཡང་མེད་པ་མ་ཟད་ཕན་ཚུན་དགྲར་འཛིན་གྱི་འདུ་ཤེས་ཆེན་པོ་ཡོད།

སྲིད་དོན་ལྟ་གྲུབ་ཁ་ཁ་ཡིན་པའི་ལུང་པ་འདི་གཉིས་ཀྱང་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཤུགས་རྐྱེན་འོག་ཏུ་ཕན་ཚུན་ལ་འབྲེལ་ལམ་གྱི་སྒོ་མོ་རིམ་གྱིས་(༡༩༦༡-༡༩༨༨)ཕྱེ་ དགོས་བྱུང་འདུག དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་ལུང་བ་འདི་གཉིས་ ཀྱིས་བཟོ་ཚོང་མཉམ་ལས་ཀྱི་ཆིངས་ཡིག་མང་བོ་ཞིག་བཞག་འདུག་ལ་དེ་ནས་བཟུང་རྒྱ་ནག་གི་མི་སེར་མང་བོ་ཀོ་རི་ཡར་ཆུ་ལུད་ཕྱོ་བ་ལྟར་སླེབས་འགོ་ཚུགས་འདུག

ལྷོ་ཀོ་རི་ཡའི་མི་མང་དཀྱུས་མའི་ཁྲོད་རྒྱ་མི་ལ་ལྟ་སྟངས་ཡག་པོ་མེད་ཅིང་ཁོ་བ་ཚོས་རྒྱ་རིགས་དག་ནི་རྗེས་ལུས་དང་མི་ཆོས་ཀུན་སྤྱོད་ཀྱི་ལུགས་སྲོལ་མི་ཤེས་མཁན་ཞིག་ལ་ངོས་འཛིན་བྱེད། ཐ་ན་སྔོན་ཆད་རྒྱ་ནག་གི་མི་དང་མཉམ་དུ་སྐད་ཆ་བཤད་པར་ཡང་དགའ་བོ་མི་བྱེད་ཟེར། གང་ལྟར་ད་ལྟ་ཀོ་རི་ཡའི་གྲོང་ཁྱེར་ཆེ་ཁག་དག་ཏུ་རྒྱ་རིགས་ཧ་ཅང་ཕོན་ཆེན་པོ་གནས་སྡོད་བྱེད་བཞིན་ཡོད་ལ་དེ་ཡང་བྲོས་ནས་སླེབས་པ་དང་ཆང་ས་དངོས་རྫུན་ཅི་རིགས་ ཀྱི་སྒོ་ནས་སླེབས་པ།ད་དུང་ཡིག་ཆ་ཉོས་ནས་སླེབས་པ་སོགས་ཨེ་ཤ་ཡ་དང་ཨ་ཧྥི་རི་ཀའི་མི་སེར་དག་ཨ་རི་དང་ཡུ་རོབ་ཁག་ལྷ་ཡུལ་དུ་བསྒོམས་ནས་ཤོར་བཞིན་པ་དང་གཅིག་མཚུངས་རེད་འདུག

ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཁྱམས་ལས་ཁུངས་ཀྱིས་བཤད་པ་ལྟར་ན་ལོ་སྔོན་མར་(༢༠༡༡)རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམས་པས་ལྷོ་ཀོ་རི་ཡ་སྤྱིའི་ཡུལ་སྐོར་སྤྲོ་འཁྱམ་པའི་བརྒྱ་ཆ་སུམ་ཅུ་བརྒལ་འདུག་ཟེར། དེ་ནི་དཔེར་ན་ལྷོ་ཀོ་རི་ཡར་ཡུལ་སྐོར་པ་གསུམ་སླེབས་ན་གཅིག་ངེས་པར་དུ་རྒྱ་མི་ཡིན་པ་ལྟ་བུ་རེད། ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཁག་ཏུ་ལས་ཀ་རིགས་སྐྱོ་བ་ཚང་མ་རྒྱ་ནག་དང་ཁམ་བྷོ་དྲ་(Cambodia)དེ་བཞིན་བེ་དྲི་ནམ་(Vietnam)མི་རིགས་དག་གིས་གཉེར་བཞིན་འདུག གང་ལྟར་མི་མང་ནི་སྟོབས་ཤུགས་ཡིན་ཟེར་བ་དེ་ངོ་མ་བདེན་པ་འདྲ་ལྷོ་ཀོ་རི་ཡར་ད་ལྟ་ རྒྱ་རིགས་སྟོང་ཕྲག་ཁྲི་ཕྲག་གིས་ཁེངས་བཞིན་འདུག་ལ་རྒྱ་ནག་གི་ཤུགས་རྐྱེན་ཡང་ ཆེ་རུ་འགྲོ་བཞིན་པ་གསལ་བོ་རེད།

སྔོན་ཆད་རྒྱ་ནག་གི་ཨོ་ལིམ་ཕིག་དཔལ་འབར་ལུང་པ་འདི་བརྒྱུད་སྐབས་བོད་མི་ལས་ངན་ཁ་ཤས་ཀོ་རི་ཡར་ཡོད་པའི་རྒྱ་རིགས་དག་ གིས་རུབ་རྡུང་བྱས་ནས་ཤི་མིན་རོ་མིན་ཞིག་བཟོས་པ་རེད་ཟེར། (ལུང་བ་འདིར་སླེབས་ནས་བདག་གིས་གནད་དོན་ཡ་མཚན་གཉིས་ཤེས་རྟོགས་བྱུང་བ་ནི་ཀོ་རི་ཡའི་སྐད་ཡིག་གི་བཀོལ་སྤྱོད་དང་ཀོ་རི་ཡའི་ཆོས་ལུགས་ཀྱི་འགྲན་རྩོད་གཉིས་ཡིན། དེར་བརྟེན། གནད་དོན་དེ་གཉིས་ཐེངས་རྗེས་མར་གཟིགས་རོགས།) མུ་འགོད། (ཀྲོག་ཡོ་གཙུག་ལག་སློབ་ཆེན་དུ་བྲིས།)

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།